མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༩ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབས་གསུང་བཤད།
དེ་རིང་བོད་རྒྱལ་ལོ་ ༢༡༣༤ སྤྱི་ལོ་ ༢༠༠༧ ཟླ་༦ ཚེས་༡༦ གི་ཉིན་མོ་འདི་མདོ་ཁམས་ཆུ་བཞི་སྒང་དྲུག་བརྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་གསར་དུ་ཚུགས་ནས་མི་ལོ་ཧྲིལ་པོ་༤༩ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་ མཆོག་དང༌། ལྷན་རྒྱས། འབྲེལ་ཡོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་ཞུས་ཏེ་གུས་ཤིང་བརྩེ་བའི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ས་ཁྱི་ ༡༩༥༨ ཟླ་ ༦ ཚེས་༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་ཚུགས་པ་ནས་བཟུང་བོད་བསྟན་སྲིད་ཀྱི་དོན་དུ་རྒྱ་དམར་ལ་དགྲ་འཐབ་བྱས་ཏེ་དཔའ་བོ་སྟོང་ཕྲག་མང་པོའི་རྣམ་ཤེས་མཁའ་ལ་ཡལ། ཟུངས་ཁྲག་ས་ལ་ཐིམ། ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་ཏེ་ཁྲག་གི་རྦ་རླབས་འཕྱུར་བའི་འོག་ནས་ལྷོ་ལམ་གཙང་བཟོ་སོགས་ཀྱི་ལོ་རྒྱུས་ནམ་ཡང་བསུབ་ཐབས་མེད་པའི་དཔའ་བོའི་མཚན་སྙན་མི་ཡུལ་འཇིག་རྟེན་འདིར་བཞག་ནས་གཤེགས་ཤིང༌། ལྷག་པར་དུ་ ༡༩༥༩ ལོར་ས་ཕག་དུས་འགྱུར་འཁྲུག་ཟིང་སྐབས་རྒྱ་དམར་གྱིས་གནམ་ས་གཉིས་ནས་དྲག་མཚོན་གྱི་ཐོག་སེར་འབེབས་པའི་གསེབ་ནས་རི་རླུང་ཤ་ཁྲག་གི་ཟམ་པས་སྲུང་བྱའི་འགན་འཁུར་བླངས་ཏེ་བོད་ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གཙོས། ཆོས་རྒྱུད་ཆེན་པོ་ལྔ་ཡི་བླ་ཆེན་རྣམས་པ་དང༌། རིས་མེད་དགེ་འདུན་གྱི་སྡེ་ཚོགས།
རང་གཞུང་མཛད་གཙོ་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ་བཅས་ཀྱི་དབུས་བོད་ཀྱི་མངའ་འབངས་སེར་སྐྱ་མང་ཚོགས་འབུམ་ཕྲག་ལ་ཉེ་བ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་བཞུགས་ཐུབ་པའི་བཀྲིན་ལ་བརྟེན་ནས་རིས་མེད་སྐྱེས་ཆེན་དམ་པ་རྣམས་ནས་རང་རང་གི་གྲུབ་མཐའི་ཁྱད་ཆོས་གཞིར་བཟུང་གིས་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་དོན་རྒྱ་ཆེན་པོ་བསྐྱངས་དང༌། སྐྱོང་བཞིན་པ་འདི་དག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱས་རྗེས་བསུབ་ཏུ་མེད་པ་ནི་སྐྱེ་བོ་མཆོག་དམན་ཀུན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་ཝ་ལེར་འཆར་དགོས་པ་དང༌། འཆར་འོས་པ་ཞིག་ཀྱང་ཡིན། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་ལུས་སྲོག་ལ་ཕངས་མེད་ཀྱིས་བོད་བསྟན་སྲིད་ལ་ཕན་རེའི་ལས་ཐབས་སྣ་ཚོགས་སུ་ཞུགས་པ་དང༌། མུ་མཐུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་རང་གཞུང་གི་བཀོད་སྒྲིག་ལམ་སྟོན་གང་གནང་བ་དག་ལ་ཞབས་འགྱུར་གུས་བཀུར་དྭང་ལེན་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་མཁྱེན་གསལ་ལྟར་དང༌། ད་དུང་བོད་བསྟན་སྲིད་ཀྱི་དོན་དུ་གཏམ་འགོ་ལས་མཇུག་རྩ་འཛིན་གྱིས་སྒྲིག་འཛུགས་འདིའི་ལས་འགན་དང༌། དམིགས་ཡུལ་བཅས་སྙིང་དུ་བཅང་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་སྔ་ཕྱིར་བློས་བཏང་བའི་ བྱས་རྗེས་གྲུབ་འབྲས་དང་ལྡན་པ་ནི་རང་གིས་རང་ལ་བསྟོད་མ་དགོས་པར། ཨ་རིའི་གསང་ལས་ནས་བཏོན་པའི་མེ་ཏོག་པདྨའི་མིག་ཆུ་ཞེས་པ་དང༌། གསང་བའི་འཇབ་དམག་གི་སྒྲིག་འཛུགས། དེ་བཞིན་རྒྱ་ནག་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་རྒྱུས་ཞེས་པའི་དེབ་དེ་དག་གིས་དཔང་པོ་འཕེར་ངེས་ཡོད་སྟབས། ང་ཚོ་རྗེས་འཇུག་ཚོས་མེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་བཏུད་ཞུ་རྒྱུ་ཡིན། རྒྱ་གར་དུ་འབྱོར་ནས་བཟུང་མི་ལོ་ཧྲིལ་པོ་ ༤༩ སོང་ཟིན་པའི་རིང༌། བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ལན་དགུ་འཐུད་ཀྱིས་འགན་འཁུར་བྱས་དང་བྱེད་བཞིན་པར། ད་དུང་ཡང་མི་རབས་གོང་མ་རྣམས་ཀྱི་དམིགས་ཡུལ་དང་མཛད་རྗེས་ལ་གུས་བཀུར་རྩ་འཛིན་མཇུག་སྐྱོང་ཞུ་རྒྱུའི་ལངས་ཕྱོགས་ལ་འགྱུར་བ་མེད་པའི་དམ་འཛིན་བྱེད་རྒྱུ་དེ་རང་ཡིན།
དེང་དུས་ཀྱི་བཀའ་ཤག་སྐབས་དང་པོ་ནས་བཟུང་བོད་རྒྱའི་དབར་ལ་དབུ་མའི་ལམ་གྱི་སྲིད་ཇུས་ལ་འབྲེལ་བརྗོད་སྣ་ཚོགས་པ་ཤིག་རྒྱག་གི་ཡོད་པ་དང༌། འཁོར་ཡུག་བཟང་པོ་བསྐྲུན་དགོས་པས་བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་རང་བཙན་བརྗོད་མི་ཉན་ཟཻར་བ་དང༌། བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་མི་རུང་ཞེས་དང༌། མི་མང་ལངས་གླུ་གཏོང་མི་ཆོག་ཟེར་བ༌། རྒྱ་ནག་གཞུང་ནས་བསྐོ་བཞག་བྱས་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ་ཞེས་འབོད་ཟེར་བ། སྐུ་ཚབ་ཐེངས་ལྔ་ཕེབས་པའི་མཛད་དོན་ཡག་ཏུ་ཐེངས་ལྔ་ཕྱིན་ཡོད་ཟེར་བ། གཞན་ཡང་མིང་ཚིག་བེད་སྤྱོད་རྩ་འཛིན་བྱ་ཕྱོགས་ལ་རྒྱ་མིར་དགོས་པའི་མིང་ཚིག་མང་དག་ཞིག་བཀོད་དེ་ཁྱབ་བསྒྲགས་གནང་བ་དེ་ལྟར་ནའང༌། སྔ་ལོའི་ཟླ་ ༥ པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཞེས་པའི་དབང་འཛིན་པ་རྒྱ་མི་ཀྲང་ཆིན་ལིན་ཟེར་བ་ནས་ནན་ཏན་གྱིས་ཀྲུང་དབྱངས་གི་མཛུབ་སྟོན་དགོངས་དོན་མཐར་ཕྱིན་བྱེད་དགོས་ཤིང༌། སེམས་ཐག་གཙང་བཅད་ཀྱིས་ཁ་བྲལ་ལ་ངོ་རྒོལ་དང་ཞེས་མུ་མཐུད་དེ། ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱི་ངན་བསྐུལ་རྒྱབ་སྐྱོར་འོག་ཏཱ་ལའི་རུ་ཚོགས་ཀྱིས་འཆི་ཁའི་འཕག་ཚག་རྒྱབ་སྟེ། བོད་ལྗོངས་སུ་མུ་མཐུད་དོན་རྐྱེན་ཁ་ཤས་བཟོས་ཡོད་ཅེས་སོགས་ནས། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི། དགྲ་དང་རང་ཕྱོགས་དབར་གྱི་འཐབ་རྩོད་ཡིན་པ་དང༌། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་ཞེས་སོགས་དང༌། ཏཱ་ལ་ནི་རྒྱལ་ཁབ་ཀྱི་ཉེས་ཅན་པ་དང༌། མི་རིགས་ཁ་བྲལ་གཏོང་མཁན་ཞིག་རེད་ཅེས་སོགས་ངོ་རྒོལ་མཚན་སྨོད་ཀྱི་གཏམ་བཤད་སྔ་རྗེས་སུ་བསྒྲགས་ཀྱི་ཡོད་པ་དང༌། ལེགས་མཆོག་དང༌། བྱམས་པ་ཕུན་ཚོགས་བཅས་ནས་ཀྱང་དེ་མཚུངས་བཤད་དགོས་ཐུག་གི་ཡོད་པ།
ཏཱ་ལའི་ཡི་གདོང་རིས་ངོ་མ་མཐིལ་རྡོལ་ཏེ། ཏཱ་ལའི་ཡི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་ངོས་འཛིན་གསལ་པོ་བྱེད་དགོས་སོགས་ཟེར་བའི་འགོ་བརྗོད་འོག སྐྱོན་བརྗོད་དང༌། མཚན་སྨད་ཚད་ལས་འདས་ཤིང༌། དོན་ཚན་གསུམ་ཅན་དང༌། དོན་ཚན་བདུན་ཅན་སོགས་སྔ་ཕྱིར་སྤེལ་བ་འདིའི་ཐད། ང་ཚོ་གཞིས་བྱེས་ཆོལ་གསུམ་བོད་མི་ཡོངས་ནས་འཆི་བ་སྲོག་ལ་བབས་ཀྱང་ནད་ཐེགས་ཐབས་མེད་པ་ཞིག་ཡིན། ༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ནི། བོད་རྒྱལ་ཁབ་དང༌། མི་རིགས། བསྟན་སྲིད་རང་དབང་དང་བཅས་པའི་སྲོག་རྩ་བླ་ན་མེད་པའི་དབུ་ཁྲིད། འདི་ཕྱིའི་༧སྐྱབས་གནས་དམ་པ་དེ་ཡིན་པ་དང༌།
འདི་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆོན་པོ་མཆོག་དགུང་གྲངས་ ༧༣ ལ་ཕེབས་པའི་སྐུའི་དགུང་སྐེག་དངོས་གཞིར་འཁེལ་བར་བརྟེན་གཞིས་བྱེས་མདོ་ཁམས་མི་མང་སེར་སྐྱ་ཡོངས་ནས་མགོན་པོ་གང་གི་སྐུའི་དགུང་སྐེག་ལ་སྐུ་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་མི་འབྱུང་ཞིང༌། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། མཛད་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཆོག་པའི་གསོལ་འདེབས་ཞུས་པར། ༢༠༠༧ ཟླ་ ༧ ཚེས་ ༡༥ ཉིན་འཕྲོད་སྦྱོར་ལེགས་པས་སྔ་འགྱུར་རྙིང་མ་དང་མཉམ་དུ་འབུལ་འཐུས་ཀྱི་ཐུགས་བརྩེའི་བཀའ་བཞེས་སྤྱི་བོར་སྨིན་ཐོབ་བཀྲིན་ཆེ་བར་བརྟེན།་ ཉེ་ལམ་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་ ༣༧ པའི་ཐོག་གོ་བསྡུར་ལྷུགས་པོར་གནང་མཐར། མདོ་ཁམས་ཆུ་སྒང་དབུ་རྒྱུན་ལས་དབུས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གཏན་འབེབ་ཟིན་པ་ལྟར། ལས་དོན་ཁག་བསྒྲུབ་མུས་ཁར། འདིའི་ལོའི་ས་ཟླའི་ནང༌། སྒྲོལ་མ་དང༌། བསམ་ལྷུན། བར་ཆད་ལམ་སེལ། རྒྱལ་བའི་ཞབས་བརྟན། སྐུ་རླུང་དར་འཛུགས། སྲོག་བསླུ་གང་མང་བཅས་འབད་བསྒྲུབ་ལྷོད་མེད་དགོས་པའི་འབོད་བསྐུལ་གསལ་བསྒྲགས་ཀྱང་ཟིན་པ་ཡིན།
དེ་བཞིན་སྤྱི་ལོ་ ༢༠༠༨ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་ཚིགས་ལོ་གཅིག་རིང་སྲུང་རྩི་ཞུ་རྒྱུར། དུས་དྲན་སྲུང་རྩིའི་གོ་སྒྲིག་ཚོགས་ཆུང་གི་མི་འགྲོ་བསྐོ་བཞག་ཀྱང་ཟིན་སྟབས། ཕྱི་རྒྱལ་ཚུན་ས་གནས་སོ་སོར་གནས་འཁོད་ཆུ་སྒང་ཁོངས་གཏོགས་རྒན་རབས་གནད་ཡོད་མི་སྣ་རྣམས་ཀྱིས་ཆུ་སྒང་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་ལས་དོན་ཇི་བྱས་ཀྱི་ལོ་རྒྱུས་འདྲ་པར་བཅས་གང་ཡོད་ཆུ་སྒང་དབུས་རྒྱུན་ལས་ཁང་དུ་གཏོང་དགོས།
ཡང་ནན་ཏན་དུ་ཞུ་རྒྱུར། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་ ༡༩༩༨ ཟླ་ ༤ ཚེས་ ༣ འཁོད་པའི་ཨ་རིའི་སྲིད་གཞུང་ལ་སྙན་ཞུ་ཕུལ་པའི་ནང༌། ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བའི་ཐོག་ནས་ ༡༩༥༧ ལོ་ནས་ ༡༩༧༤ བར་ལས་དོན་ཇི་བྱས་དང་འབྲེལ་ཆབ་སྲིད་འཐབ་རྩོད་ཀྱི་འབྲེལ་བ་དངོས་སུ་ཆགས་པའི་དོན་དངོས་ཐོག་ཨ་རིའི་ཁྲིམས་ལུགས་གཞིར་བཟུང་གྱོང་གུན་ཕོགས་པའི་ནང་མི་ཤུལ་ལུས་རྣམས་ཨ་རིར་གཞིས་མི་ལེན་ཐབས་ཀྱི་རེ་འདུན་ཡིག་ངག་གཉིས་ཐོག་ནས་ཞུས་པར། ཨ་རིའི་གཞུང་གིས་བཀའ་ལན་གནང་བའི་ནང༌། སྙན་ཞུ་འབྱོར་བྱུང༌། ཡག་པོ་འདུག མ་འོངས་པར་ཕན་ཐོགས་ཡོང་གི་རེད་ཅེས་གསུངས་ཡོད་ཀྱང༌། ར་སྟོད་བསོད་ནམས་ཅན་གྱིས་མདོ་སྟོད་ཆུ་སྒང་དབུ་སྤྱི་ཁྱབ་རྒྱུན་ལས་ཁང་ཟེར་བའི་ལས་ཤོག་འདྲ་མིན་དང༌། ལས་ཐམ་འདྲ་མིན་གྱི་ཐོག་ནས་ཨ་རིའི་སྲིད་འཛིན་གྱི་མཚན་ཐོག་ཏུ། ཆུ་སྒང་ནང་ཁུལ་གྱི་རྩོད་རྙོག་རྙིང་རུལ་ལས་འཕྲོས་ཏེ། ཆུ་སྒང་ངོ་མ་ཁོ་ཚོ་ཡིན་པའི་གནས་ཚུལ་རྫུན་བསྒྲིག་མང་དག་འཁོད་པའི་སྙན་ཞུ་ཕུལ་འདུག་པ་དེའི་ངོ་ཤུས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ལའང་ཕུལ་ཏེ། ཨ་རིར་གཞིས་བསྐྱོད་བྱ་རྒྱུ་མི་མེད་རང་མེད་གཏོང་རྒྱུའི་ངན་འཆར་འགལ་རྐྱེན་སྣ་ཚོགས་བཟོ་བཞིན་པ་འདི་དག་རྒྱ་ཆེའི་མང་ཚོགས་ནས་གསལ་པོར་མཁྱེན་དགོས་པ་དང༌། འདི་ནས་ཀྱང་རང་གཞུང་བཀའ་ཤག་མདུན་མཁྱེན་རྟོགས་ཆེད་གནས་སྙན་ཕུལ་བ་སོགས་བྱ་ཐབས་གང་ཡོད་ཀྱིས་ཨ་རིར་གཞིས་བསྐྱོད་ཐུབ་པའི་ཐབས་ལམ་སྔར་བཞིན་མུ་མཐུད་བྱ་མུས་ཡིན།
མཐའ་དོན་སྨོན་ཚིག འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས། གངས་ལྗོངས་བོད་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་སྐུ་ཚེ་ཞབས་པད་ཚེ་ལྷའི་ངོ་བོར་རྟག་ཏུ་བརྟན་ཅིང་བརླབས་ཆེན་ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་གསོལ་ཞུ་རྒྱུ་ཡིན། །
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། ༢༠༠༧ ཟླ་ ༦ ཚེས་ ༡༦ ལ། །
















