དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།62
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།294
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1186
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96079

Online (20 minutes ago): 8
Your IP: 38.107.179.239
,
Today: Feb 07, 2012

སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་བཀའ་ཁྲིའི་སྔོན་འགྲོའི་འོས་གཞི།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༡ ལོའི་སྐབས་བཅོ་ལྔ་པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་དང་། སྐབས་ ༡༤ པའི་བཀའ་བློན་ཁྲི་པའི་འོས་གཞིའི་ས་བོན་འདོན་ཕྱོགས་ཐད་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཆེན་གྱི་སྤྱི་མོས་ཀྱིས་གཏན་ལ་དབབ་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་ས་གནས་སོ་སོའི་རྒྱུན་ལས་རྣམ་པས་སྤྱི་འཐུས་ཀྱི་འོས་གཞིའི་ས་བོན་འདེམ་སྒྲུག་གིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་དགོས་པ་དང་། དབུས་རྒྱུན་ལས་ཁང་གིས་ས་གནས་ཁག་ནས་འབྱོར་བའི་འོས་གཞིའི་ས་བོན་ཕྱོགས་བསྡོམས་བྱས་ཏེ་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་གཏན་འཁེལ་དགོས་པའི་ཐག་བཅད་གནང་བ་ལྟར་། ཕྱི་ལོ་ ༢༠༡༠ ཟླ ༦ ཚེས ༡ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ངམ། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱུན་ལས་ལྷན་ཚོགས་ཐེངས་ ༨ པའི་ཐོག་བོད་མི་མང་མདོ་སྟོད་སྤྱི་འཐུས་སྐབས་བཅོ་ལྔ་པའི་སྔོན་འགྲོའི་འོས་གཞི་མི་གྲངས་ཉི་ཤུ་གཏན་འབབ་གནང་བ་དང་། ལྷན་ཚོགས་དེའི་ཐོག་ནས་དོ་བདག་སོ་སོར་སྤྱི་འཐུས་ཀྱི་འོས་གཞིར་ཕེབས་དགོངས་ཡོད་མེད་ཀྱི་བཀའ་འདྲི་ཞུས་ཁོངས་ནས་བོད་མི་མང་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་དང་། བོད་མི་མང་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གཉིས་སྔོན་འགྲོའི་འོས་གཞི་ཨང་དང་པོའི་གྲས་སུ་རྒྱབ་སྐྱོར་ཐོབ་འདུག་ཀྱང་། དོ་བདག་རྣམ་པ་གཉིས་ཀྱིས་ངོས་ནས་གསུང་དོན། ད་བར་མདོ་སྟོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་དང་རེ་བ་གནང་བ་ལྟར་མི་ལོ་ ༢༠ ཡས་མས་སུ་བོད་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་གནང་བ་མ་ཟད་། ད་དུང་མུ་མཐུད་དེ་ཤུགས་ཆེའི་རྒྱབ་སྐྱོར་ཨང་དང་པོའི་གྲས་སུ་གདེང་འཇོག་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་ཁྲོལ་ཡོང་བ་ཞེས་སྙན་གསན་གནང་བ་ལྟར་དགོངས་ཁྲོལ་གནང་ཡོད། སྔོན་འགྲོའི་འོས་ཁོངས་སུ་ཕེབས་པའི་སྐྱབས་རྗེ་མཆོག་སྤྲུལ་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་ནས་ཀྱང་དེ་མཚུངས་དགོངས་ཁྲོལ་ཞུས་སོང་བས་དེ་དོན་སྔོན་འགྲོའི་འོས་གཞི་མི་གྲངས་ཉི་ཤུ་ནས་གོང་ཞུས་རྣམ་པ་གསུམ་དགོངས་ཁྲོལ་ཐོབ་ཡོད།  སྔོན་འགྲོའི་འོས་ཁོངས་ནས་དགོངས་ཁྲོལ་ཞུས་པ་ཁག་ཕུད་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་མི་འགྲོ་བཅུ་བདུན་རྣམས་རིམ་བཞིན་འགོད་འབུལལ་ཞུ་རྒྱུ་ཡིན།

༡༽བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།

༢༽བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན།

༣༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྒ་པ་ལྷ་མོ།

༤༽བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན།

༥༽བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་བདེ་བ་ཚང་རྡོ་རྗེ་དབང་འདུས།

༦༽བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས།

༧༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྨར་ཁམས་ཆོས་འཕེལ།

༨༽བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན།

༩༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀརྨ་མཁས་གྲུབ། 

༡༠༽ མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་གྲའུ་ཚེ་བརྟན།

༡༡༽ མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན་ངག་དབང་བསྟན་པ།

༡༢༽ བོན་གཞིས་ཆུ་སྒང་ཚོགས་གཙོ་བ་ར་ཚེ་དབང་བཀྲ་ཤིས། 

༡༣༽ མོན་གྷོ་ས་གནས་རང་བདེན་ཚོགས་གཙོ་གོ་བོ་བློ་བཟང་ཕན་བདེ།

༡༤༽སྒང་ཏོག་ཆུ་སྒང་ཚོགས་གཙོ་གླིང་ཚང་ཀརྨ་གཡུལ་རྒྱལ།

༡༥༽ཧོན་སུར་ཆུ་སྒང་ཚོགས་གཙོ་ཟླ་བ་སྒྲོལ་མ།

༡༦༽བལ་ཡུལ་མཆོད་འཇོར་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བྲག་གཡབ་བཀྲ་ཤིས་རྣམ་རྒྱལ།

༡༧༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀོང་པོ་ཕུར་བུ་ཚེ་རིང་བཅས་སྔོན་འགྲོའི་འོས་གཞིར་གཏན་འཁེལ་ཞུས་པ་ཡིན།

སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞི།

༡༽  བཙན་བྱོལ་བོད་གཞུང་གི་དྲུང་ཆེ་གོ་འཇོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ།

༢༽ སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
༣༽ སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་ལ་གཏན་འཁེལ་ཞུས་ཡོད།

གོང་གསལ་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་རྣམ་པ་དང་། བཀའ་ཁྲིའི་འོས་གཞི་རྣམ་པས་ཆ་རྐྱེན་འགན་ཁུར་དགོས་པ།

༡༽བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འགལ་མེད་ཐོག་སྐྱབས་མགོན་རིན་པོ་ཆེའི་དབུ་འོག་དཔུང་འདེགས་གནང་དགོས་པ།
༢༽གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་གདུང་ཤུགས་གཅིག་བསྒྲིལ་གྱིས་ནུས་ཤུགས་འདོན་དགོས་པ།
༣༽ བཅའ་ཁྲིམས་ཀྱི་དགོངས་དོན་དམ་བཅའི་ཚིག་དོན་གཞིར་བཟུང་འཇིགས་ཞུམ་ཆགས་སྡང་སྤང་སྟེ་སྤྱི་དོན་གང་ཅིར་འཛེམས་ཟོན་མེད་པ་གྲོས་རར་བཤད་ཕོད་པ་ཞིག་དགོས་པ་ཡིན།

 མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ་ ༢༠༡༠ ཟླ་ ༧  ཚེས་ ༡༣ ཉིན་ཕུལ། 

 སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མི་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས།

འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་གྱི་ལོ་རྒྱུས་མདོར་བསྡུས།

གུས་མོར་མདོ་སྟོད་སེར་སྐྱ་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་སྐབས་བཅུ་གསུམ་པ་དང་། བཅུ་བཞི་པ་གཉིས་ཀྱི་མདོ་སྟོད་སྤྱི་འཐུས་ཀྱི་འགན་འཁུར་བླངས་ཏེ། སྤྱི་འཐུས་གྲོས་ཚོགས་སུ་ཞུགས་ནས་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་སྤྱི་དང།  ཡང་སྒོས་མང་གཙོ་ཡང་དག་གི་བཅའ་ཁྲིམས་དང།  བཅའ་ཁྲིམས་འོག་གི་ཁྲིམས་སྒྲིག་གཏན་འབེབ་གནང་བའི་དགོངས་དོན་འགལ་མེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་ཕུལ་བ་བཞིན་འཇིགས་ཞུམ་ཆགས་སྡང་འཛེམས་མེད་ཟོན་ངོ་སྲུང་སྤང་པའི་འཁུར་ལེན་གང་ཐུབ་ཅི་ཐུབ་ཞུས་ཁར། ༸གོང་ས་མཆོག་ནས་སྤྱི་འཐུས་རྣམས་ཡོང་ཁུངས་རྣམ་པ་མི་འདྲ་ནའང་གྲོས་ཚོགས་སུ་སླེབས་རྗེས་བོད་སྤྱི་པའི་འགན་འཁུར་ལེན་དགོས་པ་ལྟར་སྙིང་བཅངས་ཀྱིས་ལས་དོན་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ནི། ༸གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མིའི་ཐོབ་ཐང་དོན་ལྡན་འགྱུར་བའི་སྒོ་ནས་གཞིས་བྱེས་མཉམ་འཛོམས་ཡོང་རེ། དེའི་ཕྱིར་དུ་བཙན་བྱོལ་བོད་གཞུང་མང་འགོ་འོག་ལུས་ཚུད་ཀྱི་ནུས་པ་གཅིག་འདུས་ཐོག བོད་མི་ཚང་མས་བསྒྲུབ་བྱ་དངོས་ངོས་འཛིན་གཅིག་མཚུངས་གསལ་པོ་དང་བརྟན་པོ། སྒྲུབ་བྱེད་ཐབས་ལམ་ཡང་རྩ་དོན་ཡོད་ལ་ངོས་འཛིན་གཅིག་གྱུར་ཐོག གཞན་ཟེར་རྗེས་འབྲང་མ་ཡིན་པར་ནང་ཁུལ་གཅིག་མཐུན་དགོས་གནད་ཆེ་བ་བཅས་ངོས་འཛིན་གྱིས་ད་བར་གྱི་ཉམས་མྱོང་ལ་བརྟེན་སྤྱི་ཕན་འབད་བརྩོན་ཞུ་སེམས་ཡོད་ལགས་ན། མདོ་སྟོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། མ་འོངས་པར་ཡང་རྒྱབ་སྐྱོར་འཐོབ་ན་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་ཞུ་དགོས་ངེས་ཐོག་མདོ་སྟོད་སེར་སྐྱ་མང་ཚོགས་ཀྱི་ཐུགས་དགོངས་དང་མི་འགལ་བ་སྙིང་བཅངས་ཞུ་སེམས་ཡོད་ལགས་བཅས།
ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༧ ལ།།

དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།


ཕྱི་ལོ་ ༡༩༦༧ ལོར་ཁྱུང་དཀར་ཕག་མགོན་ཚང་དུ་ཕ་རིན་ཆེན་དཔལ་ལྡན་དང་། མ་ཨ་རྡོ་དཔལ་གཡང་གཉིས་ཀྱི་རིགས་རྒྱུད་དུ་སྐྱེས། རང་ལོ་བརྒྱད་ཐོག་དམངས་བཙུགས་སློབ་གྲྭའི་ནང་འཛིན་རིམ་ལྔ་པ་བར་བོད་ཡིག་འབྲི་ཀློག་དང་ཨང་རྩིས་སྦྱོང་བརྡར་བྱས་པ་དང་། ལོ་གསུམ་རིང་ཟློས་གར་འཁྲབ་སྟོན་པའི་ཁོངས་སུ་བསྡད། རང་ལོ་ ༡༣ ནས་ ༡༥ བར་ང་ཚོའི་སྡེ་ཤོག་གི་རུ་ཁག་དང་པོའི་རྩིས་དྲུང་གི་ལས་འགན་ཁུར། ཕྱི་ལོ་ ༡༩༨༦ ལོར་ཆོས་དད་རང་དབང་ཟེར་བའི་སྲིད་བྱུས་ལྷོད་ཙམ་བྱུང་སྐབས་སྟེང་ཆེན་དགོན་པའི་གཉེར་པའི་འགན་ཁུར་ཟླ་ཤས་ཙམ་ཁུར་རྗེས་ ༡༩༨༧ ལོར་གཡུང་དྲུང་བོན་གྱི་གདན་ས་གོང་འོག་གཉིས་སུ་ཕྱིན་ཏེ་རབ་ཏུ་བྱུང༌། ལོ་དེའི་ཟླ་ ༥ བའི་ཟླ་མཇུག་ཙམ་ནས་བལ་ཡུལ་བརྒྱུད་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སླེབས་པ་དང་། དེ་ནས་རྒྱ་གར་དུ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་གྲྭའི་ཁོངས་སུ་ཞུགས་ཏེ་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་སྦྱོང་བརྩོན་བྱས་ཏེ།  
ཕྱི་ལོ་ ༡༩༩༦ ལོར་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་ཐོབ་པ་དང་། ལོ་དེར་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བསྟན་བདག་བླ་མར་ཁྲི་གསོལ་གནང༌། དེ་ནས་བལ་ཡུལ་དུ་དཔལ་ལྡན་ཁྲི་བསྟན་ནོར་བུ་རྩེར་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དྲུང་དུ་སླར་ཡང་སྔགས་སེམས་ཀྱི་བོན་ལ་སྦྱོང་བརྩོན་བྱས་པ་དང་། རྩ་བའི་བླ་མའི་བཀའ་མངགས་ལྟར་དགོན་པའི་ཕྱི་ནང་བྱ་བ་ལས་ཀྱི་འཁོར་ལོའི་དུས་འདའ་བར་བྱས།
ཕྱི་ལོ་ ༢༠༠༠ ལོ་ནས་དབུ་བཙུགས་ཏེ་ཡོ་རོབ་དང་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་བསྟན་པ་དང་དགོན་པའི་དོན་དུ་ཕྱོགས་བསྐྱོད་ཞུས། ༢༠༠༣ ལོར་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་འདུས་ཚོགས་དབྱིན་ལན་ཨོག་སི་ཕོར་ཌི་མཐོ་ རིམ་སློབ་གྲྭ་ཆེན་མོར་བསྐོང་འཚོགས་གནང་སྐབས་གདན་ཞུས་ལྟར་ཆེད་བཅར་ཞུས། ༢༠༠༧ ལོར་སླར་ཡང་དབྱིན་ལན་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་རིག་གཞུང་བརྗེ་ལེན་ཆེད་ཚོགས་འདུར་གཞུང་འབྲེལ་གྱི་གདན་ཞུས་ལྟར་སྐུ་འཅར་ཞུས།
ཕྱི་ལོ་ ༢༠༠༢ ལོའི་ལོ་འཇུག་ནས་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་སྐབས་བཅུ་གསུམ་པའི་སྤྱི་འཐུས་དང་དེའི་རྒྱུན་ལས་ལོ་བཞིའི་རིང་བྱས། དེ་བཞིན་སླར་ཡང་སྐབས་བཅུ་བཞི་པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་སྤྱི་འཐུས་ཀྱི་ལས་ཁུར་འགྲོ་བཞིན་པ་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་བཅུ་བདུན་པའི་ཚོགས་གཙོ་གཞོན་པ་དང་སྐབས་བཅོ་བརྒྱད་པའི་ཚོགས་གཙོ། དེ་བཞིན་ཤེས་རིག་ཕུན་ཚོགས་གླིང་གི་དྲུང་ཆེའི་འགན་ཁུར་ཞུས་དང་ཞུ་མུས་སུ་ལགས་པ་བཅས་ལོ་རྒྱུས་སྙིང་བསྡུས་སུ།

སྒ་པ་ལྷ་མོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

ཕྱི་ལོ་ ༡༩༥༣ ལོར་ཁམས་རི་བོ་ཆེ་ཨ་མྱེ་ཚང་ཕ་ཉི་དགའ་དང་མ་ཤོ་བརྡ་ཚང་མེ་ཏོག་སྒྲོན་དཀར་གཉིས་ཀྱི་རིགས་སྨྱུག་ཏུ་སྐྱེས། ༡༩༥༨ ལོར་རྒྱ་དམག་གིས་བཙན་འཛུལ་བྱས་སྐབས་རང་ཡུལ་གཡུགས་ཏེ་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར། ༡༩༦༢ ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཁོངས་སུ་ཞུགས་པ་དང་སློབ་གྲར་ཕྱིན། ༡༩༧༤ ལོར་འཇིག་རྟེན་ལུགས་མཐུན་གྱི་ཁྱིམ་འཛིན་མ་ཡི་འགྲོ་ལུགས་ལྟར་གཉེར་ཏེ་དོན་འགྲུབ་གླིང་གཞིས་ཁོངས་སུ་སྒ་པ་ཞུ་རྣ་གྲོང་སྟོད་ཚང་དུ་གནའ་མར་སླེབས། ༡༩༨༠ ནས་རིམ་བཞིན་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང༌། དོན་འགྲུབ་གླིང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་ཀྱི་ལས་ཁུར་ བཞེས་པ་དང་རིམ་བཞིན་ཇེ་པུར་སྐྱབས་བཅོལ་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་གཙོ་དང༌། ཚོགས་གཞོན། ༢༠༠༩ ལོའི་ཟླ་ ༡ ཚེས་ ༢༠ བར་འགན་ཁུར་གྲུབ་འབྲས་ཐོན་པར་བྱས།
༢༠༠༦ ནས་བཙན་བྱོལ་བོད་གཞུང་གིས་སྐྱབས་བཅོལ་བོད་མིའི་སུད་ཚོང་ལྷན་ཚོགས་གསར་འཛུགས་གནང་སྐབས་ལོ་གཅིག་རིང་བོད་མི་སྤྱི་ཡི་སུད་ཚོང་ཚོགས་པའི་ཚོགས་གཞོན་གྱི་འགན་ཁུར་གནང་བ་དང་སླར་ཡང་ ༢༠༠༨ ཟླ་ ༨ ཚེས་ ༢༡ ནས་ལོ་གསུམ་རིང་བོད་མི་སྤྱི་ཡི་སུད་ཚོང་ལྷན་ཚོགས་ཀྱི་ཚོགས་གཞོན་འོས་འདེམས་བྱུང་བ་ལྟར་ལས་ཁུར་གནང་དང་གནང་བཞིན་མཆིས།
༢༠༠༥ ལོའི་ཟླ་ ༨ ཚེས་ ༤ ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་བཅུ་བདུན་དང་བཅོ་བརྒྱད་སོ་སོར་ཚོགས་མིར་ཚད་མཐོའི་འོས་འདེམས་བྱུང་བ་ལྟར་རྩིས་པ་དང༌། ཚོགས་གཙོ་གཞོན་པའི་ལས་ཁུར་གནང་དང་གནང་མུས་སུ་ལགས། །

ཚུལ་ཁྲིམས་བསྟན་འཛིན་གྱི་ལོ་རྒྱུས་སྙིང་བསྡུས།

ཕྱི་ལོ་  ༡༩༥༩  ལོར་རྒྱ་གར་དུ་བཙན་འབྱོལ་ལ་འབྱོར།  དེ་རྗེས་མ་སུ་རིར་བོད་ཕྲུག་ལྔ་བཅུ་ཐམ་པས་བོད་གཞུང་སློབ་གྲྭ་གསར་འཛུགས་ཁོངས་སུ་ཚུད་དེ་སློབ་སྦྱོང་བྱེད་མུར་རང་གཞུང་མཆོག་གིས་གཞུང་ཞབས་སུ་བསྐོ་བཞག་དང་འབྲེལ་བོད་གཞུང་རྐང་པ་ཚ་དུས་ལག་པའི་དཔེར་ལྟར་གཞུང་མང་ཞབས་འདེགས་ཞུ་དགོས་ཞེས་བཀོད་ཁྱབ་ཕེབས་དགོངས་ལྟར་དྭང་ལེན་ཞུས་ཏེ་ཐོག་མར་བོད་གཞུང་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་སློབ་དགེ་སློབ་སྤྱིའི་ལས་ཁུར་ལོ་བཅུ་གསུམ་རིང་ཞུས།  དེ་ནས་ནང་སྲིད་ལྷན་ཁང་གི་བཀོད་སྒྲིག་འོག་དབུས་དང་ཕྱོགས་མཐའི་གཞིས་འགོ་སོགས་ཀྱི་ལས་ཁུར་ལོ་བཅོ་ལྔའི་རིང་ཞུས། དེའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འདྲིན་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་སྤྱི་ཁྱབ་འགན་འཛིན་གྱི་འགན་ཁུར་ལོ་གསུམ་ཞུས། དེ་ནས་མདོ་སྟོད་རྒྱལ་ཆེའི་མི་མང་གིས་ཆེས་མང་མོས་ཐོག་ནས་མདོ་སྟོད་སྤྱི་འཐུས་སུ་འོས་འདེམས་གནང་བ་ལྟར་སྤྱི་འཐུས་སྐབས་བཅུ་གཉིས་པ་དང་།  སྐབས་བཅུ་གསུམ་པ།  ད་ལྟ་སྐབས་བཅུ་བཞི་པ་བཅས་ཀྱི་ལས་ཁུར་ཞུ་བཞིན་པ་སོགས་མདོར་ན་མི་ཚེའི་ནང་གི་ལོ་བཞི་བཅུ་ཞེ་ལྔ་ཧྲིལ་པོ་བོད་གཞུང་མང་གི་ཞབས་འདེགས་ཞུས་ཡོད་པ་བཅས་ཀྱི་ལོ་རྒྱུས་རྙིང་བསྡུས་སུ།

བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།


བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ནི་སྤྱི་ལོ་ ༡༩༦༢ ལོ་ཟླ་ ༡༠ ཚེས་ ༦ ཉིན་སྐྱེར། ཁོང་གི་ཡབ་ཀྱི་མཚན་ལ་ཀུན་དགའ་བསམ་གཏན་ཞུ་བ་དང༌། ཁོང་ཆུང་དུས་རྒྱ་གར་གྱི་ས་ཆ་ཀ་ལིང་པང་དུ་སློབ་གྲྭ་ཕྱིན་ནས་སློབ་སྦྱོང་བྱས། དེ་རྗེས་སུ་ཁོང་རྒྱ་གར་གཞུང་གི་སྔོན་འགྲོའི་མཐོ་སློབ་ pre-Engineering at Government college ནང་བཟོ་སྐྲུན་རིག་པ་ཐོག་སློབ་སྦྱོང་གནང་ཡོད་པ་དང་དེ་ནས་སྐྱར་དུ་བཟོ་སྐྲུན་རིག་པ་ལ་ལོ་གསུམ་རིང་ College of Architecture at Chandigarh ཞེས་པར་ B.Arch.degre སློབ་ཐོན་བྱས། དེ་ནས་ཁོང་ཕ་རན་སའི་རྒྱལ་ས་པེ་རི་སའི་ལ་ཆེད་སྦྱོང་ Alan Carre Design Etudes གནང་ཡོད།
ཁོང་གིས་རྒྱ་གར་དང་ཀུ་ཝི་ཏ་སོགས་ཕྱིའི་རྒྱལ་ཁབ་འདྲ་མིན་མང་པོ་ནང་ཁང་བཟོའི་ཕྱག་ལས་གནང་བཞིན་ཡོད་པ་དང༌། ད་དུང་ཁོང་གིས་ཡབ་ཀྱི་ལོས་རྒྱུས་བདེ་ཞིག་ཀྱང་དབྱིན་ཡིག་ནང་བྲིས་ཡོད་པ་རེད། ཁོང་དང་ཁོང་གི་སྲིང་མོ་ཕྲིན་ལས་ཆོས་སྒྲོན་རྣམ་གཉིས་ནས་བཙན་འབྱོལ་བོད་མི་གཞིས་ཆགས་ཁག་ལ་སློབ་སྦྱོང་གི་འཆར་གཞི་དང་སྤྱི་ཚོགས་ཞབས་ཞུ་མང་པོ་གནང་མྱོང་བ་དང༌། བོད་ཀྱི་ཚོང་རིགས་སྡེ་མཚན་ནང་མཐུས་མི་ཀྱང་གནང་མྱོང་ཡོད་པ་རེད། ད་ལྟའི་ཆར་ཁོང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཚོགས་པ་འདྲ་མིན་ཁག་ཏུ་ཚོང་ལས་དང་དཔལ་འབྱོར་འདུ་འགོད་ཀྱི་ཕྱག་ལས་གནང་བཞིན་པ་དང་མདོ་སྟོད་ཀྱི་སྤྱི་འཐུས་དང་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེའི་ཕྱག་ལས་བཅས་གནང་མུས་ཡིན།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱི་ལོ་རྒྱུས།

ལས་འགན།  སྤྱི་འཐུས་ལས་ཐོག་དང། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན། བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་དང་དྲ་རྒྱའི་རྩོམ་སྒྲིག་པ།

ཤེས་ཡོན་སློབ་སྦྱོང། དམངས་བཙུགས་སློབ་གྲྭ་དང། རགས་བཀྲམ་བྱམས་པ་གླིང། གསེར་རྟ་བླ་རུང་ཆོས་སྒར་བཅས་ནས་བོད་ཀྱི་ཐུན་མོང་རིག་གནས་ལྷ་བྲིས་དང་རྩིས་བརྡ་དག་སྙན་ངག་སོགས་དང། ཐུན་མོང་མ་ཡིན་པ་ནང་པའི་གཞུང་ཆེན་ཁག་བཅས་ལ་མི་ལོ་བཅུ་ཕྲག་གཅིག་དང་ཕྱེད་ལྷག་ཙམ་སློབ་སྦྱོང་བྱས།

རྩོམ་སྒྲིག་ཞིབ་འཇུག་དང་འབྲེལ་བའི་ལས་དོན། བོད་ཕྱི་ནང་གཉིས་ནས་དཔྱད་རྩོམ་དང། ངོ་སྤྲོད། ལོ་རྒྱུས། སྙན་ངག་སོགས་རྩོམ་ཡིག་གང་མང་བྲིས་པ་དང། དབལ་ཤུལ་གསེར་རྟའི་ལོ་རྒྱུས་དང་འབྲེལ་བའི་གཏམ། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་དང་གསེར་རྟ་བླ་རུང་ཆོས་སྡེའི་ལོ་རྒྱུས་དབྱིན་བོད་གཉིས་ལྡན་གསེར་འོད་འཕྲོ་བའི་ཞབས་རྗེས་སོགས་བརྩམས་ནས་པར་སྐྲུན་བྱས། བོད་གཞུང་ཆོས་རིག་ལས་ཁུངས་སུ་དགོན་སྡེའི་ལོ་རྒྱུས་རྩོམ་སྒྲིག་གི་ལས་ཀ་དང།  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་༧གོང་ས་མཆོག་གི་མཛད་རྣམ་གསེར་གྱི་ཡང་སྙིང་གི་རྩོམ་བྲིས་ཁོངས་མི་དང།  ནོར་འོད་དུས་དེབ་ཀྱི་རྩོམ་སྒྲིག་པ། གངས་ཅན་ཤེས་རིག་བང་མཛོད་ཀྱི་ཞིབ་འཇུག་པ་བཅས་དང། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་རྗེས་དྲན་དེབ་སོགས་དཔེ་དེབ་གང་མང་རྩོམ་སྒྲིག་གི་འགན་ཁུར། ལྷག་པར་དུ་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་དང། བོད་ཀྱི་བང་ཆེན་དྲ་རྒྱའི་རྩོམ་སྒྲིག་པའི་འགན་ཁུར་ཐོག བོད་ནང་གི་དྲ་རྒྱ་ཁག་ཅིག་ཏུ་རྩོམ་ཡིག་དང་བསམ་ཚུལ་རིང་ཐུང་གྲངས་ཆིག་སྟོང་ལྷག་སྤེལ་ཡོད།

སྤྱི་ཚོགས་དང་འབྲེལ་བའི་ལས་དོན་ཁག དྷ་ས་ས་གནས་ཀྱི་འཐུས་མི་དང། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྱི་འགན་ཁུར་མྱོང་བ་མ་ཟད། སྐབས་བཅུ་བཞི་པའི་སྤྱི་འཐུས་ཀྱི་འགན་ཁུར་ལྷུར་ལེན་ཐོག་སྔོན་རྩིས་ཚོད་དཔག་ཚོགས་ཆུང་སྔ་རྗེས་སོགས་གྲོས་ཚོགས་དང་འབྲེལ་བའི་ཚོགས་ཆུང་ཁག་ནང་ལས་དོན་བྱས་དང་བྱེད་མུས་སུ་ཡོད་ལ། ཕྱི་ལོ་༢༠༠༣ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་བྱས་པ་དང། བོད་ཀྱི་བང་ཆེན་གསར་ཤོག་གསར་སྤེལ་གྱིས་དཀའ་ངལ་ཇི་འཕྲད་ལ་དུས་བསྟུན་གདོང་ལེན་ལྷོད་མེད་ཀྱིས་རིམ་བཞིན་ཡར་རྒྱས་སུ་བཏང་དང་གཏོང་བཞིན་ཡོད།

ཆབ་སྲིད་དང་འབྲེལ་བའི་ལས་དོན་ཁག གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་རང་དབང་གི་ཐོག་ནས་དྲི་བ་ཁག་ལ་ལན་འདེབས་དང། ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ་དུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་ཞུགས་པ་སོགས་ཚོགས་འདུ་དང་བགྲོ་གླེང་ཁག་གང་མང་དུ་ཞུགས། ལྷག་པར་དུ་སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སོ་སོར་ཉིན་ཕྱེད་ཙམ་ཡང་ཆད་ལུས་མེད་པར་དམ་དོན་གྱིས་ཚོགས་བཅར་ཐོག མང་གཙོ་དང་འདྲ་མཉམ་གྱི་ལྟ་གྲུབ་དང། བོད་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་གཞི་རྩར་བཟུང་ནས་ཁ་ཞེ་གཉིས་མེད་ཀྱིས་བསམ་ཚུལ་ཤོད་པ་དང་བགྲོ་གླེང་གི་གོ་སྐབས་ལེན་བཞིན་ཡོད་པ་བཅས། ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་སུ་བྲིས།

སྨར་ཁམས་ཆོས་འཕེལ་གྱི་ངོ་སྤྲོད་མདོར་བསྡུས།

སྨར་ཁམས་ཆོས་འཕེལ་ལགས་ནི་ཕྱི་ལོ་ ༡༩༦༧ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་བོད་ཤར་ཕྱོགས་སྨར་ཁམས་ཧོར་ལ་འཐབ་ར་ཚང་གི་ཕ་ཕྱག་རྡོ་དང་མ་ལྷ་སྐྱིད་གཉིས་ཀྱི་བུར་སྐྱེས། ཁོང་སྐྱེས་པའི་དུས་དེ་ནི་རིག་གནས་གསར་བརྗེའི་རླུང་འཚུབ་ཡོངས་སུ་ཡལ་མེད་པ་དང་། མི་དམངས་ཀུན་ཧྲེ་འགོ་འཛུགས་པའི་དུས་ལ་ཁེལ་ཡོད་སྟབས། སློབ་གྲྭ་སོགས་ལ་བསྐྱོད་དེ་ཆུང་དུས་བྱིས་པའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཕྲན་བུ་ལས་མ་བྱུང་། དེ་ནས་རིམ་བཞིན་ནར་སོན་པ་དང་ཞིང་འབྲོག་གི་ལས་རིགས་སོགས་ལ་གཉེར་ནས་ནང་དུ་བསྡད། རང་ལོ་བཅུ་དགུར་སོན་སྐབས་ཏེ་ཕྱི་ལོ་ ༡༩༨༦ ལོར་ཁོང་ལྷ་སར་ཡོང་སྟེ་ལྷ་སའི་གནས་ཆེན་ཁག་ལ་གནས་མཇལ་གྲུབ་པ་དང། ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༩ ཚེས་ ༢༧ དང་། ཟླ་ ༡༠ ཚེས་ ༡ བཅས་ལ་ལྷ་སར་གནས་སྡོད་བོད་རིགས་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་དྲང་བདེན་མིན་པའི་སྲིད་བྱུས་བོད་ཐོག་ལག་བསྟར་བྱས་པར། ངོ་རྒོལ་གྱི་ལས་འགུལ་ཐེངས་གཉིས་སྤེལ་བའི་ནང་དུ་མཉམ་ཞུགས་བྱས། ལོ་དེའི་བོད་མིའི་ཞི་རྒོལ་ལ་རྒྱ་དམར་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་སྔར་ལས་ལྷག་པའི་དྲག་གནོད་གྱིས་མེ་མདའ་གང་བྱུང་བརྒྱབ་སྟེ། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་དང་། མང་པོ་ཞིག་གི་ཚེ་སྲོག་འཕྲོག་པར་བརྟེན་ཁོང་ལ་མེ་མདའི་མདེའུ་གཉིས་ཕོག་ནས་རྨས་སྐྱོན་ཚབ་ཆེན་བྱུང་སྟེ། ལྷ་སའི་གྲོང་ཁྱེར་མི་མང་སྨན་ཁང་དུ་ཟླ་ཁ་ཤས་རིང་བསྡད་རྗེས་མཐར་སྲོག་ཉེས་ལས་ཐར་ཙམ་བྱུང་། དེ་ནས་ཕྲན་བུ་དྲག་སྐྱེད་བྱུང་བ་དང་ཉེས་རྟོག་པས་འཚོལ་ཞིབ་ཀྱིས་སྨན་ཁང་དུ་ཡོང་བ་སོགས་བྱས་ཚེ། ལྷ་སར་སྡོད་བློས་མ་བཟོད་པར་མདོ་སྨད་རྗེ་སྐུ་འབུམ་སོགས་ལ་ཉེན་གཡོལ་དུ་ཕྱིན་ཏེ་ལོ་ཕྱེད་ཙམ་འདས། དེ་ནས་སླར་ལྷ་སར་ལོག་རྗེས་ལྷ་སར་གནས་སྡོད་ཁོང་གི་རྨོ་རྨོ་དབྱངས་ཅན་ལགས་ཀྱིས་རྒྱབ་སྐྱོར་གནང་དོན་བཞིན་ཡང་བྱང་ནག་ཆུ་ཁ་སོགས་ལ་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་དཔར་དང་། བཀའ་སློབ་སྒྲ་འཛིན་འཁོར་ཐག་སོགས་འགྲེལ་སྤེལ་བྱེད་པར་སོང་། ཁོང་གིས་བྱང་ནག་ཆུ་ཁའི་ཁྲོམ་དུ་དངོས་པོ་དེ་དག་མི་མང་གང་བྱུང་ལ་སྤྲད་པར་རྒྱ་མིའི་ཉེས་རྟོག་པས་ཤེས་ཏེ་བཟུང་གྲབས་བྱས་ཀྱང་། སྔ་ས་ནས་གྲ་སྒྲིག་ཅུང་ཡོད་སྟབས་ཉེས་རྟོག་པས་ལག་ཏུ་ཐེབས་མ་ཐུབ། དེ་ལྟ་བུའི་རང་སྲོག་ལ་བློས་གཏོང་གིས་ལས་འགུལ་མང་པོ་ཞིག་སྤེལ་བར་བརྟེན་བོད་དུ་གནས་ཐབས་བྲལ་ནས་མཐར་བཙན་བྱོལ་དུ་མ་ཡོང་ཐུ་མེད་བྱུང་།
ཕྱི་ལོ་ ༡༩༨༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ཏེ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་རྗེས། སྦིར་སུ་ཇ་སློབ་གྲྭར་ཞུགས་ཏེ་དབྱིན་བོད་གཉིས་ལ་རང་ནུས་གང་ཡོད་ཀྱིས་འབད་འབུངས་བྱས། སློབ་གཉེར་གྱི་ཞོར་ལ་སློབ་གྲྭའི་ནང་ཐོག་མར་བཅུ་དཔོན་དང།  དེ་ནས་ཁང་ཚན་རྒན་བདག དེ་རྗེས་རིམ་པར་སྤྱི་ཁྱབ་རྒན་བདག་སོགས་ཀྱི་ཕྱག་ལས་གནང་།
ཕྱི་ལོ་ ༡༩༩༣ ལོར་སློབ་གྲྭ་ནས་ཐོན་ཏེ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕྱག་ལས་གནང་། དེའི་རིང་ཕྱི་ནང་གི་འགལ་རྐྱེན་ཇི་ལྟར་འཕྲད་ཀྱང་དཀའ་ངལ་འཛེམས་མེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བོད་མི་རིགས་ཀྱི་རྩ་དོན་དང་། ༸གོང་ས་མཆོག་གི་བཀའ་དགོངས་རྩ་འཛིན་གྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་གོང་རིམ་རྣམ་པས་བཀའ་དགོངས་དང་ལེན་ཐོག་ལྷག་བསམ་རྣམ་དག་གིས་ལས་དོན་བསྒྲུབས་ཡོད།
ཕྱི་ལོ་ ༡༩༩༧ ལོར་བཙན་བྱོལ་བོད་གཞུང་དང་ཐེ་ཝན་སྲིད་གཞུང་གཉིས་ཀྱི་འབྲེལ་ལམ་ཇེ་ལེགས་སུ་ཕྱི་པ་དང་བསྟུན། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་པ་རང་ཉིད་ཀྱི་ཟློས་གར་ཚོགས་པ་ཐེ་ཝན་དུ་བཏང་བའི་ནང་དུ་ཐེ་ཝན་དུ་ཕྱིན། ཕྱི་ལོ་ ༡༩༩༨ ལོར་ཐེ་ཝན་གནས་སྡོད་མདོ་ཁམས་པ་ཡོངས་དང་མཉམ་དུ་བློ་མཐུན་གྲོས་མཐུན་གྱིས་ས་གནས་ཐེ་ཝན་མདོ་ཁམས་ཆུ་སྒང་ཚོགས་པ་གསར་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༠༥ བར་མི་ལོ་བདུན་རིང་ས་གནས་རྒྱུན་ལས་གནང་། དེ་བཞིན་ཕྱི་ལོ་ ༢༠༠༠ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཐེངས་གཉིས་པའི་ཆིབས་བསྒྱུར་སྐབས། བཙན་བྱོལ་བོད་གཞུང་དོན་གཅོད་ཀྱི་བཀའ་དགོངས་ལྟར་ཐེ་ཝན་བོད་རིགས་ཚོགས་པ་གསར་འཛུགས་བྱས་ཏེ། ཚོགས་པའི་དྲུང་ཆེ་དང་ཚོགས་གཞོན་གྱི་ལས་འགན་སོགས་ཕྱི་ལོ་ ༢༠༡༠ བར་ཧུར་ཐག་ཞུས་ཡོད། དེའི་ཞོར་དུ་ཐེ་སྡོད་བོད་རིགས་རང་བཙན་ཚོགས་ཆུང་གི་ལས་ཀའང་ཡུན་རིང་བྱས་པར་མ་ཟད་ལོ་གཅིག་ལྷག་གི་རིང་རྒྱ་ཡིག་དང་རྒྱ་སྐད་སྦྱངས་ཞིང་གྲུབ་འབྲས་ཀྱང་མི་དམན་པ་བྱུང་ཡོད།
ཕྱི་ལོ་ ༢༠༠༥ ལོར་མདོ་ཁམས་རྒྱལ་ཡོངས་མི་མང་གིས་མདོ་ཁམས་དབུས་ཆུ་སྒང་རྒྱུན་ལས་སུ་འོས་འདེམས་ཐེངས་གཉིས་པའི་ནང་དུ་འོས་ཐོན་བྱུང་བ་བཞིན། དཔལ་འབྱོར་འགན་འཛིན་དང་དངུལ་གཉེར་གྱི་འགན་ཁུར་ཞུས། དེ་ནས་སླར་ཡང་མདོ་ཁམས་རྒྱ་ཆེའི་མི་མང་གི་རེ་འདུན་བཞིན་ཡང་མདོ་ཁམས་ཆུ་སྒང་གི་དབུས་རྒྱུན་ལས་ཐེངས་གསུམ་པའི་ནང་དུ་འོས་ཐོན་བྱུང་སྟེ། ཚོགས་གཞོན་གྱི་ཐུགས་འགན་བཞེས་པ་བཅས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་ལ་མི་ལྟ་བར་ཡོད་ཚད་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་འབུལ་ནུས་ཀྱི་ཕྱག་ལས་ཧུར་ཐག་གནང་དང་གནང་བཞིན་པ་རེད་འདུག
ཁོང་གི་སྐྱེས་ཡུལ་ཧོར་ལ་ནི་སྨར་ཁམས་ཀྱི་ལྟེ་གནས་སྒར་ཐོག་གྲོང་གི་ལྷོ་ངོས་རྟ་པའི་ཉིན་ལམ་གཅིག་གི་ས་དང་། ནུབ་ཏུ་ཟླ་ཆུ་རྒྱུགས་ཤིང་བསམ་པ་གྲུ་ཁ་དང་། ཤར་ན་ཕུག་གླ་བ། བྱང་རྫིང་པ་རུ་བ། ལྷོ་ཚ་ཁ་ལོ་པ་བཅས་ཀྱི་དབུས་སུ་རི་རྩེར་གངས་རི་དང་རི་སྐེད་ཤིང་ནགས། རི་མཐར་སྤང་གིས་བརྒྱན་པའི་སྣོད་ཀྱི་བཀོད་པ་ཡིད་དུ་འོང་བ་ཞིག་གི་ནང་དུ་ཆགས་ཡོད། ཡུལ་ལུང་དེའི་ནང་དུ་འགྲོ་བ་མིའི་སྡོད་གནས་ལ་མཚོན་ན། ཤུལ་ལ་སྟོད་སྨད་གཉིས་དང་། སྟོད་སྨད་གཉིས་ལ་གྲོང་ཚོ་འདི་ལྟར་ཏེ། རི་སྐྱོར་གྲོང་ཚོ་དང་། ཕུགས་སྐྱོར་གྲོང་ཚོ། མདོ་ཤོད་གྲོང་ཚོ། འབོར་ཡུལ་གྲོང་ཚོ། གླིང་སྨུག་གྲོང་ཚོ། རི་དགུ་གྲོང་ཚོ། སྨུག་གྲོང་ཚོ་ཡར་ནང་དང་མར་ནང་གཉིས། བྱ་གྲོང་ཚོ། རྩེ་རྣོ་གྲོང་ཚོ། སྒང་སྟེང་གྲོང་ཚོ་བཅས་གྲོང་ཚོ་བཅུ་གཅིག་གི་ནང་དུ་ནང་ཁྱིམ་སུམ་བརྒྱ་ཙམ་འཚོ་སྡོད་བྱེད་བཞིན་ཡོད། ཡུལ་དེའི་འཚོ་རྟེན་ནི་གཙོ་བོ་ཞིང་འབྲོག་རོང་གསུམ་དང་མང་ཆེ་བ་ཡུལ་འབྲོག་གཉིས་བརྟེན་ཡིན།
སྨར་ཁམས་ཆོས་འཕེལ་ཁོང་གི་ཕ་དམ་པ་དེ་ནི་ཧོར་ལ་ར་ཁ་ལོག་པ་ཚང་ནས་མཆེད་ཅིང་། ར་ཁ་ལོག་པ་ཚང་ལ་བུ་ལྔ་ཡོད་པ་ལས་བུ་གཉིས་པ་དེ་ཡིན། ཕ་དམ་པ་དེའི་ཨ་ནེ་དགེ་མཚོ་ནི་བཙུན་མ་ཡིན་པ་དང་། གེ་གུར་དགོན་པའི་འབྲོག་ལས་ཀྱི་རྐང་འགན་བཞེས་མཁན་ཞིག་ཡིན། ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་བ་དང་དགོན་པའི་བླ་མ་བྱ་པའི་སྤྲུལ་སྐུ་མཆོག་དགོན་པར་བཞུགས་བློས་མ་བཟོད་པར་རི་ལ་ཕེབས་པའི་ཚེ། གུང་བྲན་ཏང་ཡོན་པ་རྣམས་ཀྱིས་གེ་གུར་དགོན་པའི་ཤ་མར་འབྲུ་རིགས་སོགས་དངོས་པོ་ཇི་ཡོད་རྩིས་སྤྲོད་བྱེད་དགོས་ཞེས། རིག་གནས་གསར་བརྗེའི་སྐབས་འཐབས་འཛིང་བཏང་ནས་བསད་པ་དང་། གསོད་སྟངས་དེའང་ཁོང་གི་ལག་པ་གཉིས་ཀ་ཐག་པས་བསྡམས་ནས་གནམ་ལ་བཏགས་པ་དང་། རྐང་པ་རེར་རང་འཐག་རེ་བཏགས་ཤིང་འཐབ་འཛིང་བྱས་པས་གྲོད་ཁོག་ནས་རྒྱུ་མ་དོན་ཞིང་། དབུ་ཐོག་ཏུ་ཆུ་ཁོལ་ཚ་པོ་བླུགས་ནས་སྐུ་བགྲོང་པ་རེད།
ཨ་ནེ་ལྷ་དབྱངས་ལགས་ལ་འོག་ཡུལ་དུ་མནའ་མར་ཕྱིན་ཅིང་ཁོང་ལ་འོད་ཟེར་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་སྐུ་བལྟམས། ཨ་ནེ་ཁོང་གི་བུ་བསྟན་དར་ཞེས་པ་ཞིག་ལ་འོག་ཕྱག་མཛོད་ཡར་ནང་ཚང་ལ་མག་པར་ཕྱིན། ཁོང་གིས་ཕྱི་ལོ་ ༡༩༦༢ ལོར་རིག་གནས་གསར་བརྗེའི་སྐབས། རང་གི་གཟའ་ཟླ་དང་། གཟའ་ཟླའི་ཨ་མ། གཟའ་ཟླའི་སྤུན་མཆེད་བཅས་ཁྲིད་དེ་རི་ལ་བྲོས། དེ་ཡང་ཕྱི་ལོ་ ༡༩༧༨ བར་མི་ལོ་བཅུ་དྲུག་གི་རིང་ཁོང་དང་ཁོང་གི་ནང་མི་རྣམས། ཁོང་གི་ཨ་མའི་ཡུལ་ལུང་ཧོར་ལ་དང་རྫིང་པ་རུ་བ་གཉིས་ཀྱི་བར་དུ། རི་ལུག་མགོ་ཞེས་པའི་ནགས་རི་དེའི་ནང་དུ་རི་དྭགས་ལྟར་འཚོ་བ་བསྐྱལ་ནས་བཞུགས། དེ་སྐབས་ཁོང་གི་མ་ཡུལ་ཧོར་ལ་བ་དང་དེ་མིན་རྫིང་པ་རུ་བ་གཉིས་ནས་འཚོ་བའི་མཐུན་རྐྱེན་ཆེན་པོ་སྦྱར་ཡོད།
ད་དུང་སྨར་ཁམས་ཆོས་འཕེལ་ཁོང་གི་ཨ་མའི་ཨ་ཞང་ཧོར་ལ་གེ་གུར་དགོན་པའི་དགེ་བསྐོས་བསམ་པ་ལགས་ཀྱང་རིག་གནས་གསར་བརྗེའི་སྐབས་འཐབ་འཛིང་བཏང་ནས་བསད་པ་མ་ཟད། ཁོང་གི་སྐུ་ཕུང་གྲོང་དུ་དྲུད་ཅིང་མི་ཚོགས་དཀྱིལ་དུ་བཞག་ནས། ནང་མི་སྤུན་མཆེད་རྣམས་ལ་གཞས་དང་ཞབས་བྲོ་འཁྲབ་བཅུགས་པ་སོགས་འཇིག་རྟེན་མི་ཡུལ་དུ་འབྱུང་མི་སྲིད་པའི་ཡ་ང་བའི་གནས་ཚུལ་དེ་འདྲ་ཡང་བྱུང་ཡོད་འདུག
དེ་མིན་ཧོར་ལ་ཡུལ་དུ་ཆེས་གྲགས་ཆེ་བའི་གཏམ་བརྒྱུད་ཅིག་ལ། སྔོན་ཕྱི་ལོ་ ༡༩༣༧ ཙམ་ལ་ཧོར་ལ་ཡུལ་དུ་མགར་བ་ཚང་དང་ཨ་ལག་ཚང་གཉིས་འཁྲུགས་འཛིང་བྱུང་བར། ཁོང་གི་ཕ་ཚོ་རྭ་ཁ་ལོག་པ་དང་ཚང་དང་། བྱ་པ་ཚང་གཉིས་གཙོས་སྤུན་མཆེད་རྣམས་ཁོང་གི་མ་ཚོ་སྒང་སྟེང་ཚང་དང་བྱང་འདབས་སྟེང་པ་ཚང་གཉིས་གཙོས་ཉེ་སྤུན་རྣམས་རྒྱབ་ལང་བྱེད་རེས་བྱས་ཏེ་མི་ལྔ་བཅུ་ང་བདུན་ཙམ་བསོད་རེས་བྱས། མཐར་མགར་བ་ཚང་གི་བུ་རིན་ཆེན་རྣམ་རྒྱལ་གྱིས་སྨར་ཁམས་ཐེ་ཇི་ལ་ཞུ་བཏུགས་ཀྱིས་སྡེ་པ་གཞུང་གི་དམག་མི་ཁྲིད་ཡོང་ནས། ཨ་ལག་ཚང་གི་སྐོར་རྒྱུད་རྣམས་ཧོར་ལ་ཡུལ་དུ་གནས་མི་ཐུབ་པར་སྨད་ཕྱོགས་ལ་བྲོས་དགོས་པར་བཟོས། འོན་ཀྱང་སྨད་ཕྱོགས་དུ་གྱིང་ལིང་ཚང་གིས་མཐུན་འགྱུར་ཤུགས་ཆེན་གནང་སྟེ། ཕྱག་ཤོད་དང་ཡ་ར་སོགས་ལ་ལོ་མང་རིང་གནས་ཐུབ་པ་བྱུང་། ཕྱིས་སུ་བྱ་པའི་སྤྲུལ་སྐུ་མཆོག་གིས་དགོངས་བཞེད་ལྟར་མི་ཚང་གཉིས་ཀྱི་གྱོད་གཞི་སྡེ་པ་གཞུང་གིས་འདུམས་ཏེ། མི་ཚང་གཉིས་ཀྱིས་སྔར་བྱས་ལ་མི་གསོད་སྟོང་འཇལ་མི་དགོས་པ་དང་། ཕྱིས་སུ་མི་ཚང་གཉིས་ཀྱི་དབར་བག་འབྲེལ་གྱི་ལམ་ནས་མཐུན་ལམ་གྱི་རྩ་བ་འཛུགས་དགོས་ཞེས་བཀའ་བསྒོས་པ་ལྟར། རིམ་པར་མི་ཚང་གཉིས་ཀྱི་བར་བག་འབྲེལ་གྱི་འབྲེལ་ལམ་ཚུགས་པས། དེང་སོང་མི་ཚང་གཉིས་ཀྱི་འབྲེལ་ཡོད་ན་གཞོན་ཚང་མ་མི་ཚང་གཉིས་ཀྱི་མི་བརྒྱུད་འདྲེས་པ་ལས་བྱུང་བ་ཤ་སྟག་ཡིན། དཔེར་ན། ཁོང་གི་མ་བརྒྱུད་མགར་བ་ཚང་དང་། ཕ་བརྒྱུད་ཨ་ལག་ཚང་ཡིན་པ་ལྟ་བུའོ།
དེའང་ཧོར་ལ་ཡུལ་དེ་ནི་དུས་རབས་གོང་མ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་སྡེ་པ་གཞུང་དང་འབྲལ་མེད་ཐོག བོད་སྡེ་པ་གཞུང་གིས་བསྐོ་བཞག་བྱས་པའི་སྨར་ཁམས་ཐེ་ཇིའི་འོག་ཐོག་མར་དཔའ་ཆེན་རྫོང་དང་། ཕྱིས་སུ་དཔའ་ཆེན་རྫོང་འཐོར་ཞིག་ཕྱིན་རྗེས། ཕུགས་གླ་གཙོ་འགན་ཚང་གི་དཔོན་འགོའི་འོག་ནས་བོད་སྡེ་པ་གཞུང་ལ་ཁྲལ་འུ་ལག་འཇལ་མཁན་གྱི་ཡུལ་སྡེ་ཞིག་ཡིན། ཡུལ་དེའི་ཡུལ་མི་རྣམས་ཀྱི་དད་ཡུལ་ཆོས་བརྒྱུད་དགེ་ལུགས་པ་དང་། དགོན་པ་གེ་གུར་དགོན་པ། བླ་མ་བྱ་པའི་སྤྲུལ་སྐུ་མཆོག་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། བྱ་ཁྲ་བསོད་ནམས་ཚེ་རིང་གིས་བྲིས།

འབའ་བ་སྐལ་བཟང་རྒྱལ་མཚན་གྱི་ལོ་རྒྱུས་སྙིང་བསྡུས།

ཕྱི་ལོ་ ༡༩༦༦ ལོར་མདོ་ཁམས་འབའ་ཐང་ཁུལ་དུ་སྐྱེས་ཤིང༌། རིམ་བཞིན་སློབ་ཆུང་ནས་འཛིན་གྲྭ་ ༡༢ བར་བོད་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་སྦྱོང་མཐར་ཕྱིན་པ་བྱས་པ་དང༌། དེ་རྗེས་རྒྱ་ནག་གི་མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས་སྔ་རྗེས་སུ་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཁང་དང༌། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་སུ་མི་ལོ་བཅུ་ལྷག་གི་ལས་ཀའི་ཉམས་མྱོང་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་མི་དམན་པ་བསགས་ཡོད།  དེ་ནས་རིམ་བཞིན་རྒྱ་དམར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གདོང་རིས་དངོས་མཐོང་སྟེ། སོ་སོའི་ལས་ཀ་བྱེད་ཡུལ་ཁམས་དར་རྩེ་མདོར་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། མཐར་མུ་མཐུད་རྒྱ་གཞུང་གི་ལས་ཁུངས་སུ་བསྡོད་བཟོད་མ་བདེ་བར་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དུ་འབྱོར།
རྒྱ་གར་དུ་འབྱོར་རྗེས་ཐོག་མ་བདེ་སྲུང་བོདགནས་ཉམས་ཞིབ་ཁང་དུ་རྒྱ་ནག་དང་བོད་གནས་ཉམས་ཞིབ་པ། མདོ་སྟོད་ཉམས་ཞིབ་པ། ལོ་ཙཱ་བ་རྒན་པ་བཅས་ཀྱི་ལས་ཁུར་ཞུས་ཏེ། སྔ་རྗེས་སུ་རྒྱ་ནག་གི་གནས་སྟངས་དང༌། རྒྱ་དམར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་ཕྱོགས་བཅས་སྐོར་གྱི་ཞིབ་ཕྲའི་གནས་སྟངས་ཉིན་རེ་བཞིན་གོང་རིམ་ལ་དཔྱད་གཞིའི་ཆེད་ཕུལ་པ་མ་ཟད། བོད་དང་མན་ཇུའི་འབྲེལ་བར་དཔྱད་པའི་གཏམ་སོགས་དེབ་བཞི་ཙམ་རྒྱ་ཡིག་ཏུ་ཕབ་བསྒྱུར་ཞུས་ཏེ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང༌། རྒྱ་ཡིག་ནས་བོད་ཡིག་ཐོག་དེབ་གསུམ་ཙམ་ཕབ་བསྒྱུར་འགྲེམས་སྤེལ་ཞུས་ཡོད། ལྷག་པར་དུ་དུས་ཡུན་དེའི་ལས་ཞོར་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཆེད་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང༌། བོད་ཀྱི་བང་ཆེན་ཚགས་ཤོག་ལས་ཁུངས་གསར་འཛུགས་ཀྱི་ཁུར་མཉམ་ལེན་ཞུས་ཏེ། དཀའ་ཚེགས་ཆེ་བའི་དུས་ཡུན་རིང་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་ལས། ད་ལྟ་བཙན་བྱོལ་སྤྱི་ཚོགས་ཁྲོད་རིག་གཞུང་སྲི་ཞུའི་ལས་དོན་ཁྱད་དུ་འཕགས་པ་དང༌། ཚགས་ཤོག་ལེགས་ཤོས་ཀྱི་གྲས་སུ་གྱུར་པའི་གྲུབ་འབྲས་རྨད་དུ་བྱུང་ཡོད་པ་ཀུན་གྱི་མཁྱེན་གསལ་ལྟར་ཡིན། ལྷག་པར་དུས་ཡུན་དེའི་རིང་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ཆེད་འགུག་བཀའ་མངགས་ལྟར། རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་ཁག་སྐོར་ཉམས་ཞིབ་བྱས་ཏེ་ཉམས་ཞིབ་སྙན་ཐོ་ཕུལ་བར་བསྔགས་བརྗོད་ཐོབ་པ་མ་ཟད། རྒྱ་ནག་གིས་འཁྱོག་བརྗོད་རིམ་པར་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་སོགས་ལ་རང་གཞུང་གི་ལན་འདེབས་ཚོགས་ཆུང་ཁག་ཏུ་བསྐོས་པ་ལྟར་ལས་དོན་ཧུར་ཐག་བསྒྲུབས་ཡོད། ཕྱི་ལོ་ ༢༠༠༦ ལོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་རྗེས། སྤྱི་འཐུས་གྱི་འགན་ཁུར་ཁག་བསྒྲུབ་པའི་ཞོར་དུ། ཨེ་ཤར་ཡ་རང་དབང་རླུང་འཕྲིན་ཁང་དང༌། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྒྱ་ནག་དང་བོད་གནས་སྐོར་གྱི་དཔྱད་གླེང་དུ་རྟག་པར་ཞུགས་པ་མ་ཟད། གོང་གསལ་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དང༌། བྷི་བྷི་སི། ཧོང་ཀང་གི་ཚགས་ཤོག ཐའེ་ཝན་དང་སིམ་ཀ་ཕོ་བཅས་ཀྱི་རྒྱ་སྐད་རླུང་འཕྲིན་དང་བརྙན་འཕྲིན་བཅས་སུ་བོད་དོན་དང་འབྲེལ་བའི་བཅར་འདྲི་ཁག་ལ་རྟག་པར་ལན་འདེབས་དང༌། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་སོགས་འབྲེལ་ཡོད་རྒྱ་སྐད་སྤྱི་ཚོགས་སུ་བོད་དོན་རྒྱ་ཁྱབ་ཁྱབ་བསྒྲགས་བྱེད་བཞིན་པ་མ་ཟད།  
དེ་བཞིན་ཨ་རི་དང༌། ཡོ་རོབ་རྒྱལ་ཁབ་བཅས་སུ་ཆེད་དུ་བསྐྱོད་དེ་འབྲེལ་ཡོད་རྒྱ་རིགས་བརྒྱ་ཕྲག་མང་པོ་མཉམ་བོད་དོན་སྐོར་བགྲོ་གླེང་ཚོགས་འདུར་གཏམ་བཤད་བྱས་པ་དང༌། བཙན་བྱོལ་སྤྱི་ཚོགས་ཁྲོད་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས། མཐོ་རིམ་སློབ་གྲྭ་བཅས་ཁག་ལ་ཟབ་སྦྱོང་ནམ་གནང་སྐབས་འབྲེལ་ཡོད་རྒྱ་ནག་སྐོར་ཟབ་འཁྲིད་དང༌། འབྲེལ་ཡོད་སྤྱི་འཐུས་དང་གཞུང་ཞབས་ཟུང་དྲུང་ཡན་ལ་རྒྱ་ནག་དབུས་གཞུང་གི་སྒྲོམ་གཞི་དང༌། བོད་དང་མན་ཇུའི་བར་གྱི་འབྲེལ་བ་སོགས་སྐོར་ཟབ་འཁྲིད་ཀྱང་ཞུ་བཞིན་ཡོད། དེ་དང་ཕྱོགས་མཚུངས་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་དང༌། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཇི་ལྟར་བཀོད་སྒྲིག་གནང་དོན་ལྟར། སྔ་རྗེས་སུ་ཆུ་སྒང་རྩིས་ཞིབ་ཚོགས་ཆུང་སྐབས་གཉིས་པའི་ཚོགས་གཙོ་དང༌། སྐབས་བཅོ་བརྒྱད་པའི་ཆུ་སྒང་དབུས་རྒྱུན་གསར་འདེམས་འོས་བསྡུ་ཚོགས་ཆུང་གི་དྲུང་ཆེ། བོད་ཀྱི་བསྟན་སྲུང་དང་བླང་དམག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བཅས་ཀྱི་འགན་རྐང་འཁྱེར་སྟེ། རང་ཁོངས་ཚོགས་པར་ལྷག་བསམ་ཁ་བ་དཀར་པོས་འབད་འབུངས་ལྷད་མེད་ཀྱིས་ལས་དོན་ཐ་དག་ཀ་ཀོར་གླེང་རྙོག་མེད་པར་རྩིས་གསལ་དོན་འགྲུབ་བསྔགས་འོས་སུ་གྱུར་པའང་ཀུན་གྱི་མཁྱེན་གསལ་ཡིན།
ད་ལྟའི་ཆར་ཟླ་རེར་རྒྱ་ནག་གི་ཆབ་སྲིད་དང་སྲིད་བྱུས་འགྱུར་ལྡོག་དང་འབྲེལ་བའི་རྩོམ་ཡིག་རེ་བོད་ཡིག་དང༌། དབྱིན་ཡིག་ཐོག་བསྒྱུར་ཏེ་འབྲེལ་ཡོད་གོང་རིམ་ཁག་ལ་འབུལ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

ཀརྨ་མཁས་གྲུབ་ཀྱི་ལོ་རྒྱུས་མདོ་བསྡུས།

ཕྱི་ལོ་  ༡༩༥༨  ལོར་ཕ་རྡོ་རྗེ་ཚེ་རིང་དང་མ་རྡོ་རྗེ་སྒྲོན་མ་གཉིས་སུ་ཁམས་རི་བོ་ཆེར་སྐྱེས།  ཕྱི་ལོ་  ༡༩༦༡  ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ནས་ཐོག་མ་ཨ་སམ་ཏི་ཛུ་དར་རྒྱལ་གླིང་གཞི་ཁོང་དང་དེ་ནས་ཕྱི་ལོ་  ༡༩༦༦ ལོར་ཨོ་རི་ས་ཕུན་ཚོགས་གླིང་གཞས་ཁོངས་སུ་འབྱོར། གཞིས་ཆག་གི་ཉིན་མོར་སློབ་གྲར་སློབ་སྦྱོང་བྱས།  ༡༩༧༠ ལོར་དང་སློབ་དམག་སྒར་སློབ་གྲར་སློབ་སྦྱོང་བྱས། ༡༩༧༣ ལོར་ནང་གི་འཚོ་ཐབས་དཀའ་ངལ་དབང་གི་སློབ་གྲྭ་ནས་ཕྱིར་ཐོན་བྱ་དགོས་བྱུང།  དེ་ནས་རིམ་བཞིན་གཞིས་ཆགས་ནང་ཕ་མིའི་ཞབས་ཞུ། ཞིང་ལས་དང་ཚོང་ལས་སོགས་སུ་འབེད་བཞིན་  ༡༩༨༥ ལོར་ཀ་ཀྲག་སུང་ཚོང་གི་མཐུས་མི་ལས་འགན་ཁུས། ༡༩༨༩  ནས་ ༡༩༩༠ བར་ལོ་གཅིག་རིང་གཞིན་ཆགས་སུ་དགེ་རྒན་ཕ་མའི་མཐུས་མི་དང་ ༡༩༩༡ ནས་  ༡༩༩༥  བར་ཨོ་རི་ས་ཕུན་ཚོགས་གླིང་མཉམ་འབྲལ་འགན་འཛིན་ལྷན་ཚོགས་དང་ཆུ་སྒང་ས་རྒྱུན་གྱི་ལས་ཁུར་ཞུས།  ༡༩༩༥ ནས་ ༡༩༩༨ བར་ལོ་གསུམ་རིང་ཕུན་ཚོགས་གླིང་ས་གནས་འཐུས་ཚོས་སྐབས་གཉིས་པའི་འཐུས་མི་དང།  ༡༩༩༨ ནས་ ༢༠༠༡ བར་ལོ་གསུམ་རིང་ས་གནས་འཐུས་ཚོགས་སྐབས་གསུམ་པའི་རྒྱུན་ལས་ཀྱི་ལས་ཁུར།  དེ་ནས་  ༢༠༠༢ ནས་ ༢༠༠༤ བར་ཨོ་རི་ས་ཕུན་ཚོགས་གླིང་གཞི་གྲོངས་ལྔ་པའི་སྤྱི་མིའི་ལས་ཁུར་ཞུས།  ཕྱི་ལོ་  ༢༠༠༤ ནས་ ༢༠༠༧ བར་ས་འཐུས་སྐབས་ལྔ་པའི་ཚོགས་གཙོའི་ལས་འགན་དང་། གཞན་ཡང་རྒྱ་གར་རྒྱལ་ཡོང་ཚོང་པའི་ལྷན་ཚོགས་ཀྱི་བར་བརྒལ་འགན་འཛིན་ལྷན་ཚོགས་ཀྱི་མཐུས་མི་ལོ་གཉིས། ༢༠༠༨ ནས་རྒྱ་གར་རྒྱལ་ཡོང་ཚོང་པའི་ལྷན་ཚོགས་སྐབས་དང་པོའི་འགན་འཛིན་ལྷན་ཚོགས་ཀྱི་འགན་ཁུར་དང།  དེ་སྐབས་ཀ་ཀྲག་སུད་ཚོང་མཐུས་མི་དང།  ཨོ་རི་ས་ཕུན་ཚོགས་གླིང་གཞི་ཆགས་སུ་བཀའ་གསལ་ཚོགས་ཆུང་གི་ཚོགས་གཙོ་དང་གསུང་ཆོས་གོ་སྒྲིགས་ཚོགས་ཆུ་གི་འབྲེལ་མཐུད་པ།  ཆུ་སྒང་དབུས་རྒྱུན་བཅས་ཀྱི་ལས་འཁུར་ཞུ་བཞིན་ཡིན།

གྲའུ་ཚེ་བརྟན་གྱི་ལོ་རྒྱུས།

སྤྱི་ལོ་ ༡༩༥༨ ལོར་ཡབ་གྲའུ་དཔོན་རིན་ཆེན་ཚེ་རིང་གི་བུ་མོར་བོད་ཤར་ཕྱོགས་ཁམས་སྒ་སྐྱེ་རྒུ་མདོར་སྐྱེས། སྤྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་ནས་འཛིན་རིམ་བཅུ་གཉིས་བར་ལྡེ་ར་དུན་དུ་སློབ་སྦྱོང་བྱས། ༡༩༧༦ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཟིན་ཡང་། མགྲོན་ཁང་ (Hotel management) དོ་དམ་བྱ་ཕྱོགས་སྐོར་ལ་རྒྱལ་ས་ལྡི་ལི་དང་པུ་ས་སློབ་གླིང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༠ ལོ་ནས་བཟུང་ཀམ་རའོ་གཞིས་ཆགས་སུ་ཡོད་པའི་ལག་ཤེས་བཟོ་གྲའི་ཐོན་སྐྱེད་དོ་དམ་པ་དང་། Save the children Fund, U.K བཙུགས་གནང་བའི་གྲའུ་གཞིས་ཆགས་ཀྱི་གཏན་སློབ་ཀྱི་འཛིན་སྐྱོང་ལོ་མང་རིང་བྱས། ད་དུང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་ཡང་ཞུ་མྱོང་བ་དང།  ཕྱི་ལོ་ ༡༩༨༦ ནས་བཟུང་སྒ་པ་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་དང། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་སོགས་ཀྱི་ཕྱག་ལས་གནང་མྱོང་ཡོད།
དེང་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་ཕྱག་ལས་གནང་བཞིན་པ་དང་། ད་ལྟ་ཧིན་མ་ཅལ་མངའ་སྡེའི་ཀམ་རའོ་གྲའུ་གཞིས་ཆགས་སུ་གནས་སྡོད་བྱེད་བཞིན་ཡོད།།

ངག་དབང་བསྟན་པའི་ལོ་རྒྱུས་མདོར་བསྡུས།

དེ་ཡང་འཛམ་གླིང་ཏོག་ཏུ་ཐོན་པའི་བོད་གངས་ཅན་ལྗོངས་ཞེས་གྲགས་པ་འདིར་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གསུམ་དུ་ཕྱེས་པའི་ཕྱི་མ། དངུལ་རྫ་ཟལ་མོ་སྒང་གི་ཆར་གཏོགས་དཔལ་དབྱི་ཤོད་རི་བོ་ཆེ་ཞེས་གྲགས་པ། རྒྱལ་བསྟན་རིན་པོ་ཆེ་སྒྲུབ་པའི་ཕྱོགས་ཀྱིས་གསལ་བར་བྱེད་པ་སོགས་ཡོན་ཏན་གྱི་འབྱོར་པ་དུ་མ་དང་ལྡན་པའི་གནས་དེར།
ཕྱི་ལོ་ ༡༩༧༧ ལོར་ཁམས་རི་བོ་ཆེ་རི་བཞུགས་ཚང་ཕ་བཀྲ་རྒྱལ་དང་། མ་དཀར་ཆུང་ཚང་ཡེ་ཤེས་ཆོས་མཚོ་གཉིས་སུ་སྐྱེས་ཏེ་འཚར་ལོང་བྱུང་།    ཕྱི་ལོ་    ༡༩༨༣    ལོར་རི་ཕུག་དགོན་དུ་བླ་མ་གྲགས་པ་ཡོང་འཛིན་དུ་བསྟེན་ནས་བྲིས་འདོན་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱོང་བརྩོན་དང་འབུམ་ལྔ་བསགས་སྦྱང་བྱས་མཐར་བགྲང་བྱ་བརྒྱ་ཕྲག་བདུན་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དཔལ་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་རྨད་བྱུང་གི་གཙུག་ལག་ཁང་ཆེན་ཁྲ་འཁྱིལ་ལམ་བཀྲ་ཤིས་ལྷུན་པོ་འཛམ་གླིང་རྒྱན་དུ་ཕྱི་ལོ་ ༡༩༧༦ ལོར་ཆོས་ཞུགས་བྱས་ཏེ་གདུང་སྲས་ཀུན་དགའ་གྲགས་པ་ལས་རབ་ཏུ་བྱུང་ནས་བསླབ་ལ་བརྩོན་ཞིང་ལོ་མང་རིང་དགོན་གནས་དེའི་གཉེར་ལས་དང་ལས་སྣེའི་འགན་ཁུར་ཡང་མང་དུ་ཞུས། མཐར་ ༡༩༩༦ ལོར་༸གོང་ས་ཡིད་བཞིན་ནོར་བུ་མཇལ་འདོད་སྐོམ་པ་ཆུ་ལ་རེ་བ་ལྟར་དད་གདུང་གིས་ རྐང་པའི་གོམ་ཁ་འཕགས་ཡུལ་དུ་བསྒྱུར་ནས་རྫོངས་སར་བཤད་གྲྭ་སྐལ་བཟང་ཆོས་ཀྱི་དགའ་ཚལ་དུ་མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་མཁན་སློབ་བཤེས་གཉེན་དུ་མ་ལས་དབུ་མ་རྩ་འཇུག་བཞི་གསུམ་སོགས་གཞུང་ཆེན་ཁག་ལ་ལོ་ཤས་རིང་སྦྱངས་རྗེས། བལ་ཡུལ་ཙ་པ་དགོན་བཀྲ་ཤིས་དར་རྒྱས་ཕུན་ཆོགས་གླིང་དགོན་དུ་ལས་གཉེར་ཞུས་པ་དང་ རིོ་བོ་སྟག་ལུང་བཀའ་བརྒྱུད་ཆོས་ཚོགས་སུ་གཉེར་དྲུང་གཅིག་ལྕོགས་ཀྱི་ལས་འགན་ཞུས་པ་དང་༸སྐྱབས་མགོན་འཕགས་མཆོག་རིན་པོ་ཆེའི་ཞབས་ཞུ་སྒྲུབ་བཞིན་པའི་ཐོག ཕྱི་ལོ ༢༠༠༤ ལོར་བལ་ཡུལ་ཆུ་སྒང་ས་གནས་རྒྱུན་ལས་སུ་འོས་ཞུགས་གནང་ཐོབ་ལྟར་ལོ་གསུམ་རིང་ཕྱག་ལས་ཧུར་བརྩོན་ཞུས་རྗེས་ཕྱི་ལོ་ ༢༠༠༧  ལོར་ཆུ་སྒང་དབུས་སྤྱི་ཁྱབ་དུ་འོས་བདེམས་བྱུང་སྟེ་ད་ལྟ་དབུས་སྤྱི་ཁྱབ་རྒྱུན་ཁང་གི་དྲུང་གཞོན་ཀྱི་མཚན་གནས་ཐོག་ཞབས་ཞུ་སྒྲུབ་བཞིན་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས ༡༧ ནས་ཉིན་དྲུག་གི་རིང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་ལ་མདོ་སྟོད་ཆོལ་ཁའི་ངོ་ཚབ་ ཆེད་བཅར་ཞུས། ཕྱི་ལོ་ ༢༠༠༩ ལོའི་བ་ཡུལ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་གྱི་ལས་གནས་ཐོག་་བོད་བསྟན་པ་ཆབ་ སྲིད་ཀྱི་ཞབས་ཞུ་སྒྲུབ་མུས་ལགས་སོ།།

བ་ར་ཚེ་དབང་བཀྲ་ཤིས་ཀྱི་ལོ་རྒྱུས་སྙིང་བསྡུས།

བ་ར་ཚེ་དབང་བཀྲ་ཤིས་རང་ཉིད་ནི་བོན་གཞིས་ཐོབ་རྒྱལ་གསར་པར་ཕྱི་ལོ་ 1980 ལོར་སྐྱེས། ཆུང་དུས་ནས་བོན་གཞིས་ཉིན་སློབ་ཁང་དང་རིམ་བཞིན་པོནཊ་གཏན་སློབ་བཅས་སུ་སློབ་སྦྱོང་བྱས། ཕྱི་ལོ་ 2003 ནས་ 2004 བར་ས་གནས་གཞོན་ནུའི་གཉེར་པ་དང་ 2005 ནས་དྷནབྷཐ་བོད་མིའི་སུད་ཚོང་བའི་དྲུང་ཆེ་གནང་མུས་དང། རང་ལོ་ཉེར་ལྔ་སོན་མཚམས་བོན་གཞིས་ས་གནས་འཐུས་མིར་འོས་འདེམས་གྱིས་ 2006 ནས་ 2009 བར་དངུལ་གཉེར་ལས་འགན་ཐོག་ཞབས་ཞུ་གྲུབ།  2006 ནས་ 2009 བར་བོན་གཞིས་ཐོབ་རྒྱས་གསར་པའི་རང་བདེན་ཚོགས་ཆུང་གི་ཚོགས་མིར་འོས་འདེམས་ཐོག་ཚོགས་གཙོའི་ལས་འགན་བསྒྲུབས། 2006 ནས་ 2009 བར་དྷནབྷཐ་སུད་ཚོང་སྐྱིད་སྡུག་གི་དམིགས་བསལ་རང་བདེན་ཚོགས་ཆུང་གི་དྲུང་ཆེའི་ལས་འགན་ཞུས། 2005 ནས་ 2010 བར་མདོ་སྟོད་འོས་བསྡུ་ཟུར་དཔང་གི་ལས་འགན་ཁུར། 2009  ནས་ 2010 ལོ་གཉིས་རིང་དབུས་ཆུ་སྒང་རྩིས་ཞིབ་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་ཐོག་ལོ་གཉིས་རིང་གི་རྩིས་ཁྲར་རྩིས་ཞིབ་བྱས། 2009 ལོའི་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་བཀའ་མངགས་དགོངས་དོན་བཞིན་ས་གནས་འགོ་འཛིན་འོས་བསྡུས་སྐབས་ཀྱི་འོས་བསྡུས་འགན་འཛིན་གྱི་ལས་ཁུར་ཞུས།
ད་ལྟའི་ཆར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་དང། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། དབུས་ཆུ་སྒང་རྩིས་ཞིབ་ཚོགས་ཆུང་གི་ཚོགས་མི། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་འཐུས་མི་ཚོགས་འདུས་ཚོགས་མི། བོད་ཀྱི་བོན་པོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། དྷནབྷཐ་བོད་མི་སུད་ཚོང་སྐྱིད་སྡུག་ཚོགས་པའི་དྲུང་ཆེ་དང། རྡན་བྷཐ་ས་གནས་དམིགས་བསལ་རང་བདེན་ཚོགས་ཆུང་གི་དྲུང་ཆེ་སོགས་ཀྱི་འོས་འགན་བསྒྲུབ་མུས་བཅས། མདོར་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་ནུས་གང་ཡོད་ཀྱི་ཞབས་འདེབས་ཞུས་དང་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ༎
བོན་གཞིས་གནས་སྡོད་བ་ར་ཚེ་དབང་བཀྲ་ཤིས་ཀྱིས་ 2010།6།15 ཉིན་ཕུལ༎

བློ་གླིང་གོ་བོ་བློ་བཟང་ཕན་བདེའི་ལོ་རྒྱུས།

བློ་གླིང་གོ་བོ་བློ་བཟང་ཕན་བདེ་ལགས་ནི་ ༡༩༧༧ ལོར་ཁམས་འབའ་ཐང་དུ་སྐྱེས། ཆུང་དུས་ནས་འབའ་འཛིན་དགོན་བདེ་ཆེན་ཆོས་གླིང་གི་སློབ་གྲྭ་རུ་འཛུལ་བཞུགས་ཀྱིས་ཡི་གེ་སྦྱོར་ཀློག་ནས་འགོ་བརྩམས་ཏེ་སློབ་ཚན་ཡོད་ཚད་སྦྱངས་པ་རྩེད་སོན་གནང་པ་བཞིན་བསླབ་པ་ལེགས་ཐོན་བྱས།
༡༩༩༢ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཡོང་ནས་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་སྒོར་བཞུགས། དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མ་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱ་མཚོ། མ་ཧ་པཎ་ཊི་ཏ་རྗེ་བཙུན་རྣམ་རྒྱལ་དབང་ཆེན་སོགས་ཀྱི་ཞབས་ལ་གཏུགས་ནས་རིགས་ལམ་གྱི་བརྒལ་བརྟག་ལ་སློབ་འགོ་བརྩམས། རྒྱུགས་དུས་དང་པོའི་སྐབས་རྩེད་ཕུད་དུ་སླེབས་པར་བརྟེན་མཁན་རིན་པོ་ཆེན་མཆོག་གིས་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས། མུ་མཐུད་ནས་འཕགས་བོད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་འབྲས་སུ་ ༢༠༠༢ ལོར་ཕར་ཕྱིན་རབ་འབྱམས་ཨང་དང་པོ་བླངས། ༢༠༠༥ ལོར་དབུ་མ་རབ་འབྱམས་ཨང་དང་པོ་དང་། ༢༠༠༩ ལོར་ཨང་དང་པོའི་འདུལ་བ་རབ་འབྱམས་པའི་ལག་ཁྱེར་བཅས་ཐོབ་ནས་གྲྭ་ཚང་དུ་གཞུང་ཆེན་པོ་པོ་ཏི་ལྔ་ཆ་བསྒོས་བྱས་པའི་འཛིན་གྲ་ཡོངས་རྫོགས་ལེགས་ཐོན་བྱས། ཡང་གོང་ས་མཆོག་གིས་གདན་སའི་སློབ་གཉེར་དྲག་གྲས་རྣམས་ཚན་རིག་སྦྱོང་དགོས་པའི་བཀའ་ཕེབས་པ་བཞིན་ཚན་རིག་གི་ཟབ་སྦྱོང་ལོ་གཉིས་རིང་གནང་།
སློབ་གཉེར་གྱི་ཞོར་དུ་བོད་མི་རིགས་ཀྱི་དཀའ་སྡུག་དང་ལྷག་པར་དུ་གཞིས་ལུས་རྒྱ་ཆེ་མི་མང་གི་མྱངས་དང་མྱོང་བཞིན་པའི་དཀའ་ཁག་ལ་མ་བཟོདཔར་རྩ་དོན་དང་འབྲེལ་བའི་ལས་འགུལ་མང་པོ་ནང་དུ་བཞུགས་ཡོད་པ་སྟེ། ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་རྒྱ་གར་་དུ་ལྟ་སྐོར་ཡོང་སྐབས་མ་སྐུལ་དྭངས་བླངས་ཐོག་བྷེན་ལོའི་སློབ་ཕྲུག་ཚོ་དང་མཉམ་རུབ་ཀྱིས་ལས་འགུལ་གྱི་ སྣེ་ཁྲིད་གནང་། ༢༠༠༧ ལོར་གྲྭ་ཚང་དུ་མི་མང་མདུན་བསྐྱོད་ཆེན་པོ་རྩ་འཛུགས་དང་དགེ་འདུན་གྲངས་ ༩༠༠ ལྷག་སྣེ་ཁྲིད་བྱས་ནས་ལྡི་ལིར་མི་མང་མདུན་བསྐྱོད་ཆེན་པོ་དངོས་གཞིར་བཞུགས། ༢༠༠༨ ལོ་ནས་ཁམས་ཚན་གྱི་ཤེས་ཡོན་ཚོགས་ཆུང་གི་ལས་འཛིན་གནང་།
ཡང་ ༢༠༠༨ ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་པས་མངགས་གཏོང་ལྟར་དགེ་ལུགས་པའི་འཐུས་མིར་བྱས་ནས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་བཞུགས་ཏེ་བོད་ཀྱི་མ་འོངས་པའི་ལས་དོན་སྐོར་ལ་བསམ་ཚུལ་མང་པོ་བཏོན། ཡང་ལོ་དེར་གྲྭ་ཚང་གི་སྐུ་ཚབ་གནང་ཏེ་མོ་བྷེལ་དུ་ཨོ་ལོན་པོག་གི་སྒྲོན་མེ་སྐོར་བསྐྱོད་ལ་ངོ་རྒོལ་བྱེད་སྐབས་སུ་ཊོག་ཊ་ཨ་འབིག་ཀ་ར་ཡི་ཚ་བོ་དང་ལྷན་དུ་མ་འོངས་རྒྱ་རྒོལ་ལས་འགུལ་རྩོམ་ཕྱོགས་སྐོར་ལ་བསམ་ཚུལ་བརྗེས་རེས་ལྷུག་པོར་གནང་། ༢༠༠༩ ལོར་མོན་གྷོ་མི་དམངས་ཀྱིས་འདེམས་ཐོན་བྱུང་བ་བཞིན་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས་གནང་། ས་གནས་གྲོས་ཚོགས་གནང་རིང་ལས་དོན་ཚགས་ཚུགས་དང་ངོ་ལྐོག་མེད་པར་རུལ་སུངས་དང་སྐབས་འཚོལ་བ་མང་པོ་ཚར་གཅོད་པ་བརྟེན་༢༠༡༠ ལོ་མོན་གྷོ་མི་དམངས་ནས་འོས་འདེམས་ཀྱིས་རང་བཙན་ཚོགས་ཆུང་གི་ཚོགས་གཙོ་རུ་བསྐོས།
སྔ་ཕྱིར་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་མཚོན་པའི་ཚོགས་སྡེ་མང་པོའི་གོ་སྒྲིག་འོག་གདན་ཞུས་ལྟར་གྲོས་ཚོགས་དང་འཛིན་སྐྱོང་གི་ལས་དོན་བྱ་ཕྱོགས་སྐོར་ལ་ཟབ་སྦྱོང་ཐེངས་མང་གནང་།   དུས་རྒྱུན་དུ་ཉམ་ཐག་ལ་ལྟ་སྐྱོང་དང་རོགས་རམ། སྤྱི་པའི་ལས་དོན་ཆེད་རང་གི་ཡོད་ཚད་བློས་བཏང་པའི་བྱ་བ་སྣེ་མང་གནང་མཁན་ཞིག་ཡིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

གླིང་ཚང་ཀརྨ་གཡུལ་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།


ཕྱི་ལོ་ ༡༩༦༩ ལོར་མ་སུ་རི་སློབ་གྲྭ་ནས་འཛིན་གྲྭ་བཅིུག་ཐོན་ནས་ཐེངས་དང་པོའི་གྲས་ཡིན། དེ་རྗེས་མའི་སོར་མཐོ་སློབ་ཁང་ནས་ ༡༩༧༢ ལོར་ B.A. སློབ་སྦྱོང་ཐོན།
སྒང་ཏོག་ཁུལ་ཐོག་མར་བོད་རིགས་གཞོན་ནུའི་ལྷན་ཚོགས་ཀྱི་སྒྲིག་གཞི་ལུགས་མཐུན་ས་གནས་རྒྱུན་ལས་དབུ་འཛུགས་བྱས་ནས་ ༡༩༩༣ བར་ཚོགས་གཙོ་དང་དྲུང་ཆེ་སོགས་ཀྱི་ལས་རྒྱུན་བཏུད་མར་ཞབས་ཞུ་བྱས།
འབྲས་ལྗོངས་ཁུལ་བོད་ཀྱི་སློབ་གྲྭ་ཟུར་དུ་མེད་རྐྱེན་གྱིས་རང་རེའི་བོད་ཕྲུག་ཚོར་རང་གི་སྐད་ཡིག་རིག་གཞུང་དང་གོམས་གཤིས་སོགས་རྩ་རླག་འགྲོ་ཉེའི་སེམས་ཚབ་བཟོད་མིན་ཐོག་སྒང་ཏོག་ཏུ་ས་གནས་གཞོན་ནུའི་ཐུ་མི་སམ་བྷོ་ཌ་ཞེས་པའི་སློབ་གྲྭ་གསར་འཛུགས་སྐབས་ལས་འཁུར་རྐང་ལེན་ཞུས་ནས་སློབ་གྲྭ་དེ་ལོ་གསུམ་རིང་འཛིན་སྐྱོངས་བྱས། ད་ཆ་སློབ་གྲྭ་དེ་བཞིན་རང་གཞུང་ཤེས་རིག་ལྷན་ཁང་ནས་རྩིས་བཞེས་གྱིས་རྒྱ་བསྐྱེད་འགྲོ་བཞིན་པ་ཡིན།
ཕྱི་ལོ་ ༡༩༩༡ ལོར་ཆུ་སྒང་ཚོགས་ཆེན་ཐེངས་ ༢༦ ཐོག་ཆུ་སྒང་སྒྲིག་འཛུགས་འཛིན་སྐྱོངས་ཚགས་ཚུད་ཡོང་ཆེད་ཚོགས་པའི་སྒྲིག་གཞིའི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག་བྱུང་ནས་ཚོགས་པའི་སྒྲིག་གཞི་ཟིན་བྲིས་བཀོད་ཁྱབ་བྱས། ཕྱི་ལོ་ ༩༤ ཆུ་སྒང་ཚོགས་ཆེན་ཐེངས་ ༢༩ ཐོག་སྒྲིག་གཞི་གཏན་འབེབས་གནང༌།
ཕྱི་ལོ་ ༩༣ ལོར་བོད་དམངས་གཙོའི་དུས་དྲན་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་འབྲས་ལྗོངས་ཁུལ་ས་གནས་བོད་མིའི་འཐུས་ཚོགས་འོས་འདེམས་གནང་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་ལས་འཁུར་ཞུས།
ས་གནས་འཐུས་ཚོགས་ཀྱི་ལས་འཁུར་དང་འབྲེལ་བའི་ས་གནས་སོ་སོར་སྒྲིག་གཞི་རེ་དགོས་པ་བཅའ་ཁྲིམས་དགོངས་དོན་ལྟར་སྒྲིག་གཞི་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བྱས་ནས་ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞི་ཟིན་བྲིས་བཟོས། ཕྱི་ལོ་ ༩༤ ཟླ་ ༢ ཚེས་ ༢༠ ནས་ས་གནས་འཐུས་ཚོགས་ནས་སྒྲིག་གཞི་གཏན་འབེབས་གནང་དོན་བཞིན་ས་གནས་སུ་ལག་ལེན་འཁེལ་རྒྱུའི་བཀའ་ཁྱབ་གནང༌།
འབྲས་ལྗོངས་མངའ་སྡེ་གཞུང་གི་རྩེད་རིག་དང་གཞོན་ནུའི་ལྷན་ཁང་ནང་འགན་འཛིན་ Director གྱི་ལས་འཁུར་ལོ་མང་ཞུས་ནས་ ༢༠༠༨ ནས་བཟུང་རྒན་ཡོལ་དུ་སོང༌།
ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༡༨ ནས་འབྲས་ལྗོངས་སྒང་ཏོག་ས་གནས་ཆུ་སྒང་རྒྱུན་ལས་ཁང་གི་ཚོགས་གཙོའི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

ཟླ་བ་སྒྲོལ་མའི་ལོ་རྒྱུས་མདོར་བསྡུས།

གུས་རང་ཕྱི་ལོ་ ༡༩༧༠ ལོར་ཀུ་ལུ་མ་ན་ལིར་ཕ་དཀར་མཛེས་པ་རིན་ཆེན་དང་མ་བཅོ་ལྔ་གཉིས་ཀྱི་བུ་མོར་སྐྱེས། དེ་རྗེས་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་བསྐྱོད་དེ་ཉིན་སློབ་ནས་འཛིན་རིམ་བརྒྱད་པ་བར་དང་། དེ་ནས་སིམ་ལ་གཏན་སློབ་ཏུ་སློབ་སྦྱོང་བྱས་ཏེ་འཛིན་རིམ་བཅུ་པ་ཐོན་རྗེས། སྦེང་ལོ་ནས་འཛིན་རིམ་༡༠, ༡༡, ༡༢ སློབ་ཐོན་བྱས། དེ་རྗེས་སྦེང་ལོ་རུ་དྲུང་ཡིག་སློབ་སྦྱོང་ (Personal Secretary diploma Course) ལོ་གཅིག་ལ་མཐར་སོན་བྱུང་། དེ་རྗེས་སྦེང་ལོ་གྲོང་ཁྱེར་དུ་ཡུལ་སྐོར་ལས་དོན་སློབ་སྦྱོང་ (tourism diploma course) ཕྱི་ལོ་ ༡༩༩༠ ལོར་རྡ་ས་པོ་ཏཱ་ལའི་འགྲིམ་འགྲུལ་ཁང་ལོ་གཉིས་རིང་ས་གནས་འགན་འཛིན (branch manager) གྱི་ཞབས་ཞུ་བྱས། ཕྱི་ལོ་ ༡༩༩༣ ནས་ ༡༩༩༧ བར་ལོ་བཞིའི་རིང་གྷོ་ཝ་མཚོ་གླིང་ (Goa) དང་མ་རྡ་ར་སི(Madras) གཉིས་སུ་སྒེར་ངོས་ནས་ (Kamyaab Engineer & Ship Chandler) ཞེས་པ་བཙུགས་ཏེ་ཚོང་གཉེར་བྱས། ཕྱི་ལོ་ ༡༩༩༧ ནས་རྒན་ཁོག་དང་། དབང་པོ་སྐྱོན་ཅན། རྒྱ་གར་ཡུལ་མིའི་སློབ་གྲྭར་རོགས་སྐྱོར་སོགས་སྤྱི་ཚོགས་ཞབས་ཞུ་སྣེ་མང་ཞུས་པར་བརྟེན། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་ཧུན་སུར་ས་གནས་བུད་མེད་ཚོགས་གཙོར་འོས་འདེམས་བྱུང་། ཕྱི་ལོ་ ༢༠༠༩ ནས་ཧུན་སུར་ས་གནས་དགེ་ལས་ཁང་གི་ཕ་མའི་འཐུས་མིའི་ཚོགས་གཙོའི་ལས་གནས་ཞུ་མུས་དང། ཧུར་སུར་ས་གནས་མདོ་སྟོད་ཆུ་སྒང་ཚོགས་པའི་ཚོགས་གཙོ་མང་མོས་འོས་འདེམས་ཀྱིས་ལས་ཁུར་ལྷག་བསམ་ཆེ་བསྐྱེད་ཀྱིས་ཞུ་མུས་དང་། ཕྱི་ལོ་ ༢༠༡༠ ལོར་ཧུན་སུར་ས་གནས་ཀྱི་འོས་བསྡུ་ཚོགས་ཆུང་གི་ཚོགས་མིར་འདེམས་ཐོན་བྱུང་བ་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ་ཕྲན་ཟླ་བ་སྒྲོལ་མས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༠༧ ཚེས་ ༠༥ ལ་ཕུལ།

བྲག་གཡབ་བཀྲིས་རྣམ་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།

གུས་  ༡༩༥༠ ལོར་སྡེ་དགེ་དབོར་སྟོོད་དུ་སྐྱེ་ནས་  ༡༩༥༦  ལོར་དུས་ཀྱི་འཁོ་འགྱུར་སྐབས་ཕ་མའི་མཉམ་དུ་བྲོས་བྱོལ་དུ་ཡོང་ནས་ ༡༩༦༠ ལོར་ནེ་དཔལ་གྱི་ས་མཚམས་གློ་ཡུལ་དུ་འབྱོར་ནས་ལོ་ ༢ བསྡད། ༡༩༦༢ ལོར་ཌོལ་པ་ཀྲན་གཞིས་ཆགས་ཀྱི་བཟོ་གྲར་འཛིན་གྲ་ ༥ བར་བསྡད། དེ་ནས་  ༡༩༦༧ ལོ་ནས་བལ་ཡུལ་ནེ་གཞུང་སློབ་གྲྭ་  ༡༩༧༢ བར་བསྡད།  དེ་རྗེས་ ༡༩༧༢ ལོ་ཕྱེད་ནས་གཞིས་ཆགས་ཀྱི་འཐུས་མི་དང་མཉམ་ལས་ཀྱི་འགན་འཛིན་གཅིག་ཆོག་བྱས་ནས་  ༡༩༧༦ བར་བསྡད།  དེ་ནས་  ༢༠༠༠ ལོར་མཆོད་འཇོར་བཀའ་བརྒྱུད་ཀྱི་འོས་བསྡུའི་ཟུར་དཔང་དུ་ལོ་ ༥ དང།  མཆོད་འཇོར་ས་རྒྱུན་གྱི་ཚོགས་གཞོན་ལོ་  ༣ ། མཆོད་འཇོར་ས་གྲོས་ཀྱི་ཚོགས་གཞོན་ལོ་  ༥ བྱས་པ་དང། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལོ་ ༣ རིང་བྱས། ད་ལྟའང་མདོ་ཁམས་ས་གནས་ཀྱི་གཞུང་འབྲེལ་གྱི་ཚོགས་གཙོ་འགན་རང་མུས་སུ་ཞུ་བཞིན་པའི་ལོ་རྒྱུས་མདོར་བསྡུས་སུ་གུས་བཀྲིས་རྣམས་རྒྱལ་ནས་ཕུལ།

ཀོང་པོ་ཕུར་བུ་ཚེ་རིང་གི་ལོ་རྒྱུས་མདོར་བསྡུས།

༡༩༤༥ ལོར་ཀོང་པོ་ཆབ་ནག་བཏུལ་མོ་ཚང་ཁྱིམ་ཚང་ཕ་སྟོབས་རྒྱལ་དང་མ་སྒྲོན་མཆོག་མཚོ་གཉིས་ཀྱི་བུ་བརྒྱུད་ཡིན། ཆུང་དུས་ནས་མ་བཅོས་དུ་མ་ཡོང་བར་བོད་ཡིག་འདྲི་ཀློག་སྦྱང་བརྩོན་དང་། ༡༩༥༩  ལོར་རྒྱ་གར་ནང་བཙན་འབྱོལ་དུ་འབྱོར་ནས་ཐོག་མར་ལ་དྭགས་ཕྱོགས་སུ་བོད་མི་གང་ཙམ་གཞིས་ཆགས་སུ་གཏོང་གནང་བྱུང་བ་བཞིན་དེར་ལོ་གསུམ་སྡོད་རིང་དབྱིན་ཇི་དང་ཧིན་དྷི་ཨང་རྩིས་བཅས་སློབ་སྦྱོང་འཛིན་རིམ་དྲུག་པ་མཐར་ཕྱིན།  ༡༩༦༣  ལོར་རང་གཞུང་གིས་བཀའ་འབྲེལ་དྭང་སློབ་དམག་སྒར་ནང་འཛུལ་བཞུགས་ཀྱི་མི་ལོ་བཅུ་གཉིས་རིང་དྲག་པོའང་འཇབ་དམག་གི་སློབ་སྦྱོང་ཞུས་སྐབས་ལྡིང་དཔོན་གྱི་གོ་གནས་ཐོག་ཧུར་བརྩོན་བྱས་འབྲས་བྱ་དགའ་ཐོབ་པ་བྱུང་བ་མ་ཟད་གསང་བའི་སློབ་སྦྱོང་ཡང་མྱོང་།  ལྷག་པར་ ༡༩༧༡ ལོར་སྦང་ལ་སྡེ་ཤི་དམག་འཁྲུག་ནང་འཛུལ་བཞུགས་ཀྱི་དམག་ཐབས་རྒྱལ་ཁ་འཐོབ་ནས་མཐར་སྦང་ལ་སྡེ་ཤ་ཞེས་རང་བཙན་རྒྱལ་ཁབ་དུ་གྱུར།  ༡༩༧༥  ལོར་རྩ་དགོངས་ཞུ་དགོས་མཆིས། དེ་ནས་མོན་གྷོ་གཞིས་ཆགས་སུ་འབྱོར་ནས་  ༡༩༧༨ ། ༡༩༨༠ བར་ལོ་གསུམ་རིང་ས་གནས་སུ་ལུས་རྩལ་རུ་ཁག་ཞེས་ལས་འགུལ་སྤེལ་སླད་དགེ་རྒན་ཆེན་མོའི་འགན་འཁུར་གྱི་ཞུས་པས་འགན་སྤོབས་སྐྱེས་བའི་བྱ་དགའ་ཐོབ་བྱུང།  ༡༩༨༡ ལོར་དྭང་སློབ་ནང་སྐྱར་སྦྱོང་ཆེད་སྒུག་གནང་བ་བཞིན་ཟླ་བ་གཅིག་རིང་དམག་རྩེད་སྦྱོང་ལྟར་ཞུས་པའི་ལག་འཁྱེར་གནང་རྩོལ་བྱུང།  དེ་ནས་  ༡༩༩༠ ། ༡༩༩༤  ། ༢༠༠༠ ལོར་གསུམ་རིང་གཞིས་གྲོང་དྲུག་པའི་མི་མང་ནས་འོས་འདེམས་ཐོག་བརྒྱ་དཔོན་ནམ་སྤྱི་མི་ཞེས་སྲི་ཞུ་སྐབས་གཞིས་གྲོང་ཁྱིམ་ཚང་བརྒྱ་དང་བཅུ་ཙམ་ལ་འཐུང་ཆུ་ནལ་ཀ་རེ་གསར་འཛུགས་ཀྱི་ད་བར་ཆུ་ཡི་དཀའ་ངལ་གསལ་བ་དང་གློག་གི་དཀའ་ངལ་ལྕི་ཆེ་ཡོད་པ་དེ་དག་གསར་འཐེན་ཞུ་པ་མ་ཟད། གཞན་སྐྱེས་ཚོའི་ཆེད་རྩེད་ཐང་གསར་བཟོ་ཐུབ་ནས་རྩེད་ཐང་མིང་ལ་གཞོན་ནུ་ལྷག་པ་ཚེ་རིང་ཞེས་ཀུན་གྱི་མཐོང་ལམ་གྱུར།  མི་མང་དངོས་ཡོད་ཉམས་ཐག་རྣམས་ལ་སྐྱོབ་གསོ་དང་སློབ་ཡོན་ཐབས་ཤེས་བྱས་འབྲས་གང་ཙམ་ཕན་རླབས་བྱུང་ཡོད།  ༡༩༩༢ ལོར་དྭང་ཟུར་ཚོགས་གཙོའི་འགན་འཁུར་རིང་  ༡༩༩༤  ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་ས་གནས་སུ་གནང་རྒྱུའི་ཐབས་ཤེས་འབེད་འགྲུས་ཀྱི་ས་གནས་སུ་གཏན་འབེབས་འགན་འཁུར་རྐང་ལེན་ཞུ་བའི་སྒྲུབ་འབྲས་ཐོན་པ་དང།  ཀུན་གྱི་མངགས་བརྗོད་ཐོབ་པ་བྱུང་ཞིང་།  ༡༩༩༢ ནས་ ༢༠༠༨ བར་ས་གནས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཚོགས་གཞོན་དྲུང་ཆེ་ཚོགས་གཙོ་བཅས་ཀྱི་ལས་དོན་རིམ་པར་ཞུས་ཡོད།  ལྷག་པར་  ༢༠༠༥ ནས་  ༢༠༡༠ བར་ལོ་ལྔ་རིང་འོས་བསྡུ་ཚོགས་མི་ཞུས་ཏེ་བཀའ་བློན་ཁྲི་པ་དང་བོད་མི་མངས་སྤྱི་འཐུས་།  ས་གནས་གྲོས་ཚོགས་རང་བཙན་ཚོགས་མི་བཅས་ལས་འཁུར་ཧུར་བརྩོན་ཞུས་ཡོད་།  དེ་མིན་དྭང་ཟུར་ཁག་གཅིག་ལ་ཟླ་རེ་སྒོར་  ༡༠༠༠  ཁག་གཅིག་ལ་ལོ་རེ་སྒོར་  ༤༥༠  ཡས་མས་བགོས་འགྲེམས་འགན་འཁུར་ཞུས་མུས་ལགས། ཞིབ་རྒྱས་གནས་ཚུལ་ཆ་ཚང་བྲིས་ན་ཡིག་ཚོགས་ཆེ་བས་ལོ་རྒྱུས་མདོ་བསྡུ་དང།  གཞུང་སྒེར་ཚོགས་པ་གང་དུའང་ལྷག་བསམ་རྣམས་དག་ཞུས་དང་ཞུ་མུས་བཅས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།།

སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞི་རྣམ་པའི་ལོ་རྒྱུས།

བཙན་བྱོལ་བོད་གཞུང་གི་དྲུང་ཆེ་འཁོར་ལྷ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ལོ་རྒྱུས།

༄༅། །དཔལ་འབྱོར་དྲུང་ཆེ་ཟུར་པ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱས་མཆོག འཁྲུངས་ཡུལ་གོ་འཇོ་ཡིན་པ་དང། ཁོང་མ་སུ་རི་གཏན་སློབ་ནས་གཞི་རིམ་སློབ་མཐར་ཕྱིན་རྗེས་ཕྱི་ལོ་ ༡༩༧༦ ནས་ ༡༩༨༣ བར་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་བཀའ་འབྲེལ་ཐོག་ཨོ་རི་ས་གཞིས་ཆཌ་ལས་ཁུངས་ཀྱི་དབྱིན་དྲུང་དང༌། བཟོ་འགོའི་ལས་རོཌ་ཞུས་པ་དང་ལས་རྒྱུན་རིང་གཙོ་བོ་ཚོང་ལས་ཡར་རྒྱས་གཏོང་རྒྱུས་མཚོན་ས་གནས་སུ་དངུལ་ཁང་གསར་འཛུཌ་གནང་བ་དང་འབྲེལ་སུད་ཚོང་བསྐྱོད་མི་ཚོར་སྐྱེད་ཆུང་བུན་གཡར་ཐོབ་ཐབས་དང༌། གཞིས་ཆཌ་ནང་དེང་དུས་དཀར་གསལ་གློག་འཁྲིད་འཛུཌ་བྱ་རྒྱུ་སོཌ་སྐབས་དེར་སྐད་ཡིག་གྱི་དཀའ་ངལ་ཅན་གྱི་མང་ཚོཌ་ཀྱི་རྨི་ལམ་དུའང་མེད་པའི་ལས་དོན་ཆེ་ཕྲ་མང་པོ་གནང་འདུག
ཕྱི་ལོ་ ༡༩༨༣ ནས་ ༡༩༨༦ བར་སིམ་ལ་བདེ་དོན་དང་བཟོ་འགོ་གཅིག་ལྕོཌ་ཀྱི་ལས་ཁུར་རྩིས་ལེན་ཞུས་པ་དང་ཁུལ་དེའི་ཁ་འཐོར་མི་མང་ ༡༤༠༠ ཙམ་ལ་སྡོད་ཁང་གསར་བསྐྲུན་དང༌། འཚོ་གོས་ཐབས་འཚོལ་བྱ་ཡུལ་མངའ་གཞུང་ལ་ཁྲོམ་ས་ཞུས་ཐོབ། རུམ་བཟོའི་ཐོན་སྐྱེད་ཁག་ཕྱིར་ཚོང་ནང་འདྲེན་བྱེད་རྒྱུ་སོཌ་མང་ཚོཌ་ཀྱི་འཚོ་བར་སྨན་པའི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
ཕྱི་ལོ་ ༡༩༨༦ ནས་ ༡༩༨༩ བར་རང་གཞུང་བཀའ་ཤག་གི་བཀའ་འབྲེལ་བཞིན་སྦིར་གསོག་སྒར་སློབ་གྲྭའི་སློབ་སྤྱི་དང་འགན་འཛིན་གཅིག་ལྕོཌ་ཀྱི་ལས་རྒྱུན་རིང་གཙོ་བོ་ཤེས་ཡོན་དང་སྒྲིག་འཛུཌ་ ཁྱད་པར་དུ་ཆབ་སྲིད་གོ་རྟོག་བཅས་ཀྱི་ཐོག་དམིཌ་བསལ་དོ་ཁུར་ཆེ་བཞེས་ཀྱིས་ནུས་པ་རྩལ་འདོན་གནང་སྟེ་ཤེས་སྤྱོད་ཐོག་རླབས་ཆེན་གྲུབ་འབྲས་ཇི་ཐོན་བོད་རིཌ་གཙོ་གྱུར་ཕྱི་ནང་མི་རིཌ་མང་པོས་བསྔཌ་བརྗོད་ཐོབ་པ་བྱུང་ཡོད།
ཕྱི་ལོ་ ༡༩༩༠ བཙན་བྱོལ་བོད་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས་གཉིས་ནས་ལས་དོན་བྱས་རྗེས་ཅན་ལ་དམིཌ་བསལ་དགོངས་བཞེས་ཀྱིས་ཨ་རིར་སྤྱི་ཚོཌ་འཛིན་སྐྱོང་སློབ་སྦྱོང་དུ་གཏོང་གནང་མཛད་འདུག།
ཨ་རིར་སློབ་སྦྱོང་གི་དུས་ཡུན་རྫོགས་མཚམས་གཞུང་དང་མི་མང་ཐོག་བསམ་ཤེས་ཀྱིས་ཕྱིར་ལོག་ཕེབས་ཏེ་ལས་བཅར་ཞུས་ཏེ་ཕྱི་ལོ་ ༡༩༩༡ ནས་ ༡༩༩༦ བར་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དང༌། དེ་རྗེས་ཟུང་འབྲེལ་དྲུང་ཆེའི་ལས་རྒྱུན་རིང་རྒྱ་བལ་འབྲུག་གསུམ་ནང་གཞིས་ཆཌ་ཁག་གི་གནས་སྟངས་ལ་གཞིཌ་པའི་ལས་འཆར་གསར་བསྐྲུན་དང༌། སོ་ནམས་ཐོན་སྐྱེད། བཟོ་རིཌ་ཁག་སྔར་མེད་གསར་བསྐྲུན་དང༌། ཡོད་པ་རྣམས་ཕུཌ་ཕན་རྒྱུན་འཛིན་སྲ་བརྟན་ཡོང་ཐབས། ལྷག་པར་གཞིས་མི་རྣམས་འཚོ་གོས་ཕྱི་བསྟེན་མི་དགོས་པར་རང་རྐང་རང་གཟུཌ་འཁྱོགས་པའི་ཕུཌ་འཕེར་ལས་འཆར་འདྲ་མིན་སྣ་ཚོགས་སྤེལ་གནང་བ་ནི་བོད་རིཌ་གཙོ་གྱུར་ཕྱི་རྒྱལ་མི་རིཌ་ཚང་མས་མཐོང་ཆོས་སུ་ཡོད་པ་ཞིག་རེད།
ཕྱི་ལོ་ ༡༩༩༦ ནས་ ༡༩༩༧ བོད་གཞུང་བཀའ་ཤག་གི་ལས་བྱེད་དྲག་གྲས་བཅུ་བཞིའི་ནང་ནས་འདེམས་ཐོན་གྱིས་དམིཌ་བསལ་ཐུཌ་རེ་ཆེན་པོས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འཛིན་སྐྱོང་དང་རྩོམ་བསྒྱུར་པའི་ལས་འགན་ཐོག་བསྐོ་རྫོངས་གནང་བ་བཞིན་ཕྱི་ནང་གནད་ཡོད་མི་རིགས་འབྲེལ་གཏུཌ་ཞུ་རྒྱུས་མཚོན་འཛིན་སྐྱོང་རོགས་དངུལ་ཐབས་འཚོལ་བྱ་རྒྱུ་དང༌། ལྷག་པར་བོད་ནང་ྋགོང་ས་ྋམཆོག་གི་མཛད་འཕྲིན་གཙོ་འགྱུར་བོད་དོན་ཆབ་སྲིད་དྲིལ་བསྒྲགས་བྱེད་རྒྱུ་དང༌། བོད་ནང་བོད་མི་རྣམས་དུས་གྱུར་ཆབ་སྲིད་ཀྱི་འཕོ་འགྱུར་དང་བསྟུན་གོམ་བགྲོད་མདུན་སྤོ་བྱ་ཐབས་བཅས་ཀྱི་རྨང་གཞི་བསྲ་འཛུགས་ཐུབ་པའི་དབང་གིས་དེང་སྐབས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཞེས་རླུང་འཕྲིན་གཞན་དང་མི་འདྲ་བར་བོད་དོན་ཆབ་སྲིད་གླེང་ཡུལ་བྱེད་སའི་སྡེང་ཆ་གཙོ་བོ་ཞིག་ཏུ་བསྒྱུར།
ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ བར་ཧོན་སུར་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོའི་ལས་རྒྱུན་སྐབས་གཙོ་བོ་མང་ཚོགས་ཀྱི་སོ་ནམས་ལས་གཞི་ཡར་རྒྱས་གཏོང་ཐབས་སྤྱི་དང༌། བྱེ་བྲག་ཏུ་འཐུང་ཆུ་འདྲེན་རྒྱུ། སློབ་ཕྲུག་ཚོའི་ཤེས་ཡོན་གོང་མཐོར་གཏོང་ཐབས། མཉམ་འབྲེལ་དང་སྨན་ཁང་བཅས་ཀྱི་འཛིན་སྐྱོང་སྒྲོམ་གཞི་སྲ་བརྟན། སྐྱ་སེར་ཕོ་མོ་དང་རྒན་བྱིས་དབྱེར་མེད་ནང་ཁུལ་མཐུན་ལམ་གཟོང་ཁ་ཆིག་བསྒྲིལ་ཡོང་ཐབས་བཅས་ལ་དམིགས་བསལ་ཐུཌ་སྣང་ཆེ་བསྐྱེད་ཞུས་པའི་རླབས་ཆེན་བསྒྲུབས་འབྲས་ལ་མང་ཚོཌ་ཀྱི་སྟོད་བསྔཌ་བྱ་ཡུལ་ཞིག་ཏུ་བསྒྱུར་འདུག།
༡༩༩༩ ནས་ ༢༠༠༡ ལོ་སྟོད་བར་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་གྱི་ལས་རྒྱུན་རིང་གཙོ་བོ་ཆོས་བརྒྱུད་ནང་ཁུལ་མཐུན་བསྒྲིལ་སྔར་ལྷག་ཡོང་ཐབས་དང་འབྲེལ་བའི་སྒྲིག་བཅུན་བཀོད་འདོམས་གནང་རྒྱུ་དང༌། བོད་ནས་ཕེབས་པའི་གྲ་བཙུན་ཚོར་སྣེ་སེལ་འཚོ་སྣོན་ཐབས་འཚོལ་གནང་རྒྱུ། གཞན་ཡང་འཛམ་གླིང་ནང་པའི་ཆོས་ཚོཌ་ཁག་དང་འབྲེལ་ལམ་བསྲ་བརྟན་ཡོང་ཐབས་སུ་ཆོས་ཚོགས་འདུ་བསྐོང་མགྲོན་འབོད་བྱ་རྒྱུ་བཅས་ལས་རྒྱུན་རིང་ཀྱི་ལས་དོན་ཚགས་འཚུད་གནང་འདུག
ཕྱི་ལོ་ ༢༠༠༡ ནས་ ༢༠༠༣ བར་དྲུང་ཆེའི་གནས་རིམ་ཐོག་བོད་གཞུང་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་ལས་རྒྱུན་སྐབས་བོད་ནས་ཕེབས་པའི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་བལྟ་སྐྱོང་ཚུལ་མཐུན་གནང་རྒྱུ་དང༌། འཁོས་ཞན་ཉམས་ཐག་རིགས་ལ་དམིགས་བསལ་གཟིགས་སྐྱོང་གནང་རྒྱུ། ས་མཚམས་སུ་སྐོར་སྲུང་བའི་དཀའ་ངལ་འཕྲད་སྐབས་མི་འགྲོ་ཆེད་གཉེར་གནང་རྒྱུས་མཚོན་རྒྱལ་སྤྱིའི་སྐྱབས་བཅོལ་ཡིག་ཚང་དུ་ཐད་འབྲེལ་གྱིས་ཛ་དྲག་ངལ་སེལ་ཐུབ་ཐབས་སུ་རོགས་ཕན་ཞུས་པ་དང༌། ལྷག་པར་གསར་འབྱོར་རྣམས་རང་ཉིད་ཀྱི་ཐུཌ་འདོད་དང་ལོ་ནར་གཞིཌ་པའི་གྲ་ས་དགོན་སྡེ་དང་སློབ་གྲ་བཅས་པར་མི་འགྲོ་ཆེད་གཉེར་བྱེད་རྒྱུ། བོད་ནང་ཕྱིར་ལོག་བྱ་མི་ཚོར་ས་ཐག་རིང་ཐུང་དཔགས་པའི་ལམ་གྲོན་འདང་ངེས་སྤྲོད་རྒྱུ་བཅས་ཀྱི་ལམ་སྲོལ་གསར་གཏོད་གནང་ཡོད
ཕྱི་ལོ་ ༢༠༠༣ ནས་ ༢༠༡༠ བར་བོད་གཞུང་དཔལ་འབྱོར་དྲུང་ཆེའི་ལས་འཁུར་རིང་བོད་གཞུང་ལས་ཁུངས་མ་ལག་ཁག་གི་འཆར་གསལ་རོཌ་དངུལ་ཐབས་འཚོལ་བྱེད་རྒྱུ་དང༌། ལོ་འཁོར་སྔོན་རྩིས་འཆར་འབུལ་བཀའ་འཁྲོལ་བྱུང་མཚམས་སྒྲིག་མཐུན་དངུལ་རྩིས་བཏང་བཅུན་ལམ་སྟོན་བསྲི་ཚཌ་ཡོང་ཐབས་བྱ་རྒྱུ། ཕྱི་ནང་རོཌ་ཚོཌ་ཁག་ལ་འབྲེལ་མཐུད་འཆར་འབུལ་ཞུ་རྒྱུ། སྔོན་རྩིས་ལས་འཆར་ཁག་སྒྲིག་མཐུན་བྱུང་མིན་ཐུགས་ཞིབ་ཀྱིས་འབྲེལ་ཡོད་ལས་ཁུངས་སོ་སོར་བཀོད་འདོམས་གནང་རྒྱུ་བཅས་འཐུས་ཚང་བྱུང་བར་གྲོས་ཚོཌ་ནས་བསྔཌ་བརྗོད་ཀྱི་མེ་ཏོག་ཐོར་བ་སོཌ་སྔར་ལམ་ལོ་རྒྱུས་ནང་མ་གྲགས་པའི་གནས་སྟངས་བྱུང་འདུག།
ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༣ ནས་ད་ལྟའི་ཆར་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེའི་ལས་གནས་ཐོག་ལས་ཁུར་ཞུ་མུས་ཡིན་པ་བཅས་ཁྱོན་མི་ལོ་ ༣༠ ལྷག་རིང་དཀའ་རྙོག་ཆེ་སའི་ས་གནས་གང་ཡིན་དུ་རང་གཞུང་ནས་ཐུགས་རེ་ཆེད་གཉེར་གནང་བ་ལྟར་དཀའ་ངལ་ལ་གདོང་ལེན་འཐབ་འཛིང་རྒྱུན་འཁྱོང་གནང་སྟེ་བྱས་རྗེས་གཟེངས་ཐོན་ཡོད་པ་ཞིག་ཡིན། མདོར་ན་རང་གི་ལང་འཚོ་ཧྲིལ་པོ་སྤྱི་དོན་ཁོ་ནའི་ཐོག་ལེགས་བསྐྱེལ་ཕུལ་སྟེ་ཐེག་པ་རིམ་འཛེགས་ཀྱིས་ལས་དྲུང་ནས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དྲུང་ཆེའི་གནས་རིམ་བར་ཕེབས་པའི་གཞུང་ཞབས་ཉམ་མྱོང་དང་ལྷག་བསམ་དྲང་ཚུགས་ཅན་ཞིག་ཡིན་པར་བརྟེན་བཀའ་བློན་ཁྲི་པར་འོས་ངེས་ཡིན་པས་དེ་དོན་ཚང་མས་ཐེ་ཚོམ་མེད་པར་འོས་འཕེན་ཡོང་བའི་ཞུ།

སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱི་ལོ་རྒྱུས།

 སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོ་བློ་བཟང་སྦྱིན་པ་ལགས། སྐྱེས་ཡུལ། ཁམས་ཚ་བ་རོང་པ། གཞི་རིམ་སློབ་གྲ་མ་སུ་རི་གཏན་སློབ་ནས་༡༩༧༣ ལོར་ཐོན་པ་དང་ཤེས་རིག་ལས་ཁུངས་ནང་ཕྱག་ལས་གནང༌། དེ་ནས་རྒྱ་གར་པན་ཇབ་མཐོ་སློབ་ཅན་དི་སྒར་ནས་སློབ་ཐོན་བྱུང་རྗེས་བོད་གཞུང་དཔེ་མཛོད་ཁང་དུ་ལོ་མང་རིང་ཕྱག་ལས་གནང་། དེ་རྗེས་རིམ་འཕར་གྱིས་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་བཞིན་པའི་སྐབས་གཞོན་ནུའི་སྒྲིགས་འཛུགས་སྲ་བརྟན་ཡོང་ཆེད་ཁོང་ནས་ཚོགས་གཙོའི་འགན་འཁུར་བཞེས་ཏེ་ཕྱག་ལས་ཧུར་ཐག་གནང་བར་བརྟན་གཞོན་ནུའི་སྒྲིགས་འཛུགས་སྲ་བརྟན་བྱུང་ཡོད། དེ་རྗེས་ ༡༩༨༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་དང་དྲུང་ཆེའི་འགན་འཁུར་བཞེས་ནས་ཕྱག་ལས་ལ་གྲུབ་འབྲས་ཐོན་པ་བྱུང་ཡོད། དེའི་རྗེས་བལ་ཡུལ་དོན་གཅོད་དུ་ཆེད་གཏོང་གནང་བ་བཞིན་བལ་ཡུལ་ནང་རྒྱུན་རིང་དཀའ་རྙོག་ཡོད་པའི་སློབ་གྲྭའི་གནད་དོན་ལ་གྲུབ་འབྲས་གཡུལ་དུ་ཟ་བ་ཐོབ་ཡོད་པར་མ་ཟད་མི་མང་གི་བདེ་སྡུག་དཀའ་ངལ་ཡང་གང་འགབ་སེལ་ཐུབ་པ་བྱུང་ཡོད། ༡༩༨༤ ལོར་སྐུ་འཚབ་ཐེངས་གཉིས་པའི་ལྟ་བསྐོར་དུ་བོད་གངས་ཅན་ལྗོངས་སུ་ཆེད་ཕེབས་གནང་། དེ་རྗེས་རིམ་པར་ཕྱི་ལོ་ ༡༩༩༤ ནས་༢༠༠༧ བར་སྐུ་སྒེར་དྲུང་ཆེའི་ཕྱག་ལས་མི་ལོ་བཅོ་ལྔ་རིང་གནང་།
མདོ་ན་བློ་བཟང་སྦྱིན་པ་ལགས་ནི། གཙོ་བོ་དྲང་ཚུགས་དང་ཤེས་ཡོན། ལྷག་བསམ་དང་ལོ་མང་གི་ཉམས་མྱོང་ལྡན་པ། བོད་སྤྱི་བའི་དོན་དུ་བློས་གཏོང་ཐུབ་མཁན་ཞིག་དང་། ཆབ་སྲིད་དང་འཛིན་སྐྱོང་སོགས་ལ་ཉམས་མྱོང་དང་ལྷག་བསམ་ལྡན་པ། མི་ལོ་ ༣༥ རིང་བཙན་བྱོལ་བོད་གཞུང་ལ་ཞབས་ཕྱི་ཞུས་ཡོད་པའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གལ་ཆེན་ཞིག་རེད།།

སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱི་ལོ་རྒྱུས།

སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ནི། ཕྱི་ལོ་ ༡༩༦༤ ལོར་བོད་མདོ་སྨད་ཆོལ་ཁར་སྐུ་འཁྲུངས་ཞིང་། དགུང་ལོ་བདུན་ཐོག་ནས་རྔ་བ་ས་ཁུལ་དམངས་བཙུག་སློབ་གྲྭ་རུ་བསྐྱོད་ནས་ཕྱི་ལོ་ ༡༩༨༠ ལོར་སློབ་གྲྭ་དེ་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༣ ལོར་ས་གནས་དེ་གའི་སྔོན་འགྲོའི་སློབ་གྲྭར་བོད་ཀྱི་སྐད་རིགས་སློབ་ཁྲིད་དང་སློབ་གཙོ་གཞོན་པའི་འགན་ལོ་ལྔ་རིང་གནང་། མཐོ་སློབ་འགྲིམས་སྐབས་སུ་སློབ་གྲྭའི་མཉམ་འབྲེལ་འགན་འཛིན་དང་དེ་གའི་དུས་དེབ་ཞིག་གི་རྩོམ་སྒྲིག་པ་ཡང་གནང་མྱངས། ཕྱི་ལོ་ ༡༩༨༨ བོད་རྒྱ་སྐད་ཡིག་གཉིས་ཀྱི་ལམ་ནས་སློབ་མཐར་ཕྱིན། འོན་ཀྱང་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པའི་ཉེས་འཛུགས་ཐོག་བཙོན་འཇུག་བྱས།
ཕྱིུ་ལོ་ ༡༩༩༠ ལོར་ཟླ་བ་དྲུག་གི་རིང་མདོ་དབུས་ཁམས་གསུམ་གྱི་ས་གནས་མི་འདྲ་བ་ཁག་རྣམས་སུ་ལོ་རྒྱུས་ཉམས་ཞིབ་དང་བསྡུ་རུབ་ཆེད་འགྲུལ་གཞུད་བྱས། དེ་རྗེས་ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་དུ་འབྱོར། ཚེ་རྒྱམ་ལགས་ནི་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་ ༡༩༩༣ ལོར་བཙན་བྱོལ་བོད་གཞུང་གི་མི་བོར་ཞིབ་བཤེར་སྡེ་ཚན་དུ་ཕྱག་ལས་ཐོག་མར་གནང་བར་མ་ཟད། བདེ་སྲུང་བོད་མིའི་ཉམས་ཞིབ་ཁང་གི་ཟུང་འབྲེལ་དྲུང་ཆེར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༥ ལོར་བདེ་སྲུང་བོད་མིའི་ཉམས་ཞིབ་ཁང་གི་འགན་འཛིན་དུ་གནས་འཕར་གྱིས་ལོ་གསུམ་རིང་ཕྱག་ལས་གནང་། དེ་རྗེས་བོད་རྒྱ་ཞིབ་མོལ་ཚོགས་ཆུང་གི་ཚོགས་མི་བསྐོ་བཞག་བྱུང་། ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༤ པའི་ནང་ཐེ་ཝན་དུ་༸གོང་ས་མཆོག་གི་སྐུ་འཚབ་དོན་གཅོད་ཀྱི་ཕྱག་རོགས་སུ་བསྐོ་བཞག་བྱུང་། ཐེ་ཝན་དུ་བཞུགས་རིང་ཁོང་གིས་ཧོང་ཀང་དང་ཐེ་ཝན་ནང་དུ་ཡོད་པའི་དུས་དེབ་དང་གསར་ཤོག་ཁག་འདྲ་མིན་ནང་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྩོམ་ཡིག་མང་པོ་སྤེལ་མྱངས་ཡོད།
ཕྱི་ལོ་ ༢༠༠༣ ལོར་ཐེ་ཝན་དུ་༸གོང་ས་མཆོག་གི་སྐུ་འཚབ་དོན་བཅོད་དུ་དངོས་སུ་བསྐོ་བཞག་གནང་རྗེས། ཐེ་ཝན་དུ་བཞུགས་རིང་ཐེ་ཝན་གྱི་མི་མང་དང་བོད་རིགས་བར་མཐུན་སྦྲེལ་གྱི་ལམ་སྲོལ་བཟང་པོ་འཛུགས་ཐུབ་པར་བརྟེན། ཕྱི་ལོ ༢༠༠༨ ལོའི་ཟླ་ ༣ ནང་ཁོང་ལ་ཐེ་ཝན་དབུས་ཕྱི་སྲིད་ལས་ཁུངས་ནས་གཟེངས་རྟགས་ཐོབ། ཕྱི་ལོ་ ༢༠༠༨ ཟླ་ ༣ ཟླ་འཇུག་ཏུ་སྐུ་སྒེར་ཡིག་ཚང་དུ་གནས་སྤོས་ཀྱིས་ད་ལྟའི་ཆར་སྐུ་སྒེར་དྲུང་ཆེའི་ཕྱག་ལས་གནང་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།