དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།75
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།307
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1199
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96092

Online (20 minutes ago): 13
Your IP: 38.107.179.238
,
Today: Feb 07, 2012

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་གི་བསྒྲིགས་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་ཐོག་ཡོངས་ཁྱབ་གཏམ་བཤད།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

བོད་རྒྱལ་ལོ་ ༢༡༣༥ ཕྱི་ལོ་༢༠༠༨ ལོའི་ཟླ་ ༦ ཚེས་ ༡༦ གི་ཉིན་མོའི་འདི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་གི་སྒྲིགས་འཛུགས་གསར་དུ་བཙུགས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་མཐུས་ཚོགས་གཙོ་མཆོག་གི་བཀུར་འོས་སྤྱི་འཐུས་རྣམ་པ། བཙན་བྱོལ་བོད་བཞུང་ཆེས་མཐོའི་ཁྲིམས་དཔོན་རྣམ་པ། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་གཙོས་བཀའ་ཟུར་རྣམ་པ། བཙན་བྱོལ་བོད་གཞུང་གི་དྲུང་ཆེ་རྣམ་པ། བྱས་རྗེས་ཅན་གྱི་བསྟན་སྲུང་དྭངས་བླངས་དམག་ཟུར་རྣམ་པ། ས་གནས་འཐུས་མི་ཚོགས་གཙོ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་འཛིན་རྣམ་པ། མདོ་ཁམས་ཆུ་སྒང་དབུས་རྒྱུན་ཟུར་རྣམ་པ་ལྷན་རྒྱས། གཞན་ཡང་འབྲེལ་ཡོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ལ་མདོ་ཁམས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་གུས་བརྩིས་ཆེན་པོའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་ས་ཁྱི་ ༡༩༥༨ ལོའི་ཟླ་ ༦ ཚེས་ ༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོའི་ཁྱུ་མཆོག་ཨ་འབྲུག་མགོན་པོ་བཀྲིས་ཀྱི་དབུ་ཁྲིད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་ཚུགས་གསར་འཛུགས་བྱས་པ་ནས་བཟུང་རྒྱ་དམར་ལ་ ༡༩༥༩ ས་ཕག་དུས་འགྱུར་ཟིང་འཁྲུགས་ཐག་ཆོད་མ་བྱུང་བར་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་སྟེ་དགྲ་འཐབ་རྒྱུན་མ་ཆད་པར་བྱས་པ་དང༌། བོད་བསྟན་སྲིད་ཀྱི་དོན་དུ་དཔའ་བོ་སྟོང་ཕྲག་མང་པོས་ཤ་ཁྲག་དང་ཚེ་སྲོག་གི་འགྲོ་གྲོན་བཏང་བའི་ཁྲག་གི་རྦ་རླབས་དྲག་ཏུ་འཕྱུར་བའི་འོག་ནས་ལྷོ་ལམ་གཙང་བཟོ་བྱས་པ་སོགས་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བརྗེད་ཐབས་མེད་པའི་གྲགས་པའི་བྱས་རྗེས་འཇིག་རྟེན་འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་དུ་བཞག་ཡོད། དགྲ་བོ་རྒྱ་དམར་གྱི་གནམ་ས་གཉིས་ཀྱི་ཐོག་ནས་དྲག་མཚོན་གྱི་ཐོག་སེར་རྒྱུན་མ་ཆད་པའི་འོག་ནས་རོ་ཁྲག་གཉིས་ཀྱི་ཟམ་པ་བཙུགས་ཏེ་བོད་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་ཆོས་བརྒྱུད་ཆེན་པོ་ལྔ་ཡི་བླ་ཆེན་རྣམ་པ། སྐྱབས་གནས་བླ་སྤྲུལ་རྣམ་པ། རང་གཞུང་མཛད་གཙོ་རྣམ་པས་གཙོའི་བོད་ཀྱི་ཁྱབ་འབངས་སེར་སྐྱ་འབུམ་ཕྲག་ལ་ཉེ་བ་རྒྱ་གར་འཕགས་ཡུལ་དུ་ཕེབས་བཞུགས་ཐུབ་པའི་བཀའ་དྲིན་ལ་བརྟེན་འཛམ་གླིང་གང་སར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང༌།གཡུང་དྲུང་བོན་གྱི་བསྟན་པའི་མེ་རོ་སླར་གསོ་དང༌། ཡར་རྒྱས་གྱི་རྦ་རླབས་འཕྱུར་ཏེ་འགྲོ་དོན་རྒྱ་ཆེ་བསྐྱོངས་དང་སྐྱོང་བཞིན་པ་འདིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱས་རྗེས་བསུབ་ཏུ་མེད་པ་སྐྱེ་བོ་མཆོག་དམན་ཀུན་གྱི་ཐུགས་ལ་གསལ་དེང་ངེ་འཆར་དགོས་པ་ཞིག་ཡིན།

བཙན་བྱོལ་དུ་ཕེབས་རྗེས་ཀྱང་བསྟན་སྲིད་ཀྱི་དོན་ལ་ཐབས་ཤེས་ཡོད་རྒུ་སྩལ་སྤྲུག་གིས་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་དང༌། རང་གཞུང་གི་བཀོད་སྒྲིག་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་བསྟན་སྲིད་ལ་ཕན་རེའི་ཐབས་ཤེས་སྣ་ཚོགས་ཞུས་དང་ཞུ་བཞིན་ཡོད། ད་བར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་བྱས་རྗེས་གྲུབ་འབྲས་དངོས་བྱུང་གི་ལོ་རྒྱུས་ཞིབ་ཕྲ་སྐབས་འདིར་ཞུ་མི་དགོས་པ་འཇིག་རྟེན་གནའ་མིའི་གཏམ་དཔེ་ལ། བུ་ཕ་བསྟོད་མི་དགོས་དགྲ་ཡི་བསྟོད་ཟེར་བ་ལྟར། རྒྱ་ནག་གི་བཏོན་པའི་ངོ་ལོགས་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་རྒྱུས་ཞེས་པ་དང༌། ཡང་ཨ་རིའི་གསང་བའི་ལས་ཁང་ནས་བཏོན་པའི་མེ་ཏོག་ཆུན་པོའི་མིག་ཆུ་ཞེས་པ་དང༌། འཇབ་དམག་གི་སྒྲིག་འཛུགས་ལ་སོགས་པའི་གྲུབ་འབྲས་དང་ལོ་རྒྱུས་བསུབ་ཐབས་མེད་པའིདཔང་རྟགས་ངེས་ཅན་ཞིག་རེད། ད་དུང་ཡང་མི་རབས་གོང་མ་རྣམས་ཀྱིས་མཛད་རྗེས་དང་དམིགས་ཡུལ་ལ་གུས་བརྩི་དང༌། མཇུག་སྐྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ད་ལྟ་འཚོ་བཞིན་པའི་ཁམས་རིགས་དཔའ་བོ་དཔའ་མོ་དེ་དག་གིས་རེ་བ་དང༌། དམིགས་ཡུལ་སྙིང་བཅང་གི་རྒྱ་གར་འཕགས་ཡུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་བཞིན་ད་བར་མི་ལོ་ཧྲིལ་པོ་ ༥༠ འདས་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་དུས། མཚོ་རླབས་འོག་གི་ཀོ་བའི་གྲུ་དང༌། རླུང་རླབས་ཀྱིས་བསྐྱོད་བཞིན་བའི་དར་ཆེན་བཞིན་ཀྱག་ཀྱོག་གཉེན་འཕྲང་གི་དཀའ་བ་སྟོང་ཕྲག་བསད་དེ་བོད་བསྟན་སྲིད་ཀྱི་དོན་དུ་འཆི་སྲོག་ལན་དགུ་ཆད་མཐུད་ཀྱིས་བོད་ཀྱི་རྩ་དོན་ལ་གྲུབ་འབྲས་སོན་ཐུབ་ཐབས་བྱས་དང་བྱེད་བཞིན་པ་དང༌། མ་འོངས་པའི་མི་རབས་རྗེས་མ་རྣམས་ཀྱི་རྒན་རབས་བྱས་རྗེས་ཅན་དེ་དག་གི་དམིགས་ཡུལ་གཞིར་བཟུང་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་འབྱུང་མིན་ཇི་ལྟར་ཡང་མི་རབས་ཀྱི་ལོ་རྒྱུས་ནང་ནག་ཐིག་མ་ཕོག་པ་མཇུག་སྐྱོང་བྱ་རྒྱུའི་འོས་འགན་ཆེན་པོ་ཡོད།

ད་ལྟའི་ཆར་ཕྱི་ཟླ་ ༣ པའི་ཚེས་༡༠ ནས་བོད་ནང་བོད་མི་དཔའ་བོ་དཔའ་མོ་འབུམ་ཕྲག་ལས་བརྒལ་བའི་བོད་རང་དབང་རང་བཙན་དང༌། སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ། འགྲོ་བ་མི་ཡི་ཐོབ་ཐང་དགོས་སྐོར་སོགས་ཀྱི་འབོད་ཚིག་གནང་སྟེ་བོད་ཆོལ་ཁ་གསུམ་ཁྱོད་ཡོངས་སུ་ཞི་རྒོལ་གྱི་ལས་འགུལ་སྣེ་མང་རྒྱུན་མ་ཆད་པ་སྤེལ་དང་སྤེལ་བཞིན་པའི་ཐོག་རྒྱ་དམར་གྱིས་མི་སྤྱོད་ལས་འདས་པའི་དྲག་གནོན་གསོད་བརྡུང་གི་ལས་ངན་ཚབ་ཆེ་བསགས་དང་གསོག་བཞིན་པ་འདི་རིགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་གནོན་ཤུགས་འོག་འཕྲལ་དུ་མཚམས་འཇོག་དགོས་པ་དང༌། གཞིས་ལུས་བོད་རིགས་ཡོངས་དང༌། ལྷག་པར་རྒྱ་མིས་དྲག་སྤྱོད་ཀྱི་གནོན་ཤུགས་ལ་མ་བལྟོས་པ་རང་སྲོག་ཕང་མེད་བཏང་བའི་བོད་རིགས་དཔའ་བོ་དཔའ་མོ་ཡོངས་ལ་བྱེས་བཞུགས་བོད་མི་ཡོངས་ཀྱི་གདུང་སེམས་མཉམ་བསྐྱེད་དང༌། ཁྱེད་རྣམ་པའི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་དྲང་བདེན་ལ་དགའ་བའི་འཛམ་གླིང་གནད་ཡོད་ཀྱི་དཔོན་རིགས་དང༌། མི་མང༌། རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་ལྷན་ཚོགས་ལ་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་བསྐུལ་དང་རེ་བ་ཞུ་བཞིན་ཡོད།

གཞིས་ལུས་སྤུན་ཟླ་རྣམ་པར་མི་ལོ་ ༥༠ རིང་རྒྱ་དམར་གཞུང་གིས་གནོན་ཤུགས་དང་རྒྱ་ཕྱོགས་ནས་བོད་མིའི་མངོན་འདོད་དང་མི་མཐུན་པའི་མནར་གཅོད་ལ་བཟོད་སྲན་ཇི་ལྟར་ཞུས་ཀྱང་ཆོས་དད་རང་དབང༌། འགྲོ་བ་མི་ཡི་ཐོབ་ཐང་རྩིས་མེད་རྡོག་རུལ་གཏོང་བཞིན་པར་ངོ་རྒོལ་དང་གདོང་ལེན་ཆེད་མ་བསྐུལ་དང་བླང་གིས་ཞི་བའི་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་རྦ་རླབས་ཆོལ་གསུམ་ཁྱོན་ཡོངས་ལ་འཕྱུར་བཞིན་པ་འདི་རིགས་རྒྱ་ནག་གི་གཡོ་རྫུན་ཧམ་གསུམ་གྱི་གཏམ་བཤད་སྤེལ་དོན་ཏྭ་ལའི་རུ་ཚོགས་ཀྱིས་འཆར་གཞི་དང་ལྡན་པའི་སྒོ་ནས་བརྡུང་གཅོག་འཕྲོག་བསྲེགས་གི་ལས་འགུལ་སྤེལ་ཞེས་དང༌། ཡང་བདེན་པ་མ་ཡིན་རྫུན་གཏམ་དང༌། ༧ གོང་ལ་༧ སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཚད་ལས་འདས་པ་ཞུས་དང་ཞུ་བཞིན་པ་འདི་རིགས་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་བྱ་རྒྱུ་ཡིན།

༢༠༠༢ ལོ་ནས་དབུ་བཙུགས་ཏེ་ད་བར་སྐུ་ཚབ་ཐེངས་དྲུག་ཙམ་རྒྱ་ནག་གི་དཔོན་རིགས་དང༌། བོད་རྒྱའི་འབྲེལ་མོལ་ཆེད་དུ་ཕེབས་ཀྱང་དོན་ཕན་ལྡན་པའི་བོད་རྒྱའི་དཀའ་གནད་སེལ་བའི་གྲུབ་འབྲས་བྱུང་མིན་ཇི་ལྟར་ཡང༌། བཙན་བྱོལ་གཞུང་ངོས་ནས་གསལ་བསྒྲགས་ནང་འབྲེལ་མོལ་གྱི་གྲུབ་འབྲས་འདི་ཡིན་གང་ཡང་མ་བྱུང་ནའང་བཟང་ཕྱོགས་ཀྱི་འགྱུར་བ་ཐེངས་དྲུག་ཕྱིན་པའི་རྣམ་འགྱུར་བསྟན་འདུག་ཀྱང༌། ང་ཚོས་ངོས་ནས་བོད་རྒྱའི་དཀའ་རྙོག་ཐད་རྒྱ་ནག་གིས་བྱེད་ཕྱོགས་སྡུག་ཏུ་ཕྱིན་པ། དྲག་གནོན་གསོད་བརྡུང་གི་ལས་འགུལ་རྒྱུན་མ་ཆད་པ་བྱས་བ། སྐུ་ཚབ་ཐེངས་རེར་ཕྱིན་རྗེས་མཚན་སྨད་ཞུ་ཤུགས་ཆེ་རུ་ཕྱིན་པ་སོགས་མདོར་ན་གྲུབ་འབྲས་ལྡན་པའི་འབྲེལ་མོལ་བྱུང་ཡོད་པ་ངོས་འཛིན་ཞུ་ཐབས་བྲལ། འོན་ཀྱང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང༌། བོད་རྒྱའི་འབྲེལ་མོལ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད།

འདི་ལོའི་ཕྱི་ཟླ་༦ ཚེས་ ༡༦ གི་ཉིན་མོ་འདི་ནི་ཆུ་སྒང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་ཚིག་ཁྱད་པར་ཅན་ཞིག་ཁེལ་ཡོད་སྟབས་ཁམས་རིགས་མི་མང་ཡོངས་ཀྱི་མ་གྲོས་བསམ་པ་གཅིག་མཐིན་གྱི་དུས་དྲན་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་རྒྱུ་འགན་ལྷན་ཐེངས་ ༣༧།༣༨ ཐོག་ཐག་གཅོད་གཙང་མ་ཟིན་ནའང༌། སྤྱི་ཟླ་ ༣ ཚེས་༡༠ ནས་བཟུང་བོད་ནང་ཞི་བའི་སྒེར་ལངས་ཆེན་མོའི་ལས་འགུལ་སྐབས་བོད་རིགས་དཔའ་བོ་དཔའ་མོ་མང་པོའི་ཚེ་སྲོག་ཤོར་བ་དང༌། བཙོན་འཇུག རྨས་སྐྱོན་ཕོག་པ་སོགས་ཀྱིས་རྐྱེན་ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་དགེ་གསོག་བསྔོ་སྨོན་དང༌། རང་དབང་ལུང་པར་བཞུགས་པའི་ཁམས་རིགས་ཡོངས་ཀྱིས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་འགུལ་ནང་མཉམ་ཞུགས་ཀྱིས་བོད་རྒྱའི་དཀའ་ངལ་སེལ་རྒྱུའི་ལས་འགུལ་སྤེལ་རྒྱུའི་ཆེད་སེམས་བརྟན་པོའི་ཐོག་གཞས་སྣ་འཁྲབ་སྟོན་རིགས་དང༌། ཐུགས་སྤྲོའི་འདུ་འཛོམས་ཚང་མ་ཕྱིར་འཐེན་ཞུས་པ་ཡིན། འོན་ཀྱང་དུས་དྲན་སྲུང་བརྩིའི་མཛད་སྒོ་ལོ་གཅིག་རིང་གི་ལས་འགུལ་ནང་ཆོས་དང་རིག་གཞུང་གི་ལས་འགུལ། རྒྱ་ནག་ལ་ཞི་བའི་ངོ་རྒོལ། བོད་ནང་གི་ཛ་དྲག་གི་གནས་བབས་ཞི་འཇམ་ལྷིང་འཇགས་ཡོང་རྒྱུའི་ཐབས་ཤེས་དང་རེ་འབོད་མུ་འཐུད་ཞུས་དང་ཞུ་བཞིན་ཡོད། ཉེ་ཆར་བཙན་བྱོལ་བོད་གཟུང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཞག་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་དུས་ཚོད་ངེས་མེད་ཀྱི་ལས་འགུལ་ཚགས་ཚུད་གནང་བཞིན་པའི་ནང་ཁམས་རིགས་སེར་སྐྱ་མང་ཚོགས་ནས་ད་བར་འཐུས་ཤོར་མེད་པ་མཉམ་ཞུགས་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང༌། དྲང་བདེན་མ་ཡིན་པའི་རྒྱ་ནག་གི་བྱ་སྦྱོད་ངན་པ་འདིའི་འོག་སྡོད་ཐབས་མེད་པས་ཁམས་རིགས་སེར་སྐྱ་ཡོངས་དང༌། ལྷག་པར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བཙན་བྱོལ་བཞུང་གི་ལམ་སྟོན་ལས་འགུལ་གནང་སྒོ་ཇི་ཡོད་ལམ་ལྷོང་གྲུབ་འབྲས་ལྡན་པ་ཡོངས་ཆེད་རྡོག་རྩ་གཅིག་སྒྲིལ་གྱིས་དགྲ་བོར་ཁ་གཏད་གདོང་ལེན་ཤུགས་དྲག་བྱེད་དགོས་པའི་འབོད་བསྐུལ་ཞུ་རྒྱུ་དང༌། འཛམ་གླིང་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང༌། དྲང་བདེན་ལ་དགའ་བའི་མི་མང་དང་དཔོན་རིགས་ཀྱིས་བོད་ཀྱི་དཀའ་གནད་བདེན་པ་བདེན་ཐོག་ཏུ་འཁྱོལ་ཐུབ་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས།

 

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་གིས།

༢༠༠༨ ལོའི་ ཟླ་༦ ཚེས་ ༡༦ ལ།