སྐབས་ ༡༩ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་གཞི་རྣམས་ཀྱི་ལོ་རྒྱུས།།
ཕྱི་ལོ་ ༡༩༥༨ ལོར་ཕ་རྡོ་རྗེ་ཚེ་རིང་དང་མ་རྡོ་རྗེ་སྒྲོན་མ་གཉིས་སུ་ཁམས་རི་བོ་ཆེར་སྐྱེས། ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ནས་ཐོག་མ་ཨ་སམ་ཏི་ཛུ་དར་རྒྱལ་གླིང་གཞི་ཁོང་དང་དེ་ནས་ཕྱི་ལོ་ ༡༩༦༦ ལོར་ཨོ་རི་ས་ཕུན་ཚོགས་གླིང་གཞས་ཁོངས་སུ་འབྱོར། གཞིས་ཆག་གི་ཉིན་མོར་སློབ་གྲར་སློབ་སྦྱོང་བྱས། ༡༩༧༠ ལོར་དང་སློབ་དམག་སྒར་སློབ་གྲར་སློབ་སྦྱོང་བྱས། ༡༩༧༣ ལོར་ནང་གི་འཚོ་ཐབས་དཀའ་ངལ་དབང་གི་སློབ་གྲྭ་ནས་ཕྱིར་ཐོན་བྱ་དགོས་བྱུང། དེ་ནས་རིམ་བཞིན་གཞིས་ཆགས་ནང་ཕ་མིའི་ཞབས་ཞུ། ཞིང་ལས་དང་ཚོང་ལས་སོགས་སུ་འབེད་བཞིན་ ༡༩༨༥ ལོར་ཀ་ཀྲག་སུང་ཚོང་གི་མཐུས་མི་ལས་འགན་ཁུས། ༡༩༨༩ ནས་ ༡༩༩༠ བར་ལོ་གཅིག་རིང་གཞིན་ཆགས་སུ་དགེ་རྒན་ཕ་མའི་མཐུས་མི་དང་ ༡༩༩༡ ནས་ ༡༩༩༥ བར་ཨོ་རི་ས་ཕུན་ཚོགས་གླིང་མཉམ་འབྲལ་འགན་འཛིན་ལྷན་ཚོགས་དང་ཆུ་སྒང་ས་རྒྱུན་གྱི་ལས་ཁུར་ཞུས། ༡༩༩༥ ནས་ ༡༩༩༨ བར་ལོ་གསུམ་རིང་ཕུན་ཚོགས་གླིང་ས་གནས་འཐུས་ཚོས་སྐབས་གཉིས་པའི་འཐུས་མི་དང། ༡༩༩༨ ནས་ ༢༠༠༡ བར་ལོ་གསུམ་རིང་ས་གནས་འཐུས་ཚོགས་སྐབས་གསུམ་པའི་རྒྱུན་ལས་ཀྱི་ལས་ཁུར། དེ་ནས་ ༢༠༠༢ ནས་ ༢༠༠༤ བར་ཨོ་རི་ས་ཕུན་ཚོགས་གླིང་གཞི་གྲོངས་ལྔ་པའི་སྤྱི་མིའི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ བར་ས་འཐུས་སྐབས་ལྔ་པའི་ཚོགས་གཙོའི་ལས་འགན་དང་། གཞན་ཡང་རྒྱ་གར་རྒྱལ་ཡོང་ཚོང་པའི་ལྷན་ཚོགས་ཀྱི་བར་བརྒལ་འགན་འཛིན་ལྷན་ཚོགས་ཀྱི་མཐུས་མི་ལོ་གཉིས། ༢༠༠༨ ནས་རྒྱ་གར་རྒྱལ་ཡོང་ཚོང་པའི་ལྷན་ཚོགས་སྐབས་དང་པོའི་འགན་འཛིན་ལྷན་ཚོགས་ཀྱི་འགན་ཁུར་དང། དེ་སྐབས་ཀ་ཀྲག་སུད་ཚོང་མཐུས་མི་དང། ཨོ་རི་ས་ཕུན་ཚོགས་གླིང་གཞི་ཆགས་སུ་བཀའ་གསལ་ཚོགས་ཆུང་གི་ཚོགས་གཙོ་དང་གསུང་ཆོས་གོ་སྒྲིགས་ཚོགས་ཆུ་གི་འབྲེལ་མཐུད་པ། ཆུ་སྒང་དབུས་རྒྱུན་བཅས་ཀྱི་ལས་འཁུར་ཞུ་བཞིན་ཡིན།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ནི། ཆུང་དུས་རང་གི་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་ཀྱི་དྲུང་ནས་བོད་ཀྱི་ཐ་སྙད་ རིག་གཞུང་སྒྲ་སྙན་མངོན་སྡེབ། རྒྱལ་རབས་ཆོས་འབྱུང༌། དེབ་ཐེར་ལོ་རྒྱུས། རྒྱའི་སློབ་གྲྭ་ལས་རྒྱ་ཡིག་དང༌། ས་ཁམས། དངོས་ཁམས། ཆབ་སྲིད། ཨང་རྩིས་སོགས་ལའང་བསླབས་ནས་འབྲིང་སློབ་ཐོན། ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཚད་ཀྱི་གཞུང་དང་ལམ་རིམ་ལ་བསླབས། ༡༩༨༩ ལོར་རྒྱ་གར་སླེབས་ནས་འབྲས་སྤུངས་སུ་ཞུགས། གཞུང་ཆེན་པོ་ལ་སློབ་གཉེར་འཕྲོ་མཐུད་བྱེད་པའི་ཞོར་དུ། ༡༩༩༣ ནས་བློ་གླིང་གཙུག་ལག་དཔེ་སྐྲུན་ཁང་གི་ཞུ་དག་པ་དང༌། ༡༩༩༥ ལོ་ནས་བློ་གསལ་གླིང་གི་སློབ་གྲའི་དགེ་རྒན་བྱས།
༡༩༩༦ ལོ་ནས་བློ་གསལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཛིན་བྱས། ༡༩༩༧ ལོ་ནས་གངས་སུལ་གྱི་རོལ་དབྱངས་དུས་དེབ་རྩོམ་སྒྲིག་པའི་སློབ་སྟོན་པ་བྱས། ༢༠༠༡ ལོར་ལྡི་ལི་བོད་ཁང་ཟ་མ་ཏོག་གི་རྩོམ་སྒྲིག་ཚོགས་མི་བྱས། ༢༠༠༣ ལོ་ནས་ཨ་མི་རི་ཁ་ཨི་ཌི་ཨ་ན་ Indiana Uགཙུག་ལག་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོ་ བྱས། ༢༠༠༤ ལོར་གཞུང་ལུགས་རབ་བྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ལོ་དེ་ནས་སྐབས་བཅུ་གཉིས་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༥ ལོ་ནས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་ྋགོང་ས་མཆོག་གི་མཛད་ རྣམ་རྩོམ་སྒྲིག་པ་དང་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་བྱས། ༢༠༠༦ ལོ་ནས་སྐབས་བཅུ་བཞི་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༧ ནས་ཝཱ་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་B.edདགེ་རྒན་ བྱས། སྔ་ཕྱིར་ཨ་རི་དང༌། འཇར་མན། དབྱིན་ལོན་སོགས་ནུབ་ཕྱོགས་རྒྱལ་ཁབ་དུ་མར་རྒྱལ་སྤྱིའི་བོད་རིག་པའི་ཞུབ་འཇུག་ དང༌། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་མའི་ཐོག་གདན་ཞུས་ བྱུང་བ་ལྟར་འགྲོ་ཁུལ་བྱས་ནས་དེ་དག་ཏུ་བོད་རིག་པའི་དཔྱོད་བརྗོད་དུ་མ་སྤེལ་ ཁུལ་བྱས། གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་ལུགས་སེར་སྐྱ་རིས་མེད་ཐོག་རྒྱ་བལ་འབྲུག་ གསུམ་དང༌། སྦོ་རིཡ། ཨིཊ་ལི། འཇའ་མན། ཨ་རི། དབྱིན་ལོན་སོགས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་སློབ་མ་སྟོང་ཕྲག་དུ་མ་ བསྐྱངས། དུས་དེབ་དང་ཚགས་པར་ཁག་ཏུ་ནང་ཆོས་དང༌། སྙན་ངག ལོ་རྒྱུས། དཔྱད་རྩོམ། སྒྲུང་གཏམ་སོགས་བརྩམས་མང་པོ་སྤེལ། དཔེ་བསྐྲུན་བྱས་ཟིན་པ་དང་མ་ཟིན་པའི་རྩོམ་ཆོས་གླེགས་བམ་ཉི་ཤུ་རྩ་གསུམ་ཙམ་བྲིས།
ཆེ་མིང་རྡོ་རྗེ་གྲགས་པ་བོད་ཤར་ཕྱོགས་ནང་ཆེན་ཟུར་མང་བོན་པོ་ཚང་དུ་༡༩༤༨ ལོར་སྐྱེས་ཤིང་ ༡༩༦༠ ནང་བོད་ཡིག་སློབ་པ་དང་དམར་པོའི་ལྟ་སྤྱོད་ལ་སློབ་སྦྱོང་བྱས། ༡༩༦༩ ནས་རྒྱ་དམར་ལ་ངོ་ལོག་རྒྱབ་ནས་ཁྱུང་པོ། སོག་རྫོང༌། ནག་ཆུ་བཅས་སུ་རྒྱ་དམག་དང་འཐབ་འཁྲུག་ལན་མང་བྱས་མཐར་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་འབྱོར། ༡༩༧༢ ནས་མེ་སོར་བདེ་སླར་གཞིས་ཁོངས་སུ་གནས་སྡོད་ཀྱིས་ད་ལྟའི་བར་རང་འཁྲིའི་ཆོས་སྲིད་ཀྱི་ལས་འགན་གང་ཐུབ་ཞུས་པ་མ་ཟད། མི་མང་རྒྱ་སྤྱི་དང༌། རང་བཙན་ཚོགས་མི། མཉམ་འབྲེལ་འགན་འཛིན། ཆུ་སྒང་ས་གནས་རྒྱུན་ལས་དང་ཚོགས་གཞོན་བྱས་དང་བྱེད་མུས་ཐོག ད་ལྟའི་ཆར་སྐབས་བཅོ་བརྒྱད་པའི་ཆུ་སྒང་དབུས་རྒྱུན་འོས་འདེམས་བྱུང་བ་ལྟར་ལས་འཁུར་ཞུ་མུས་བཅས་ལོ་རྒྱུས་མདོར་བསྡུས་སུ།།
གུས་པ་ཆབ་སྲིད་བཙོན་ཟུར་སྐྱུ་ར་དཔལ་རྡོ་ནི་ ༡༩༥༧ ལོར་མདོ་ཁམས་རྫ་ཆུ་ཁའི་མཁར་ནང་སྡེ་བའི་ནང་ཕ་དཔལ་རབ་དང་མ་ཞི་ལྷ་གཉིས་ཀྱི་བུ་རུ་སྐྱེས། ༡༩༥༨ ནས་ ༡༩༧༨ མ་ཟིན་བར་རྟ་ཟོག་ལས་སྡུག་པའི་འཚོ་བ་སྐྱེལ་དགོས་བྱུང་། དེ་ཡང་ ༡༩༧༨ ལོ་ཕྱུགས་ཟོག་སྨན་པ་སློབ་སྦྱོང་བྱེད་རྒྱུ་གོ་སྐབས་ཐོབ། རང་གི་འབད་བརྩོན་ལ་བརྟེན་ནས་སློབ་སྦྱོང་མཐར་ཕྱིན་བྱས་རྗེས། ཕྱུགས་ཟོག་སྨན་པབྱེད་བཞིན་པའི་སྐབས་ ༡༩༨༠ ནས་ ༡༩༩༠ བར་མཁར་ནང་གྲོང་སྡེ་ལྔ་པའི་ཏུའུ་ཀྲང་དང་དམར་ཤོག་ཚོགས་པའི་འཐུས་མི་སྤྱི་ཚོགས་བདེ་འཇག་སྲུང་སྐྱོབ་བཅས་ཀྱི་ལས་འགན་ཁུར་བ་ཡིན། ༡༩༩༢ ནས་ ༡༩༩༦ བར་འཁར་ནང་སོ་དགོན་པའི་གཙུག་ལག་ཁང་ཆེན་པོའི་གསར་གཞེང་བྱེད་རྒྱུ་གཉེར་པ་བྱས་། ༡༩༩༦ ལོར་ལྷ་ཁང་ཡོངས་སུ་རྫོགས་པ་ལེགས་གྲུབ་བྱུང་ནས་མཁར་ནང་ཡང་སྤྲུལ་རིན་པོ་ཆེ་མཆོག་གིས་ཆེ་སྟོད་དང་ཕྱག་རྟགས་གནང་བྱུང་བས་སེར་སྐྱ་མི་མང་ཡོངས་ཀྱི་རྗེས་སུ་ཡིད་རང་དང་དགའ་བསུ་ཐོབ། ཡང་བསྐྱར་ ༡༩༩༦ ལོར་སྔར་མཁར་ནང་སོ་དགོན་པ་ལ་རྒྱལ་བ་བྱམས་པའི་སྐུ་ཕུ་ཁྲི་ ༧༥ ཡོད་པ་ཟངས་གསེར་གྱི་སྐུ་བརྙན་དེ་ ༡༩༥༨ ལོར་ཤུལ་མེད་དུ་ཕྱིན་འདུག་པས་ཡང་བསྐྱར་གཞེང་རྒྱུ་གཉེར་པ་གཉིས་དགོས་ཀྱི་འདུག་གསུང་པ་ལྟར་དགོན་པའི་ལས་སྣེ་ཆེན་མོ་ཚང་མ་འཛོམས་ཐོག་འོས་གཞི་སེར་སྐྱ་མི་བདུན་ནང་ནས་གཉིས་ལ་འོས་འཕེན་བྱས་འདུག་པས་ཕྲན་དང་གོང་འཕེལ་
གཉིས་ལ་འོས་ཤོག་ཐོབ་འདུག་པ་ལྟར། སྐབས་དེ་དུས་ཕྲན་ལ་རིན་པོ་ཆེ་ཡིས་ཁ་བཏགས་བཅས་གནང་སྟེ་གོང་འཕེལ་མི་ཧྲང་ཡིན་པས་གར་ཡོད་ཧ་གོ་གི་མི་འདུག་ཁྱེད་རང་གཅིག་པོས་ལས་ཀ་བྱེད་ན་འགྲིག་ས་རེད་དམ་གསུང་བྱུང་བས་ཕྲན་གྱིས་ལགས་སོ་ཡིན་དང་ཡིན་ཞུས་པ་ཡིན། ཁྱིམ་ཚང་དང་ཁྱིམ་ཏང་མི་བློས་བཏང་བྱས་ནས་ལས་ཀ་བྱས་ཀྱང་རིན་པོ་ཆེ་ཡི་ཐུགས་རྗེ་དཀའ་དྲིན་གྱིས་རྐྱེན་དང་ཆག་སྒོ་གང་ཡང་མ་འཕྲད་པར་ལས་ཀ་ལེགས་གྲུབ་བྱུང་སོང་། ༡༩༩༩ མ་ཟིན་བར་ཞབས་ཞུ་ཞུས་པ་ཡིན།་ ༡༩༩༠ ལོར་རྒྱ་གཞུང་གི་ལས་ཀ་ཚང་མ་ནས་དགོངས་པ་མ་ཞུས་ཐབས་མེད་བྱུང་སོང་། ལོ་དེ་ཚོའི་ནང་རྒྱ་གུང་ཁྲན་དམར་པོའི་བཙན་འོག་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་ཀ་མང་པོ་བྱས་པ་ཡིན། མ་ཚད་བོད་རིགས་མི་མང་རྣམས་ལ་ཞབས་ཞུ་གང་མང་ཞུ་ཐུབ་པ་བྱུུང་ཡོད། བྱས་རྗེས་དེ་ལ་བརྟེན་ནས་རྒྱ་མིའི་ཉེན་རྟོག་པས་གནར་གཅོད་འོག་ཐེངས་མང་འགྲོ་དགོས་བྱུང་། ༡༩༨༠ ལོ་ཕྲན་གྱི་སྤུན་མཆེད་རྒྱལ་གཅེས་ལྷག་བསམ་པ་ཞི་ལི་བསྟན་འཛིན་དང་མཉམ་དུ་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་འདུག་ཟེར་སྟེ་ཉེས་འཛུག་བྱས་ནས་ཉེན་རྟོག་མི་སྣ་ཁ་ཤས་ཀྱིས་དྲི་བརྩད་དང་ཉེས་རྡུང་གང་མང་བཏང་བྱུང། མ་ཚད་ཕྲན་མགོ་ཁྲིད་ཡིན་པའི་སྐབས་མི་མང་སྤྱི་ཁང་གི་རྒྱུ་དངོས་ནི་ ༡༩༥༨ ཡར་སྔོན་གང་ཟག་སྒེར་སོ་སོའི་རྒྱུ་ནོར་ཡིན་པས་མི་མང་རང་གི་ལག་པ་ལ་འཕྲོད་ན་ཡག་པོ་ཡོད་ས་རེད་བསམ་ནས་མི་ཚང་རེ་ལ་རྟ་རེ་སྤྲད་པའིི་རྐྱེན་གྱིས་ནག་ཉེས་ཆེན་པོ་ཕོག་བྱུང་། གཅིག་ནས་མི་མང་སྤྱི་ཁང་གི་རྒྱུ་ནོར་སྒེར་བགོས་བྱས་པ་དང་།གཉིས་ནས་མེ་མདའ་ལྐོག་ཉར་བྱས་པ། གསུམ་ནས་བོད་ཀྱི་རྒྱལ་དར་དང་། བོད་དར། བོད་རྒྱལ། ཞེས་ཡི་གེ་བྲིས་པའི་སྟོད་ཐུང་བཅས་འགྲེམ་སྤེལ་བྱས་པའི་མ་ཚད་བུ་གཉིས་ལ་གྱོན་བཅུག་པས་ནག་ཉེས་ཕོག་བྱུང། ༡༩༩༨ ལོར་ཉེན་རྟོག་རུ་ཁག་གི་མི་སྣ་ཁ་ཤས་འབྲོག་ཕྱོགས་སུ་ལས་དོན་རྟོག་ཞིབ་བྱེད་དུ་སླེབས་སྐབས་ངས་ཟ་ཆས་དང་གྱོན་ཆས་གང་ཡང་སྤྲད་རྒྱུ་མེད་བཤད་ནས་སྣེ་ལེན་མ་བྱས་པས་ཁྲུག་པ་ཆེན་པོ་ཤོར་སོང་། ༡༩༩༩ ལོར་རྒྱ་མིའི་ལས་བྱེད་བཞི་ཅན་ཞིག་ངའི་ནང་དུ་ཡོང་ནས་ཁོང་ཚོས་ང་ལ་ཉེས་ཆད་བཏང་གི་ཡིན་ཞེས་བཤད་བཤད་བཏང་བ་ལ་ངས་ངོས་ལེན་མ་བྱས་པ་མ་ཚད་ཟ་ཆས་སོགས་གང་ཡང་མ་སྤྲད་པར་སྡུག་རིགས་ངན་ཚད་བྱས་པ་ཡིན། མ་གཞི་ངའི་མོ་ཏྲའི་ནང་དུ། བུ་གཉིས་ལ་༧་གོང་ས་མཆོག་གི་སྐུ་པར་བཤམ་བཅུག་གི་ཡོད་པའི་ཅན་གྱིས་མོ་ཏྲའི་ཁ་ལོ་བ་ལ་བཀའ་རྐྱོན་མང་པོ་རག་འདུག།མ་ཚད་ངའི་མོ་ཏྲའི་ནང་དུ་བོད་ཀྱི་རྒྱལ་དར་ཆུང་ཆུང་ཞིག་གཤམ་ཡོད་པའི་ཅན་གྱིས་ངའི་བུ་གཉིས་རྒྱ་མིས་འཇུས་སོང་། མཐའ་མ་ང་རང་འཇུ་བཟུང་བྱས་བྱུང་། ང་འཇུ་བཟུང་བྱས་པ་མཐའ་མ་དེ་ཡིན། མ་གཞི་ང་དོན་རྐྱེན་དེ་དག་ལ་བརྟེན་ནས་བཀག་ཉར་ཁང་དུ་ཐེངས་མང་འགྲོ་དགོས་བྱུང།་བཀག་ཉར་དང་པོ་དེ་ ༡༩༨༠ ལོ་ངའི་རོགས་པ་ཕུན་ཚོགས་རྒྱ་མཚོ་དང་ངེད་གཉིས་བཀག་ཉར་བྱས་པ་མ་ཟད་རྒྱ་སྒོར་ ༤༠༠ རེ་ཉེས་ཆད་སྤྲད་པས་གློད་གྲོལ་བཏང་བྱུང།་བཀག་ཉར་གཉིས་པ་དེ་ ༡༩༩༣ ལོ་ངའི་སྤུན་མཆེད་དཔའ་བོ་ཞི་ལི་བསྟན་འཛིན་ལགས་རྒྱ་མིས་དམར་བསད་བཏང་བའི་སྐབས་ང་ཡང་དྲི་བརྩད་བཀག་ཉར་བྱས་བྱུང་། བཀག་ཉར་གསུམ་པ་དེ་ ༡༩༩༩ ལོ་ངའི་བུ་གཉིས་དང་ལྷན་དུ་སྡུག་བསྔལ་དང་མནར་གཅོད་འཇིག་རྟེན་མི་ཡིས་བརྗོད་མི་ཤེས་པ་ཞིག་བཏང་བྱུང་། དཔེར་ན་ལྕགས་རྒྱབ་པ་།ཐག་པས་སྡམ་པ་།ཀློག་རྒྱབ་པ། དོར་ཆབ་ཞུ་བ། རྐུབ་སྟེག་དང་ཀ་བ་ལ་བསྡམ་པ་སོགས་ཡང་ཤི་ཡང་སོས་ལྟ་བུ་མནར་བཅོད་ཀྱི་སྡུག་བསྔལ་དྲག་པོ་མྱོང་དགོས་བྱུང་། འོན་ཀྱང་ངེད་ཕ་བུ་གསུམ་གྱིས་བོད་རྒྱ་ཁབ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་གཅིག་ཀྱང་ཞུ་མྱོང་མེད། ཁོ་ཚོ་ལ་དགོས་པའི་ཚིག་གཅིག་ཀྱང་བཤད་མྱོང་མེད། མཐར་ང་ཚོར་ཁྲིམས་ཐག་གཅད་ལ་ཉེ་བའི་སྐབས་སྤུན་མཆེད་རྣམས་རྒྱུད་ནས་རྒྱ་སྒོར་སུམ་སྟོང་རེ་ཉེས་ཆད་བཏང་ནས་གནས་སྐབས་གློད་གྲོལ་བཏང་བྱུུང་། སྐབས་དེ་དུས་གནར་གཅོད་བཏང་བས་རྨ་རྗེས་དང་ཁྲག་རྗེས་ད་ལྟ་ཡང་ལུས་ཐོག་ལ་ཡོད། སྤྱི་ལོ་ ༢༠༠༡ ལོར་ཕྲན་རྒྱ་གཞུང་གི་གནོན་ཤུགས་འོག་ཡུལ་གྱར་དུ་མ་ཡོང་ཐབས་མེད་བྱུང་། སྤྱི་ལོ་ ༢༠༠༢ ཟླ་བ་ ༡ ནང་རྒྱ་གར་ལ་འབྱོར་སྟེ་རང་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཆབ་སྲིད་འབྲེལ་ཆགས་ཁོངས་སུ་བཅུག་བྱུང་། སྤྱི་ལོ་ ༢༠༠༣ ལོར་སེར་འབྲས་དགེ་གསུམ་གཙོས་རྒྱ་གར་ནང་དུ་བཞུགས་པའི་དགོན་སྡེ་དང་བླ་ཆེན་མི་ཆེན་ལྷག་པར་དུ་མདོ་སྟོད་ཀྱི་མི་དཔོན་དང་མི་སྣ་ཚང་མ་ལ་མཇལ་འཕྲད་བྱེད་པར་ཕྱིན་པ་ཡིན། སྤྱི་ལོ་ ༢༠༠༤ ཟླ་བ་ ༥ ཚེས་ ༣༠ ཉིན་མདོ་ཁམས་རྫ་ཆུ་ཁ་པའི་སྤྱི་མཐུན་ཚོགས་པ་གསར་འཛུགས་བྱས་པ་ཡིན། ཚོགས་པ་འདི་ལ་སྦྱིན་བདག་དང་དཔལ་འབྱོར་གྱི་རོགས་སྐྱོར་མེད་པ་སོགས་ཀྱིས་ཆ་རྐྱེན་ཞན་པོ་ཡིན་པས་རྒྱག་རང་ཁུར་བྱས་ནས་རྒྱ་གར་རྒྱལ་ཡོངས་ནང་ཕ་ཡུལ་གཅིག་པ་དང་བླ་སྤྲུལ་དགེ་འདུན་རྣམས་ལ་རོགས་སྐྱོར་ཕྲན་བུ་རེ་འབོད་ཞུ་སྐུལ་ཆེད་དུ་ཕྱིན་པ་ཡིན། མ་རྩ་ཕྲན་བུ་རག་པ་དེ་གཞི་བཞག་ནས་ཐབས་ཤེས་གང་ཡོད་འཐེན་གྱིན་ཡོད། ཚོགས་པ་འདིར་གཞན་དང་མ་འདྲ་བའི་ཆ་རྐྱེན་བཟང་ཤོས་ཞིག་ནི་ལོ་གསར་དང་སྤྲོ་སྐྱིད་གང་ཞིག་བཏང་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལྟར་ཆང་རག ཤོ་བག་སོགས། རྒྱན་རྩེད་རིགས་མི་བྱེད་པའི་དམ་བཅའ་ཡོད། ད་ཆར་ཚོགས་པ་འདིར་མཐུན་ལམ་དང་ཡར་རྒྱས་གང་ལེགས་ཡོད། ༢༠༠༥ ལོར་ཚོགས་པ་འདི་ཡི་ཁོངས་རྒན་ཀླུ་སྒྲུབ་ཞུ་བ་ཞིག་ལ་ནད་གཞི་ལྕི་མོ་ཞིག་ཕོགས་ནས་བདེ་ལེགས་སྨན་ཁང་དང་ཅན་དི་རྒར་སོགས་སུ་སྨན་ཁང་ནང་ཟླ་བ་གསུམ་དང་ཉིན་ཉེར་གསུམ་བཞུགས་དགོས་བྱུང་། དུས་ཚོད་དེ་ཡི་རིང་ལ་སོ་སོའི་སྒེར་དོན་བློས་བཏང་ནས་ཉིན་མཚན་མེད་པར་ནད་གཡོག་རྒྱུག་པའི་མ་ཚད་སྐྱག་གཅིན་ཚང་མ་ལག་པས་ཕྱིས་པས་སྨན་པ་དང་སྨན་གཡོག་འབྲེལ་ཡོད་ཐམས་ཅད་ཀྱིས་བསྔགས་བརྗོད་ཞེ་དྲག་གནང་བྱུང་། རྒྱུན་དུ་ཡང་ནད་པ་དང་དཀའ་ངལ་ཅན་སོགས་ལ་ཧིན་སྒོར་མང་ཤོས་སུམ་སྟོང་དང་ཉུང་མཐར་ལྔ་བརྒྱ་བཅས་གནས་ཚུལ་ལ་བལྟ་གིན་རོགས་པ་བྱས་དང་བྱེད་བཞིན་པ་ཡིན། སྤྱི་ལོ་ ༢༠༠༥ ཟླ་བ་ ༦ ཚེས་ ༡༦ ཉིན་རྡ་ས་ས་གནས་ཆུ་སྒང་རྒྱུན་ལས་འོས་ཐོབ་བྱུང་། ང་རང་གི་ངོས་ནས་དྲང་པོ་དྲང་བཞག་དང་ལྷག་བསམ་ལྷད་མེད་ཀྱིས་མདོ་སྟོད་མི་མང་ལ་ཞབས་འདེབས་ཞུ་རྒྱུ་འདོད་པ་ཡོད། དྲང་པོ་མི་བྱེད་པའི་གཞུང་གི་ལས་བྱེད། ཚོགས་པ། མི་སྒེར་སུ་དང་སུ་ཡིན་ན་སྐད་ཆ་བཤད་སར་མ་སོང་བ་གཅིག་ཀྱང་མེད། ལྷག་པར་དུ་ཆུ་བཞི་སྒང་དྲུག་ལ་མ་རུང་ཁོག་བཅངས་དང་མདོ་སྟོད་ཁ་བྲལ་བཏང་མཁན་ཚོ་ལ་སྐད་ཆ་བཤད་ས་ང་རང་གཅིག་པོ་ཐེངས་མང་ཕྱིན་པ་ཡིན། དེ་ཚོ་ལ་འཇིགས་ཞུམ་དང་སྐྲག་སྣང་གང་ཡང་བྱེད་མྱོང་མེད། གྲུབ་འབྲས་རྐྱང་གང་མང་ཐོབ་ཡོད། ལྷག་པར་དུ་སྤྱི་ལོ་ ༢༠༠༧ ཟླ་བ་ ༧ ཚེས་ ༤ ཉིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མདོ་ཁམས་གཞིས་བྱེས་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་སྐབས་མགོ་མཇུག་བར་གསུམ་དང་མཐའ་མ་འདུམ་བར་ཟླ་བ་ལྔའི་རིང་མདོ་ཁམས་ཀྱི་མི་མང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུས་པ་ཡིན། སྐབས་དེ་དུས་མདོ་ཁམས་ཀྱི་གོང་འོག་མི་སྣ་མང་པོས་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཚད་མེད་གནང་བྱུང། སྤྱི་ལོ་ ༢༠༠༨ ལོར་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དངུལ་གཉེར་འོས་ཐོབ་བྱུང་། ཟླ་བ་ ༦ པའི་ཚེས་ ༢༢ ཉིན་ནས་བཟུང་ཉིན་གཉིས་རིང་དབུས་རྒྱུན་ཚོགས་འདུ་དང་པོ་ལྡི་ལིར་སྐོང་ཚོགས་བྱས་པར་བཅར། སྐབས་དེ་དུས་རྒྱུན་ལས་རྣམས་པས་རྒྱུན་བཞུགས་རྒྱུན་ལས་ཚོགས་གཙོ་དང་དྲུང་ཆེ། དངུལ་གཉེར་བཅས་ཡིན་གསུང་གི་འདུག་ཀྱང་། རྒྱུན་ལས་རྣམས་པས་གཏན་འཇགས་རྒྱུན་བཞུགས་དེ་ཕྲན་ལ་བབས་འོས་ཡོད་ལུགས་དང་ཁྱེད་རང་གི་ཁྱིམ་ཚང་ཡོངས་རྫོགས་བློས་བཏང་གྱིས་དང་རྒྱུན་བཞུགས་ལ་ལས་ཤག་དང་ཆུ་ཀློག་ལ་སོགས་པའི་མཐུན་རྐྱེན་ཚང་མ་ཡོད། གཞན་རེ་བ་གང་ཡོད་ང་ཚོས་སྒྲུབ་ཆོག་ཟེར་ནས་ཚང་མས་མོས་མཐུན་བྱས་སོང་ཀྱང་ཕྲན་གྱིས་ངོས་ལེན་དེ་ཙམ་ཞུས་མེད། ཡིན་ན་ཡང་ཁོང་རྣམ་པས་རེ་བ་ཡང་ཡང་རྒྱབ་སྟེ་མཐར་ཉིན་གཉིས་མཚམས་ནས་ཁོང་རྣམས་རང་རང་སོ་སོའི་ནང་དུ་ཕེབས་སོང་། མཐར་དྲུང་ཡིག་ཤེས་རབ་དང་ང་གཉིས་ཀྱིས་འགན་ཁུར་བྱས་ནས་བསྡད་པ་ཡིན། སྐབས་དེ་དུས་ལས་ཁུངས་ནང་དུ་ཆུ་ལྡན་རླུང་འཁོར་གཅིག་ཀྱང་མེད་པས་ལྡི་ལི་ཚ་བའི་ལུང་པ་ནང་དཀའ་ངལ་ཧ་ཀྱང་ཆེན་པོ་འདུག ཡིན་ན་ཡང་ངེད་གཉིས་ཀྱིས་ཨུ་ཚུག་རྒྱག་ནས་བསྡད་པ་ཡིན། མཐའ་མ་དེ་ངས་ནང་མི་ལ་བལྟ་རྒྱུ་དང་ཚོགས་པའི་ལས་ཀ་བྱེད་རྒྱུ་གཉིས་མཉམ་པོ་བྱེད་ཐབས་མི་འདུག་པས་ཁོང་རྣམ་པའི་རེ་བ་ལྟར་ངའི་ནང་གི་ནང་ཆས་དང་བཟོ་ཆས་སྒོར་འབུམ་གཉིས་ཀྱི་མ་རྩ་དེ་སྒོར་ཁྲི་གཉིས་བྱས་སྟེ་བཙོང་ནས་ལྡི་ལི་ཚ་བའི་ནང་དུ་བསྡད་པ་ཡིན། གཅིག་ནས་ལས་ཀ་མགོ་གསར་འཛུགས་ཡིན་པས་ཉམས་མྱོང་མེད་པ་དང་། གཉིས་ནས་ཚ་བ་ཆེ་བ་དང་ས་ཆུ་མ་འཕྲོད་པའི་དཀའ་ངལ། གསུམ་ནས་ངོ་ཤེས་གྲོགས་པོ་མེད་པ། བཞི་ནས་ཆུ་སྒང་གི་ལམ་འགག་དེ་རྒྱ་གར་ DDA ལས་ཁུངས་ལ་ཤོར་གྲབ་བྱེད་ཀྱི་འདུག་པས་སེམས་ཁྲལ་ཆེན་པོ་བྱུང་། མདོ་ཁམས་མི་མང་ལྷག་བསམ་ཅན་ཚོས་ལམ་ཁ་དེ་རྒྱ་གར་གཞུང་གིས་བཀག་ཤོར་ན་ཆུ་སྒང་ལམ་མེད་ཁུག་ཀྱོག་གཅིག་ཏུ་ཆགས་ཚར་བ་རེད་གླེང་མཁན་མང་པོ་བྱུང་། སྐབས་དེ་དུས་ཟ་མ་མིད་པར་མི་འགྲོ་བའི་དཀའ་ངལ་དང་སེམས་ཁྲལ་མང་པོ་བྱུང། ངའི་སེམས་ནང་མི་བཅུ་གཅིག་ལ་འགན་མེད་ན་ང་གཅིག་པོས་འགན་ཁུར་དགོས་དོན་མི་འདུག་བཞག་ཤོག་བསམ་བྱུང་། ཡིན་ན་བསམ་བློ་ཡང་བསྐྱར་བཏང་དུས་མདོ་སྟོད་མི་མང་གིས་རེ་བ་ཞིག་རྒྱབ་ནས་རྐུབ་བཀྱག་སྟེང་དུ་བཞག་དུས་ངས་མདོ་སྟོད་མི་མང་གི་རེ་བ་དེ་ཆུ་ཟོས་སུ་བཏང་ན་མ་འགྲིག་པ་རེད་བསམ་ནས་སེམས་ཐག་གཙང་བཅད་ཀྱིས་དམ་བཅའ་དེ་སེམས་ལ་བཞག་ནས་རྒྱ་གར་ DDA ལས་ཁུངས་ཀྱི་དཔོན་པོ་དང་རྒྱ་དཔོན་སོགས་ལ་འབྲེལ་བ་བྱས་ནས་འགྲེལ་བཤད་རྒྱབ་དགོས་ས་ལ་འགྲེལ་བཤད་དང་། ཞུ་བ་ཕུལ་དགོས་ས་ལ་ཞུ་བ་ཕུལ་བས་མཐར་ DDA ལས་ཁུངས་ཀྱི་དཔོན་པོ་དེའི་མདུན་དུ་པུས་མོ་ས་ལ་བཙུགས། རྣ་གཤོག་ལ་ལག་པས་འཇུས་ནས་བསྡད་པ་ཡིན་པས་ DDA ལས་ཁུངས་ཀྱི་དཔོན་པོ་དེས་གཞི་ནས་དེ་འདྲ་མ་བྱེད་ང་ཚོ་སྐད་ཆ་བཤད་ཆོག་གི་རེད་ཟེར། ངས་དེ་འདྲ་མ་བྱས་པར་ང་གཅིག་ཡིན་མདོག་མདོག་བྱས་ནས་བསྡད་ན་གྲུབ་འབྲས་གང་ཡང་ཐོན་ཡོད་ས་མེད། མཐར་དཔོན་པོ་དེས་ཚོགས་པ་ཁ་ཤས་ཤིག་གི་སྙན་ཞུ་ཁྱེར་ཤོག་དང་དེ་ནས་ཆོག་ཆེན་ཐོབ་རྒྱུ་རེ་བ་ཡོད་རེད་ཅེས་བཤད་བྱུང་། ང་ལ་ནི་ཚོགས་པ་ཁ་ཤས་ཕར་བཞག་མི་ཡང་ངོ་ཤེས་པ་མང་པོ་མེད། ཡིན་ནའང་ཐབས་ནམ་མཁའི་ཞགས་པ། བློ་ས་འོག་གི་གྲུམ་པ་ཟེར་བའི་དཔེ་ལྟར། ངས་རྒྱ་དཔོན་དང་དེ་མིན་མི་སྣ་ཁ་ཤས་ལ་འབྲེལ་བ་བྱས་ནས་ཚོགས་པ་ཁ་ཤས་ཀྱི་སྙན་ཞུ་ཐོབ་བྱུང་། སྙན་ཞུ་དེ་གོང་རིམ་ལ་ཕུལ་ནས་ཆོག་ཆན་གཙང་མ་ཐོབ་སྟེ་ལམ་ཁ་བཟོ་རྒྱུ་ལས་མགོ་རྩམས་སོང་། ཉིན་ཁ་ཤས་སོང་རྗེས་བོད་མི་ནང་ཁུལ་ནས་ཆུ་སྒང་ལ་མ་རུང་ཕྲག་དོགས་ཀྱིས་རྒྱ་གར་ཉེན་རྟོག་པ་ལ་ཁོག་པ་བརྒྱང་ཏེ་ལམ་ཁ་བཟོ་རྒྱུ་བཀག་འགོག་བྱས་བྱུང། DDA ལས་ཁུངས་ཀྱི་ལས་བྱེད་དེ་ཚོས་ཁྱེད་རང་ཚོས་ཐབས་ཤེས་མེད་ན་ང་ཚོས་ཐབས་ཤེས་བྱེད་ཐུབ་ཀྱི་མི་འདུག་ཟེར། དཀའ་ངལ་ཐོལ་པ་ཞིག་འཕྲད་ནས་གང་བྱེད་འདི་བྱེད་མེད་པ་ཆགས་སོང་། ངས་ཐབས་ཤེས་ཡོད་དགུས་མི་ངོ་མི་རྒྱུད་བྱས་པས་རྐྱེན་ངན་གྲོགས་སུ་གྱུར་ནས་ལྡི་ལི་གྲོང་ཁྱེར་དབུས་སྤྱི་ཁྱབ་ཉེན་རྟོག་དཔོན་པོའི་མདུན་དུ་བཅར་རྒྱུ་གོ་སྐབས་ཐོབ་ནས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་ཞུ་བ་ཕུལ་བས་མཐར་ཁོང་གིས་ཕྱག་རོགས་གནང་བར་མ་ཟད། ཁ་པར་བརྒྱུད་ནས་ས་གནས་ཉེན་རྟོག་ལས་ཁུངས་སུ་ལམ་ཁ་བཟོ་རྒྱུ་བཀག་འགོག་བྱེད་མི་ཆོག་པའི་བཀའ་བཏང་སོང་བས་གཞི་ནས་བློ་བདེ་པོ་བྱུང་། དེའིེ་རྗེས་ནས་ DDA ལས་ཁུངས་ཀྱིས་ལམ་ཁ་དེ་གཙང་མ་བཟོས་སོང་། ལམ་ཁ་བཟོ་ཐུབ་པ་ལ་བློ་བདེ་བོ་བྱས་ནས་བསྡད་ཡོད་པའི་སྐབས་ཆུ་སྒང་ཁང་ཆེན་རྒྱབ་ལོག་བཙོག་ཆུ་འགྲོ་སའི་ལམ་ཁ་འགག་ནས་བཙོག་ཆུ་ཚང་མ་ཕྱི་ལོག་བོ་འགྲོ་གི་འདུག་ DDA ལས་ཁུངས་ཀྱིས་ཁྱེད་རང་ཆོའི་བཙོག་ཆུའི་ལམ་ཁ་ཡག་པོ་ཞིག་བཟོས་ན་མ་གཏོགས་འགྲིག་ས་མ་རེད་ཟེར་གལ་སྲིད་བཟོས་ན་བཙོག་ཆུ་ས་འོག་འཁྱིལ་སའི་ས་ཆ་བཙོང་ཆོག་རིན་གོང་སྒོར་མོ་འབུམ་བཅུ་ཁྱེར་ཤོག་ཟེར། བཤད་བཤད་གཏམ་གཏམ་བྱས་པའི་མཐའ་མ་སྒོར་འབུམ་བདུན་ལས་བཅག་གི་མི་འདུག། སྒོར་འབུམ་བདུན་སྤྲད་ནས་བཟོ་དགོས་ན་དཀའ་ལས་ཁག་པོ་ཡིན་པས་ངས་མི་ངོ་མི་རྒྱུད་བྱས་ནས་རྒྱ་གར་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོའི་མདུན་ལ་བཅར་བས་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིབ་འ་ཇུག་བྱེད་པར་ཕེབས་བྱུང་། སྐབས་དེ་དུས་ཨ་མ་ཟ་ཁང་ནང་གསོལ་ཚིག་སྟབས་བདེ་ཞིག་བཀྱག་ནས་བཀའ་མོལ་ལྷོད་པོ་བྱུང་། མཐའ་མ་དེ་ཁོང་གི་ཞལ་ནས་བཙོག་ཆུ་དེ་ལམ་གྱི་ཕར་ཕྱོགས་སུ་འཐེན་གྱི་ཡིན་ཁྱོད་རང་ཚོས་ལས་ཀ་བྱེད་མི་དགོས་སེམས་ཁྲལ་མ་བྱེད་ཟེར། དེ་རྗེས་ལོ་གསར་སྐབས་ལས་བྱེད་བསོད་ནམས་སྙན་གྲགས་ང་གཉིས་བཅར་ནས་ཡང་དེའི་སྐོར་ལ་བཀའ་མོལ་ཞུས་དུས་ཁོང་གིས་དབུས་གཞུང་གིས་ཆོག་ཆན་ཐོབ་སོང་ཟླ་བ་ལྔ་དྲུག་གི་ནང་ནས་བཟོ་མགོ་རྩམས་གྱི་རེད་གསུངས་བྱུང་། མ་གཞི་བོད་ལོ་དང་རྒྱ་ལོ་གང་ཞིག་ཡིན་རུང་ལོ་གསར་སྐབས་རྒྱ་གར་དབུས་ས་གཉིས་ཀྱི་ཉེན་རྟོག་དཔོན་པོ་ཆེ་ཆུང་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ལ་བཅར་གྱི་ཡོད། འབྲེལ་བ་བྱས་བསྡད་པའི་གྲུབ་འབྲས་ཡང་གང་ལ་གང་འཚམ་བྱུང་། དཔེར་ན་ནེ་པ་ལའི་བུ་མོ་ཞིག་དང་ཁམས་པའི་བུ་མོ་ཞིག་འཁྲུག་འཛིང་ཆེན་པོ་ཤོར་སྟེ་ཁམས་པའི་བུ་མོ་དེ་ཉེན་རྟོག་པས་འཇུས་ནས་གང་བྱེད་འདི་བྱེད་མེད་པ་ཆགས་འདུག། ཕྲན་དང་དྲུང་ཡིག་ཤེས་རབ་གཉིས་ཉེན་རྟོག་ལས་ཁུངས་ནང་དུ་སོང་བ་ཡིིན། མ་ཇུ་ཀྲི་ལའི་བརྒྱ་དཔོན་ཡང་དེ་ལ་སླེབས་འདུག བརྒྱ་དཔོན་གྱིས་ཟེར་བ་ལ་ཁྲིམས་ཁང་ནང་ཞུ་གཏུག་རྒྱབ་ཚར་བ་རེད། ཁྲིམས་ཐོག་ནས་གང་ཞིག་བྱེད་ན་མ་གཏོགས་ཐབས་ཤེས་ཡོད་མ་རེད་ཟེར། ངས་ལགས་སོ་ཁྱེད་རང་ལ་དེ་འདྲའི་མཛད་དཀའ་ཡོད་ན་ང་རང་གིས་ཐབས་ཤེས་བྱ་ཆོག་ལབ་ནས་ངའི་སྐད་སྒྱུར་ལ་ཉེན་རྟོག་པའི་དཔོན་པོ་དང་ཡར་མར་གང་སར་འབྲེལ་བ་བྱེད་བཅུག་པ་ཡིན། མཐའ་མ་དེ་ཉེན་རྟོག་ལས་ཁུངས་ཀྱིས་ཁྱེད་རང་ཚོ་ནང་འགྲིག་བྱུང་སོང་ན་བུ་མོ་དེ་བཏང་ཆོག་ཟེར། ང་ཚོ་ནང་གྲོས་བྱས་ནས་བུ་མོའི་འགན་ཁུར་ཆ་ཚང་ང་རང་གི་བྱས་སྟེ་ལམ་སེང་གློད་ཐུབ་སོང་། སྤྱི་ལོ་ ༢༠༠༩ ཟླ་བ་ ༡༡ ནང་ང་ཡི་ཕ་ཡུལ་གཅིག་པའི་བུ་མོ་ཞིག་གི་གྲོགས་མོ་ཕྱི་རྒྱལ་བ་ཞིག་ལྡི་ལི་ལ་སླེབས་འདུག།ངས་ཕྱི་རྒྱལ་བ་དེ་དང་ཁོ་རང་གི་རོགས་པ་བཅས་ཆུ་སྒང་གི་ལས་ཁུངས་ནང་དུ་མགྲོན་འབོད་བྱས་ནས་ཆུ་སྒང་གི་ལོ་རྒྱུས་སྔར་བར་ཕྱི་གསུམ་འགྲེལ་བཤད་གང་ཤེས་རྒྱབ་པས་ཁོང་ཚོ་ཧ་ཅང་དགའ་བོ་བྱེད་པའི་མ་ཚད་སྒོར་ལྔ་སྟོང་ཐམ་པ་ཞལ་འདེབས་གནང་ནས་རྗེས་སུ་འབྲེལ་བ་བྱེད་ཀྱི་ཡིན་ཟེར། དེ་དང་དེ་འདྲའི་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་ཕེབས་སུ་སྣེ་ལེན་བྱས་དང་བྱེད་བཞིན་པ་ཡིན་། ཕྱི་ལོ་ ༢༠༠༩ ལོ་ཕྲན་གྱི་ཕ་ཡུལ་གཅིག་པའི་བླ་མ་ཡོ་རོབ་དུ་ཡོད་པ་ཞིག་རྒྱ་གར་དུ་ཕེབས་བྱུང་། ཕྲན་གྱིས་ཆུ་སྒང་ལ་ལྷག་བསམ་རྣམ་དག་གིས་ཕན་ཞིག་ཐོག་ན་བསམ་ནས་ལས་ཁུངས་ནང་དུ་གདན་འདྲེན་ཞུས་ནས་ཆུ་སྒང་གི་གནས་སྟངས་དང་ཆུ་སྒང་གི་ཚོགས་གཙོ་གཙོས་ད་ལྟའི་རྒྱུན་ལས་རྣམས་ལྷག་བསམ་རྣམ་དག་དང་འབྱོན་པོ་ཤ་སྟག་ཡིན་རབ་དང་ཁྱད་པར་དུ་ཚོགས་གཙོ་འདི་འདྲ་སྔར་བྱུང་མ་མྱོང་བ་ལྟ་བུའི་ལོ་རྒྱུས་ཞུས་པས་རིན་པོ་ཆེ་ཐུགས་དགྱེས་པོ་གནང་ནས་ཚོགས་གཙོ་ཡོ་རོབ་དུ་ཕེབས་ཐུབ་ན་མགྲོན་ཤོག་དང་ལམ་གྲོན་ངས་ཐབས་ཤེས་བྱེད་ཆོག་གསུང་ནས་ཁས་ལེན་གནང་བྱུང། རིན་པོ་ཆེ་གནམ་ཐང་དུ་ཕེབས་སྐྱེལ་སྐབས་ང་ཚོ་ཕ་ཡུལ་གཅིག་པ་ཚོས་མཇལ་དར་སྒྲོན་ས་ནས་ང་ལ་རིན་པོ་ཆེས་ཆུ་སྒང་གི་ལས་དོན་བྱེད་ཕྱོགས་གྲ་འགྲིག་པོ་དང་ཚགས་ཚུད་པོ་བྱུང་ན་སྒོར་འབུམ་བཅུ་ཡར་མར་གྱི་སྦྱིན་བདག་བྱེད་རྒྱུའི་ཞལ་བཞེས་གཙང་མ་གནང་བྱུང་། སྤྱི་ལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༡ ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གསེར་ཁྲིར་ཕེབས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བར་ལས་བྱེད་བསོད་ནམས་སྙན་གྲགས་དང་ཕྲན་གཉིས་བཅར་བ་ཡིན། ང་གཉིས་ལ་དམིགས་བསལ་གྱི་མཇལ་ཁ་གནང་བྱུང་། མ་གཞི་ང་རང་གིས་རིན་པོ་ཆེ་སྔོན་མ་ནས་ཞལ་ཚོར་གྱི་ཡོད། ངས་ཆུ་སྒང་གི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་དང་ཆུ་སྒང་ཤི་བསོན་གཉིས་ལ་ཐུགས་སྨོན་དང་སྐྱབས་འཇུག་གནང་རོགས་ཞུས་པ་ཡིན། རིན་པོ་ཆེ་མཆོག་གིས་ངས་སྨོན་ལམ་ཡང་ཡང་རྒྱབ་ཆོག་གསུང་ནས་ང་གཉིས་ལ་ཐུགས་དགྱེས་པོ་གནང་བྱུང། སྤྱིལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༡༠ ཉིན་ཆུ་སྒང་དབུས་རྒྱུ་ཟུར་བསྟན་པ་དབང་རྒྱལ་ལགས་འདས་གྲོངས་ཕྱིན་པའི་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་མཚམས་འདྲི་ཆེད་ཕྲན་དང་ལས་བྱེད་བསོད་ནམས་སྙན་གྲགས་གཉིས་སིམ་ལ་རུ་ཕྱིན་ནས་སེམས་གསོ་གང་དྲག་དང་རོགས་པ་གང་ཐུབ་བྱས་པ་ཡིན། སྤྱི་ལོ་ ༢༠༡༠ ལོའི་ལོ་གསར་སྐབས་ཚོགས་གཙོ་ལགས་ཀྱིས་རྒན་གསོ་ཁང་དུ་འགྲོ་གི་ཡིན་ཟེར་བྱུང་བར་ངས་ང་ལོ་གཉིས་ཀྱི་རིང་ཕྱི་ལོག་ལ་གོམ་པ་་གང་ཕྱིན་མེད་ད་རེས་དང་ཐེངས་གཅིག་འགྲོ་ན་འགྲིག་གི་རེད་དམ་ཞུས་པས་ཚོགས་གཙོས་འགྲིག་གི་རེད་གསུང་བྱུང་བས་ང་རང་སེམས་པདགའ་བོ་བྱུང་། དེ་ནས་ཚོགས་གཙོ་ང་གཉིས་རྒན་གསོ་ཁང་དུ་ཕྱིན་ཏེ་རྒན་ཁོག་ཚོ་དང་མཉམ་དུ་མི་རེ་རེ་བཞིན་སྐད་ཆ་ལྷོད་པོ་བཤད་རྒྱུ་བྱུང་སོང་། གནས་ཚུལ་ཡང་མང་པོ་མཐོང་ཐོས་བྱུང། རྒན་གསོ་ཁང་གི་རྒན་ཁོག་ཚོ་དང་ལས་བྱེད་ཀྱི་ནང་མི་དེ་མིན་དེར་ཡོད་ཚང་མ་ལ་ང་རང་སྒེར་ངོས་ནས་ལག་པ་སྟོང་པ་མིན་ཙམ་གྱིས་སྒོར་བརྒྱ་ཐམ་པ་རེ་ཕུལ་རྒྱུ་བྱུང་བས་ང་རང་བློ་བདེ་བོ་བྱུང་། མ་གཞི་ང་རང་ཆུ་སྒང་གི་ལས་དོན་ཆེད་ལྡི་ལི་ལ་སླེབས་ནས་བཟུང་ཞོག་པ་ཆུ་ཚོད་ ༩ ནས་ཉིན་དགུང་ཆུ་ཚོད་ ༡༢ བར་དང་ཉིན་རྒྱབ་ཆུ་ཚོད་ ༢ ནས་དགོང་མོ་ཆུ་ཚོད་ ༥ བར་དུ་ལས་ཁུངས་ནང་བསྡད་པ་མ་གཏོགས་སྒེར་དོན་སྒྲུབ་ཆེད་ཉིན་མ་གཅིག་ཕྱི་ལོགས་སུ་འགྲོ་མྱོང་མེད། དེ་དང་དེ་འདྲ་བའི་ཚོགས་པའི་ལས་དོན་མཐའ་དག་ལ་ཉིན་མཚན་མེད་པ་འགན་ཁུར་བྱས་དང་བྱེད་བཞིན་པ་ཡིན། ལས་ཁུངས་སུ་ཉམ་ཐག་སྐྱོ་བོ་རིགས་སླེབས་སྐབས་ཚོགས་པའི་དཀའ་ཁྲོལ་མེད་པ་ལ་ང་རང་སྒེར་ངོས་ནས་ཞལ་འདེབས་སྤྲད་ཀྱི་ཡོད། གཉེན་སྟོན་སོགས་སུ་ཆུ་སྒང་མིང་ཐོག་མགྲོན་ཤོག་འབྱོར་རིགས་ལ་ཚོགས་པའི་བཀའ་ཁྲོལ་མེད་པ་ལ་ང་རང་སྒེར་གྱི་ལག་རྟགས་ཁྱེེར་ནས་འགྲོ་གི་ཡོད། གང་ཡིན་ཟེར་ན་རང་གི་ཚོགས་པ་ཞིག་ཡིན་བསམ་ནས་རེ་བ་ཞིག་རྒྱབ་ཆེད་སླེབས་ཡོང་དུས་རེ་སྟོང་ལག་ཟད་བྱས་བཅུག་ནས་གཡུག་བཞག་ན་མ་འགྲིག་པ་མཐོང་གི་འདུག མི་སུ་དང་སུ་ཡིན་ན་འཆམ་མཐུན་དང་འབྲེལ་བ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཡིན་ནའང་རྒྱུ་ཡོད་ལ་རྒྱུ་ངོ་བལྟ་རྒྱུ་དང་རྒྱུ་མེད་ལ་བུ་ངོ་བལྟ་རྒྱུ་ལྟ་བུ་ལས་ཀ་བྱས་ན་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཡང་མི་མ་རབས་ལས་རྒྱུ་འབྲས་དང་ཁྲེལ་ངོ་ཚ་མེད་མཁན་ཡིན་པས་ང་རང་གི་ནམ་རྒྱུན་ཡག་པོ་མ་རེད་དྲན་བསྡད་ཀྱི་ཡོད། སྤྱི་ལོ་ ༢༠༠༧ ཟླ་བ་ ༨ ནང་མི་མང་མདུན་སྐྱོད་ཆེན་མོའི་ལས་འགུལ་སྤེལ་སྐབས་མ་བསྐུལ་དྭང་བླངས་ཀྱི་ཐོག་ནས་འཛུལབཞུགས་དང་མཉམ་སྐྱོད་བྱས་པ་ཡིན། སྤྱི་ལོ་ ༢༠༠༨ ཟླ་བ་ ༡༡ ནང་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐོག་མདོ་ཁམས་ཆུ་གཞི་སྒང་དྲུག་དབུས་རྒྱུན་ལས་ཀྱི་སྐུ་ཚབ་མིང་ཐོག་ནས་བཅར་རྒྱུ་གོ་སྐབས་བཟང་པོ་ཐོབ་པ་ལྟར་ཚོགས་བཅར་ཞུས། མ་གཞི་ངའི་ལོ་རྒྱུས་ཐུང་ཐུང་འདི་འབྲི་དགོས་པའི་རྒྱུ་མཚན་ནི་དོན་གྱི་བདག་པོ་མདོ་སྟོད་མི་དམངས་ཀྱིས་མཁྱེན་རྟོགས་ཡོང་ཆེད་ཡིན། ང་རང་ལ་འོས་ཤོག་ཐོབ་པའི་ཆེེད་རྩ་བ་ནས་མིན་ང་རང་གི་ངོས་ནས་རྒྱལ་གཅེས་མང་ཚོགས་ལ་འོས་ཤོག་བླུག་རོགས་ཟེར་བ་དང་ས་གནས་རྒྱུན་ལས་ཚོ་ལ་ང་རང་གིས་འབོད་བསྐུལ་ཙམ་ཡང་ཞུ་མྱོང་མེད། ཡིན་ན་ཡང་མི་མང་གིས་རེ་བ་ཆེན་པོ་ཞིག་རྒྱབ་ནས་འོས་བླུག་ཡོང་དུས་ང་རང་གི་ངོས་ནས་མི་མང་གི་རེ་བ་དེ་འཕྲོ་རླག་ཕྱིན་མི་འདུག་བསམ་པའི་ཆེད་དུ་བྲིས་པ་ཡིན། ང་རང་ནི་མི་མང་གི་མདུན་དུ་བཀའ་མོལ་ཚིག་གཅིག་ཞུ་བར་སླེབས་ཐུབ་ཀྱི་མི་འདུག། གང་ཡིན་ཟེར་ན་ངས་ལས་ཁུངས་སྟོང་པ་བཞག་ནས་འགྲོ་ན་འགྲིག་གི་མི་འདུག་པའི་རྒྱུ་མཚན་གྱིས་ཡིན། འདས་པའི་དུས་ཡུན་ནའང་མིང་རྫིག་པོ་ཞིག་ཁུར་བ་དང་སྐད་ཆ་སྙན་པོ་ཞིག་བཤད་ནས་རང་དགར་བསྡད་མྱོང་མེད། མ་འོངས་པར་དོན་གྱི་བདག་པོ་མདོ་སྟོད་སེར་སྐྱ་མི་མང་གི་དགོས་གལ་གཟིགས་ནས་རྒྱབ་བསྐྱོར་གནང་ན་མ་གཏོགས་ང་ལ་འོས་བླུག་རོགས་ཟེར་ནས་འབོད་བསྐུལ་ཞུ་རྒྱུ་གང་ཡང་མེད། གང་ཡིན་ཟེར་ན་དེ་འདྲའི་རེ་བ་ཞིག་རྒྱབ་ན་ངས་མི་གཞན་དང་མི་འདྲ་བའི་ལས་ཀ་ཞིག་བྱེད་ཐུབ་དགོས་པས་དེ་འདྲ་མི་མང་ལ་དབུ་སྐོར་ཞུས་ན་འགྲིག་གི་མ་རེད་དྲན་གྱི་ཡོད། དེ་འདྲ་སོང་ཙང་མདོ་སྟོད་སེར་སྐྱ་མི་མང་གིས་ཐུགས་བསམ་བཞེས་རོགས་གནང་། གུས་པར་ད་ལྟའི་ལས་གནས་ནི་རང་གཞུང་སྡེ་སྲུང་ལས་ཁུངས་ཀྱི་ཆབ་སྲིད་འབྲེལ་ཆགས་དང་། ཆུ་སྒང་དབུས་རྒྱུན་དངུལ་གཉེར། རྡ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི། རྫ་ཆུ་ཁ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ཀྱི་ཞབས་ཞུ་བྱེད་མུས་ཡིན། མདོར་ན་མི་ཚེ་གང་པོར་བོད་སྤྱི་པའི་དོན་དུ་ལས་ཀ་བྱས་པའི་ལོ་རྒྱུས་མདོར་བསྡུས་སུ། མདོ་ཁམས་རྫ་ཆུ་ཁ་པ་སྐྱུ་ར་དཔལ་རྡོ་ནས། སྤྱི་ལོ་ ༢༠༡༠ ཟླ་བ་ ༦ ཚེས་ ༢༥ ཉིན།།
གྲའུ་ཚེ་བརྟན་ནི། སྤྱི་ལོ་ ༡༩༥༨ ལོར་ཡབ་གྲའུ་དཔོན་རིན་ཆེན་ཚེ་རིང་དང་མ་མཚོ་མོ་དབྱངས་ཅན་གཉིས་ཀྱི་བུ་མོར་བོད་ཤར་ཕྱོགས་ཁམས་སྒ་སྐྱེ་རྒུ་མདོར་སྐྱེས། སྤྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་ནས་འཛིན་རིམ་བཅུ་གཉིས་བར་ལྡེ་ར་དུན་དུ་སློབ་སྦྱོང་བྱས། ༡༩༧༦ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཟིན་ཡང་། མགྲོན་ཁང་ (Hotel management) དོ་དམ་བྱ་ཕྱོགས་སྐོར་ལ་རྒྱལ་ས་ལྡི་ལི་དང་པུ་ས་སློབ་གླིང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༠ ནས་གྲའུ་དཔོན་གཞིས་ཆགས་ཀྱི་ཐོན་སྐྱེད་དོ་དམ་གྱི་ཕྱག་ལས་གནང་བ་མ་ཟད། ས་གནས་བདེ་དོན་གྱི་ཕྱག་ལས་བྱས། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད།
དེང་ སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་ཕྱག་ལས་གནང་བཞིན་པ་དང་། ད་ལྟ་ཧིན་མ་ཅལ་མངའ་སྡེ་ཀམ་རའོ་རྫོང་ཁོངས་གྲའུ་གཞིས་ཆགས་སུ་གནས་སྡོད་བྱེད་བཞིན་ཡོད།།
དང་པོ་སྐྱེས་ཡུལ་ནི། མདོ་ཁམས་གོ་འཇོ་གཡང་ཤོད་བང་ར་སྟེང་། གཉིས་པ་རིགས་རྒྱུད་ནི། བོད་མིའུ་གདུང་དྲུག་ལས་དབྲ་ག་ཟི་བང་རའི་གདུང་རྒྱུད། དེའི་ནང་ནས་གྲགས་ཆེ་བ་དཔལ་སྟག་ལུང་བཀའ་བརྒྱུད་སྲོལ་འབྱེད་པ་པོ་ཐང་པ་བཀྲི་ཤིས་དཔལ་དང་། སྟག་ལུང་གདན་རབས་གསུམ་པ་ཆོས་སྐུ་སངས་རྒྱས་ཡར་བྱོན་མཆོག་གི་གཅེས། དབྲ་ག་ཟི་བང་རའི་གདུང་བརྒྱུད་ཟ་ལུང་རྡོ་རྗེ་རིན་ཆེན་མཆོག་གི་སྲས། མཆོག་གི་སྤྲུལ་སྐུ་སངས་རྒྱས་དབོན་པོ་གྲགས་པ་དཔལ་འོད་ཟེར་བཟང་པོ་ཞེས་བྱ་བ། སྟག་ལུང་གདན་རབས་བཞི་པ་དང་། གདན་ས་མ་ཐང་རི་བོ་ཆེ་ཕྱག་འདེབས་པ་པོ་དེའི་ཁྱིམ་ཚང་ངོམ། གསུམ་པ་སྐྱེས་པའི་དུས་ནི། ཕ་ག་ཟི་ཟ་ལུང་ཆོས་འཕེལ་དང་། མ་བསོད་ནམས་ཆོས་མཚོ་རྣམ་གཉིས་ཀྱི་བུ་རུ་ཕྱི་ལོ་ ༡༩༧༣ ཟླ་ ༡ ཚེས་ ༡༨ ཉིན་གཡང་ཤོད་བང་ར་སྟེང་དུ་སྐྱེས། བཞི་པ་སློབ་གཉེར་ཇི་བྱས་ནི། ལོ་ངོ་བརྒྱད་ནས་དབྱངས་གསལ་འབྲི་ཀློག་མགོ་བཙུགས་ཞུས། ལོ་ངོ་བཅུ་གཉིས་ལ་ཆོས་སྡེ་ཆེན་པོ་དཔལ་ཐང་སྐྱ་ཐུབ་བསྟན་ཆོས་འཁོར་དར་རྒྱས་གླིང་ནས་འདོན་ཕྱག་ལེན་དང་ཆོག་བློ་འཛིན་དང་ལྷན་རྒྱུགས་སྤྲོད་ཡང་གང་མཚམས་ཞུས་སྐབས་བྱ་དགའ་གསོལ་རས་ཡང་ཐེངས་འགའ་གནང་སོན་བྱུང་། དེ་རྗེས་རིམ་པ་བཞིན་གངས་ལྗོངས་རིག་པའི་འབྱུང་གནས་ཐང་སྐྱ་བཤད་གྲྭ་ཐུབ་བསྟན་དར་རྒྱས་གླིང་དང་། མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེའི་བཤད་གྲྭ་ནས་ཐ་སྙད་རིག་གནས་ནས་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་ལོ་མང་བྱེད་སྐབས། རྒྱུགས་སྤྲོད་ཨང་གྲངས་མཐོ་གྲས་ཀྱི་བསྔགས་བརྗོད་ཐོབ་པའི་བསྐལ་བཟང་སྔ་ཕྱི་ལན་མང་བྱུང་བ་ལྟར། སྦྱོང་འབྲས་ཚད་དང་ལྡན་པའི་སློབ་མཐར་ཕྱིན་པའི་ཕྱག་འཁྱེར་སྤྱི་བསྩལ་གྱི་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་། དེ་བཞིན་༸དཔལ་ས་སྐྱའི་གདན་སའི་མཁན་ཆེན་འཇམ་དབྱངས་བློ་གསལ་བཟང་པོ་མཆོག་དང་། ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག ཚར་པའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག རྫོང་སར་མཁན་ཆེན་བྲག་གཡབ་པད་མ་དམ་ཆོས་དཔལ་བཟང་པོ་མཆོག་གི་གཙོས་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལས་བརྒལ་བའི་ཞབས་ལ་གཏུགས་ཏེ། གསང་སྔགས་ལམ་འབྲས་ཀྱིས་གཙོས་དབང་ལུང་མན་ངག་རྒྱ་ཆེར་ཐོབ། ལྔ་པ་ལས་ཀའི་ཉམས་མྱོང་ནི། བོད་ནས་དགོན་པའི་གཉེར་པ་དང་། དགེ་བསྐོས། འཐུས་མི། སྐུ་ཚབ་དང་། འགན་འཛིན་གྱི་བར་ཅི་རིགས་བྱས། བོད་ནས་བརྩམས་འབྲི་བྱས་པ་རྣམས་རག་ཙམ་ཞུས་ན། གནའ་གཏམ། གནའ་སྒྲུང་། རྣམ་ཐར། དཔྱད་རྩོམ། གསལ་བཤད། དྭོགས་དྲི། ཟིན་བྲིས། སྙན་རྩོམ།
དྲུག་པ་བཙན་བྱོལ་ལ་ཇི་ལྟར་འབྱོར་བའི་ཚུལ་ནི། ཕྱི་ལོ ༢༠༠༣ ཟླ་ ༡༡ ཚེས་ ༡༦ ཉིན་བལ་ཡུལ་རྒྱུད་རིམ་པས་བཙན་བྱོལ་དུ་འབྱོར་ཏེ། འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སློབ་དཔོན་ལོ་རིམ་གཉིས་དང་སྔགས་རིམ་གོང་འོག་གཉིས་ལ་སློབ་སྦྱང་བྱས། བདུན་པ་ད་ལྟའི་ལས་འགན་ནི། ཕྱི་ལོ་ ༢༠༠༦ བོད་མི་མང་༸དཔལ་ས་སྐྱ་པའི་སྤྱི་འཐུས་འོས་ཐོབ་བྱུང་བ་བཞིན་སྤྱི་འཐུས་རྒྱུན་ལས་དང་། བོད་དོན་ཆེད་ཡོ་རོབ་རྒྱལ་ཁབ་ཁ་ཤས་ནང་གཞུང་འབྲེལ་ཕྱོགས་བསྐྱོད། ལྷག་དོན་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པར་ཚོགས་བཅར་ཞུས། ད་ཆ་གཞུང་འབྲེལ་ཆེད་འཛུགས་ཚོགས་ཆུང་ཁག་བཞི་ཡིས་ཚོགས་མི་བྱེད་བཞིན་པ་ཡིན། བརྒྱད་པ་བཙན་བྱོལ་ནང་དུ་རྩོམ་འབྲི་པར་སྐྲུན་ཟིན་པ། ཕྱི་ལོ་ ༢༠༠༦ ལོར་དེབ་ཕྲེང་དང་པོ། ༼གསལ་བ་བཤད་ན་བདེ་བླག་ཏུ་གྲུབ་པའི་གཏམ་ཨེ་མ་ཧོ།༽ ཕྱི་ལོ་ ༢༠༠༧ ལོར་དེབ་ཕྲེང་གཉིས་པ། ༼དཔལ་ཇོ་ནང་ཆོས་འབྱུང་དང་གདན་རབས།༽ པར་སྐྲུན་བཞིན་པ་ཕྱི་ལོ་ ༢༠༠༨ ལོར་དེབ་ཕྲེང་གསུམ་པ། ༼དཔལ་ཆེན་པོ་ཧོར་གྱི་རྒྱལ་རབས་དང་ཆོས་འབྱུང་།༽ ཕྱི་ལོ་ ༢༠༠༩ ལོར་དེབ་ཕྲེང་བཞི་པ། ༼དཔལ་རྟན་ནག་ཆོས་འབྱུང་དང་གདན་རབས།༽ པར་སྐྲུན་ཞུ་འཆར་ཕྱི་ལོ་ ༢༠༡༠ ལོར་དེབ་ཕྲེང་ལྔ་པ། ༼ག་ཟི་ཆོས་འབྱུང་ཆེན་པོའི་སྟོད་ཆ།༽བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། །
དེ་ཡང་འཛམ་གླིང་ཏོག་ཏུ་ཐོན་པའི་བོད་གངས་ཅན་ལྗོངས་ཞེས་གྲགས་པ་འདིར་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གསུམ་དུ་ཕྱེས་པའི་ཕྱི་མ། དངུལ་རྫ་ཟལ་མོ་སྒང་གི་ཆར་གཏོགས་དཔལ་དབྱི་ཤོད་རི་བོ་ཆེ་ཞེས་གྲགས་པ། རྒྱལ་བསྟན་རིན་པོ་ཆེ་སྒྲུབ་པའི་ཕྱོགས་ཀྱིས་གསལ་བར་བྱེད་པ་སོགས་ཡོན་ཏན་གྱི་འབྱོར་པ་དུ་མ་དང་ལྡན་པའི་གནས་དེར།
ཕྱི་ལོ་ ༡༩༧༧ ལོར་ཁམས་རི་བོ་ཆེ་རི་བཞུགས་ཚང་ཕ་བཀྲ་རྒྱལ་དང་། མ་དཀར་ཆུང་ཚང་ཡེ་ཤེས་ཆོས་མཚོ་གཉིས་སུ་སྐྱེས་ཏེ་འཚར་ལོང་བྱུང་། ཕྱི་ལོ་ ༡༩༨༣ ལོར་རི་ཕུག་དགོན་དུ་བླ་མ་གྲགས་པ་ཡོང་འཛིན་དུ་བསྟེན་ནས་བྲིས་འདོན་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱོང་བརྩོན་དང་འབུམ་ལྔ་བསགས་སྦྱང་བྱས་མཐར་བགྲང་བྱ་བརྒྱ་ཕྲག་བདུན་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དཔལ་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་རྨད་བྱུང་གི་གཙུག་ལག་ཁང་ཆེན་ཁྲ་འཁྱིལ་ལམ་བཀྲ་ཤིས་ལྷུན་པོ་འཛམ་གླིང་རྒྱན་དུ་ཕྱི་ལོ་ ༡༩༧༦ ལོར་ཆོས་ཞུགས་བྱས་ཏེ་གདུང་སྲས་ཀུན་དགའ་གྲགས་པ་ལས་རབ་ཏུ་བྱུང་ནས་བསླབ་ལ་བརྩོན་ཞིང་ལོ་མང་རིང་དགོན་གནས་དེའི་གཉེར་ལས་དང་ལས་སྣེའི་འགན་ཁུར་ཡང་མང་དུ་ཞུས། མཐར་ ༡༩༩༦ ལོར་༸གོང་ས་ཡིད་བཞིན་ནོར་བུ་མཇལ་འདོད་སྐོམ་པ་ཆུ་ལ་རེ་བ་ལྟར་དད་གདུང་གིས་ རྐང་པའི་གོམ་ཁ་འཕགས་ཡུལ་དུ་བསྒྱུར་ནས་རྫོངས་སར་བཤད་གྲྭ་སྐལ་བཟང་ཆོས་ཀྱི་དགའ་ཚལ་དུ་མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་མཁན་སློབ་བཤེས་གཉེན་དུ་མ་ལས་དབུ་མ་རྩ་འཇུག་བཞི་གསུམ་སོགས་གཞུང་ཆེན་ཁག་ལ་ལོ་ཤས་རིང་སྦྱངས་རྗེས། བལ་ཡུལ་ཙ་པ་དགོན་བཀྲ་ཤིས་དར་རྒྱས་ཕུན་ཆོགས་གླིང་དགོན་དུ་ལས་གཉེར་ཞུས་པ་དང་ རིོ་བོ་སྟག་ལུང་བཀའ་བརྒྱུད་ཆོས་ཚོགས་སུ་གཉེར་དྲུང་གཅིག་ལྕོགས་ཀྱི་ལས་འགན་ཞུས་པ་དང་༸སྐྱབས་མགོན་འཕགས་མཆོག་རིན་པོ་ཆེའི་ཞབས་ཞུ་སྒྲུབ་བཞིན་པའི་ཐོག ཕྱི་ལོ ༢༠༠༤ ལོར་བལ་ཡུལ་ཆུ་སྒང་ས་གནས་རྒྱུན་ལས་སུ་འོས་ཞུགས་གནང་ཐོབ་ལྟར་ལོ་གསུམ་རིང་ཕྱག་ལས་ཧུར་བརྩོན་ཞུས་རྗེས་ཕྱི་ལོ་ ༢༠༠༧ ལོར་ཆུ་སྒང་དབུས་སྤྱི་ཁྱབ་དུ་འོས་བདེམས་བྱུང་སྟེ་ད་ལྟ་དབུས་སྤྱི་ཁྱབ་རྒྱུན་ཁང་གི་དྲུང་གཞོན་ཀྱི་མཚན་གནས་ཐོག་ཞབས་ཞུ་སྒྲུབ་བཞིན་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས ༡༧ ནས་ཉིན་དྲུག་གི་རིང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་ལ་མདོ་སྟོད་ཆོལ་ཁའི་ངོ་ཚབ་ ཆེད་བཅར་ཞུས། ཕྱི་ལོ་ ༢༠༠༩ ལོའི་བ་ཡུལ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་གྱི་ལས་གནས་ཐོག་་བོད་བསྟན་པ་ཆབ་ སྲིད་ཀྱི་ཞབས་ཞུ་སྒྲུབ་མུས་ལགས་སོ།།
ཕྲན་ཚེ་རིང་རྡོ་རྗེ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ས་གནས་སྦིར་ཞེས་པ་དེར་ཕ་རིགས་བཟང་དང་མ་སྐལ་བཟང་ལྷ་མོ་གཉིས་ཀྱི་བུར་སྐྱེས། ཆུང་དུས་ནས་སྦིར་གཞིས་གཏན་སློབ་ནང་ཞུགས་ཏེ་སྔོན་འགྲོའི་སློབ་སྦྱོང་ལ་འབད། དེ་རྗེས་རང་ནུས་འབད་བརྩོན་གྱིས་སློབ་སྦྱོང་དང་ཉམས་མྱོང་རིམ་བཞིན་ཐོབ། རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ཏེ་སྦིར་གཞིས་དུང་སྒྲུབ་ཚོགས་པའི་འགན་འཛིན་དང་སྡེ་དགེ་གྲོས་ཚོགས་འཐུས་མི་ལོ་གསུམ་རིང་བྱས། ད་ལྟ་འདི་ག་ཏྲེ་ཧོར་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་དང། སྦིར་གཞིས་སྡེ་དགེ་གྲོས་ཚོགས་ཀྱི་ཚོགས་གཞོན་དང་ས་གནས་ཆུ་སྒང་ཚོགས་གཙོའི་ལས་གནས་སྒྲུབ་མུས་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ། །
བ་ར་ཚེ་དབང་བཀྲ་ཤིས་རང་ཉིད་ནི་བོན་གཞིས་ཐོབ་རྒྱལ་གསར་པར་ཕྱི་ལོ་ 1980 ལོར་སྐྱེས། ཆུང་དུས་ནས་བོན་གཞིས་ཉིན་སློབ་ཁང་དང་རིམ་བཞིན་པོནཊ་གཏན་སློབ་བཅས་སུ་སློབ་སྦྱོང་བྱས། ཕྱི་ལོ་ 2003 ནས་ 2004 བར་ས་གནས་གཞོན་ནུའི་གཉེར་པ་དང་ 2005 ནས་དྷནབྷཐ་བོད་མིའི་སུད་ཚོང་བའི་དྲུང་ཆེ་གནང་མུས་དང། རང་ལོ་ཉེར་ལྔ་སོན་མཚམས་བོན་གཞིས་ས་གནས་འཐུས་མིར་འོས་འདེམས་གྱིས་ 2006 ནས་ 2009 བར་དངུལ་གཉེར་ལས་འགན་ཐོག་ཞབས་ཞུ་གྲུབ། 2006 ནས་ 2009 བར་བོན་གཞིས་ཐོབ་རྒྱས་གསར་པའི་རང་བདེན་ཚོགས་ཆུང་གི་ཚོགས་མིར་འོས་འདེམས་ཐོག་ཚོགས་གཙོའི་ལས་འགན་བསྒྲུབ། 2006 ནས་ 2009 བར་དྷནབྷཐ་སུད་ཚོང་སྐྱིད་སྡུག་གི་དམིགས་བསལ་རང་བདེན་ཚོགས་ཆུང་གི་དྲུང་ཆེའི་ལས་འགན་ཞུས། 2005 ནས་ 2010 བར་མདོ་སྟོད་འོས་བསྡུ་ཟུར་དཔང་གི་ལས་འགན་གྲུབ། 2009 ནས་ 2010 ལོ་གཉིས་རིང་དབུས་ཆུ་སྒང་གི་རྩིས་ཞིབ་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་ཐོག་ལོ་གཉིས་རིང་གི་རྩིས་ཁྲར་རྩིས་ཞིབ་བྱས། 2009 ལོའི་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་བཀའ་མངགས་དགོངས་དོན་བཞིན་ས་གནས་འགོ་འཛིན་འོས་བསྡུས་སྐབས་ཀྱི་འོས་བསྡུས་འགན་འཛིན་གྱི་ལས་ཁུར་ཞུས།
ད་ལྟའི་ཆར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་དང། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། དབུས་ཆུ་སྒང་རྩིས་ཞིབ་ཚོགས་ཆུང་གི་ཚོགས་མི། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་འཐུས་མི་ཚོགས་འདུས་ཚོགས་མི། བོད་ཀྱི་བོན་པོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། དྷནབྷཐ་བོད་མི་སུད་ཚོང་སྐྱིད་སྡུག་ཚོགས་པའི་དྲུང་ཆེ་དང། རྡན་བྷཐ་སདམིགས་བསལ་རང་བདེན་ཚོགས་ཆུང་གི་དྲུང་ཆེ་སོགས་ཀྱི་འོས་འགན་བསྒྲུབ་མུས་བཅས། མདོར་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་ནུས་གང་ཡོད་ཀྱི་ཞབས་འདེབས་ཞུས་དང་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ༎
བོན་གཞིས་གནས་སྡོད་བ་ར་ཚེ་དབང་བཀྲ་ཤིས་ཀྱིས་ 2010།6།15 ཉིན་ཕུལ༎
ལི་ཐང་ཨ་ལ་ཚང་བསྟན་འཛིན་ནི་ཁམས་ལི་ཐང་དུ་སྐྱེས་ཞིང་རང་ལོ་བཅུ་དྲུག་ཐོག་བཙན་བྱོལ་དུ་སླེབས་ཤིང་། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ལོ་བཞིའི་རིང་གཞུང་ལུགས་སོགས་ལ་སློབ་སྦྱོང་བྱས་རྗེས་རིམ་པར་སྦིར་སློབ་གླིང་དུའང་ལོ་ཤས་རིང་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༣ ལོར་ཨ་རིར་འགྲོ་སྐྱོད་ཀྱི་རྒྱན་ཤོག་ཐོབ་སྟེ་ཕྱི་ལོ་ ༢༠༠༡ བར་ནིའུ་ཡོཀ་གྲོང་ཁྱེར་དུ་བསྡད། དེ་རྗེས་ཀལ་ཕོ་ཉིའི་ཡ་རུ་གནས་སྤོས་ཀྱིས་ས་གནས་དེར་ཆུ་སྒང་སྒྲིག་འཛུགས་འཛུགས་ཐབས་བྱས། ཕྱི་ལོ་ ༢༠༠༡ ནས་ལས་རོགས་འགའ་ཞིག་མཉམ་དུ་ས་གནས་ཆུ་སྒང་སྒྲིག་འཛུགས་འཛུགས་ཐབས་ཀྱིས་ཕྱི་ལོ་ ༢༠༠༩ ལོར་ཀལ་ཕོ་ཉིའི་ཡའི་ས་གནས་མདོ་ཁམས་ཆུ་སྒང་ཚོགས་པ་བཙུགས་ཤིང། ཚོགས་མི་དང་མི་མང་རྣམས་ཀྱི་རེ་འདུན་བཞིན་ད་ལྟའི་ཆར་ཀལ་ཕོ་ཉིའི་ས་གནས་ཆུ་སྒང་གི་ཚོགས་གཞོན་གྱི་ལས་ཁུར་ཞུ་བཞིན་ཡོད། །
ཕྱི་ལོ་ ༡༩༤༥ ལོར་ཀོང་པོ་ཆབ་ནག་བཏུལ་མོ་ཚང་ཁྱིམ་ཚང་ཕ་སྟོབས་རྒྱལ་དང་མ་སྒྲོན་མཆོག་མཚོ་གཉིས་ཀྱི་བུ་བརྒྱུད་ཡིན། ཆུང་དུས་ནས་མ་བཅོས་དུ་མ་ཡོང་བར་བོད་ཡིག་འདྲི་ཀློག་སྦྱང་བརྩོན་དང་། ༡༩༥༩ ལོར་རྒྱ་གར་ནང་བཙན་འབྱོལ་དུ་འབྱོར་ནས་ཐོག་མར་ལ་དྭགས་ཕྱོགས་སུ་བོད་མི་གང་ཙམ་གཞིས་ཆགས་སུ་གཏོང་གནང་བྱུང་བ་བཞིན་དེར་ལོ་གསུམ་སྡོད་རིང་དབྱིན་ཇི་དང་ཧིན་དྷི་ཨང་རྩིས་བཅས་སློབ་སྦྱོང་འཛིན་རིམ་དྲུག་པ་མཐར་ཕྱིན། ༡༩༦༣ ལོར་རང་གཞུང་གིས་བཀའ་འབྲེལ་དྭང་སློབ་དམག་སྒར་ནང་འཛུལ་བཞུགས་ཀྱི་མི་ལོ་བཅུ་གཉིས་རིང་དྲག་པོའང་འཇབ་དམག་གི་སློབ་སྦྱོང་ཞུས་སྐབས་ལྡིང་དཔོན་གྱི་གོ་གནས་ཐོག་ཧུར་བརྩོན་བྱས་འབྲས་བྱ་དགའ་ཐོབ་པ་བྱུང་བ་མ་ཟད་གསང་བའི་སློབ་སྦྱོང་ཡང་མྱོང་། ལྷག་པར་ ༡༩༧༡ ལོར་སྦང་ལ་སྡེ་ཤི་དམག་འཁྲུག་ནང་འཛུལ་བཞུགས་ཀྱི་དམག་ཐབས་རྒྱལ་ཁ་འཐོབ་ནས་མཐར་སྦང་ལ་སྡེ་ཤ་ཞེས་རང་བཙན་རྒྱལ་ཁབ་དུ་གྱུར། ༡༩༧༥ ལོར་རྩ་དགོངས་ཞུ་དགོས་མཆིས། དེ་ནས་མོན་གྷོ་གཞིས་ཆགས་སུ་འབྱོར་ནས་ ༡༩༧༨ ། ༡༩༨༠ བར་ལོ་གསུམ་རིང་ས་གནས་སུ་ལུས་རྩལ་རུ་ཁག་ཞེས་ལས་འགུལ་སྤེལ་སླད་དགེ་རྒན་ཆེན་མོའི་འགན་འཁུར་གྱི་ཞུས་པས་འགན་སྤོབས་སྐྱེས་བའི་བྱ་དགའ་ཐོབ་བྱུང། ༡༩༨༡ ལོར་དྭང་སློབ་ནང་སྐྱར་སྦྱོང་ཆེད་སྒུག་གནང་བ་བཞིན་ཟླ་བ་གཅིག་རིང་དམག་རྩེད་སྦྱོང་ལྟར་ཞུས་པའི་ལག་འཁྱེར་གནང་རྩོལ་བྱུང། དེ་ནས་ ༡༩༩༠ ། ༡༩༩༤ ། ༢༠༠༠ ལོར་གསུམ་རིང་གཞིས་གྲོང་དྲུག་པའི་མི་མང་ནས་འོས་འདེམས་ཐོག་བརྒྱ་དཔོན་ནམ་སྤྱི་མི་ཞེས་སྲི་ཞུ་སྐབས་གཞིས་གྲོང་ཁྱིམ་ཚང་བརྒྱ་དང་བཅུ་ཙམ་ལ་འཐུང་ཆུ་ནལ་ཀ་རེ་གསར་འཛུགས་ཀྱི་ད་བར་ཆུ་ཡི་དཀའ་ངལ་གསལ་བ་དང་གློག་གི་དཀའ་ངལ་ལྕི་ཆེ་ཡོད་པ་དེ་དག་གསར་འཐེན་ཞུ་པ་མ་ཟད། གཞན་སྐྱེས་ཚོའི་ཆེད་རྩེད་ཐང་གསར་བཟོ་ཐུབ་ནས་རྩེད་ཐང་མིང་ལ་གཞོན་ནུ་ལྷག་པ་ཚེ་རིང་ཞེས་ཀུན་གྱི་མཐོང་ལམ་གྱུར། མི་མང་དངོས་ཡོད་ཉམས་ཐག་རྣམས་ལ་སྐྱོབ་གསོ་དང་སློབ་ཡོན་ཐབས་ཤེས་བྱས་འབྲས་གང་ཙམ་ཕན་རླབས་བྱུང་ཡོད། ༡༩༩༢ ལོར་དྭང་ཟུར་ཚོགས་གཙོའི་འགན་འཁུར་རིང་ ༡༩༩༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་ས་གནས་སུ་གནང་རྒྱུའི་ཐབས་ཤེས་འབེད་འགྲུས་ཀྱི་ས་གནས་སུ་གཏན་འབེབས་འགན་འཁུར་རྐང་ལེན་ཞུ་བའི་སྒྲུབ་འབྲས་ཐོན་པ་དང། ཀུན་གྱི་མངགས་བརྗོད་ཐོབ་པ་བྱུང་ཞིང་། ༡༩༩༢ ནས་ ༢༠༠༨ བར་ས་གནས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཚོགས་གཞོན་དྲུང་ཆེ་ཚོགས་གཙོ་བཅས་ཀྱི་ལས་དོན་རིམ་པར་ཞུས་ཡོད། ལྷག་པར་ ༢༠༠༥ ནས་ ༢༠༡༠ བར་ལོ་ལྔ་རིང་འོས་བསྡུ་ཚོགས་མི་ཞུས་ཏེ་བཀའ་བློན་ཁྲི་པ་དང་བོད་མི་མངས་སྤྱི་འཐུས་། ས་གནས་གྲོས་ཚོགས་རང་བཙན་ཚོགས་མི་བཅས་ལས་འཁུར་ཧུར་བརྩོན་ཞུས་ཡོད་། དེ་མིན་དྭང་ཟུར་ཁག་གཅིག་ལ་ཟླ་རེ་སྒོར་ ༡༠༠༠ ཁག་གཅིག་ལ་ལོ་རེ་སྒོར་ ༤༥༠ ཡས་མས་བགོས་འགྲེམས་འགན་འཁུར་ཞུས་མུས་ལགས། ཞིབ་རྒྱས་གནས་ཚུལ་ཆ་ཚང་བྲིས་ན་ཡིག་ཚོགས་ཆེ་བས་ལོ་རྒྱུས་མདོ་བསྡུ་དང། གཞུང་སྒེར་ཚོགས་པ་གང་དུའང་ལྷག་བསམ་རྣམས་དག་ཞུས་དང་ཞུ་མུས་བཅས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།།
ཕྱི་ལོ་ ༡༩༦༩ ལོར་མ་སུ་རི་སློབ་གྲྭ་ནས་འཛིན་གྲྭ་བཅུ་གཅིག་ཐོན་ནས་ཐེངས་དང་པོའི་གྲས་ཡིན། དེ་རྗེས་མའི་སོར་མཐོ་སློབ་ཁང་ནས་ ༡༩༧༢ ལོར་ B.A. སློབ་སྦྱོང་ཐོན།
དེ་རྗེས་སྒང་ཏོག་ཁུལ་ཐོག་མར་བོད་རིགས་གཞོན་ནུའི་ལྷན་ཚོགས་ཀྱི་སྒྲིག་གཞི་ལུགས་མཐུན་ས་གནས་རྒྱུན་ལས་དབུ་འཛུགས་བྱས་ནས་ ༡༩༩༣ བར་ཚོགས་གཙོ་དང་དྲུང་ཆེ་སོགས་ཀྱི་ལས་རྒྱུན་བཏུད་མར་ཞབས་ཞུ་བྱས།
འབྲས་ལྗོངས་ཁུལ་བོད་ཀྱི་སློབ་གྲྭ་ཟུར་དུ་མེད་རྐྱེན་གྱིས་རང་རེའི་བོད་ཕྲུག་ཚོར་རང་གི་སྐད་ཡིག་རིག་གཞུང་དང་གོམས་གཤིས་སོགས་རྩ་རླག་འགྲོ་ཉེའི་སེམས་ཚབ་བཟོད་མིན་ཐོག་སྒང་ཏོག་ཏུ་ས་གནས་གཞོན་ནུའི་ཐུ་མི་སམ་བྷོ་ཌ་ཞེས་པའི་སློབ་གྲྭ་གསར་འཛུགས་སྐབས་ལས་འཁུར་རྐང་ལེན་ཞུས་ནས་སློབ་གྲྭ་དེ་ལོ་གསུམ་རིང་འཛིན་སྐྱོངས་བྱས། ད་ཆ་སློབ་གྲྭ་དེ་བཞིན་རང་གཞུང་ཤེས་རིག་ལྷན་ཁང་ནས་རྩིས་བཞེས་གྱིས་རྒྱ་བསྐྱེད་འགྲོ་བཞིན་པ་ཡིན།
ཕྱི་ལོ་ ༡༩༩༡ ལོར་ཆུ་སྒང་ཚོགས་ཆེན་ཐེངས་ ༢༦ ཐོག་ཆུ་སྒང་སྒྲིག་འཛུགས་འཛིན་སྐྱོངས་ཚགས་ཚུད་ཡོང་ཆེད་ཚོགས་པའི་སྒྲིག་གཞིའི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག་བྱུང་ནས་ཚོགས་པའི་སྒྲིག་གཞི་ཟིན་བྲིས་བཀོད་ཁྱབ་བྱས། ཕྱི་ལོ་ ༩༤ ཆུ་སྒང་ཚོགས་ཆེན་ཐེངས་ ༢༩ ཐོག་སྒྲིག་གཞི་གཏན་འབེབས་གནང༌།
ཕྱི་ལོ་ ༩༣ ལོར་བོད་དམངས་གཙོའི་དུས་དྲན་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་འབྲས་ལྗོངས་ཁུལ་ས་གནས་བོད་མིའི་འཐུས་ཚོགས་འོས་འདེམས་གནང་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་ལས་འཁུར་ཞུས།
ས་གནས་འཐུས་ཚོགས་ཀྱི་ལས་འཁུར་དང་འབྲེལ་བའི་ས་གནས་སོ་སོར་སྒྲིག་གཞི་རེ་དགོས་པ་བཅའ་ཁྲིམས་དགོངས་དོན་ལྟར་སྒྲིག་གཞི་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བྱས་ནས་ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞི་ཟིན་བྲིས་བཟོས། ཕྱི་ལོ་ ༩༤ ཟླ་ ༢ ཚེས་ ༢༠ ནས་ས་གནས་འཐུས་ཚོགས་ནས་སྒྲིག་གཞི་གཏན་འབེབས་གནང་དོན་བཞིན་ས་གནས་སུ་ལག་ལེན་འཁེལ་རྒྱུའི་བཀའ་ཁྱབ་གནང༌།
འབྲས་ལྗོངས་མངའ་སྡེ་གཞུང་གི་རྩེད་རིག་དང་གཞོན་ནུའི་ལྷན་ཁང་ནང་འགན་འཛིན་ Director གྱི་ལས་འཁུར་ལོ་མང་ཞུས་ནས་ ༢༠༠༨ ནས་བཟུང་རྒན་ཡོལ་དུ་སོང༌།
ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༡༨ ནས་འབྲས་ལྗོངས་སྒང་ཏོག་ས་གནས་ཆུ་སྒང་རྒྱུན་ལས་ཁང་གི་ཚོགས་གཙོའི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །
དཀོན་མཆོག་ཡར་འཕེལ་ནི་ཕྱི་ལོ་ ༡༩༧༨ ལོར་བོད་སྨར་ཁམས་སུ་སྐྱེས་ཞིང། འཛིན་རིམ་བཞི་པ་བར་བོད་ནང་སློབ་གྲྭར་བསྐྱོད། དེ་རྗེས་ ༡༩༩༤ ལོར་རྒྱ་གར་འཕགས་པའི་ཡུལ་དུབཙན་བྱོལ་དུ་སླེབས་པ་དང༌། སུ་ཇ་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་པ་བར་འགྲེམས། དེ་རྗེས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་གཟེངས་ཐོན་བྱུང༌།
དེ་རྗེས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོངས་རམ་ཇཱ་ས་མཐོ་སློབ་ནང་ཆབ་སྲིད་རིག་པ་སློབ་སྦྱོང་གནང་ཡོད་པ་དང༌། ཕྱི་ལོ་ ༢༠༠༥ ལོར་མཐོ་རིམ་རབ་འབྱམས་པ་ B.A-Political Science ལེགས་ཐོན་བྱུང་ནས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཆབ་སྲིད་ཐོག་གཙུག་ལག་རབ་འབྱམས་པའི་M.A- Political Science སློབ་ཐོན་གནང་ཡོད་པ་རེད།
ལས་ཀའི་ཉམས་མྱོང་།
སློབ་གྲྭར་འགྲོ་སྐབས་སུ་ཇཱའི་རྒན་བདག་ཐེངས་གཉིས་དང༌། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གི་ཐུགས་འགན་བདག་བྱེད་རིང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་གྱི་སློབ་མ་རྩེ་ཕུད་གཟེངས་རྟགས་གནང་ཡོད།
མཐོ་སློབ་སྐབས་སུའང་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སྐབས་གསུམ་རིང་དང་པོ་མཐུན་འབྲེལ་འགན་འཛིན་དང༌། སྐབས་གཉིས་ས་གནས་ཚོགས་གཙོ་གནང་ཡོད་པ་མ་ཟད། ལྡི་ལིར་བོད་རིགས་མཐོ་སློབ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཡང་གནང་ཡོད།
ཕྱི་ལོ་ ༢༠༠༤ ནས་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་བའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩའི་སྤྱི་ཁྱབ་དྲུང་ཆེའི་འགན་འཁུར་ཞུས། བདེ་རྩ་དེའི་ནང་ཕ་མ་མེད་པའི་དྭ་ཕྲུག་དང༌། ཕྱེད་དྭ་ཕྲུག་དང་ཉམས་ཐག་ཕྲུ་གུ་ཁག་ཅིག་གསོ་སྐྱོང་དང༌། སློབ་སྦྱོང་སྤྲོད་བཞིན་ཡོད།
ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༣ སྐབས་གཞོན་ལྷན་སྐབས་ ༡༣ པའི་སྤྱི་ཁྱབ་དབུས་རྒྱུན་ལས་ནང་འོས་འདེམས་བྱུང་བ་དང༌། ད་ལྟ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཐུན་འབྲེལ་འགན་འཛིན་གྱི་ལས་འགན་འཁྱེར་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས། །

















