དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།75
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།307
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1199
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96092

Online (20 minutes ago): 13
Your IP: 38.107.179.236
,
Today: Feb 07, 2012

བོད་ཀྱི་བསྟན་སྲུང་དང་བླངས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་ཐོག་ཡོངས་ཁྱབ་གཏམ་བཤད།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་བླ་སྤྲུལ་དགེ་འདུན་གྱི་སྡེ་རྣམས་དང་སྐུ་མགྲོན་གཙོ་བོ་་་་་་་་་་་་མཆོག    ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་གཙོ། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ་བཅས་སེར་སྐྱ་མི་མང་ཡོངས་ལ་ངས་མདོ་སྟོད་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
༡༽བོད་རྒྱལ་ལོ་ ༢༡༣༧ ཟླ་ ༥ པའི་ཚེས་ ༤ དང་ཕྱི་ལོ་ ༢༠༡༠ ཟླ ༦ ཚེས་ ༡༦ གི་ཉིན་མོ་འདི་བཞིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་དབུ་ཁྲིད་པའི་བོད་ཀྱི་བསྟན་སྲུང་དང་བླངས་དམག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་ཚིགས་སུ་ཁེལ་བ་ལྟར། རྒྱ་དམར་གྱི་ཟ་སེམས་འདོད་རྔམས་ཁོ་ནས་རྩ་ཆེའི་བོད་ཀྱི་ཆོས་དང་རིག་གཞུང་དང་། བོད་མིར་ཇི་མི་སྙམ་པར་དེང་དུས་ཀྱི་འཕྲུལ་མཚོན་ལ་སོགས་པའི་དྲག་སྤྱོད་ཁོ་ནར་བརྟེན་ཏེ་བཙན་འཛུལ་བྱས་པར་བོད་རྒྱལ་ཁབ་དང་། བསྟན་སྲིད་སྲུང་སྐྱོབ་བྱ་རྒྱུར་ཚེ་ལུས་ལོངས་སྤྱོད་ཡོངས་རྫོགས་ཁ་ཙམ་མིན་པ་དོན་ངོ་མའི་བློས་བཏང་གནང་བའི་འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ད་ལྟ་འཚོ་ཞིང་བཞུགས་པའི་བསྟན་སྲུང་དང་བླངས་དམག་ཟུར་རྣམ་པའི་བཀའ་དྲིན་དང་བྱས་རྗེས་བླ་ན་མེད་པ་བཞག་གནང་མཛད་པ་དེ་དག་བྱས་པ་རྗེས་མེད་དུ་མ་སོང་བ་ང་ཚོ་ཤུལ་ལུས་བོད་མི་ཚོས་ལོ་བསྟར་ཆགས་སུ་དེ་དག་དྲན་གསོ་ཞུ་རྒྱུའི་དུས་ཚིགས་ངེས་ཅན་ཞིག་ཏུ་སླེབས་པ་ཡིན།
༢༽དེང་རབས་གཞོན་སྐྱེས་འཚར་ལངས་འབྱུང་བཞིན་པའི་བུ་རབས་ཚ་རྒྱུད་རྣམས་ལ་འདས་པའི་ཕ་མེས་ཚོའི་སེམས་ཤུགས་དང་དམིགས་ཡུལ་ངོ་མ་ཇི་ཡིན་ཁ བཤད་ཙམ་མིན་པ་རྒྱུད་ལ་འཇགས་ཐུབ་པའི་ངོ་སྤྲོད་གནང་རྒྱུ་ནི་ང་ཚོའི་མི་རབས་དང་འགོ་ཁྲིད་ཚོའི་འོས་འགན་དོར་མི་རུང་བ་ཞིག་དང་། བོད་མི་མང་པོ་མི་ཤི་ཁྱིམ་སྟོང་དང་འཛམ་གླིང་གང་སར་འཁྱམས་པོ་ལྟ་བུར་གནས་དགོས་པའི་རྒྱུ་རྐྱེན་སུ་ལ་ཐུག་ཡོད་པ་ངོས་འཛིན་གསལ་པོ་བྱས་ཏེ་མ་འོངས་བོད་རང་བཙན་གཙང་མ་ཞིག་མ་བྱུང་བར་བོད་མིའི་སེམས་ཤུགས་དང་། ལྷག་བསམ་གཡོ་བ་མེད་པར་རྒྱུན་གནས་ཐུབ་པའི་ལོ་རྒྱུས་ཀྱི་སློབ་གསོའི་དུས་རིམ་ཞིག་དང་མི་རབས་རྗེས་མར་རྒྱུད་སྤྲོད་བྱ་རྒྱུའི་དུས་ཚིགས་ཤིག་ལ་ངོས་འཛིན་ཞུ་ཆོག་པ་ཡིན།  
དུས་དྲན་མཛད་སྒོའི་བརྒྱུད་ལམ་ནས་དངོས་དོན་དང་འཚམས་པའི་རྒྱ་བོད་དབར་ཆབ་སྲིད་ཀྱི་འཐབ་རྩོད་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས། ལོ་རྒྱུས་ཐོག་རྒྱལ་ཁབ་སོ་སོ་དང་། མི་རིགས་དང་ས་ཆའི་བདག་དབང་སོ་སོར་ཡོད་པ། རྒྱ་དམར་གྱིས་དྲག་ཤུགས་བེད་སྤྱད་དེ་བཙན་འཛུལ་བྱས་པ་སོགས་དངོས་ར་འཕྲོད་པའི་བདེན་དཔང་དང་བཅས་ཏེ་འཛམ་གླིང་གོ་ལའི་སྟེང་དུ་གནས་པའི་སྐྱེ་དགུ་འགྲོ་བ་ཡོངས་ཀྱི་ཤེས་སུ་འཇུག་དགོས་པ་དང་། ངན་དགུ་ཚང་བའི་རྒྱ་ནག་གི་རྫུན་གཏམ་དང་གཡོ་རྒྱུའི་བྱས་ཉེས་ཐ་དག་འཛམ་གླིང་ཐོག་ཐེར་འདོན་བྱ་དགོས་པ་མ་ཟད། རྫུན་རྐུབ་དམར་རྗེན་དུ་བཏོན་ཏེ་ཁོ་པ་ཚོ་ངོ་ཚ་ཁ་སྐྱེངས་དགོས་པ་བཟོས་ཏེ་དྲང་བདེན་གྱི་ལམ་ཕྱོགས་སུ་འགྲོ་ཤེས་པ་ཞིག་བཟོ་དགོས།  རྒྱ་ནག་གཞུང་གིས་དྲག་ཤུགས་ཁོ་ནར་བརྟེན་ཏེ་ཆབ་སྲིད་དང་། རྒྱལ་ཁབ་འཛིན་སྐྱོང་བྱེད་ཕྱོགས་འདིས་མུ་མཐུད་དེ་ཁུངས་མི་འཁྱོལ་བ་དོན་དངོས་དང་མཐུན་པ་ཞིག་ཡིན། མི་ཞིག་ཡིན་ཕྱིན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་སྟབས་རྒྱ་ནག་མི་མང་ལའང་འགྲོ་བ་མི་ཡི་ཐོབ་ཐང་དང་། མང་གཙོའི་རང་དབང་ངོ་འཕྲོད་རིམ་བཞིན་དམར་པོའི་འཛིན་སྐྱོང་གི་སྡུག་རྩུབ་དང་གནོན་ཤུགས་ཀྱི་ཟིལ་ངར་རིགས་བཟོད་ཐབས་བྲལ་ཏེ་ད་ལྟའི་ཆར་རྒྱ་ནག་མི་མང་རྣམས་རྒྱ་གཞུང་དང་འགལ་ཟླའི་རྣམ་པ་ཉིན་རེ་བཞིན་ཇེ་གསལ་དུ་ཐོན་བཞིན་ཡོད།  ཕྱོགས་མཚུངས་འདོད་འདུན་མི་གཅིག་པའི་མི་རིགས་ ༥༥ དྲག་ཤུགས་དང་བཙན་གནོན་གྱིས་གཅིག་གྱུར་བཟོས་ཏེ་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཞིག་བཙུགས་པ་དེའི་ནང་གཟེར་མ་ར་མགོ་ལྟ་བུའི་གང་ལ་ཐུག་ཀྱང་སོས་ཐབས་མེད་པའི་རྨ་ཁ་ཆེན་པོ་རེ་ཡོང་ལ་ཉེ་བའི་མི་རིགས་ཀྱི་འགལ་ཟླ་དང་། ཆོས་ལུགས་ཀྱི་འགལ་ཟླ། ཆབ་སྲིད་འགལ་ཟླའི་རྣོ་ངར་མི་འདྲ་བ་ཕྱོགས་བཞི་མཚམས་བརྒྱད་ནས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པར་བརྟེན་ནམ་ཞིག་མི་རིང་བར་དམར་པོའི་སྲིད་དབང་འགོ་རྟིང་ལོག་རྒྱུ་ཟུར་བལྟས་ལེབ་མཐོང་ཡིན། དེ་ལྟ་བུའི་དུས་ཚོད་ཞིག་ཐུག་ལ་ཉེ་བ་ཡིན་སྟབས་ང་ཚོས་ནམ་ལངས་ཁ་སྐྱིན་མ་ཤོར་བར་བོད་རང་བཙན་གྱི་འཐབ་རྩོད་ལ་ངང་རྒྱུན་བསྲིངས་དགོས། དོན་ཆེན་བསྒྲུབ་པར་ངང་ཆེན་དགོས་ཟེར་བ་ལྟར་བློ་རྩ་བརྟན་པོས་འཐབ་རྩོད་རྒྱུན་མཁྱོངས་བྱ་ཐུབ་པ་བྱུང་ཚེ། ང་ཚོ་དང་ང་ཚོའི་མི་རབས་རྗེས་མའི་དུས་སུ་བོད་ལ་རང་བཙན་ཐོབ་རྒྱུར་གདོན་མི་ཟ་བ་ཡིན། རྒྱུ་མཚན་ནི། འཛམ་གླིང་ནང་དམར་ཤོག་ཕྱོགས་ཁག་གི་སྟོབས་ཆེན་རྒྱལ་ཁབ་གོང་ན་མེད་པ་ར་ཤེ་ཡ་འཐོར་ཞིག་སོང་བ་དང་། མང་གཙོའི་ལམ་ཕྱོགས་སུ་ཕེབས་སྐབས་རང་བཙན་འཐབ་རྩོད་པ་རྣམས་ལ་རང་བཙན་དང་། རང་སྐྱོང་འཐབ་རྩོད་པ་རྣམས་ལ་རང་སྐྱོང་གི་གནས་བབས་ཐོབ་པ་ལྟར། ང་ཚོར་རྒྱ་ནག་དམར་པོའི་སྲིད་དབང་མགོ་རྟིང་ལོག་པ་དང་། མང་གཙོའི་ཁ་ཕྱོགས་སུ་འགྱུར་བའི་ཉིན་མོར་རང་བཙན་འཐབ་རྩོད་པ་ཚོས་ལོ་རྒྱུས་ཐོག་ནས་བོད་རང་བཙན་རྩོད་ལེན་བྱ་རྒྱུའི་ལམ་ཁ་ནག་བསུབ་མ་བཏང་བར་རྒྱུན་མར་གནས་པ་བཟོས་ཡོད་སྟབས་མང་གཙོའི་ཁྲིམས་སྲོལ་ལྟར་རྒྱུ་མཚན་ལྡན་པའི་ཐོག་ནས་རང་བཙན་དང་། ཐོབ་ཐང་ཡོངས་སུ་རྫོགས་པ་ལེན་ཆོག དེའང་མི་རབས་འདིས་གནས་སྐབས་ཀྱི་ཁེ་ཕན་མིང་སྙན་ཆུང་ངུའི་རིགས་དོར་ཏེ་བོད་ཀྱི་ལོ་རྒྱུས་ནག་འབྱམས་སུ་མི་འགྲོ་བར་གཏན་གནས་ཐུབ་པའི་འགན་ཁུར་དགོས་པའི་གཉན་འཕྲང་དང་ཧ་ཅང་གི་ཛ་དྲག་པའི་དུས་སྐབས་ཤིག་ལ་སླེབས་ཡོད། མི་རབས་འདིས་མི་རབས་རྗེས་མར་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་དཔེ་ལྟར་རང་བཙན་འཐབ་རྩོད་བྱ་ཡུལ་གྱི་ལམ་ཁ་དེའི་ནང་མུ་མཐུད་ཤར་བསྐྱོད་བྱེད་ཆོག་པ་ཞིག་བཟོ་ཐབས་ཐད་གསོན་པོར་གནས་པའི་བོད་མི་སྐྱེ་བོ་མཆོག་དམན་ཀུན་གྱི་སེམས་ལ་འཇོག་དགོས་པ་ཞིག་ཡིན།
རང་སྐྱོང་ཞི་མོལ་གྱི་ཐད་ནས་ད་བར་རྒྱ་ནག་གཞུང་ལ་ཡིག་ཐོག་ནས་དོན་ཚན་བདུན་ཅན་ཞིག་སྔ་རྗེས་སུ་གནང་འདུག་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མི་མཐུན་པ་མ་ཟད། གཞིས་ལུས་བོད་མིའི་མངོན་འདོད་དང་མ་མཐུན་པ།  ཆོས་སྲིད་ཟུང་འབྲེལ་མི་དགོས་པ། མང་གཙོའི་ལམ་སྲོལ་མི་དགོས་པ།  ད་ལྟའི་རྒྱ་གཞུང་གི་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ཆ་ཚང་ཁས་ལེན་པ།  མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་མི་མཐུན་པ། གུ་ཡངས་དཀྱེལ་ཆེའི་བོད་རང་བཙན་བློས་བཏང་གནང་བ་སོགས་ཀྱི་བྱེད་ཐབས་ཇི་ལྟར་གནང་ཡང་གྲུབ་འབྲས་ཐོན་རྒྱུར་ཕན་ལས་གནོད་ཆེ་བ་ལྟ་བུ་མ་གཏོགས་རེ་སྟོང་དུ་གྱུར་ཡོད། རྒྱ་ནག་གཞུང་ཕྱོགས་ཀྱི་དེ་དག་ལ་ལན་འདེབས་ནི་འོས་སུ་མ་མཆིས་པ་དང་། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གོང་ས་༸མཆོག་ལ་མཚན་སྨད་སྐྱོན་འདོན་ཁོ་ན་དང། འཛམ་གླིང་མི་མང་མགོ་བོ་རྨོངས་སུ་འཇུག་ཆེད་འབྲེལ་མོལ་བྱེད་མདོགས་ཀྱི་ཟོལ་ཙམ་ལས་ང་ཚོར་དོན་དངོས་དང་མཐུན་པའི་ཕན་ཐོག་གང་ཡང་བྱུང་མེད། ད་ལྟའི་ཆར་གཞུང་ཕྱོགས་ནས་འཛིན་བཞིན་པའི་སྲིད་བྱུས་བྱུང་རིམ་གྱི་ངོ་བོ་དང་གནས་བབས་ནི་ཙི་ཙིའི་མཇུག་མའི་རང་བཞིན་དུ་མངོན་པ་ནི་ཡིད་མུག་དགོས་པའི་གནས་སུ་གྱུར།
༣༽མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཆེན་ཐོག་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་དང་། རྒྱ་ཕྱོགས་ནས་དྲན་ཐོ་ལ་ལན་འདེབས་ཟེར་བའི་མཁྱོག་བཤད་བྱས་པ་་ཕྱོགས་གཉིས་ཀར་ངོས་ལེན་མེད་པ་དང་། བོད་རང་བཙན་རྩོད་ལེན་བྱ་རྒྱུ་ནི་སྔར་རྒྱུན་བཞིན་དོན་གཉེར་བྱ་རྒྱུར་སྤྱི་མོས་ཀྱིས་གཏན་ལ་དབབ་པ་ལྟར་མདོ་ཁམས་ཆུ་སྒང་ས་གནས་རྒྱུན་ལས་རྣམ་པས་དབུ་ཁྲིད་པའི་མདོ་ཁམས་སེར་སྐྱ་མི་མང་ཡོངས་ཀྱིས་སྔར་ལྷག་འབད་པ་ཆེར་བསྐྱེད་ཀྱིས་རྩ་དོན་ལ་སྨན་ངེས་ཀྱི་ལས་འགུལ་ས་གནས་སོ་སོར་གནང་དགོས་པ་ང་ཚོ་སྐྱབས་བཅོལ་དུ་གྱར་བའི་དགོས་པ་ངོ་མ་དེ་ཡིན་སྟབས་འཐུས་སྒོ་ཚང་བ་དང་རེ་འབྲས་སོན་པ་ཞིག་ཡོང་ཐབས་ལ་ངང་རྒྱུན་བསྲིང་དགོས་པ་ཡིན།
༤༽ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས ༡༤  ཞོགས་པ་ཆུ་ཚོད་ ༥་༣༩ དང་། ཡང་ཆུ་ཚོད་ ༧། ༤༩ ཐོག་བོད་མདོ་ཁམས་སྐྱེ་རྒུའི་ཕྱོགས་སུ་འབྱུང་བའི་ནུས་པས་འཇིགས་སུ་རུང་བའི་ས་གཞི་གཡོ་འགུལ་ཤུགས་དྲག་ཆེན་པོ་ཐེབས་ཏེ་མི་འབོར་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་པ་དང་ཁྲི་ཕྲག་ལས་བརྒལ་བར་རྨས་སྐྱོན་ཚབ་ཆེན་པོ་ཕོག་སྟེ་མི་ཤི་རྒྱུ་གྱོང་གི་གོད་ཆགས་བསམ་ཡུལ་ལས་འདས་པ་བྱུང་བར་རང་རིགས་བྱེས་འཁོད་མི་མང་སྤྱི་དང་། བྱེ་བྲག་ཏུ་འཛམ་གླིང་གང་སར་གནས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཁག   དེ་བཞིན་ཁམས་རིགས་མི་མང་ཡོངས་ཀྱིས་མ་བསྐུལ་དང་བླངས་ཀྱིས་འདས་པོ་དེ་དག་དང་། རྨས་སྐྱོན་ཕོག་པ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མཆོག་ཡང་དག་ཏུ་འདྲེན་ནུས་པའི་སྐྱབས་ཡུལ་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་བླ་སྤྲུལ་གང་ན་སུ་བཞུགས། སྐྱབས་གནས་དགེ་འདུན་གྱི་སྡེའི་སྐྱབས་འོག་ནས་འཁོར་བ་དང་ངན་སོང་གི་གནས་སུ་དུས་ནམ་ཡང་མི་གཏོང་བའི་ཛ་དྲག་གིས་གསོལ་འདེབས་ཞུ་དགོས་པ་དང་། དེ་མཚུངས་འབྱུང་བའི་རྐྱེན་ངན་འོག་ནས་ཚེ་ལས་འདས་པ་དང་། རྨས་སྐྱོན་བྱུང་བ་དེ་དག་སྡུག་བསྔལ་ལས་སྐྱོབས་ཐབས་ཡུལ་མཆོག་གནས་བཞི་ལས་ལྷག་པ་ཞིག་རྙེད་ཐབས་མེད་པས་ཚང་མས་དཀོན་མཆོག་ལ་སྐྱབས་ཐབས་ཀྱི་གདུང་འབོད་དང་། མཆོད་འབུལ་གསོལ་འདེབས་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ལྟར་འཛམ་གླིང་གང་སར་བཞུགས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཁག་དང་སེར་སྐྱ་མི་མང་གིས་ཚ་ཚ་འུར་འུར་ཐོག་གཞིས་ལུས་བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་དགེ་གསོག་བསྔོ་སྨོན་སྐྱབས་ཞུའི་གཙོས་ལས་འགུལ་རྒྱ་ཆེ་གནང་འདུག་པ་མ་ཟད།  ཁྱིམ་གཞིས་བསྐྱར་གསོའི་དཔལ་འབྱོར་གྱི་རོགས་རམ་རྒྱ་གང་ཆེ་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཀྱང་ཞེ་དགུའི་བདུན་ཚིགས་བཞི་པའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་གསོལ་འདེབས་ཀྱིས་མཚོན་པའི་དགེ་འདུན་བསྙེན་བཀུར་འདུ་འཚོགས་སོགས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཐུབ་པ་བྱུང་ཡོད། མ་འོངས་དུས་དང་རྣམ་པ་ཀུན་ཏུ་གཞིས་བྱེས་བོད་མི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་དབུས་དང་ས་གནས་སོ་སོར་དུས་ཐོག་ཏུ་འཐུས་ཤོར་མེད་པ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།
༥༽འགན་ལྷན་ཐེངས་ ༤༠ པའི་གྲོས་ཆོད་ཨང་ ༥ པའི་ནང་གསེས་ ༢ པའི་དགོངས་དོན་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་འོས་འདེམ་བྱ་ཕྱོགས་ཐད། ༼མཐའ་མའི་ཐག་གཅོད་ནང་མང་མོས་རྩེ་ཏོག་གི་འོས་གཞི་མི་གྲངས་ ༡༠ ནས་སྐྱེས་པ་ ༨ དང་བུད་མེད་ ༢ དབུས་སྤྱི་ཁྱབརྒྱུན་ལས་ཁང་གིས་གཏན་འབེབས་གང་གནང་ལ་རྩ་འཛིན་བྱ་རྒྱུ་ལས་དེ་མིན་འོས་གཞི་འདྲ་མིན་བྱུང་རིགས་ལ་ངོས་ལེན་མེད་པའི་གྲོས་ཆོད་དུ་༽ཅེས་ཚོགས་ཆེན་ཐོག་སྤྱི་མོས་ཀྱིས་ཐག་བཅད་གནང་བ་ལྟར་རྒྱ་ཆེའི་མི་མང་གིས་དེ་དོན་འོས་ཤོག་གི་ནུས་པ་གཅིག་ཏུ་སྤུངས་ཏེ་བོད་སྤྱི་པའི་རྩ་དོན་དང་། མདོ་སྟོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་རྩ་དོན་བསྒྲུབ་མཁན་ཞིག་འདེམས་བྱ་མ་ནོར་བ་དགོས་རྒྱུ་གལ་ཆེར་བརྟེན། དེ་དོན་མང་གཙོའི་ཁེ་དབང་དུས་ཐོག་ཏུ་ལོངས་སྤྱོད་བྱེད་ཐུབ་པའི་ཆ་རྐྱེན་རྣམས་སྔ་ཙམ་ནས་བསྒྲུབ་དགོས་པ་ཡིན། དེ་དང་ཕྱོགས་མཚུངས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་ ༡༩ པའི་འོས་གཞི་ས་གནས་སོ་སོས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕུལ་འབྱོར་བྱུང་བ་ལྟར་མང་རིམ་རྩེ་ཏོག་གི་འོས་གཞི་མི་གྲངས་ ༡༡ གཏན་འབེབས་གནང་དགོས་པ་སྤྱི་མོས་ཀྱི་གཏན་ལ་དབབ་པའི་གྲོས་ཆོད་ཀྱི་དགོངས་དོན་ལྟར་གཏན་ཁེལ་ཞུ་རྒྱུ་ཡིན། འདིའི་ཐད་མ་འོངས་མདོ་ཁམས་ཆུ་བཞི་སྒང་དྲུག་འཕེལ་རྒྱས་ཡས་མར་གང་དུ་ཕྱོགས་མིན་ཁ་ལོ་བ་ལྟ་བུ་དེ་དབུས་སྤྱི་ཁྱབ་རྒྱུན་ལས་ཡིན་སྟབས་ཤེས་ཡོན་དང་། བསམ་སྤྱོད་ཡང་དག  ལངས་ཕྱོགས་བརྟན་པོ། གནས་སྐབས་སོ་སོ་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་མི་འོག་ཏུ་མགོ་མ་འཁོར་བར་རང་ཚུགས་ཐུབ་མཁན། ལོ་དུས་ཐུང་ངུའི་ནང་སྤྱི་ཚོགས་ལ་ཞབས་ཞུ་བྱེད་ཐུབ་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་མའི་དམིགས་ཡུལ་བོད་རང་བཙན་གྱི་འཐབ་རྩོད་རྒྱུན་འཁྱོངས་བྱེད་ཐུབ་མཁན་ཞིག་འགོ་མང་ཡོངས་ཀྱིས་བརྟག་ཞིབ་ནན་པོ་གནང་སྟེ་འདེམ་བྱ་མ་ནོར་བ་བྱ་རྒྱུ་ནི་ཆེས་ཤིན་ཏུ་ནས་གལ་འགངས་ཆེ་ཤོས་དེ་ཡིན།
༦༽དུས་ཀུན་ཏུ་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་སོ་སོས་སྒྲིག་གཞི་དང་། གྲོས་ཆོད་ཡིག་ཐོག་ཏུ་འཁོད་ཐུབ་ཙམ་མིན་པ་དོན་ངོ་མའི་ལག་ལེན་དུ་འཁྱོལ་ཐབས་བྱས་ཏེ་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་དང་། ཚོགས་པའི་འཛིན་སྐྱོང་གི་ལས་དོན་ལོ་རེ་བཞིན་སྔར་ལྷག་ཚགས་ཚུད་གང་གནང་གི་ངོ་བོ་འགན་ལྷན་ཚོགས་ཆེན་ནམ་ཡིན་ལ་ལོ་འཁོར་ལས་བསྡོམས་དང་། གཏོང་ཡོང་ལྷག་བསྡད་ཀྱི་རྩིས་ཁྲ་སྙན་སྒྲོན་ཞུ་དགོས་པ་ཡིན། སྔ་ལོ་ནས་དབུ་ཚུགས་ཏེ་ས་གནས་རྒྱུན་ལས་ཁག་མང་པོས་ལས་བསྡོམས་དང་རྩིས་ཁྲ་ཚོགས་ཆེན་ཐོག་སྙན་སྒྲོན་གནང་སོང་བར་ལེགས་པའི་རང་བཞིན་ཡང་། ད་དུང་ས་གནས་མང་པོ་ཞིག་གིས་རྩིས་ཁྲ་དང་ལས་བསྡོམས་ཚོགས་ཆེན་དུ་སྙན་སྒྲོན་ཞུ་མ་ཐུབ་པ་རྗེས་ལུས་དང་འཐུས་ཤོར་འགྲོ་བཞིན་ཡོད་པའི་རྣམ་པ་གསལ་པོ་མངོན་བཞིན་འདུག་ན་ངེས་པར་དུ་ལེགས་བཅོས་གནང་རྒྱུའི་དུས་ལ་བབས་ཡོད།
༧༽ད་ལྟའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་། དཔལ་འབྱོར་གྱི་གནས་བབས་གང་ས་ཅི་ཐད་ནས་འགོག་ཐབས་མེད་པའི་འཕེལ་རྒྱས་དང་ཡར་རྒྱས་ཚགས་ཚུད་ཀྱི་རང་བཞིན་དུ་ཕེབས་བཞིན་པ་ནི་མིག་སྔར་ཕྱི་ནང་སུས་གཟིགས་ཀྱང་མཐོང་ཐུབ་པ་གྱུར་ཡོད། འོན་ཀྱང་ད་དུང་ཡང་ཡར་རྒྱས་ལ་མཐའ་མེད་པ་ཡིན་སྟབས་འདི་ཙམ་གྱིས་བློ་ཁ་མ་ཁེངས་པ་ཁམས་རིགས་འགོ་མང་ཡོངས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཤི་ན་བླ་གནས་ས་དང་། གསོན་ན་སེམས་ཆགས་སའི་ཕ་མེས་ཚོས་ཤུལ་བཞག་ཚོགས་པ་འདིའི་མདུན་ལམ་ལ་འགལ་རྐྱེན་མི་འཕྲད་པའི་འགན་མཉམ་ཁུར་བྱ་རྒྱུ་དང་། བོད་མི་ནང་ཁུལ་དུའང་རྒྱ་དམར་དང་འདྲ་བའི་ཁམས་རིགས་ནང་ཁུལ་དུམ་བུ་ཁ་བྲལ་གཏོང་རྒྱུའི་ངན་སེམས་ཁོག་བཅངས་དང་བྱུས་ངན་འདེང་མཁན་ཡོང་མི་སྲིད་པ་མིན་པས་དེ་དག་ལ་ཤིན་ཏུ་ནས་དོགས་ཟོན་ཆེན་པོ་བྱེད་དགོས། གལ་སྲིད་མདོ་ཁམས་མི་མང་གིས་དཀའ་བ་ཁྲི་ཕྲག་བསད་དེ་བོད་བསྟན་སྲིད་ཀྱི་ཆེད་དུ་བཙུགས་པའི་ཆུ་སྒང་སྒྲིག་འཛུགས་འདི་བཞིན་གྲ་མ་འགྲིག་པ་དང་ཚགས་མ་ཚུད་ཇི་ལྟར་བྱུང་ཡང་དགྲ་དགའ་གཉེན་སྡུག་ཁོ་ན་ལས་བོད་མི་ནང་ཁུལ་སུ་ལའང་ཁེ་ཕན་མེད། རྒྱུ་མཚན་དེ་དག་ལ་སེམས་ཏེ་གངས་ཅན་བསྟན་སྲིད་སླར་གསོའི་ལྷག་བསམ་བཅོས་མ་མ་ཡིན་པ་སེམས་གདེང་ན་ཡོད་མཁན་ཞིག་ཡིན་ཚེ་རྩ་ཆེའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་ཤེས་དགོས།
མདོ་ཁམས་སེར་སྐྱ་མི་མང་ཤི་གསོན་གཉིས་ཀྱིས་རྩ་དོན་དང་སྒྲིག་འཛུགས་གཞི་ལ་བཞག་ཅིང་དཀའ་ངལ་ཇི་ལྟར་འཕྲད་ཀྱང་དེ་དག་ངོས་འཛིན་གསལ་པོ་གནང་སྟེ་ཚེ་ལུས་ལོངས་སྤྱོད་ཡོངས་སུ་རྫོགས་པ་བློས་བཏང་གནང་བ་དང་། ད་བར་ཕྱར་གྲུ་མཉམ་འདེགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
མི་ལོ་ ༥༡ རིང་རྒྱ་གར་གཞུང་མང་གཉིས་ཀྱིས་ང་ཚོར་རང་མི་རང་ཁྱིམ་ལྟ་བུའི་མཐུན་སྦྱོར་དང་བསྲུང་སྐྱོབ་གནང་བར་གུས་བརྩི་ཆེན་པོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། མ་འོངས་བོད་ལ་རང་བཙན་རགས་ཏེ་རང་ཡུལ་དུ་ལོག་མ་ཐུབ་བར་མདོ་ཁམས་མི་མང་འགོ་འདོན་འཚོ་སྐྱོང་ཞུ་ཡུལ་འདི་ལས་ལྷག་པ་ཞིག་རྙེད་ཐབས་མེད་པས་དེ་དོན་བཀའ་དྲིན་མཇུག་སྐྱོང་མི་ཆུང་བ་ཞུ་རྒྱུ་ཡིན། དེ་བཞིན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ངས་གཞིས་བྱེས་མདོ་ཁམས་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་བྱས་ཏེ་དེ་རིང་གི་གོ་སྐབས་འདིའི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
མཐའ་དོན་དུ་སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ཀྱི་དམིགས་ཡུལ་བོད་རང་བཙན་མྱུར་དུ་འགྲུབ་པའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ཟླ ༦ ཚེས་ ༡༦ ཉིན་ཕུལ།