༄༅།།མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༧ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༣༢ ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་འདི་བཞིན་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ ༤༧ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གྱི་གཙོ་བོ་མཆོག་གཙོས་སྐུ་མགྲོན་ལྷན་རྒྱས་དང༌། དུས་དྲན་འདིའི་ཐོག་ཕེབས་པའི་འབྲེལ་ཡོད་རྒྱ་ཆེ་སེར་སྐྱ་མི་དམངས་ཡོངས་རྫོགས་ལ་ངས་མདོ་ཁམས་ཆི་བཞི་སྒང་དྲུག་མི་ཚབ་བྱས་ཏེ་གུས་ཤིང་བརྩེ་བའི་སྒོ་ནས་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རང་རེ་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་ཤར་ཕྱོགས་ཙི་ནའི་ཡུལ་ནས་གུང་ཁྲན་དམར་པོའི་སྲིད་གཞུང་གིས་བོད་ཤར་རྒྱུད་མདོ་ཁམས་གཉིས་ནས་རིམ་པ་བཞིན་དྲག་པོས་བཙན་འཛུལ་བྱས་ནས་མདོ་དབུས་སྐོར་གསུམ་གྱི་ས་ཕྱོགས་ཡོངས་རྫོགས་བཙན་བཟུང་གིས་བོད་ཀྱི་བསྟན་པ་ཆབ་སྲིད་གཉིས་ཀ་རླུང་ཁྲོད་ཀྱི་མར་མེ་ལྟར་ཆགས་འཇིག་གི་འགག་འཕྲང་ལ་སླེབས་ཤིང༌།
གསོན་ན་རླབས་ཆེ་ཞིང་ཤི་ན་གཟི་བརྗིད་ཆེ་བའི་ཞིང་གཤེགས་ཁམས་པའི་དཔའ་བོ་དེ་དག་དང༌། ད་དུང་འཚོ་བཞུགས་ཡོད་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི་ཟབ་རླིངས་ཐུགས་ཀྱི་དགོངས་པའི་ཀློང་ན་རེ་བ་དང་དམིགས་ཡུལ་གང་ཞིག་ཡོད་པ་དེ་ཉིད་གཞིར་བཟུང་གིས་རྒྱ་གར་འཕགས་པའི་ཡུལ་དུའང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་བཞིན། ད་བར་མི་ལོ་ཧྲིལ་པོ་ ༤༧ རིང་མཚོ་རླབས་ཀྱིས་གཡོ་བའི་གྲུ་རྫིངས་དང༌། རླུང་རླབས་ཀྱིས་བསྐྱོད་པའི་དར་ཆེན་བཞིན་ཀྱག་ཀྱོག་གཉན་འཕྲང་གི་འགྱུར་འགྲོས་མང་པོའི་འཕྲང་སྣེ་ནས་བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ཕྱི་ནང་གི་དགྲ་བོ་སུ་ཞིག་ལའང་ལངས་ཕྱོགས་བརྟན་པོའི་སྒོ་ནས་གདོང་ལེན་བྱེད་རྒྱུའི་རྩ་དོན་ཐོག་ད་ལྟ་དང་ད་དུང་ཡང་མུ་མཐུད་ནས་ཤར་བསྐྱོད་བྱེད་དང་བྱེད་བཞིན་པ་རེད། ད་རེས་ཀྱི་དུས་དྲན་འདི་དང་སྟབས་བསྟུན་ནས། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་སྐུ་གཤེགས་ཁམས་རིགས་དཔའ་བོ་ཚོ་དང༌། ད་དུང་འཚོ་བཞུགས་ཡོད་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི་མཛད་རྗེས་ལ་ཡིད་རང་ཐོག་བཀའ་དྲིན་རྗེས་དྲན་དང༌། རྗེས་དྲན་དེ་དང་འབྲེལ་ནས་དཔའ་བོ་དེ་དག་གིས་ཆུ་སྒང་སྒྲིག་འཛུགས་འདི་བཞིན་གསར་འཛུགས་གནང་བའི་དགོས་པ་དང་རྒྱུ་མཚན། དམིགས་ཡུལ་དང་ཕུག་བསམ་གང་ ཞིག་བཅངས་ཡོད་པ་དེ་ང་ཚོས་ངེས་པར་དུ་མཁྱེན་གནང་ནས། དཔའ་བོ་དེ་དག་གི་དགོངས་པའི་རེ་བ་དང་མཐུན་པར་བོད་ཀྱི་རྩ་དོན་ཐོག་མདོ་ཁམས་
ཆུ་བཞི་སྒང་དྲུག་ནས་དེ་སྔོན་འཛིན་པའི་རྩ་དོན་གྱི་ལང་ཕྱོགས་དེར་འགྱུར་བ་སྤུ་རྩེ་ཙམ་ཡང་མེད་པར་མི་རབས་དང་མི་རབས་བར། མདོར་ན་ཇི་སྲིད་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བོད་ཀྱི་རང་དབང་གཙང་མའི་བདེན་མཐའ་མ་སོན་བར་དེ་སྲིད་དུ་ལངས་ཕྱོགས་དེ་ཉིད་དམ་འཛིན་བྱེད་རྒྱུ་དེ་ཡིན།
ཉེ་སྔོན་གསུམ་བཅུའི་དུས་དྲན་སྐབས་བཀའ་ཤག་གི་གསུང་འཕྲིན་ནང༌། ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་ཁྲིམས་ཐོག་ནས་མི་རིགས་ས་ཁུལ་རང་སྐྱོང་གི་གནས་བབ་ཚད་ལྟན་མིང་དོན་མཚུངས་པ་ཞིག་དགོས་པ་དེ་བོད་མིའི་ཁྲིམས་མཐུན་གྱི་དགོས་མཁོ་ཡིན་སྟབས། བོད་མི་ཚང་མར་གཅིག་གྱུར་ཡོངས་ཁྱབ་ཅིག་དགོས་པ་ནི་ལན་གཅིག་མ་ཡིན་པར་གསལ་བརྗོད་ཟིན་པར་མ་ཟད། གཞི་རྩའི་ལྟ་གྲུབ་འདི་ལ་འགྱུར་བ་གཏོང་ཐབས་མེད་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན་སྐོར་འཁོད་འདུག་པ་དེར། སྤྱང་ཚང་ནང་དུ་ལུ་གུ་ལ་ཞི་བདེ་ཡོང་རྒྱུའི་རེ་བ་དེ་ཉིད་ཉལ་ས་གྲུ་བཞིའི་ནང་གི་རྨི་ལམ་ལྟ་བུ་མི་ཆགས་པའི་ངེས་པ་མེད་པས། ང་ཚོས་ཡ་མཚན་པའི་རྨི་ལམ་དེ་ག་དུས་ཡིན་ནའང་གཏོང་ཐབས་མི་འདུག་པས་གསུང་འཕྲིན་དེར་བློ་འཚབ་མི་བྱེད་ཀ་མེད་རེད།
བར་ལམ་བོད་རྒྱ་ཞི་མོལ་གྱི་འབྲེལ་མཐུད་པ་རྒྱ་ནག་ཏུ་སྔ་ཕྱི་ཐེངས་འགར་སོང་བ་དེ་དག་མི་ལས་བསྡོམས་དང་གྲུབ་འབྲས་གང་ཞིག་ཡོད་མེད་རྒྱ་ཆེ་མང་ཚོགས་ཀྱིས་ད་བར་ཤེས་གསལ་བྱུང་མེད་པས། རྒྱལ་གཅེས་བོད་རིགས་མང་པོས་ཐུགས་ལ་ལྟ་སྐོར་སྔ་ཕྱིར་ཕེབས་པའི་ལས་འགུལ་དེས་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་གནིད་གང་ཞིག་ཆགས་ཡོད་མེད་ཐོག་ཡིད་གཉིས་ཐེ་ཚོམ་གྱི་དྲ་བ་ནང་ཚུད་བསྡད་ཡོད་པ་ལྟར། ང་ཚོ་ཆུ་བཞི་སྒང་དྲུག་གི་ངོས་ནས་ཀྱང་དྭོགས་པ་དེ་བཞིན་མིབྱེད་ཀ་མེད་རེད།
ད་དུང་ང་ཚོས་གལ་པོ་ཆེ་ལ་ནན་ཏན་བྱེད་དགོས་པ་ཞིག་ནི། བོད་མི་རིགས་འདི་བཞིན་ཆགས་འཇིག་གི་འགག་འཕྲང་ལ་ལྷུང་བའི་གཉན་ཚབས་ཅན་གྱི་དུས་འགྱུར་ཡ་ང་བའི་སྐབས། མུ་གེའི་ནང་དུ་གསོ་བ་དང་ལྷགས་པའི་ནང་དུ་རུམ་པའི་བཀའ་དྲིན་སྐྱོང་
མཁན་འཛམ་གླིང་ཧྲིལ་པོ་འདིའི་ཐོག་རྒྱ་གར་སྲིད་གཞུང་ཉག་གཅིག་ཡིན་པས། ང་ཚོས་བཀའ་དྲིན་ཞུ་འདི་ཉིད་ནམ་ཡང་བརྗེད་ཐབས་མེད་པའི་དམ་བཅའ་བརྟན་པོའི་ཐོག་ནས་མི་རབས་ནས་མི་རབས་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་ཡིན།
འཛམ་གླིང་ཤར་ནུབ་དང་གཞིས་བྱེས་གང་སར་ཡོད་པའི་ཁམས་རིགས་སེར་སྐྱ་མི་དམངས་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ལམ་སྟོན་འོག་རང་འཁྲིས་ཆོས་དང་རིག་གཞུང༌། ཆབ་སྲིད་དང་དཔལ་འབྱོར། ལྷག་དོན་གཞོན་སྐྱེས་ཚོས་འཛམ་གླིང་ཤར་ནུབ་གྱི་སྐད་ཡིག་སོགས་ཤེས་ཡོན་གནས་ཚད་ཀྱི་ཐོག་ནས་རྒྱལ་ཁབ་དང་མི་རིགས་གཞན་དང་དཔུང་བསྡོང་མཉམ་སྤྲེལ་ཐུབ་པའི་གདེང་ཚད་ལེན་རྒྱུའི་ཐོག་ངེས་པར་དུ་དོ་སྣང་གནང་དགོས། ཕྱོགས་མཐའི་ས་གནས་གང་སར་ཡོད་པའི་ཁམས་རིགས་མི་དམངས་ཚོས་མི་རིགས་ལ་དམ་འཛིན་གྱིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཐོག་ནས་ཆོལ་གསུམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གནང་ནས་བོད་ཀྱི་བསྟན་སྲིད་དང༌། ཁམས་པའི་ལ་རྒྱ་སྲོག་ལས་གཅེས་པར་འཛིན་རྒྱུའི་དམ་བཅའ་ནམ་ཡང་མི་གློད་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བ་ཕྲག་བརྒྱར་བརྟན་ཅིང་ཟག་མེད་ཐུགས་ཀྱི་དགོངས་དོན་ཇི་བཞིན་འགྲུབ་སྟེ་ཆོས་སྲིད་རང་དབང་གཙང་མའི་བདེ་སྐྱིད་རྫོགས་ལྡན་གསར་བའི་དགའ་སྟོན་གྱི་ཉི་མ་མྱུར་བ་ཉིད་དུ་འཆར་བའི་སྨོན་འདུན་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྤྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༡༦ ཉིན་ལྡི་ལི་ནས།
















