མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༨ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༣༣ ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་འདི་བཞིན་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ ༤༨ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་ ལྷན་རྒྱུས་དང༌། དུས་དྲན་འདིའི་ཐོག་ཕེབས་པའི་འབྲེལ་ཡོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚབ་བྱས་ཏེ་གུས་བརྩེའི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ས་ཁྱི་ ༡༩༥༨ ལོའི་ཟླ་ ༦ ཚེས་ ༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་གསར་དུ་ཚུགས་པ་ནས་བཟུང་རྒྱ་དམར་དང་བོད་བསྟན་སྲིད་ཀྱི་དོན་དུ་དགྲ་འཐབ་བྱས་ཏེ་ཁམས་རིགས་དཔའ་བོ་སྟོང་ཕྲག་མང་པོའི་རྣམ་ཤེས་མཁའ་ལ་ཡལ། ཟུངས་ཁྲག་ས་ལ་ཐིམ། ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་བའི་ཁྲག་གི་རྦ་རླབས་འཕྱུར་བའི་ལོ་རྒྱུས་ནམ་ཡང་བསུབ་ཐུབ་མེད་པའི་དཔའ་བོའི་མཚན་སྙན་མི་ཡུལ་གྱི་འཇིག་རྟེན་འདིར་བཞག་ནས་གཤེགས་ཤིང༌། ལྷག་དོན་ ༡༩༥༩ ལོའི་ས་ཕག་དུས་འགྱུར་རི་བོ་རིལ་བ་དང༌། རྒྱ་མཚོ་འཁྲུགས་པ་ལྟ་བུའི་དུས་ཟིང་སྐབས་རྒྱ་དམར་གྱིས་གནམ་ས་གཉིས་ནས་མཚོན་ཆའི་ཐོག་སེར་བོད་ཡུལ་དུ་དུས་གཅིག་ཏུ་འཁྲུགས་པའི་གསེབ་ནས་ཤ་ཁྲག་གིས་ཟམ་པ་བྱས་ཏེ་རི་ཁྲི་ཆུ་སྟོང་བརྒལ་ནས་བོད་ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་གཙོས་གང་གི་སྐྱབས་འོག་ཏུ་ཡོད་པའི་བོད་ཀྱི་བླ་ཆེན་རྣམས་པ་དང༌།
ཆོས་ལུགས་ཆོས་བརྒྱུད་ཁག་ལྔའི་བསྟན་འཛིན་གྱི་སྐྱེས་བུ་དགེ་འདུན་འདུས་སྡེ་དང༌། རང་གཞུང་གི་མཛད་གཙོ་རྣམ་པ། ཡབ་གཞིས་སྐུ་འཁོར་བཅས་ཀྱི་དབུས་བོད་ཀྱི་མངའ་འབངས་སེར་སྐྱ་མང་ཚོགས་བཅས་འབུམ་ཕྲག་ལ་ཉེ་བ་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པའི་བྱས་རྗེས་དང༌། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་༧གོང་ས་༧ སྐྱབས་མགོན་ཆེན་པོའི་དབུ་ཁྲིད་པའི་རང་གཞུང་གི་དབུ་ཁྲིད་བཀོད་སྒྲིག་གང་གནང་བ་དག་ལ་ཞབས་འགྱུར་གུས་བཀུར་དང་ལེན་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་མཁྱེན་གསལ་ལྟར་དང༌། ད་དུང་བོད་བསྟན་སྲིད་ཀྱི་དོན་དུ་གཏམ་འགོ་ལས་མཇུག་རྩ་འཛིན་གྱིས་སྒྲིག་འཛུགས་འདིའི་ལས་འགན་དང་དམིགས་ཡུལ་བཅས་སྙིང་དུ་བཅངས་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སྔ་ཕྱིར་བློས་བཏང་བའི་བྱས་རྗེས་དང་གྲུབ་འབྲས་མི་དམན་པ་ཡོད་པ་ནི་རང་གིས་རང་ལ་བསྟོད་མ་དགོས་པར། ཨ་རིའི་གསང་ལས་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་རྒྱུས། ཞེས་པའི་དེབ་དེ་དག་གི་ནང་དུ་ཁམས་པའི་དཔའ་བོ་ཚོའི་བོད་བསྟན་སྲིད་ཀྱྀ་དོན་དུ་དྲག་པོའི་ལས་འགུལ་ཇི་ཙམ་སྤེལ་ཚུལ་གསལ་པོ་འཁོད་འདུག་པ་དེ་དག འཇིག་རྟེན་གྱི་གཏམ་དཔེ་ལ། བུ་ཕ་ཡི་མི་བསྟོད་དགྲ་བོའི་བསྟོད། དགྲ་ནག་པོས་བསྟོད་ན་བསྟོད་དངོས་ཡིན། ཞེས་པ་ལྟར་ལགས་པས་ང་ཚོ་རྗེས་འཇུགས་ཚོས་མེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་བཏུད་ཞུ་རྒྱུ་ཡིན། དེ་འདྲའི་མཛད་རྗེས་ཅན་གྱི་སྐུ་གཤེགས་དཔའ་བོ་དག་དང༌། ད་ལྟ་འཚོ་བཞིན་པའི་རྗེས་འཇུག་ཁམས་རིགས་དཔའ་བོ་རྣམས་ཀྱིས་རེ་བ་དང་དམིགས་ཡུལ་གང་ཞིག་ཡིད་པ་དེ་དག་རྩ་འཛིན་གྱིས་རྒྱ་གར་འཕགས་པའི་ཡུལ་དུའང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་བཞིན་ད་བར་མི་ལོ་ཧྲིལ་པོ་ ༤༨ སོང་ཟིན་པའི་རིང་མཚོ་རླབས་ཀྱིས་གཡོ་བའི་གྲུ་གཟིངས་དང༌། རླུང་རླབས་ཀྱིས་བསྐྱོད་པའི་དར་ཆེན་བཞིན་ཀྱག་ཀྱོག་གཉེན་འཕྲང་གི་འགྱུར་འགྲོས་མང་པོའི་འཕྲང་ལམ་ནས་བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ལན་དགུ་ཆད་མཐུད་ཀྱིས་བོད་བསྟན་སྲིད་རྩ་དོན་ཆེད་མུ་མཐུད་ཤར་སྐྱོད་ཐུབ་ཐབས་བྱས་དང་བྱེད་བཞིན་པ་དང༌། ད་དུང་ཡང་མི་རབས་གོང་མ་རྣམས་ཀྱི་དམིགས་ཡུལ་དང་མཛད་རྗེས་ལ་གུས་བཀུར་དང་རྩ་འཛིན་མཇུག་སྐྱོང་ཞུ་རྒྱུའི་ལངས་ཕྱོགས་འགྱུར་བ་མེད་པའི་དམ་འཛིན་བྱེད་རྒྱུ་དེ་རང་ཡིན།
དེ་དང་ཆབ་ཅིག་སྔ་ལོར་སུམ་ཅུའི་དུས་དྲན་སྐབས་བཀའ་ཤག་གི་གསུང་འཕྲིན་ནང༌། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་ཐོག་ནས་མི་རིགས་ས་ཁུལ་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་པ་དེ་བོད་མིའི་ཁྲིམས་མཐུན་གྱི་དགོས་མཁོ་ཡིན་སྟབས། བོད་མི་ཚང་མར་གཅིག་གྱུར་ཡོངས་ཁྱབ་ཅིག་དགོས་པ་ནི་ལན་གཅིག་མ་ཡིན་པ་གསལ་བརྗོད་ཟིན་པ་མ་ཟད། གཞི་རྩའི་ལྟ་གྲུབ་འདི་ལ་འགྱུར་བ་གཏོང་ཐབས་མེད་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན་སྐོར་འཁོད་འདུག་པ་དེར། སྤྱང་ཚང་ནང་དུ་ལུག་གུ་ལ་ཞི་བདེ་ཡོང་རྒྱུའི་རེ་བ་དེ་ཉིད་ཉལ་ས་གྲུ་བཞིའི་ནང་གི་རྨི་ལམ་ལྟ་བུ་མི་ཆགས་པའི་ངེས་པ་མེད་པས་ང་ཚོས་ཡ་མཚན་པའི་རྨི་ལམ་དེ་ག་དུས་ཡིན་ནའང་གཏོང་ཐུབ་མི་འདུག་པས་བཀའ་ཤག་གི་གསུང་འཕྲིན་དེར་བློ་ཚབ་མི་བྱེད་ཀ་མེད་ཅིག་རེད།
འདི་ལོར་ཕྱི་ཟླ་༢ ཚེས་༦ ཉིན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་མིང་ཚིག་བེད་སྤྱོད་བྱ་དགོས་ཀྱི་རྩ་འཛིན་ཁྱབ་ཏུ་ཞེས་པར། བོད་ཆེན་པོ་ཟེར་མི་ཆོག་པ་དང༌། བོད་ཆེ་ཆུང་གི་སྐད་མེད་ཟེར་བ། བོད་ཆོལ་ཁ་གསུམ་དང༌། ཚད་མཐོའི་རང་སྐྱོང་ཟེར་མི་དགོས་པ། རྒྱ་དམར་དང༌། རྒྱ་ནག་དམར་ཤོག་ཚོགས་པོ་ཟེར་མི་དགོས་པ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་བླ་མ་རྒྱ་མཚན་ནོར་བུ་ཞེས་འབོད་དགོས་ཟེར་བ་སོགས་ཀྱི་ཚིག་གནད་འགའ་ཞིག་ཁྱབ་བསྒྲགས་གནང་འདུག་པ་འདིའི་ཐད། ཉ་བསད་ནས་ཁྱི་ལ་དགེ་བ་བྱས་ཟེར་བའི་དཔེ་དོན་དང་མཚུངས་པ་ཞིག་གསལ་པོ་རེད། དེར་བརྟེན་ཆོ་མེད་དགོས་མེད་ཀྱི་བྱ་བར་གྲོ་ལྡོག་མ་ལོན་པར། འཇོར་ཡུ་སྐེ་ནས་བུད་ཟེར་བ་ལྟར་མ་གནང་ན་ཡག་པོ་རེད། དེ་འདྲ་མི་གནང་བ་ནི་ང་ཚོས་ལྷག་བསམ་རྣམ་དག་གིས་རེ་འདུན་ཞིག་ཞུ་གི་ཡོད།
བར་ལམ་ནས་བོད་རྒྱ་ཞི་མོལ་གྱི་འབྲེལ་འཐུད་རྒྱ་ནག་ཏུ་ད་བར་ཐེངས་ ༥ ཕེབས་པའི་མཛད་དོན་ཡོངས་ཁྱབ་ཏུ་ཤེས་པ་ནི་ཐེངས་རེར་ཕེབས་དུས་ཡག་ཏུ་ཐེངས་རེར་ཕྱིན་ཏེ་ད་བར་ཡག་ཏུ་ཐེངས་ལྔ་ཕྱིན་ཡོད་ཟེར་བ་ཤེས་རྟོགས་ཡོད་པ་རེད། དོན་དངོས་ཀྱི་ཆ་ནས་བྱས་ན། ལག་ཏུ་འཇུ་འཐམ་བྱ་རྒྱུ་མེད་པའི་འཇའ་ཚོན་གྱི་གུར་ཁང་ཕུབ་པའི་མཛེས་པའི་རང་བཞིན་དུ་གྱུར་བ་ཞིག་རེད། ད་དུང་ཡང་ཡག་པའི་རང་བཞིན་ཁོ་ན་ལ་འབད་དེ་ཕྱིན་ན། སངས་རྒྱས་བྱོན་དུས་བྲམ་ཟེ་རྒས་ཟེར་བའི་དཔེ་ལྟར་ལས་གཞན་དུ་མེད་པ་ནི་ཤིན་ཏུ་གསལ་པོར་བརྟེན་ཚང་མའི་དགོངས་བཞེད་གནང་རྒྱུར་གལ་ཆེ།
གནད་དོན་གཞན་ཞིག་ཞུ་རྒྱུ་ནི། ཉེ་སྔོན་ ༢༠༠༦ ཟླ་ ༣ ཚེས་ ༣༡ ནས་ཉིན་གསུམ་རིང་ཕུ་པ་སྟོབས་རྒྱལ་དང་ར་སྟོད་བསོད་ནམས། ཐུབ་བསྟན་ལེགས་བཤད་ཟེར་བ་ཚོས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༣༦ པ་གངས་སྐྱིད་བོད་གཞུང་གསོལ་ཐབ་ཁང་གི་ཚོགས་ཁང་དུ་འཚོགས་པའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ཆེད་ཕེབས་ཀྱིས་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་དོན། ཁྱེད་ཚོའི་ལྟ་བ་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ཅེས་མདོ་སྟོད་དུམ་བུར་གཏོང་བའི་ཁྲིམས་འགལ་གྱི་ཚོགས་འདུ་ལ་བློ་སྟོབས་རྒྱས་ཐབས་ཀྱི་གཏམ་བཤད་དང༌། ཡང་མུ་མཐུད། མདོ་སྟོད་ཆུ་བཞི་སྒང་དྲུག་ཁག་གཉིས་ཡོད་པ་རེད། གང་ཡིན་ཟེར་ན་གྲོས་ཚོགས་ཀྱི་ཡིག་ཆ་ཨང་དགུ་པའི་འབྲུ་དོན་ལ་ཆུ་བཞི་སྒང་དྲུག་འདི་ཡིན་ཟེར་བ་ཞིག་མ་བྱུང་བར་ཞེས་འཁོད་ཡོད་པ་དེ་ལྟར་ད་བར་བྱུང་མེད་པ་རེད། ཅེས་བཤད་སོང༌། དེའི་ཐད་ཡིག་ཆ་ཨང་དགུ་པའི་འབྲུ་དོན་ཆུ་བཞི་སྒང་དྲུག་འདི་ཡིན་ཟེར་བ་ཞིག་བྱུང་མེད་ན་རྒྱ་རི་སྒྲོལ་མས་ཆུ་བཞི་སྒང་དྲུག་གཉིས་ཡོད་པ་ཡིན་ཟེར་བ་དེ་ཁྲིམས་འགལ་ལོག་སྤྱོད་ཀྱི་བསམ་བློ་ཞིག་རེད། གང་ཡིན་ཟེར་ན་ཡིག་ཆ་ཨང་དགུ་པའི་ནང་འོས་བསྡུའི་ལམ་ནས་ཆུ་སྒང་འདི་ཡིན་ཟཻར་བ་ཞིག་མ་བྱུང་བར་ལྡི་ལི་དང་རྡ་སར་ཡོད་པའི་ཆུ་བཞི་སྒང་དྲུག་གཉིས་ཀ་ངོས་འཛིན་མེད་པ་ཡིན་ཞེས་འཁོད་ཡོད་སྟབས་རྒྱ་རི་སྒྲོལ་མའི་གཏམ་བཤད་དེ་ཁྲིམས་འགལ་ལོག་སྤྱོད་ཀྱི་བསམ་བློ་རྒྱུན་དུ་ཡོད་པ་དེ་སྤེལ་བ་ཞིག་རེད།
ཡིག་ཆ་ཨང་ ༩ པའི་འབྲུ་དོན་ལྟར་བཙན་བྱོལ་བོད་གཞུང་གི་མཐུན་འགྱུར་བཀོད་ཁྱབ་འོག་ས་གནས་ཡོངས་རྫོགས་ཀྱི་འགོ་ལས་རྣམས་ནས་འོས་བསྡུའི་འགན་ཁུར་བྱས་ཏེ་མདོ་སྟོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་མཇུག་སྐྱོང་བོད་གཞུང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གཞུང་འབྲེལ་གྱི་ཚོགས་འདིའི་ཐོག་མདོ་སྟོད་སྤྱི་འཐུས་བཅུ་ནས་ཚོགས་ཆེན་གྱི་འགན་ཁུར་ཏེ་འོས་ཤོག་གྲངས་བཤེར་དང་འབྲེལ་འོས་ཐོན་མི་གྲངས་ ༡༡་མཚན་ཐོ་དང་ཚོགས་ཆེན་གྱི་ཚོགས་གཙོ་རྣམས་གཉིས་ཀྱིས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་གསར་པ་འདི་ཡིན་ཞེས་པའི་ཡིག་ཆ་གྲོས་ཚོགས་དང༌།བཀའ་ཤག་གཙོས་འབྲེལ་ཡོད་ཁག་ལ་འབུལ་ལམ་ཞུས་ནས་ད་བར་གཞུང་དམངས་ཡོངས་ཀྱིས་ཆུ་བཞི་སྒང་དྲུག་འདི་ཡིན་ཟེར་བ་ངོས་འཛིན་གནང་མུས་སུ་ཡོད་པ་འདི་རྒྱ་རི་སྒྲོལ་མས་རྩ་མེད་གཏོང་ཐབས་ཡེ་ནས་མེད་པ་ཞིག་ཡིན་པར་བརྟེན་མདོ་སྟོད་སེར་སྐྱ་མང་ཚོགས་ཡོངས་ནས་འགན་ཁུར་ཆེ་བཞེས་ཡོང་བ་ཞུ་རྒྱུ་ནི་བོད་སྤྱིའི་རྩ་དོན་དང་འབྲེལ་བ་ཐད་ཀར་ཡོད་པ་ཞིག་ཞུ་གི་ཡོད། ད་དུང་རྒྱ་རི་སྒྲོལ་མས་བརྗོད་གསལ་ལ། སྐབས་བཅུ་བཞི་པའི་གྲོས་ཚོགས་ནས་འགན་བཞེས་ཏེ་འབད་བརྩོན་གནང་དགོས་པ་ཞིག་དང༌། གནང་རིན་ཡོད་པ་ཞིག་ཡིན་ཞེས་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་དོན་མེད་དཀྲུགས་ཤིང་བྱེད་འདོད་ཡོད་པ་འདི་ཁྲིམས་དོན་གཉིས་དང་ཡོངས་སུ་འགལ་བའི་དམིགས་ཡུལ་ངན་པ་ཞིག་བཟུང་གི་འདུག ད་དུང་མུ་མཐུད་བཤད་དོན་ལ་ཕུ་པ་སྟོབས་རྒྱལ་ཅན་ཚོས་རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཐག་གཅོད་ལ་བརྩི་བཀུར་མ་ཞུས་ཏེ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁྲིམས་ཁང་གོང་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམ་པ་དང་མདོ་སྟོད་སྤྱི་འཐུས་རྣམ་པ་ཁྲིམས་ལ་སྦྱར་ཡོད་སྟབས། ་བཀའ་ཤག་གིས་འཆར་ཕུལ་ལྟར་སྒོར་འབུམ་ཕྲག་མང་པོ་གྲོས་ཚོགས་ནས་བཀའ་ཁྲོལ་གནང་ཡོད་པ་མཛད་དཀའ་དབུ་རྙོག་གི་རང་བཞིན་དུ་ཆགས་ཡོད་པ་དེ་ལྟར་ནའང༌། ད་དུང་ཚོགས་གཞོན་རྒྱ་རི་སྒྲོལ་མས་ཕུ་པ་སྟོབས་རྒྱལ་ཅན་གྱི་ཕྱོགས་བཟུང་སྟེ་གཞུང་ནས་འབངས་ལ་གཟིགས་རྟོགས་དགོས་པའི་རྒྱུ་མཚན་ལོག་བཤད་བྱས་འདུག་
་ དོན་དངོས་ཀྱི་ཆ་ནས་གྲོས་ཚོགས་ཀྱི་བཀའ་དགོངས་ཡིག་ཆ་ཨང་ ༩ པའི་འབྲུ་དོན་ལྟར་༧གོང་ས་༧ སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་གནང་བའི་བོད་མང་གཙོ་ཡང་དག་གི་ལམ་ཕྱོགས་སུ་བསྐྱོད་དང་བསྐྱོད་བཞིན་པར། དཔེར་ན༌། བཙན་བྱོལ་བོད་གཞུང་གི་བཀའ་ཤག་རྒྱལ་ཡོངས་མང་ཚོགས་ཀྱིས་ཐད་ཀར་འདེམས་ཐོན་གནང་བཞིན་པར་ཤེས་གསལ་ལྟར། མགོ་འོག་ལུས་ཚུད་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་ཚུགས་འདི་ཡང་རྒྱལ་ཡོངས་འོས་བསྡུའི་ལམ་ནས་རྒྱུན་ལས་མང་མོས་བསྐོ་བཞག་གནང་བའི་ལམ་ཕྱོགས་འདིའི་ནང་ཤར་བསྐྱོད་བྱས་ན་ཆུ་སྒང་གཉིས་ཡོད་མེད་ཀྱི་ངན་བྱུས་ཁོག་བཅངས་ཀྱི་ལས་དོན་བྱེད་མི་དགོས་པར་བཀའ་དགོངས་དང་ཡོངས་སུ་མཐུན་པ་ཞིག་རེད། གལ་སྲིད་ཁྲིམས་དོན་གཉིས་ཀ་དང་མཐུན་པའི་མང་གཙོའི་ལམ་ཕྱོགས་སུ་མ་བསྐྱོད་པར་ཕུག་དམིགས་ངན་བཟུང་དང་མི་ངན་ཁ་བསྒྲིག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ན་མཐའ་འབྲས་ཇི་ཡོང་སུ་ཞིག་གིས་བརྗོད་དཀའ་བ་ཞིག་མིན་ནམ་སྙམ།
ཡང་ཚང་མའི་ཐུགས་སྣང་བྱེད་དགོས་པ་ཞིག་ལ། ཚང་མའི་མཁྱེན་གསལ་ལྟར་དེང་སྐབས་སུ་ཨ་རི་སྲིད་གཞུང་ལ་ཆུ་སྒང་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་འབྲེལ་བ་ཐད་ཀར་རྒྱུན་རིང་དུ་ལས་འགུལ་ཁག་མང་བྱས་ཟིན་པའི་མཐའ་མར་བསྟན་སྲུང་དྭང་བླང་དམག་གི་མི་ངོ་དང་རྗེས་འཇུག་ཤུལ་ལུས་ཀྱི་བོད་མི་གང་འཚམས་ཤིག་ཨ་རིར་གནས་སྤོ་བྱེས་འཁོད་ཐུབ་རེའི་ཞུ་བསྐུལ་ ༡༩༩༨ ལོ་ནས་བཟུང་མུ་མཐུད་དོན་སོན་ཡོང་བའི་འབད་བརྩོན་བྱེད་མུས་ཀྱི་སྐབས་འདིར་ཕུ་པ་སྟོབས་རྒྱལ་ཅན་མི་ཁག་གཅིག་གིས་ལོ་ངོ་ ༡༢ ཙམ་གྱི་ཚུན་ནང་རྙོག་མཐའ་འདུམ་ཟིན་པར་བསྐྱར་སློང་གིས་ཁམས་རིགས་མི་མང་བརྒྱ་ཆ་ ༩༩ རྒྱབ་སྐྱོར་དང༌། བཙན་བྱོལ་བོད་གཞུང་གི་ངོ་བཞེས་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ངོས་འཛིན་བྱེད་ཡུལ་ཁོ་ཚོ་ཡིན་པའི་རྫུན་གཏམ་གྱིས་སྙན་ཞུ་ཨ་རིའི་སྲིད་འཛིན་བྷུ་ཤུ་ལ་ཕུལ་བའི་ནང་ད་ཕན་གྱི་ལས་དོན་བྱས་རིགས་ཚང་མ་ཁོ་ཚོར་རྩིས་སྤྲོད་དགོས་པའི་ཞུ་ཡིག་དང༌། ཁོ་བོའི་ཚ་བོ་ཨ་རིར་འགན་ཁུར་བྱེད་པོ་ཆེད་འཛུགས་བྱས་ལུགས་མ་ཟད། དམིགས་བསལ་སྐུ་ཚབ་དང་འབྲེལ་མོལ་ཡོད་ལུགས་ཀྱི་ལས་འགུལ་སྤེལ་བཞིན་དུ་ཡོད་པ་འདི་འདྲའི་དབང་གིས་སླད་ཕྱིན་མི་མེད་རང་མེད་ཀྱི་བྱས་འབྲས་ཐོག་ཏུ་བབས་པ་མི་བཟོ་བའི་ངེས་པ་མི་འདུག་སྟབས། རང་རེའི་སེར་སྐྱ་མི་མང་ཚང་མ་དོན་དངོས་ཐོག་ཏུ་ཁེལ་བའི་ཐབས་ཤེས་མི་འཆུགས་པ་གནང་གལ་ཤིན་ཏུ་ཆེ་བའི་གནས་ཚུལ་ཞིག་འདུག་པར་ཚང་མའི་ཐུགས་གཟབ་ཡོང་བ་ཞུ་གི་ཡོད།
དགོངས་མངའ་ལྟར་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༩ པའི་འབྲུ་དོན་འོས་བསྡུའི་ལམ་ནས་ཆུུ་སྒང་དབུས་རྒྱུན་ལས་འདི་ཡིན་ཟེར་བའི་ཐེངས་དང་པོའི་དབུས་རྒྱུན་ལས་ཀྱི་ལོ་དུས་ཚང་སྟེ་ཐེངས་གཉིས་པའི་དབུས་རྒྱུན་ལས་འོས་བསྡུའི་ལམ་ནས་གཏན་འཁེལ་བྱུང་བའི་དབུས་རྒྱུན་གསར་རྙིང་ ༢༠༠༥ ཟླ་ ༨ ཚེས་༡ ནས་རྩིས་ལེན་ཟིན་ཏེ་ད་ལྟ་འགན་ཁུར་ཞུ་མུས་སུ་ཡོད་པ་དང༌། ཉེ་ཆར་འགན་འཛིན་ལྷན་ཚོགས་ཐེངས་ ༣༦ པ་འཚོགས་ཏེ་སྔ་ཕྱིའི་སྒྲིག་ཁྲིམས་དང་གྲོས་ཆོད་ལ་བསྐྱར་ཞིབ་དང་འབྲེལ་གཏན་འཁེལ་ཇི་མཛད་ལྟར་ལག་ལེན་བསྟར་མུས་སུ་ཡོད་པ་དེ་དོན་ཐུགས་ལ་ངེས་གནང་ཡོད་པ་ཞུ་རྒྱུ་དང་ཕྱོགས་མཚུངས་རང་རེའི་གནས་ཡུལ་གཉིས་པ་རྒྱ་གར་གཞུང་མང་ཡོངས་ཀྱི་བརྗོད་ཐབས་མེད་པའི་བཀའ་དྲིན་རྙིང་བཅངས་ཞུ་རྒྱུ་དང༌། མཐའ་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཟག་མེད་ཐུགས་ཀྱི་དགོངས་དོན་ཇི་བཞིན་འགྲུབ་སྟེ་ཆོས་སྲིད་རང་དབང་གཙང་མའི་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་གྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་
༢༠༠༦ ཟླ་ ༦ ཚེས་ ༡༦ ལ། །།
















