ཡིད་སྐྱོའི་གནས་ཚུལ།
ཆུ་སྒང་རྒྱུན་ཟུར་ཅུང་པ་བསྟན་པ་དབང་རྒྱལ་ནི། སྤྱི་ལོ་ ༢༠༠༧ ནས་ཡུན་རིང་ནད་མནར་གྱིས་རྐྱེན་པས། སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༡༡ སྤྱི་ཚེས་ ༥ ཉིན་འདས་གྲོངས་སུ་སོང་བའི་གནས་ཚུལ་བྱུང་ཡོད་པ་རེད། དམ་པ་ཁོང་ནི་བར་ཁམས་སོག་རྫོང་གི་ཁོངས་གཏོགས་ཅུང་པ་དཀར་ཤོད་དུ། སྤྱི་ལོ་ ༡༩༣༨ ལོར་སྐྱེས། སྤྱི་ལོ་ ༡༩༥༩ ལོར་བོད་མི་སྤྱི་མཚུངས་ལྟར་བཙན་བྱོལ་དུ་འབྱོར། སྤྱི་ལོ་ ༡༩༦༢ ལོར་ཨ་མེ་རི་ཀའི་གསང་བའི་འཇབ་དམག་ C.I.A ཁོངས་སློབ་སྦྱོང་དུ་བསྐྱོད། སློབ་སྦྱོང་ཟིན་པ་དང་ཕྱིར་རྒྱ་གར་དུ་ལོག་སྟེ། བོད་ཡུལ་ཀོང་པོ་དང་པད་མ་བཀོད། ཙ་རི། རྫ་ཡུལ་སོགས་སུ་འཇབ་དམག་བརྒྱག་རྒྱུ་དང་གསང་བའི་ལས་དོན་བསྒྲུབ་པར་ལོ་མང་རིང་ཕྱིན་ཡོད། ལས་དོན་བསྒྲུབས་པའི་རིང་གལ་འགང་ཆེ་བའི་གསང་གནས་མང་པོ་མཁོ་སྒྲུབ་ཐུབ་པ་བྱུང་ཡོད། སྤྱི་ལོ་ ༡༩༨༧ ལོ་ནས་སྤྱི་ལོ་ ༡༩༩༧ ལོ་བར་སིམ་ལར་ས་གནས་ཆུ་སྒང་རྒྱུན་ལས་གནང་། སྤྱི་ལོ་ ༡༩༩༧ ནས་ ༢༠༠༠ ཐམ་པ་བར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་གི་དངུལ་གཉེར་བྱས་པས་མཚོན་འདས་པོ་ཁོངས་ནི་བོད་སྤྱི་ཡི་རྩ་དོན་ཐོག་སེམས་ཤུགས་རི་བཙུགས་པ་ལྟ་བུ་དང་ལྷག་པར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་ཐོག་ལྷག་བསམ་ཟོལ་མེད་བྱེད་མཁན་ཞིག་ཡིན་པས་སྤྱིར་བོད་རིགས་ཡོངས་དང་ལྷག་པར་མདོ་སྟོད་མི་དམངས་ཡོངས་ཀྱིས་མྱ་ངན་དང་བློ་ཕམ་བྱ་འོས་པ་དང་བྱ་དགོས་པ་ཞིག་ཀྱང་རེད། ད་རེས་ཁོང་ཉིད་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ལ་ཆུ་སྒང་རྒྱུན་ལས་ནས་མདོ་སྟོད་མི་མང་ཡོངས་ཀྱི་མགྲིན་ཚབ་ཞུས་ནས་ཁོང་གི་བཟའ་ཟླ་དང་ནང་མི་བུ་ཕྲུག་གཉེན་ཉེ་བཅས་ལ་སེམས་གསོ་མཚམས་འདྲི་གདུང་སེམས་མཉམ་སྐྱེད་བཅས་ཞུ་རྒྱུ་དང་། འདས་པོ་དེ་ཉིད་ཀྱིས་ཚེ་རབས་འཕྲེང་བར་བསགས་པའི་སྡིག་ལྟུང་ཐམས་བཅད་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་རྣམས་མཁྱེན་རྒྱལ་བའི་གོ་འཕང་བདེ་བླག་ཏུ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ཡིག་ཚང་ནས་སྤྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༩ ཉིན།
















