དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།97
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།97
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3211
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118078

Online (20 minutes ago): 11
Your IP: 38.107.179.240
,
Today: May 20, 2012

མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞི།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ལེའུ་དང་པོ། གཞི་རྩའི་ལམ་སྟོན།
        དོན་ཚན་དང་པོ། སྒྲིག་འཛུགས་ཀྱི་མིང༌།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ།
        དོན་ཚན་གཉིས་པ། ལས་ཁུངས་མཐོ་ཤོས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང༌། དོན་ཚན་གསུམ་པ། འགོ་འཛུགས། སྒྲིག་གཞི་འདི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ཚོགས་ཆེན་ཐོག་ནས་གཏན་འབེབས་གནང་བའི་ཟླ་ཚེས་དེ་ནས་བཟུང་དངོས་སུ་རྩ་འཛིན་ལག་ལེན་བསྟར་རྒྱུ། དོན་ཚན་བཞི་པ། ཁྱབ་ཚད། སྒྲིག་གཞི་འདིས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ཁྱབ་ཁོངས་མདོ་སྟོད་མི་མང་ཡོངས་ལ་ཁྱབ་པ་ཡིན།
       དོན་ཚན་ལྔ་པ། སྒྲིག་འཛུགས་ཀྱི་དམིགས་ཡུལ།
༡༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང༌། སྒྲིག་གཞི་ཅི་རིགས་ལ་བརྩི་བཀུར་དང་ལེན་གྱིས་རང་གཞུང་གི་མཛད་འཕྲིན་རྒྱས་ཐབས་སུ་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ།
༢༽ ལུང་ཚན་དང༌། ཆོས་ལུགས། གྲལ་རིམ་སོགས་ཀྱི་དབར་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དང་མཛའ་མཐུན་དམ་གཙང་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ།
༣༽ ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང༌། རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་རྣམས་མི་ཉམས་གོང་འཕེལ་དང༌། ཉམས་པ་སླར་གསོ་ཁྱབ་སྤེལ་རྒྱུན་འཛིན་ཐུབ་ཐབས་བྱ་རྒྱུ།
༤༽ གཞིས་བྱེས་བོད་མི་ཡོངས་ཀྱི་འདོད་དོན་བོད་དོན་བདེན་མཐའ་གསལ་ཐབས་སུ་ཞི་དྲག་གཉིས་ཀྱི་ལས་འགུལ་གང་ཅིའི་ཐོག་ལ་དཀའ་ངལ་དང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་མདུན་བསྐྱོད་བྱ་རྒྱུ།
༥༽ རང་རེའི་ཁོངས་ཀྱི་ན་གཞོན་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ལྟར་མ་འོངས་བོད་ཀྱི་འཛུགས་བསྐྲུན་སོན་རྩ་བཟང་པོ་འབའ་ཞིག་འབྱུང་ཐབས་སུ་ཕྱི་ནང་གི་ཤེས་ཡོན་སྣ་ཚོགས་སྤྲོད་ཐབས་དང༌། དེའི་ཆ་རྐྱེན་བསྐྲུན་ཐབས་སུ་རང་གཞུང་ཤེས་རིག་ལྷན་ཁང་གི་གཙོས་པའི་རོགས་ཚོགས་ཁག་ལ་སློབ་ཡོན་སོགས་མཐུན་འགྱུར་རོགས་རམ་འབོད་སྐུལ་ཞུ་ཐབས་བྱ་རྒྱུ།
༦༽ ཐོག་མར་ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་རང་རེའི་དཔའ་བོ་དམ་པ་ཚོས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་བོད་བསྟན་སྲིད་རང་དབང་གི་དོན་དཔའ་བོ་བརྒྱ་ཕྲག་མང་པོས་སྐུ་སྲོག་བློས་བཏང་སྟེ་དགྲ་རྒོལ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་གདན་ཞུ་ཐུབ་པ་སོགས་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་བྱས་རྗེས་རྣམས་བྱས་པ་རྗེས་མེད་དུ་མ་སོང་བའི་མཇུག་མཐུད་གནང་རྒྱུ།
༧༽ མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ལུང་ཚན་སོ་སོའི་རང་ལུགས་ཐུན་མོང་མ་ཡིན་པའི་ཆས་གོས་དང༌། གོམས་གཤིས་སོགས་རིག་གཞུང་བཟང་པོ་ཡོད་པ་རྣམས་ཉམས་པ་སླར་གསོ་དང༌། མི་ཉམས་རྒྱུན་འཛིན་ཐུབ་པའི་འབད་བརྩོན་ཞུ་རྒྱུ།
༨༽ མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་གཅེས་འཛིན་སྲུང་བརྩི་དམ་ཟབ་ཞུ་རྒྱུ།
༩༽ ཚོགས་པ་དེབ་སྐྱེལ་བྱས་པའི་དམིགས་ཡུལ་དང་ཁྲིམས་སྒྲིག་རྣམས་ཚུལ་བཞིན་ལག་ལེན་དུ་བསྟར་རྒྱུ་བཅས།
ལེའུ་གཉིས་པ། ཚོགས་མིའི་ཐོབ་ཐང་དང་ལས་འགན།        དོན་ཚན་དྲུག་པ། ཚོགས་མིའི་འོས་ཆོས།
༡༽ བོད་ཀྱི་ཡུལ་མི་ཡིན་ཞིང༌། མདོ་སྟོད་ཆོལ་ཁའི་མངའ་ཁོངས་སུ་གཏོགས་པ་རྣམས།
༢༽ ཕོ་མོ་ཁྱད་མེད་དོ་བདག་རང་ལོ་ ༡༨ཧྲིལ་པོ་ལོན་པ་ཡན།
༣༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཅི་རིགས་དང་འགལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཟིན་པ་མ་ཡིན་པ།
༤༽ ཡོངས་གྲགས་རིག་འཚོ་མ་ཟིན་པ་མ་ཡིན་པ།
        དོན་ཚན་བདུན་པ། ཚོགས་མིའི་ཐོབ་ཐང༌།
༡༽ རང་ལོ་བཅོ་བརྒྱད་ཧྲིལ་པོ་ཟིན་པ་ཡན་ལ་འོས་ཤོག་འཕེན་པའི་ཐོབ་ཐང་ཡོད།
༢༽ རང་ལོ་ཉི་ཤུ་ཡན་གྱི་ཚོགས་མིར་ས་གནས་རྒྱུན་ལས་དང༌། རང་ལོ་ཉི་ཤུ་རྩ་ལྔ་ཡན་གྱི་ཚོགས་མིར་དབུས་རྒྱུན་ལས་ཀྱི་འོས་གཞིར་འཛུལ་ཞུགས་བྱ་རྒྱུའི་ཐོབ་ཐང་ཡོད།
       དོན་ཚན་བརྒྱད་པ། ཚོགས་མིའི་ལས་འགན།
༡༽ སྒྲིག་འཛུགས་འདིར་ཡིད་ཆེས་བློས་གཏད་ཞུ་དགོས་པ།
༢༽ སྒྲིག་འཛུགས་ཀྱི་དམིགས་ཡུལ་ཁག་གཞི་རྩར་བཟུང་སྟེ་སྐབས་བསྟུན་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་བཅས་ཀྱི་གྲོས་ཆོད་ཁག་ལག་ལེན་འཁེལ་ཐབས་ཚོགས་མི་མི་རེ་ངོ་རེ་ནས་ཕྱར་གྲུ་མཉམ་འདེགས་ཞུ་དགོས་རྒྱུ།
༣༽ དམིགས་བསལ་བཀོད་ཁྱབ་དང་འགན་འཁྲི་མེད་པར་ཚོགས་པའི་མིང་འཁྱེར་ཏེ་སྤྱི་ཚོགས་ནང་གང་བྱུང་གསལ་བསྒྲགས་དང༌། གཏམ་བཤད་ལས་འགུལ་འདྲ་མིན་རིགས་སྤེལ་མི་ཆོག
༤༽ ཚོགས་པས་གཏན་འབེབས་གཞིར་བཟུང་ཚོགས་དངུལ་དུས་ཐོག་སྒྲུབ་འབུལ་ཞུ་དགོས་པ།
༥༽ སྒེར་རམ། ཚོགས་པའམ། ལུང་ཚན་སུ་ཐད་ནས་སྒྲིག་འཛུགས་ཀྱི་མཚན་གནས་ལ་གནོད་གཞི་ཡོང་བའི་བྱ་སྤྱོད་ངན་པའི་རིགས་མི་ཡོང་བ་གཙོ་འདོན་དགོས་གལ།
༦༽ བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་དང༌། མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་པར་བློ་གཏད་དང་ལེན་དགོས་རྒྱུ།
ལེའུ་གསུམ་པ། ཚོགས་ཆེན།
       དོན་ཚན་དགུ་པ། ཚོགས་ཆེན་གྱི་ངོ་བོ།
༡༽ ཚོགས་ཆེན་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གཏན་འབེབས་དང༌། ལས་དོན་གསར་རྩོམ་དང་བཀག་འདོམ། དངུལ་རྩིས་དང༌། དཔལ་འབྱོར་འདུ་འགོད། དབུས་དང་ས་གནས་རྒྱུན་ལས་ཀྱི་ཚོགས་མི་འོས་འདེམས་གནང་ཕྱོགས་བཅས་ཀྱི་ཐོག་ལ་དམིགས་བསལ་དབང་ཚད་ཡོད་པའི་ཚོགས་ཆེན་ཞིག་ཡིན།
        དོན་ཚན་བཅུ་པ། ཚོགས་ཆེན་དུ་བཤམ་གསལ་མི་སྣ་རྣམས་ཞུགས་ཆོག་པ་ཡིན།
༡༽ དབུས་སྤྱི་ཁྱབ་རྒྱུན་ལས་པ་རྣམས་དང༌།
༢༽ མདོ་སྟོད་རྒྱ་ཆེའི་མི་མང་གི་བཀའ་ལུང་ཡོད་པའི་ཆོལ་ཁ་རང་ཁོངས་ཀྱི་བོད་མི་མང་སྤྱི་འཐུས་རྣམ་པ།
༣༽ ས་གནས་རྒྱུན་ལས་སོ་སོའི་ཚོགས་གཙོའམ་ཚོགས་གཞོན། ས་གནས་རྒྱུན་ལས་ཀྱི་དྲུང་ཆེའམ་སྐུ་ཚབ། གཞན་ཡང་ས་གནས་སོ་སོའི་མི་འབོར་ལ་གཞིགས་པའི་སྐབས་མཚམས་སུ་དབུས་ནས་ཚོགས་བཅར་བའི་གྲངས་བཀོད་ཁྱབ་ཇི་ཡོད་ལྟར།
༤༽ ལྕགས་ཚ་གྲི་གུ་ཐང་དུ་ཐོག་མར་ཆུ་སྒང་སྒྲིག་འཛུགས་དབུ་བརྙེས་སྐབས་མིང་བཏགས་གཏན་འབེབས་ཡོད་པའི་ཚོ་ཁག་རེ་ནས་སྒྲིག་གཞི་དོན་ཚན་ཉེར་བདུན་པའི་ནང་གསེས། ༡༢ ལྟར་གཏན་འབེབས་བྱས་པའི་མི་འཐུས་རེ་བཅས།
       དོན་ཚན་བཅུ་གཅིག་པ། ཚོགས་ཆེན་ཚོགས་དུས།
       ཚོགས་ཆེན་གྱི་ཚོགས་འདུའི་ཚོགས་ཚེས་ལ།  དུས་ཡུན། ས་གནས༌། ཚོགས་འདུའི་གྲོས་གཞི་རགས་ཟིན་
       བཅས་དབུས་རྒྱུན་ལས་ཁང་ནས་གཏན་འབེབས་གནང་བ་ལྟར། ས་གནས་རྒྱུན་ལས་ཁག་དང༌། ཚོ་ཁག་རྣམས་ལ་
       ཚོགས་བརྡ་གཏོང་རྒྱུ། ལོ་གསུམ་རེས་མཚམས་ཚོགས་ཆེན་རེ་འཚོགས་ཐུབ་པ་དགོས།
       དོན་ཚན་བཅུ་གཉིས་པ། ཚོགས་ཆེན་འཕར་མ།
༡༽ དམིགས་བསལ་དགོས་ངེས་དང༌། ཛ་དྲག་བྱུང་སྐབས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་ཆེན་འཕར་མ་བསྡུ་བསྐོང་གནང་འཐུས།
        དོན་ཚན་བཅུ་གསུམ་པ། ཚོགས་ཆེན་གྱི་ཚོགས་བརྡ།
༡༽ སྒྲིག་གཞི་དོན་ཚན་བཅུ་གཅིག་པའི་ནང་གསལ་འཆར་ཅན་ཚོགས་ཆེན་བསྡུ་བསྐོང་གི་ཚོགས་བརྡ་ཉིན་གྲངས་སུམ་ཅུ་ནང་ཚུད་ས་གནས་སོ་སོར་འབྱོར་དགོས།
༢༽ འོན་ཀྱང་སྒྲིག་གཞི་དོན་ཚན་བཅུ་གཉིས་པའི་ནང་གསལ་ཚོགས་ཆེན་འཕར་མའི་ཚོགས་བརྡ་ཉིན་གྲངས་བཅུ་གོང་ས་གནས་སོ་སོར་འབྱོར་ན་འཐུས་རྒྱུ།
        དོན་ཚན་བཅུ་བཞི་པ། ཚོགས་ཆེན་གྱི་ཚོགས་མི་ཉུང་ཚད།
༡༽ གོང་གསལ་དོན་ཚན་བཅུ་གཅིག་དང་བཅུ་གཉིས་ནང་གསལ་ཚོགས་ཆེན་སྐབས་ས་གནས་རྒྱུན་ལས་ངོ་ཡོད་རྩ་འབོར་སུམ་ཆ་གཉིས་ཀྱི་མི་འཐུས་འཛོམས་ན་ལས་དོན་ཐག་གཅོད་བྱེད་པའི་དབང་ཚད་ཡོད།
༢༽ ཚོགས་མིའི་གྲངས་ཚད་མ་ལོངས་པའི་སྐབས་ཚོགས་འདུ་གྲོལ་རྒྱུ་དང༌། སླར་ཡང་ཚོགས་དུས་གཏན་འབེབས་དང་འབྲེལ་བརྡ་ཁྱབ་ནན་པོ་གནང་དགོས།
        དོན་ཚན་བཅོ་ལྔ་པ། ཚོགས་ཆེན་གྱི་དབང་ཚད།
༡༽ ཚོགས་པའི་སྒྲིག་གཞི་གཏན་འབེབས་དང༌། བསྐྱར་བཅོས།
༢༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང༌། ས་གནས་རྒྱུན་ལས་ཁག་གི་ལས་དོན་ལ་ཞིབ་བཤེར།
༣༽ བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་དོན་དང༌། ཚོགས་པའི་དཔལ་འབྱོར་འདུ་འགོད་བཅས་ཀྱི་ཐོག་ལ་ལས་དོན་གསར་རྩོམ་དང་མཚམས་འཇོག
༤༽ འགན་འཛིན་ལྷན་ཚོགས་སྐབས་ཐག་གཅོད་མ་ཐུབ་པའི་གལ་ཆེའི་ལས་དོན་རིགས་ལ་གྲོས་བསྡུར་གྱིས་ཐག་གཅོད་གནང་རྒྱུ།
༥༽ ས་གནས་ཁག་ནས་ཚོགས་མི་ཕྱིར་འབུད་སོགས་ཀྱི་དཀའ་རྙོག་ཞུ་གཏུགས་བྱུང་རིགས་ལ་ཐག་གཅོད་གནང་རྒྱུ།
༦༽ དབུས་འོས་བསྡུའི་ཚོགས་ཆུང་ནས་དབུས་དང༌། ས་གནས་རྒྱུན་ལས་ཀྱི་ཚོགས་མིའི་འོས་བསྡུ་ཆེན་མོ་གྲུབ་པའི་འོས་ཐོན་ཚོགས་མི་རྣམས་ལས་ཁུར་དུ་བསྐོ་བཞག་གནང་རྒྱུ།
༧༽ དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་མི་སུ་རུང་ལ་འགན་འཛིན་ལྷན་ཚོགས་མང་མོས་ཐོག་ནས་ཚོགས་པའི་དམིགས་ཡུལ་དང་འགལ་བ་དང༌། སྒྲིག་གཞིའི་དོན་ཚན་གང་རུང་དང་འགལ་བའི་ནག་སྐྱོན་བཙུགས་ཏེ་ལས་འགན་ནས་དགོངས་ཞུ་དགོས་པའི་བརྡ་ཁྱབ་གནང་ཆོག འོན་ཀྱང་ཚོགས་མི་སྒེར་སོ་སོར་དག་སེལ་བྱ་རྒྱུའི་གོ་སྐབས་སྤྲོད་དགོས་པ་ཡིན།
༨༽ དབུས་སྤྱི་ཁྱབ་རྒྱུན་ལས་པའི་འོས་གཞིར་དང་བླང་ཞུགས་རིགས་ལ་ཞིབ་འཇུག
༩༽ ཚོགས་པའི་ལས་དོན་གལ་ཆེའི་རིགས་ལག་ལེན་མཇུག་སྐྱོང་ཡོང་ཆེད་དམིགས་བསལ་གྱི་ཚོགས་ཆུང་རིགས་བསྐོ་འཛུགས་བྱ་རྒྱུ།
༡༠༽ ས་གནས་རྒྱུན་ལས་གང་ཞིག་ཚོགས་པའི་སྒྲིག་གསལ་དམིགས་ཡུལ་དང༌། གཞི་རྩའི་ལྟ་བ་དང་འགལ་བའི་གནས་ཚུལ་ལྷག་རིགས་ལ་ཞིབ་བཤེར་དང་འབྲེལ་འཕོ་འགྱུར་གཏོང་འཐུས།
༡༡༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང༌། ས་གནས་རྒྱུན་ལས་བཅས་ཀྱི་ལས་བསྡོམས་དང༌། རྩིས་ཁྲར་ཞིབ་བཤེར་གནང་སྟེ་དགེ་འདོན་ཡོ་བསྲང་གནང་རྒྱུ།
༡༢༽ དབུས་དང་ས་གནས་རྒྱུན་ལས་ཀྱི་ཚོགས་མི་འོས་བསྡུ་གནང་ཆེད་དོན་ཚན་ལྔ་བཅུ་ང་གཅིག་པའི་ནང་གསེས་༡ ནང་གསལ་ལྟར་དབུས་འོས་བསྡུའི་ཚོགས་ཆུང་ཞིག་འོས་འདེམས་བསྐོ་འཛུགས་གནང་དགོས།
༡༣༽ ཚོགས་པའི་དེབ་སྐྱེལ་སྒྲིག་གཞི་དང༌། དམིགས་ཡུལ་འགྲུབ་ཐབས་སུ་གོ་བསྡུར་གཏན་འབེབས་གནང་འོས་རིགས་གནང་རྒྱུ།
ལེའུ་བཞི་པ། འགན་འཛིན་ལྷན་ཚོགས།
       དོན་ཚན་བཅུ་དྲུག་པ། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ།
༡༽ འགན་འཛིན་ལྷན་ཚོགས་ནི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ་དང༌། ས་གནས་རྒྱུན་ལས་ཁག་གི་ཚོགས་གཙོ་དང༌། དྲུང་ཆེ། དམིགས་བསལ་གདན་ཞུ་ཕུལ་བའི་སྤྱི་འཐུས་དང་སྐུ་མགྲོན་བཅས་ལྷན་ཚོགས་གནང་བའི་ཚོགས་འདུ་ཞིག་ཡིན།
        དོན་ཚན་བཅུ་བདུན་པ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ།
༡༽ འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཚེས་དང༌། དུས་ཡུན། ཚོགས་ཡུལ་ས་གནས། ཚོགས་འདུའི་གྲོས་གཞི་རགས་ཟིན་བཅས་དབུས་རྒྱུན་ལས་ཁང་ནས་གཏན་འབེབས་གནང་བ་ལྟར་དོན་ཚན་བཅུ་གསུམ་པའི་ནང་གསེས་༡  དང་ ༢ པའི་ནང་གསལ་ལྟར་དབུས་རྒྱུན་དྲུང་ཆེས་ས་གནས་སོ་སོར་ཚོགས་བརྡ་གཏོང་རྒྱུ།
        དོན་ཚན་བཅོ་བརྒྱད་པ། འགན་འཛིན་ལྷན་ཚོགས་འཕར་ཚོགས།
༡༽དམིགས་བསལ་དགོས་ངེས་དང༌། ཛ་དྲག་གི་གནས་ཚུལ་བྱུང་སྐབས་དབུས་རྒྱུན་ལས་ཁང་ནས་དོན་ཚན་ཉི་ཤུ་རྩ་བདུན་པའི་ནང་གསེས་ ༢ པ་ནང་གསལ་ལྟར་འགན་འཛིན་ལྷན་ཚོགས་འཕར་མ་བསྡུ་བསྐོང་གནང་འཐུས།
       དོན་ཚན་བཅུ་དགུ་པ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་བརྡ།
༡༽ སྒྲིག་གཞི་དོན་ཚན་བཅུ་བདུན་པའི་ནང་གསལ་ལྟར་འཆར་ཅན་འགན་འཛིན་ལྷན་ཚོགས་བསྡུ་བསྐོང་གི་ཚོགས་བརྡ་ཉིན་གྲངས་ ༣༠ གོང་དུ་ས་གནས་སོ་སོར་འབྱོར་ཟིན་པ་དགོས།
༢༽ འོན་ཀྱང་སྒྲིག་གཞི་དོན་ཚན་བཅོ་བརྒྱད་པའི་ནང་གསལ་འགན་འཛིན་ལྷན་ཚོགས་འཕར་མའི་ཚོགས་བརྡ་ཉིན་གྲངས་ ༡༠ ཡི་གོང་དུ་ས་གནས་སོ་སོར་འབྱོར་ན་འཐུས་རྒྱུ།
       དོན་ཚན་ཉི་ཤུ་པ། འགན་འཛིན་ལྷན་ཚོགས་སུ་ཚོགས་མིའི་ཉུང་ཚད།
༡༽ དོན་ཚན་ ༡༧ དང་ ༡༨ ནང་གསལ་འགན་འཛིན་ལྷན་ཚོགས་སྐབས་ས་གནས་རྒྱུན་ལས་ངོ་ཡོད་ཀྱི་རྩ་འབོར་སུམ་ཆ་གཉིས་ཀྱི་མི་འཐུས་འཛོམས་ན་ལས་དོན་ཐག་གཅོད་བྱེད་པའི་དབང་ཆ་ཡོད།
       དོན་ཚན་ཉེར་གཅིག་པ། འགན་འཛིན་ལྷན་ཚོགས་ཀྱི་དབང་ཚད།
༡༽ འཆར་ཅན་འགན་འཛིན་ལྷན་ཚོགས་སྐབས་སོ་སོར་དབུས་རྒྱུན་ལས་ཁང་དང༌། ས་གནས་རྒྱུན་ལས་ཁང་སོ་སོའི་ལོ་འཁོར་ལས་བསྡོམས་དང༌། རྩིས་ཁྲ་བཅས་སྙན་སྒྲོན་དང་ཡིག་ཐོག་ཏུ་ཕུལ་བར་ཞིབ་བཤེར་ལམ་སྟོན་བྱ་རྒྱུ།
༢༽ དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་དང༌། རྒྱུན་ལས་པ་གང་ཞིག་གནད་དོན་གང་རུང་གི་ཐོག་ནས་དགོངས་ཞུ་བྱ་དགོས་བྱུང་བའི་ཚབ་གསར་སྐབས་འཕྲལ་དགོས་གལ་མཐོང་ཚེ་སྒྲིག་གཞི་དོན་ཚན་ ༥༡ ནང་གསེས་ ༡༤ པ་ནང་གསལ་ལྟར་འོས་འདེམས་བསྐོ་བཞག་མ་བྱུང་བར་ལས་ཚབ་ཅིག་འགན་འཛིན་ལྷན་ཚོགས་ནས་དམིགས་བསལ་གྱི་འོས་གཞི་ཞིག་བདམས་ཏེ་དེའི་ཐོག་མང་མོས་དང་སྤྱི་མོས་ཀྱི་ཐོག་ནས་བསྐོ་འཛུགས་གནང་འཐུས།
༣༽ དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོས་དབུས་རྒྱུན་ལས་པ་གང་རུང་ནས་སྒྲིག་གཞི་དང་འགལ་བའི་ལས་དོན་ཚབས་ཆེའི་རིགས་བྱས་རྐྱེན་རྒྱུན་ལས་ཀྱི་ཚོགས་མི་ནས་ཕྱིར་འབུད་དགོས་པའི་གྲོས་འཆར་ལ་ཚོགས་མི་ངོ་ཡོད་སུམ་ཆ་གཉིས་ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ན་ཕྱིར་འབུད་བྱ་རྒྱུ་ཐག་གཅོད་ཆོག་ཀྱང༌། དོ་བདག་ནས་བདེན་པའི་དག་སེལ་བྱ་བློ་ཡོད་ཚེ་ཚོགས་ཆེན་ཐོག་ཞུ་གཏུགས་བྱ་རྒྱུའི་ཐོབ་ཐང་ཡོད།
༤༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ལས་དོན་གང་ཞིག་ཐག་གཅོད་གནང་མ་ཐུབ་པའི་རིགས་འགན་འཛིན་ལྷན་ཚོགས་ནས་ཐག་གཅོད་གནང་རྒྱུ།
༥༽ འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཚང་མར་འོས་ཤོག་གཅིག་རེའི་ཐོབ་ཐང་འདྲ་མཉམ་ཡོད།
༦༽ གལ་སྲིད་དབུས་རྒྱུན་ལས་ཀྱི་ཚོགས་མི་སུ་རུང་ནས་དབུས་རྒྱུན་ལས་ལྷན་ཚོགས་དང༌། འགན་འཛིན་ལྷན་ཚོགས་བཅས་སུ་ཚོགས་ཐེངས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ་རྒྱུན་ལས་ཀྱི་ཚོགས་མིའི་གྲས་ནས་རང་བཞིན་གྱི་བུད་འགྲོ་བ་ཡིན། ཚབ་གསར་དོན་ཚན་ ༥༡ ནང་གསེས་ ༡༤ ལྟར་འོས་འདེམས་བསྐོ་བཞག་གནང་དགོས། འོན་ཀྱང་དངོས་ཡོད་ཀྱི་དཀའ་ངལ་གྱི་རྐྱེན་པས་ཚོགས་བཅར་མ་ཐུབ་པའི་རིགས་ལ་དམིགས་བསལ་གྱི་དགོངས་འཁྲོལ་གནང་འོས་གཟིགས་ཚེ་དགོངས་འཁྲོལ་གནང་འཐུས།
༧༽ ས་གནས་རྒྱུན་ལས་ཀྱི་སྒྲིག་གསལ་ཚོགས་བཅར་དགོས་པའི་ཚོགས་མི་གང་ཞིག་ནས་འགན་འཛིན་ལྷན་ཚོགས་སུ་ཚོགས་ཐེངས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ་གོང་གི་ནང་གསེས་དྲུག་པའི་འབྲུ་དོན་ལྟར་ལག་ལེན་དུ་བསྟར་དགོས།
༨༽ དབུས་རྒྱུན་ལས་ཁང་གི་ལོ་གཅིག་གི་འགྲོ་གྲོན་སྔོན་རྩིས་འཆར་གཞི་ལ་ཞིབ་བཤེར་དང་སྣོན་འཕྲི་སྤར་གཅོག་གནང་འོས་རིགས་གནང་ཐོག་ཆོག་མཆན་གནང་རྒྱུ།
༩༽ ལོ་འཁོར་ནང་ལས་དོན་གསར་རྩོམ་དང༌། ལས་དོན་འགྲོ་བཞིན་པར་ལེགས་བཅོས་གནང་འོས་རིགས་གནང་ནས་གཏན་འབེབས་གནང་རྒྱུ།
༡༠༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྩིས་ཁྲར་ཞིབ་འཇུག་སླད་རྩིས་པ་ཉམས་མྱོང་ཅན་གཅིག་ནས་གསུམ་བར་བསྐོ་བཞག་གནང་འཐུས་དང༌། དེ་རྣམས་ཀྱི་གླ་ཕོགས་ཀྱང་གཏན་འབེབས་གནང་དགོས།
༡༡༽ མདོ་ཁམས་རྒྱ་ཆེའི་མི་མང་ནས་དྲག་གྲས་འོས་འདེམས་བྱས་པའི་མདོ་སྟོད་སྤྱི་འཐུས་སུ་རུང་ནས་བོད་སྤྱིའི་རྩ་དོན་དང༌། ཡང་སྒོས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་དམིགས་ཡུལ་དང་མདོ་སྟོད་ཆོལ་ཁའི་ནང་ཁུལ་མཐུན་ལམ་དང་ཁེ་ཕན་ལ་གནོད་འགལ་འགྲོ་གཞིའི་བྱ་སྤྱོད་ངན་པ་རིགས་དངོས་ཤུགས་བརྒྱུད་གསུམ་ནས་བརྩམས་སྤེལ་གྱི་གནས་ཚུལ་ལྷགས་ཚེ། མང་ཚོགས་སུ་བྱ་ངན་གསལ་བསྒྲགས་དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་བདུན་པའི་ནང་གསེས་གཉིས་པ་ལྟར་འཕོ་འགྱུར་གཏོང་རྒྱུའི་དབང་ཚད་ཡོད།
ལེའུ་ལྔ་པ། དབུས་སྤྱི་ཁྱབ་རྒྱུན་ལས་ཁང༌།
        དོན་ཚན་ཉེར་གཉིས་པ། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོ་བོ།
༡༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནི་འགན་འཛིན་ལྷན་ཚོགས་དང༌། ཚོགས་ཆེན་ནས་གྲོས་ཆོད་གཏན་འབེབས་བྱུང་བ་རྣམས་ལག་ལེན་འཁེལ་ཐབས་དང༌། སྒྲིག་འཛུགས་ཀྱི་གཞི་རྩའི་དམིགས་ཡུལ་ཁག་ལག་ལེན་དུ་བསྟར་རྒྱུའི་འགན་ཁུར་ཆ་ཚང་ཡོད་པའི་ལས་ཁུངས་མཐོ་ཤོས་དེ་ཡིན།
        དོན་ཚན་ཉེར་གསུམ་པ། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མིའི་གྲངས་ཚད།
༡༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཚོགས་མི་བཅོ་ལྔ་ལས་མི་མང་བ་དང༌། བདུན་ལས་མི་ཉུང་བ་དགོས། རྒྱུན་ལས་ཀྱི་ཚོགས་མི་ཚང་མ་ལས་ཁུངས་སུ་རྒྱུན་བཞུགས་དགོས་མིན་སྐབས་འཕྲལ་ལས་དོན་གཞི་རྒྱའི་བབས་ཀྱིས་ཐག་གཅོད་གནང་རྒྱུ། རྒྱུན་ལས་ཚོགས་གཙོ་དང༌། དྲུང་ཆེ། དངུལ་གཉེར། བཅས་ལས་ཁུངས་སུ་རྒྱུན་བཞུགས་གང་འོས་ཀྱིས་ཚོགས་པའི་ལས་དོན་ཞུ་སྒོ་ཁག་འགན་ཁུར་ཚགས་ཚུད་ཞུ་དགོས། འོན་ཀྱང་ཚོགས་ཆེན་ཐོག་ཐག་གཅོད་བྱུང་བའི་གྲོས་ཆོད་མཇུག་སྐྱོང་གནང་ཕྱོགས་འགན་འཛིན་ལྷན་ཚོགས་དང༌། དབུས་རྒྱུན་ལས་ལྷན་འཛོམས་ཐོག་ནས་འདི་བྱ་ཐག་གཅོད་བྱུང་རིགས་ལས་སྤྲོས་པའི་ཐག་གཅོད་དང་ལས་དོན་གསར་རྩོམ་རིགས་བྱ་མི་ཆོག དུས་ཡུན་ཟླ་བ་གསུམ་རེའི་མཚམས་དབུས་རྒྱུན་ལས་ལྷན་ཚོགས་ཐེངས་རེ་ངེས་པར་དུ་གནང་དགོས་པ་ཡིན།
༢༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མིའི་གོ་གནས།
ཀ ཚོགས་གཙོ། གཅིག
ཁ། ཚོགས་གཙོ་གཞོན་པ། གཅིག་གམ་གཉིས།
ག དྲུང་ཆེ། གཅིག
ང༌། དྲུང་གཞོན། གཅིག་
ཅ། དངུལ་གཉེར། གཅིག
ཆ། མཐུན་འབྲེལ་འགན་འཛིན། གཅིག
ཇ། ཚོགས་མི་གཞན་བཅས་ཡིན།
        དོན་ཚན་ཉེར་བཞི་པ། དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་མིའི་འོས་བསྡུ།
༡༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་རྣམས་སྒྲིག་གཞི་འདིའི་ལེའུ་བརྒྱད་པ་དབུས་འོས་བསྡུའི་ཚོགས་ཆུང་གི་ལས་རིམ་ལྟར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐོག་ནས་འོས་འདེམས་བསྐོ་བཞག་གནང་རྒྱུ།
        དོན་ཚན་ཉེར་ལྔ་པ། དབུས་སྤྱི་ཁྱབ་རྒྱུན་ལས་པའི་ཡུན་ཚད།
༡༽ སྒྲིག་གཞི་འདིའི་དོན་ཚན་ཉེར་གཅིག་པའི་ནང་གསེས་ ༢ དང་ ༣ ནང་གསལ་ལྟར་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་བྱུང་ན་ལས་དེ་མིན་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་རྒྱུན་ལོ་གསུམ་ཡིན།
        དོན་ཚན་ཉེར་དྲུག་པ། དབུས་རྒྱུན་ལས་ལྷན་ཚོགས་སྐབས་ཚོགས་མི་ཉུང་ཚད།
༡༽ དབུས་རྒྱུན་ལས་ལྷན་ཚོགས་སུ་ཚོགས་མི་རྩ་འབོར་སུམ་ཆ་གཉིས་འཛོམས་ན་ལས་དོན་ཐག་གཅོད་བྱེད་པའི་དབང་ཚད་ཡོད། རྩ་འབོར་སུམ་ཆ་གཉིས་རྩིས་ཚུལ་གྲངས་ཆུང་ལ་ལྟོས་དགོས་མེད།
༢༽ དབུས་རྒྱུན་ལས་པ་རྣམས་ལོ་རེའི་ནང་ཉུང་མཐར་ཐེངས་བཞི་ལྷན་འཛོམས་ཐུབ་པ་དང༌། ལྷན་ཚོགས་སུ་གྲོས་བསྡུར་ཐག་གཅོད་ཇི་བྱས་གྲོས་ཆོད་ཡིག་ཐོག་ཏུ་འཇོག་དགོས་པ་ཡིན།
༣༽ རྒྱུན་ལས་པ་སུ་ཞིག་ཚོགས་འདུར་བསྟུད་མར་ཐེངས་གཉིས་ཚོགས་བཅར་མ་ཞུས་ན་རྒྱུན་ལས་ཁོངས་ནས་རང་བཞིན་གྱིས་བུད་འགྲོ་བ་ཡིན།
        དོན་ཚན་ཉེར་བདུན་པ། དབུས་རྒྱུན་ལས་ཁང་གི་དབང་ཚད་དང༌། ལས་འགན།
༡༽ སྒྲིག་གཞི་དོན་ཚན་ ༡༡ དང་ ༡༧ ནང་གསལ་གཞིར་བཟུང་འཆར་ཅན་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་ཀྱི་དུས་ཚོད་བཏན་འབེབས་ཀྱིས་ཚོགས་བསྐོང་བྱ་རྒྱུ།
༢༽ སྒྲིག་གཞི་དོན་ཚན་ ༡༢ དང་ ༡༨ ནང་གསལ་གཞིར་བཟུང་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་འཕར་མ་ཚོགས་དགོས་བྱུང་ན་ཚོགས་བརྡ་གཏོང་རྒྱུ།
༣༽ ས་གནས་རྒྱུན་ལས་ཁག་གི་ཚོགས་གཙོ་དང་ཚོགས་མི་སུ་ཐད་ནས་ཚོགས་པའི་སྒྲིག་གཞི་དང་འགལ་བའི་དོན་གནད་གང་ཡང་ཞུ་གཏུགས་བྱུང་རིགས་ལ་ཞིབ་འཇུག་བྱས་ཏེ་སྒྲིག་དོན་ལྟར་ཐག་གཅོད་གནང་འཐུས།
༤༽ ས་གནས་རྒྱུན་ལས་ཁག་ནས་དབུས་རྒྱུན་ལས་ཁང་དུ་བཀའ་བསྡུར་མ་བྱས་པར་ཐལ་ཆའི་ལས་དོན་བྱས་དང་བྱེད་འཆར་ཡོད་རིགས་བཀག་འགོག་དང་སློབ་གསོ་གནང་རྒྱུ།
༥༽ ས་གནས་རྒྱུན་ལས་ཁག་གི་ཚོགས་གཙོ་དང༌། ཚོགས་མི་སྒེར་རམ། ཚོགས་མི་གཉིས་སམ་གསུམ། ཡང་ན་ས་གནས་གཅིག་གི་རྒྱུན་ལས་པ་ཡོངས་རྫོགས་ནས་ཚོགས་པའི་སྒྲིག་གཞི་དང༌། དམིགས་ཡུལ་དང་འགལ་བའི་ལས་ཀ་ཐལ་ཆའི་རིགས་བྱས་ཏེ་ཚོགས་མི་བྱེ་བྲག་པ་རེ་ཟུང་ངམ། ཡང་ན་ས་གནས་རྒྱུན་ལས་ཁང་ཆ་ཚང་འཕོ་འགྱུར་གཏོང་དགོས་པའི་གནས་ཚུལ་རིགས་བྱུང་ན་དབུས་རྒྱུན་ལས་ལྷན་ཚོགས་གནང་སྟེ་ཚོགས་མི་སུམ་ཆ་གཉིས་ནས་མོས་མཐུན་རྒྱབ་སྐྱོར་བྱུང་ན་ས་གནས་དེ་གའི་མི་མང་ལ་གོ་བསྡུར་དང་འབྲེལ་གནས་དབྱུང་ངམ། འཕོ་འགྱུར་གཏོང་འཐུས།
༦༽ ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་སྐབས་སོ་སོའི་གྲོས་གཞི་གཏན་འབེབས་བྱ་རྒྱུ།
༧༽ དབུས་རྒྱུན་ལས་ཀྱི་ཚོགས་གཙོ་གཙོས་རྒྱུན་ལས་པ་གང་རུང་ནས་སྒྲིག་འཛུགས་ཀྱི་རྩ་བའི་དམིགས་ཡུལ་དང་འགལ་བའི་ཐལ་ཆའི་རྙོག་གླེང་རིགས་བྱུང་ཚེ་དབུས་རྒྱུན་རྩ་འབོར་སུམ་ཆ་གཉིས་ཀྱི་མང་མོས་ཐོག་འགན་འཛིན་ལྷན་ཚོགས་མ་ཚུགས་བར་ལས་དོན་མཚམས་འཇོག་དགོས་པའི་ཐག་གཅོད་གནང་ཆོག
༨༽ ཚོགས་མི་གསར་འཇུག་དང༌། ཕྱིར་འབུད་ཀྱི་རྩོད་གླེང་རིགས་ཞུ་གཏུགས་བྱུང་ན་ཞིབ་འཇུག་གིས་སྒྲིག་དོན་ལྟར་ཐག་གཅོད་གནང་རྒྱུ།
༩༽ སྒྲིག་གཞི་འདིའི་ཚིག་དོན་ཐོག་འགྲིགས་མིན་རྩོད་གླེང་རིགས་བྱུང་ཚེ་དབུས་རྒྱུན་ལས་ཁང་ནས་སྒྲིག་དོན་འགྲེལ་བརྗོད་དང་འབྲེལ་གཞི་མེད་རྩོད་གླེང་བཀའ་འགོག་བྱ་རྒྱུའི་དབང་ཚད་ཡོད།
༡༠༽ ཚོགས་པའི་རྒྱུ་དངོས་དང༌། མཁར་དབང༌། དངུལ་སོགས་ཡོད་དོ་ཅོག་གི་མ་དེབ་ཧེ་མེད་དེབ་འགོད་བདག་སྤྲོད་དང་སླད་ཀ་ཀོར་མེད་པར་ཁུངས་བསྒྲིག་དགོས་རྒྱུ།
༡༡༽ འཆར་ཅན་འགན་འཛིན་ལྷན་ཚོགས་སྐབས་དབུས་རྒྱུན་ལས་ཀྱི་ལོ་གཅིག་གི་འགྲོ་གྲོན་དངུལ་རྩིས་འཆར་གཞི་འབུལ་དགོས།
༡༢༽ སྒྲིག་གཞི་འདིའི་དོན་ཚན་བཅུ་པའི་ནང་གསེས་གསུམ་པའི་ནང་གསལ་ཆུ་སྒང་ཁྱབ་ཁོངས་ཚོ་ཁག་སོ་སོའི་ཚོགས་ཆེན་དུ་ཚོགས་བཅར་ཞུ་མཁན་མི་འཐུས་གཏན་འབེབས་བྱ་རྒྱུ།
༡༣༽ དབུས་རྒྱུན་ལས་པ་རྣམས་ཀྱི་ཕོགས་དང༌། ཟུར་ཕོགས། ལམ་གྲོན་སོགས་ཀྱི་ལོ་འཁོར་སྔོན་རྩིས་འཆར་གཞི་བཟོས་ཏེ་འགན་འཛིན་ལྷན་ཚོགས་སུ་ཆོག་མཆན་ཞུ་རྒྱུ་དང༌། འགན་འཛིན་ལྷན་ཚོགས་ནས་ཞིབ་འཇུག་གིས་སྤར་གཅོག་གནང་འོས་རིགས་གནང་སྟེ་བཀའ་འཁྲོལ་གནང་རྒྱུ།
༡༤༽ མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པའི་ཁྱབ་ཁོངས་མདོ་སྟོད་མི་མང་སྤྱི་སྒེར་ཡོངས་ཀྱི་བདེ་སྡུག་ལ་བལྟ་རྟོགས་གནང་རྒྱུ།
༡༥༽ གཞན་ཡང་ཚོགས་པ་དང་འབྲེལ་བའི་ལས་དོན་གང་ཡང་རུང་སྐབས་འཕྲལ་སོ་སོར་ལག་ལེན་དུ་འཁེལ་ཐུབ་པ་གནང་རྒྱུ་བཅས།
        དོན་ཚན་ཉེར་བརྒྱད་པ། དབུས་རྒྱུན་ལས་པའི་དམ་འབུལ།
༡༽ རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནས་འདེམས་ཐོན་ཚོགས་མི་རྣམས་ཚོགས་ཆེན་ནས་དབུས་རྒྱུན་ལས་ཀྱི་ཚོགས་མིར་བསྐོ་བཞག་ཟིན་པ་དང་དམ་འབུལ་ཚིག་བརྗོད་གཏན་འབེབས་ཡོད་པ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་དཔར་མདུན་ལས་ཁུར་དམ་བཅའ་འབུལ་དགོས།
        དོན་ཚན་ཉེར་དགུ་པ། དབུས་རྒྱུན་ལས་གསར་རྙིང་དབར་རྩིས་སྤྲོད།
༡༽ མ་དེབ་གཞིར་བཟུང་རྒྱུ་དངོས་དང་མཁར་དབང༌། རྩིས་ཁྲར་རྩིས་ཞིབ་དང་འབྲེལ་རྩིས་གསལ་དངུལ་འབབ། ཡིག་ཆའི་དཀར་ཆག་གཞིར་བཟུང་ཡིག་ཆ་ཁག་དང༌། གཞན་ཡང་འཛིན་ཆས་ཡོ་བྱད་སོགས་ཚོགས་པའི་སྤྱི་རྫས་གང་ན་ཅི་ཡོད་སྤྲོད་ཁྲར་བཀོད་དེ་རྩིས་སྤྲོད་ལེན་ཁམས་དྭངས་གནང་དགོས།
༢༽ སྤྲོད་དཔང་དུ་ཚོགས་པའི་སློབ་སྟོན་པ་གཅིག་ནས་གནང་རྒྱུ། དབུས་རྒྱུན་ལས་ནས་སློབ་སྟོན་པ་སུ་འོས་ཤིག་ལ་འབོད་བསྐུལ་ཞུ་འཐུས།
        དོན་ཚན་སུམ་ཅུ་པ། དབུས་སྤྱི་ཁྱབ་རྒྱུན་ལས་གི་སློབ་སྟོན་པ།
༡༽ ཚོགས་པ་དང་དེའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་དོན་རྣམས་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་སྤྱི་དང༌། ཡང་སྒོས་ཚོགས་པའི་ལྟ་བའི་དམིགས་ཡུལ་དང་སྒྲིག་གཞི་བཅས་དང་ཕྱོགས་འགལ་དུ་མི་འགྲོ་བའི་ལས་དོན་གནང་ཕྱོགས་ལམ་སྟོན་གནང་མཁན་གྱི་ཉམས་མྱོང་དང༌། ཤེས་ཚད་ལྡན་པའི་སློབ་སྟོན་པ་མི་སྣ་གཉིས་ནས་གསུམ་བར་དགོས་པ་དབུས་སྤྱི་ཁྱབ་རྒྱུན་ལས་པའི་ཚོགས་མི་གསུམ་ཆ་གཉིས་ལས་མི་ཉུང་བས་རྒྱབ་སྐྱོར་ཐོག་བསྐོ་བཞག་གནང་འཐུས།
༢༽ སློབ་སྟོན་ཚོགས་ཆུང་གི་ལས་རྒྱུན་དབུས་རྒྱུན་ལྟར་ལོ་གསུམ་རེའི་མཚམས་ནས་འཕོ་འགྱུར་གསར་འདེམས་གནང་དགོས།
        དོན་ཚན་སོ་གཅིག་པ། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ།
༡༽ ཚོགས་པའི་གཞི་རྩའི་ལྟ་བ་དང་དམིགས་ཡུལ། ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་བཅས་ནས་གཏན་ལ་ཕབ་པའི་གྲོས་ཆོད་ཁག་དོན་འཁེལ་ལག་ལེན་དུ་བསྟར་རྒྱུའི་ལས་དོན་གྱི་འགན་ཚང་མ་ཚོགས་གཙོས་འཁྱེར་དགོས་པ་ཡིན།
༢༽ ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། དབུས་རྒྱུན་ལས་བཅས་ཀྱི་ཚོགས་འདུའི་གཙོ་སྐྱོང་གནང་རྒྱུ།
༣༽ དབུས་འོས་བསྡུའི་ཚོགས་ཆུང་གི་དམིགས་བཀར་ལས་རིམ་ཕུད་དེ་མིན་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས། དབུས་རྒྱུན་ལས་བཅས་ཀྱི་ཚོགས་འདུའི་སྐབས་དོན་ཚན་གང་ཞིག་གི་ཐོག་ལ་འོས་འཕེན་འོས་ཤོག་གྲངས་འདྲ་མཉམ་ཐོན་སྐབས་ཚོགས་གཙོས་གང་འོས་ཐོག་ལ་འོས་བླུགས་ཏེ་ཐག་གཅོད་གནང་རྒྱུ།
༤༽ ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། དབུས་རྒྱུན་ལས་ལྷན་ཚོགས་བཅས་ཀྱི་སྐབས་ལས་དོན་གང་ཞིག་གི་ཐོག་བློ་མ་མཉམ་པའི་རྩོད་གླེང་བྱུང་ཚེ་ཚོགས་གཙོས་འོས་མཚམས་ཀྱིས་ཐག་བཅོད་གང་གནང་བ་དེའི་ཐོག་ཆ་འཛིན་གནང་རྒྱུ།
༥༽ སྒྲིག་གཞི་འདིའི་དོན་ཚན་ཉེར་གཅིག་པའི་ནང་གསེས་ ༨ པ་དང་ཡང་དོན་ཚན་ཉེར་བདུན་པའི་ནང་གསེས་ ༡༣ ནང་གསལ་དབུས་རྒྱུན་ལས་ཀྱི་འགྲོ་གྲོན་ཕུད་གལ་ཆེའི་ཛ་དྲག་ལས་དོན་ཐོག་ལོ་གཅིག་གི་ནང་ཧིན་སྒོར་ལྔ་ཁྲི་༥༠༠༠༠།༠༠ ཐམ་པའི་བར་རྒྱུན་ལས་ལྷན་ཚོགས་སུ་བཀའ་བསྡུར་དང་འབྲེལ་དམིགས་བསལ་འགྲོ་གྲོན་ཆོག་མཆན་གནང་འཐུས།
༦༽ ཚོགས་པའི་རྩིས་ཀྱི་གཏོང་ལེན་བཀའ་འཁྲོལ་འགན་ཁུར་གནང་རྒྱུ།
        དོན་ཚན་སོ་གཉིས་པ། དབུས་རྒྱུན་ལས་ཀྱི་ཚོགས་གཞོན་གྱི་ལས་འགན།
༡༽ ཚོགས་གཞོན་གཅིག་གམ་གཉིས་ཀྱིས་རྒྱུན་དུ་ཚོགས་གཙོའི་ཕྱག་ལས་ཚགས་ཚུད་ཡོང་བར་ཕྱག་རོགས་ཞུ་རྒྱུ།
༢༽ ཚོགས་གཙོ་མ་བཞུགས་པའི་སྐབས་ཚོགས་གཙོའི་ལས་འགན་རྣམས་འགན་ཁུར་ཞུ་དགོས།
        དོན་ཚན་སོ་གསུམ་པ། དབུས་རྒྱུན་ལས་ཀྱི་དྲུང་ཆེའི་ལས་འགན།
༡༽ དབུས་རྒྱུན་ལས་ཀྱི་ལས་ཁུངས་ཀྱི་ལས་དོན་ཁག་ལ་བལྟ་རྟོགས་གནང་རྒྱུའི་འགན་དབང་ཆ་ཚང་ཡོད།
༢༽ ཚོགས་གཙོ་དང་རྒྱུན་ལས་གཞན་རྣམས་ཀྱི་ལྷན་དུ་བཀའ་བསྡུར་གྱིས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། དབུས་རྒྱུན་ལས་བཅས་ཀྱི་ཚོགས་འདུའི་ཚོགས་བརྡ་གཏོང་རྒྱུ།
༣༽ ཚོགས་གཙོའི་འགན་ལྷན་བཀའ་བསྡུར་དང་འབྲེལ་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ས་གནས་ཁག་ཏུ་ལས་དོན་གནང་ཕྱོགས་ཀྱི་བཀོད་ཁྱབ་གཏོང་རྒྱུ།
༤༽ ཚོགས་གཙོ་དང་ལྷན་དུ་བཀའ་བསྡུར་གྱིས་རྒྱུན་ལས་ཁང་དུ་འཕྲལ་སེལ་གླ་གླས་ཐོག་ལས་བྱེད་འཕར་མ་དགོས་རིགས་བསྐོ་བཞག་གནང་འཐུས།
༥༽ ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། དབུས་རྒྱུན་ལས་བཅས་ཀྱི་ཚོགས་འདུའི་ནང་བཀའ་བསྡུར་གྲོས་འཆམས་ཇི་བྱུང་གྲོས་ཆོད་ཡིག་ཐོག་འཇོག་དགོས།
༦༽ གནས་ཚུལ་གང་ཅིའི་ཐོག་ས་གནས་ཁག་དང༌། ཚོགས་མི་སྒེར། གཞན་ཡང་སྤྱིར་བཏང་གི་གནས་འབྲེལ་བྱུང་བར་ཚོགས་གཙོའི་ལྷན་དུ་བཀའ་བསྡུར་དང་འབྲེལ་གནས་ལན་གནང་རྒྱུའི་འགན་ཁུར་གནང་དགོས།
༧༽ དབུས་རྒྱུན་ལས་ཁང་གི་ལོ་རེའི་ལས་བསྡོམས་བཀོད་བསྒྲིག་གནང་རྒྱུ།
        དོན་ཚན་སོ་བཞི་པ། དབུས་རྒྱུན་ལས་ཁང་གི་དངུལ་གཉེར་གྱི་ལས་འགན།
༡༽ དབུས་རྒྱུན་ལས་ཁང་གི་བྱུང་སོང་རྩིས་ཁྲ་ཁམས་དྭངས་ཉར་འཇོག་དགོས་རྒྱུ།
༢༽ གཏན་འབེབས་གཞིར་བཟུང་ས་གནས་རྒྱུན་ལས་ཁག་ནས་ཚོགས་དངུལ་བསྡུ་འགོད་བྱ་རྒྱུ།
༣༽ སྒྲིག་གཞི་འདིའི་དོན་ཚན་ཉེར་གཅིག་པའི་ནང་གསེས་ ༨ དང་ཡང་དོན་ཚན་ཉེར་བདུན་པའི་ནང་གསེས་ ༡༢ པ་ནང་གསལ་ལྟར་དབུས་རྒྱུན་ལས་ཀྱི་ལོ་རེའི་རྒྱུན་གྲོན་དངུལ་རྩིས་འཆར་གཞི་ཚོགས་གཙོ་དང་དྲུང་ཆེ་རྩིས་པ་ལྷན་དུ་བཀའ་བསྡུར་གྱིས་གཏན་འབེབས་གནང་རྒྱུ།
༤༽ ཚོགས་གཙོའི་གཏོང་ལེན་བཀའ་འཁྲོལ་དང་འབྲེལ་དབུས་རྒྱུན་ལས་ཀྱི་ལོ་འཁོར་རྒྱུན་གྲོན་བཀའ་འཁྲོལ་གཏན་འབེབས་བྱུང་བ་གཞིར་བཟུང་འགྲོ་གྲོན་ཁག་གཏོང་འཐུས།
༥༽ སྒྲིག་གཞི་དོན་ཚན་ཉེར་བདུན་པའི་ནང་གསེས་ ༡༠ པ་ནང་གསལ་བཞིན་ཚོགས་པའི་རྒྱུ་དངོས་མཁར་དབང་འཛིན་ཆས་སོགས་ཀྱི་མ་དེབ་ཧེ་མེད་འགོད་ཉར་ཐོག་བདག་འཛིན་གཅེས་གཟབ་དང༌། རྩིས་པ་དང་མཉམ་རུབ་ཀྱིས་ཟླ་རེ་བཞིན་ཁང་གླ་རྣམས་བསྡུས་ཏེ་དུས་ཐོག་དངུལ་ཁང་དུ་བཅོལ་འཇོག་བྱ་དགོས།
        དོན་ཚན་སོ་ལྔ་པ། དབུས་རྒྱུན་ལས་ཀྱི་དྲུང་གཞོན་གྱི་ལས་འགན།
༡༽ དབུས་རྒྱུན་ལས་ཀྱི་དྲུང་ཆེ་མ་བཞུགས་པའི་སྐབས་སུ་དྲུང་ཆེའི་ལས་འགན་ཁག་དོ་ཁུར་གནང་རྒྱུ།
        དོན་ཚན་སོ་དྲུག་པ། དབུས་རྒྱུན་ལས་ཀྱི་མཐུན་འབྲེལ་འགན་འཛིན་གྱི་ལས་འགན
༡༽ ཆོས་ལུགས་དང་ཆོལ་ཁའི་ཚོགས་པ་ཁག་དང༌། གཞན་ཡང་ཚོགས་སྐྱིད་ཁག་གི་ལྷན་དུ་མཐུན་འབྲེལ་དམ་ཟབ་ཡོང་ཆེད་ལས་དོན་འགན་ཁུར་རྐང་ལེན་གནང་དགོས།
༢༽ བོད་མི་ནང་ཁུལ་དང༌། ས་གནས་ཡུལ་མིའི་དབར་མཛའ་མཐུན་འབྲེལ་ལམ་དམ་ཟབ་གོང་འཕེལ་ཡོང་ཐབས་དང༌། ཚོགས་པའི་དམིགས་ཡུལ་འཆར་གཞི་ཁག་གསལ་བསྒྲགས་དང་རྒྱབ་གཉེར་དོན་སྨིན་ཡོང་བའི་འབད་བརྩོན་ཐབས་ཤེས་བྱེད་རྒྱུ།
༣༽ དེ་མིན་དབུས་རྒྱུན་ལས་སམ་ཚོགས་གཙོས་སྐབས་བབས་ལས་དོན་འགན་དཀྲི་བྱུང་བ་རྣམས་དང་ལེན་འབད་བསྒྲུབ་ཞུ་དགོས་རྒྱུ།
        དོན་ཚན་སོ་བདུན་པ། དབུས་རྒྱུན་ལས་རྩིས་པ།
༡༽ རྩིས་སློབ་ཐོན་པའི་རྩིས་པ་ཉམས་མྱོང་ཅན་ཞིག་བསྐོ་འཛུགས་གནང་རྒྱུ།
༢༽ དེབ་སྐྱེལ་བྱས་པའི་ཚོགས་པའི་ཁྲིམས་ལུགས་ལྟར་རྩིས་ཁྲ་ཁམས་དྭངས་ཉར་འཇོག་གི་འགན་ཁུར་ཆ་ཚང་ལེན་དགོས།
          ལེའུ་དྲུག་པ། ས་གནས་རྒྱུན་ལས།
       དོན་ཚན་སོ་བརྒྱད་པ། ས་གནས་རྒྱུན་ལས་ཀྱི་ངོ་བོ།
༡༽ ས་གནས་རྒྱུན་ལས་ནི་ས་གནས་སོ་སོའི་ཚོགས་མི་ཡོངས་ནས་འོས་འདེམས་བསྐོ་བཞག་བྱས་པའི་རྒྱུན་ལས་དེ་ཡིན།
        དོན་ཚན་སོ་དགུ་པ། ས་གནས་རྒྱུན་ལས་ཀྱི་ཚོགས་མིའི་གྲངས་ཚད།
༡༽ ས་གནས་རྒྱུན་ལས་ཀྱི་ཚོགས་མི་ས་གནས་དེའི་མི་འབོར་ལ་གཞིགས་པའི་མང་ཉུང་གཏན་འབེབས་གནང་རྒྱུ། འོན་ཀྱང་ཚོགས་མི་གྲངས་གསུམ་ལས་མི་ཉུང་བ་ཞིག་དགོས།
       དོན་ཚན་བཞི་བཅུ་པ། ས་གནས་རྒྱུན་ལས་འོས་བསྡུ།
༡༽ སྒྲིག་གཞི་དོན་ཚན་ལྔ་བཅུ་ང་གཅིག་པའི་ནང་གསེས་ ༡༠ པ་ལྟར་འོས་བསྡུ་གནང་དགོས།
༢༽ ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་དང༌། རྒྱུན་ལས་གཞན་རྣམས་འོས་འདེམས་བྱེད་ཕྱོགས་དོན་ཚན་ལྔ་བཅུ་ང་གཅིག་པའི་ནང་གསེས་ནང་ ༦ པ་ནང་གསལ་ལྟར་འདེམས་བསྐོ་བྱ་དགོས།
       དོན་ཚན་ཞེ་གཅིག་པ། ས་གནས་རྒྱུན་ལས་ཀྱི་ཡུན་ཚད།
༡༽ སྒྲིག་གཞི་དོན་ཚན་ཉེར་བདུན་པའི་ནང་གསེས་ ༥ ནང་གསལ་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་དེ་མིན་ས་གནས་རྒྱུན་ལས་པ་རྣམས་ཀྱི་ལས་ཁུར་དུས་ཡུན་ལོ་གསུམ་ཡིན།
        དོན་ཚན་ཞེ་གཉིས་པ། ས་གནས་རྒྱུན་ལས་ཚོགས་སྐབས་ཚོགས་མི་ཉུང་ཚད།
༡༽ ས་གནས་རྒྱུན་ལས་པའི་ཚོགས་མི་གསུམ་ཆ་གཉིས་འཛོམས་བྱུང་ན་ལས་དོན་ཁག་ཐག་གཅོད་བྱེད་པའི་དབང་ཆ་ཡོད།
        དོན་ཚན་ཞེ་གསུམ་པ། ས་གནས་རྒྱུན་ལས་ཀྱི་འགན་དབང༌།
༡༽ ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་གནང་བ་གཞིར་བཟུང་ས་གནས་སོ་སོའི་བྱེད་སྒོ་ཁག་ལག་ལེན་མཇུག་སྐྱོང་གནང་རྒྱུའི་འགན་དབང་ཡོད།
༢༽ དབུས་རྒྱུན་ལས་ནས་སྐབས་བསྟུན་དམིགས་བསལ་ལས་འགུལ་གསར་སྤེལ་བྱ་དགོས་རིགས་ཀྱི་བཀོད་ཁྱབ་ཇི་བྱུང་སྐབས་འཕྲལ་སོ་སོར་ལག་ལེན་བསྟར་ཐུབ་པ་གནང་རྒྱུ།
༣༽ ཆབ་སྲིད་དང་འབྲེལ་བའི་ལས་དོན་གལ་ཆེའི་རིགས་གསར་རྩོམ་མ་བྱས་གོང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་སྙན་གསེང་བཀའ་འཁྲོལ་ཞུ་དགོས།
༤༽ ས་གནས་རྒྱུན་ལས་གང་ཞིག་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བྱ་དགོས་རིགས་ཤར་ཚེ་ས་གནས་དེ་གའི་ཚོགས་མི་ངོ་ཡོད་ཀྱི་ཚོགས་འདུའི་ཐོག་ནས་མང་མོས་བྱུང་ན་ཕྱིར་འབུད་ཆོག་རྒྱུའང་དོ་བདག་གི་འདོད་བློ་ཡོད་ཚེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཞུ་རྩོད་བྱ་ཆོག
༥༽ ས་གནས་སོ་སོའི་ཁྱབ་ཁོངས་རང་རེའི་ན་གཞོན་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཤིས་སྤྱོད་བཟང་པོ་རྒྱུན་འཛིན་ཡོང་བ་དང༌། ལྷག་པར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་ཚུགས་་དབུ་འཛུགས་གནང་མཁན་དཔའ་བོ་རྣམས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་མཛད་རྗེས་བཟང་པོ་རྣམས་ངོ་སྤྲོད་བློ་འཇགས་དྲན་གསོ་ཡང་ཡང་གནང་དགོས།
༦༽ ས་གནས་ཚོགས་པའི་སྒྲིག་འཛུགས་ཀྱི་རྒྱུ་རྫས་དངུལ་དངོས་རིགས་དང་བཅས་པ་དེབ་འགོད་བདག་འཛིན་ཚུལ་བཞིན་ཐོག་གོང་འཕེལ་ཡོང་བའི་འབད་བརྩོན་བྱ་རྒྱུ།
༧༽ ཛ་དྲག་གི་གནས་ཚུལ་ཕུད་ས་གནས་ཀྱི་ཚོགས་ཆེན་ལོ་རེར་ཐེངས་རེ་འཚོགས་དགོས།
༨༽ མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་འཁེལ་བ་ལྟར་དེ་ཉིན་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་དགོས།
༩༽ ས་གནས་རྒྱུན་ལས་ཀྱི་ལོ་རེའི་ལས་བསྡོམས་དང༌། རྩིས་ཁྲ་ཁམས་དྭངས་ཡིག་ཐོག་བཀོད་དེ་ས་གནས་ཀྱི་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་རྗེས། དབུས་རྒྱུན་ལས་སུ་ལོ་ལྟར་ཆགས་མེད་དུ་འབུལ་དགོས།
༡༠༽ ས་གནས་ཀྱི་ལོ་གཅིག་གི་འགྲོ་གྲོན་སྔོན་རྩིས་འཆར་གཞི་བཀོད་ཐོག་ས་གནས་ཚོགས་ཆེན་ནས་ཆོག་མཆན་བཀའ་འཁྲོལ་ཞུ་དགོས།
       དོན་ཚན་ཞེ་བཞི་པ། ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ།
༡༽ སྒྲིག་འཛུགས་ཀྱི་དམིགས་ཡུལ་གཏན་འབེབས་ཟིན་པ་གཞིར་བཟུང་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས། ས་གནས་ཀྱི་ཚོགས་ཆེན་ཀྱི་གྲོས་ཆོད་ཁག་ལག་བསྟར་བྱ་རྒྱུའི་འགན་ཁུར་གཙོ་བོ་དེ་ཡིན།
༢༽ ས་གནས་ཚོགས་ཆེན་དང་ས་གནས་རྒྱུན་ལས་བཅས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ།
༣༽ ས་གནས་རྒྱུན་ལས་ཀྱི་འོས་འདེམས་ཕུད་དེ་མིན་ས་གནས་ཚོགས་ཆེན་དང༌། རྒྱུན་ལས་ཀྱི་ཚོགས་འདུའི་སྐབས་ལས་དོན་གང་ཞིག་གི་ཐོག་འོས་འཕེན་འོས་གྲངས་འདྲ་མཉམ་བྱུང་སྐབས་ཚོགས་གཙོས་གང་འོས་ལ་འོས་བླུགས་ཏེ་ཐག་གཅོད་གནང་རྒྱུ།
༤༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་བརྡ་གནང་འབྱོར་བཞིན་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་བཅས་སུ་ཚོགས་བཅར་ཞུ་དགོས།
        དོན་ཚན་ཞེ་ལྔ་པ། ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན།
༡༽ ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན་གྱིས་ས་གནས་ཚོགས་གཙོའི་ལས་དོན་ཚགས་ཚུད་ཡོང་བར་ཚོགས་གཙོར་ཕྱག་རོགས་ཞུ་དགོས།
༢༽ ཚོགས་གཙོ་མ་བཞུགས་པའི་སྐབས་སུ་ཚོགས་གཙོའི་ལས་འགན་རྣམས་འཐུས་མ་ཤོར་བའི་འགན་ཁུར་གནང་དགོས།
        དོན་ཚན་ཞེ་དྲུག་པ། ས་གནས་རྒྱུན་ལས་ཀྱི་དྲུང་ཆེའི་ལས་འགན།
༡༽ ས་གནས་རྒྱུན་ལས་ཁང་གི་ལས་ཁུངས་ཀྱི་འཛིན་སྐྱོང་འགན་ཁུར་ཆ་ཚང་ཡོད།
༢༽ ཚོགས་གཙོའི་ལྷན་དུ་བཀའ་བསྡུར་གྱིས་ས་གནས་ཚོགས་མི་རྣམས་ལ་ཚོགས་བརྡ་གཏོང་རྒྱུ།
༣༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང༌། གཞན་ཡང་ཚོགས་པའི་ལས་དོན་ཐོག་ཡིག་འབྲེལ་བྱེད་དགོས་རིགས་ཀྱི་ལས་འགན།
༤༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་བརྡ་གཞིར་བཟུང་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་བཅས་སུ་ཚོགས་བཅར་དགོས་རྒྱུ།
༥༽ ས་གནས་རྒྱུན་ལས་ཀྱི་ལོ་འཁོར་ལས་བསྡོམས་ཡིག་ཐོག་བཀོད་དེ་ས་གནས་ཚོགས་ཆེན་ཐོག་སྙན་སྒྲོན་ཞུ་དགོས།
        དོན་ཚན་ཞེ་བདུན་པ། ས་གནས་རྒྱུན་ལས་ཀྱི་དངུལ་གཉེར།
༡༽ ས་གནས་རྒྱུན་ལས་ཀྱི་འགྲོ་གྲོན་བྱུང་སོང་རྩིས་ཁྲ་ཁམས་དྭངས་འཇོག་རྒྱུ།
༢༽ སྒྲིག་གཞི་གཏན་འབེབས་གཞིར་བཟུང་ས་གནས་ཚོགས་མིའི་ཚོགས་དངུལ་བསྡུ་འགོད་བྱ་རྒྱུ།
༣༽ ཚོགས་གཙོའམ་རྒྱུན་ལས་ནས་མང་མོས་ཐག་གཅོད་བྱས་པའི་ལས་དོན་ཐོག་འགྲོ་གྲོན་གཏོང་རྒྱུ།
༤༽ ས་གནས་ཀྱི་ལོ་རེའི་འགྲོ་གྲོན་བྱུང་སོང་རྩིས་ཁྲ་ཁམས་དྭངས་བཀོད་དེ་ས་གནས་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས་བཅས་ལ་འབུལ་རྒྱུ།
༥༽ ས་གནས་ཀྱི་ལོ་རེའི་འགྲོ་གྲོན་སྔོན་རྩིས་འཆར་གཞི་བཟོས་ཏེ་ས་གནས་རྒྱུན་ལས་སུ་འབུལ་རྒྱུ། རྒྱུན་ལས་ནས་སྤར་གཅོག་གནང་འོས་རིགས་གནང་སྟེ་གཏན་འབེབས་ཐོག་ས་གནས་ཚོགས་ཆེན་ཐོག་ནས་བཀའ་འཁྲོལ་ཞུ་དགོས།
        དོན་ཚན་ཞེ་བརྒྱད་པ། ས་གནས་རྒྱུན་ལས་ཀྱི་ཚོགས་མི་གཞན་རྣམས།
༡༽ འཕྲོས་ས་གནས་རྒྱུན་ལས་ཀྱི་ཚོགས་མི་རྣམས་ལ་ལས་བགོ་ཇི་དགོས་ཚོགས་གཙོས་ཐག་གཅོད་གནང་རྒྱུ།
        དོན་ཚན་ཞེ་དགུ་པ། ས་གནས་རྒྱུན་ལས་ཀྱི་དམ་འབུལ།
༡༽ ས་གནས་ཚོགས་ཆེན་ནས་འོས་འདེམས་བསྐོ་བཞག་ཟིན་མཚམས་དམ་འབུལ་ཚིག་བརྗོད་གཏན་འབེབས་ཡོད་པ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་དཔར་མདུན་དམ་བཅའ་འབུལ་དགོས།
        དོན་ཚན་ལྔ་བཅུ་པ། ས་གནས་ཚོགས་ཆེན་གྱི་དབང་ཚད།
༡༽ ས་གནས་རྒྱུན་ལས་ཀྱི་ལས་དོན་ཁག་ལ་ཞིབ་བཤེར།
༢༽ སྒྲིག་གཞི་འདིའི་དོན་ཚན་བཞི་བཅུ་པའི་ནང་གསེས་ ༡ དང་ཡང་དོན་ཚན་བཞི་བཅུ་ཞེ་གཅིག་པའི་ནང་གསེས་ ༡ བཅས་ཀྱི་ནང་གསལ་གཞིར་བཟུང་ས་གནས་རྒྱུན་ལས་ཀྱི་ཚོགས་མིར་འོས་ཐོན་རྣམས་ཚོགས་མིར་བསྐོ་བཞག་གནང་རྒྱུ།
༣༽ ས་གནས་རྒྱུན་ལས་ཀྱི་ལོ་རེའི་ལས་བསྡོམས་དང་རྩིས་ཁྲ་ལ་ཞིབ་བཤེར་གནང་རྒྱུ།
༤༽ ས་གནས་རྒྱུན་ལས་ཀྱིས་ཐག་གཅོད་མ་ཐུབ་པའི་ལས་དོན་རིགས་གྲོས་བསྡུར་ཐག་གཅོད་བྱ་རྒྱུ།
༥༽ ས་གནས་རྒྱུན་ལས་ཀྱི་ལོ་འཁོར་འགྲོ་གྲོན་དངུལ་རྩིས་འཆར་གཞི་ཕུལ་བར་གྲོས་བསྡུར་ཆོག་མཆན་གནང་རྒྱུ།

ལེའུ་བརྒྱད་པ། དབུས་དང་ས་གནས་འོས་བསྡུའི་ཚོགས་ཆུང༌།
        དོན་ཚན་ང་གཅིག་པ། འོས་བསྡུའི་ཚོགས་ཆུང་གི་ངོ་བོ།
༡༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང༌། ས་གནས་རྒྱུན་ལས་ཀྱི་ཚོགས་མི་རྣམས་ཀྱི་འོས་བསྡུའི་ལས་རིམ་བལྟ་སྐྱོང་བཀོད་སྒྲིག་བྱེད་མཁན་གྱི་དབུས་དང༌། ས་གནས་ཁག་ཏུ་རང་དབང་ལྡན་པའི་འོས་བསྡུའི་ཚོགས་ཆུང་རེ་དགོས་པ་ཡིན།
༢༽ དབུས་འོས་བསྡུའི་ཚོགས་ཆུང་དུ་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞི་བར་ལས་མི་ཉུང་བ་ཚོགས་ཆེན་ཐོག་ནས་གཏན་འཇགས་སམ་སྐབས་འཕྲལ་སོ་སོར་འོས་འདེམས་བསྐོ་བཞག་གནང་རྒྱུ།
༣༽ ས་གནས་འོས་བསྡུའི་ཚོགས་ཆུང་ལ་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ལས་མི་ཉུང་བ་ས་གནས་རྒྱུན་ལས་ཀྱི་གཙོ་སྐྱོང་འོག་ས་གནས་ཚོགས་ཆེན་ནས་འོས་འདེམས་གནང་རྒྱུ། འདེམས་ཐོན་ཚོགས་གཙོ་དང༌། ཚོགས་མི་རྣམས་ཀྱི་མཚན་ཐོ་དབུས་འོས་བསྡུའི་ལས་ཁུངས་སུ་ཕུལ་ཏེ་དེ་ནས་བསྐོ་བཞག་གནང་རྒྱུ།
༤༽ དབུས་དང་ས་གནས་འོས་བསྡུའི་ཚོགས་ཆུང་ཁག་ནས་ས་གནས་མི་འབོར་ཆེ་ཆུང་ལ་གཞིགས་པའི་ལས་བྱ་འཕར་མ་དགོས་གལ་ཤར་ཚེ་ས་གནས་སོ་སོའི་ཁོངས་ནས་བསྐོ་བཞག་གནང་འཐུས།
༥༽ ས་གནས་འོས་བསྡུའི་ཚོགས་ཆུང་ཁག་གི་ཚོགས་མི་ནི་ས་གནས་སོ་སོའི་ཁོངས་ནས་འོས་འཕེན་བསྐོ་འཛུགས་ཆོག་པ་ཡིན།
༦༽ དབུས་དང༌། ས་གནས་རྒྱུན་ལས་ཀྱི་ཚོགས་མིའི་འོས་བསྡུ་ཆེན་མོ་དང༌། བར་མའི་འོས་བསྡུ་གནང་དགོས་རིགས་འགན་འཛིན་ལྷན་ཚོགས་ནས་ཐག་གཅོད་གནང་བའི་གྲོས་ཆོད་ལྟར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཀོད་ཁྱབ་ནམ་བྱུང་སྐབས་སོ་སོར་འོས་བསྡུ་དྲང་བདེན་ཚགས་ཚུད་ཡོང་བའི་འགན་ཁུར་བྱ་རྒྱུའི་དབང་ཚད་ཡོད།
༧༽ འོས་བསྡུའི་ཚོགས་ཆུང་ཁག་གི་ལས་རྒྱུན་རིང་གི་ལས་དོན་དང༌། འོས་བསྡུའི་ལས་རིམ་གྱི་འགྲོ་གྲོན་དངུལ་རྩིས་འགན་འཛིན་ལྷན་ཚོགས་ནས་གཏན་འབེབས་བཀའ་འཁྲོལ་གནང་དགོས།
༨༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མིའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལས་རིམ་ཆ་ཚང་འོས་བསྡུའི་ལས་དོན་འགོ་འཛུགས་ཉིན་ནས་རྩིས་ཉིན་གྲངས་ ༡༢༠ ནང་ཚུད་མཇུག་སྒྲིལ་དགོས་པ་དང༌། འདེམས་ཐོན་བྱུང་བའི་ཚོགས་མི་རྣམས་ཀྱི་མཚན་གཞུང་ཚོགས་ཆེན་ཐོག་འབུལ་དགོས།
༩༽ དབུས་དང༌། ས་གནས་རྒྱུན་ལས་ཀྱི་ཚོགས་མི་འོས་གཞིར་དྭང་བླང་ཞུགས་འདོད་ཡོད་ན་ཁྱབ་ཁོངས་ས་གནས་རྒྱུན་ལས་ནས་ངོས་སྦྱོར་རྒྱབ་སྐྱོར་ཡི་གེ་དང༌། སྒྲིག་གསལ་ལྟར་གྱི་དགོས་མཁོའི་ཡིག་ཆ་དང་སོ་སོའི་ལོ་རྒྱུས་སྙིང་བསྡུས་བཅས་དབུས་འོས་བསྡུའི་ལས་ཁུངས་སུ་ཟླ་བ་གཅིག་གི་སྔོན་འབུལ་དགོས་པ་དང༌། འོས་བསྡུའི་ཚོགས་ཆུུང་ནས་འོས་ཆོས་ཚང་མིན་ཞིབ་བཤེར་ཐག་གཅོད་གནང་རྒྱུ།
༡༠༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མིའི་འོས་གཞིར་མ་འོས་པའི་སྐྱེ་བོ་ནི།
ཀ བོད་ཀྱི་ཡུལ་མི་སྤྱི་དང༌། ཡང་སྒོས་ཚོགས་པའི་ཚོགས་མི་མ་ཡིན་པ།
ཁ། རང་ལོ་ཉི་ཤུ་རྩ་ལྔ་ཧྲིལ་པོ་མ་ལོན་པ།
ག ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པ་ཡིན་པ་གསལ་བསྒྲགས་བྱས་པ།
ང༌། རྒྱལ་གཅེས་དཔྱ་ཁྲལ་དང༌། ཚོགས་པའི་ངོ་སྤྲོད་ལག་འཁྱེར་མེད་པ།
ཅ། བུ་ལོན་སྒྲུབ་འཇལ་མ་ཐུབ་པ།
ཆ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༣༨ ནང་གསེས་ ༧ ནང་གསལ་ལྟར་བོད་མིའི་ཁེ་ཕན་ལ་གནོད་འགལ་བྱས་རིགས།
ཇ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པའི་ཁེ་ཕན་ལ་གནོད་འགལ་བྱེད་མཁན་གྱི་ཚོགས་སྡེ་ཁག་དང་དགྲ་བོ་རྒྱ་དམར་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཁུངས་སྐྱེལ་ར་འཕྲོད་བྱུང་བ།
ཉ། དབུས་རྒྱུན་ལས་ཀྱི་ཚོགས་མི་མུ་མཐུད་ལས་རྒྱུན་ཐེངས་གཉིས་བྱེད་བཞིན་པ།
༡༡༽ ས་གནས་རྒྱུན་ལས་ཀྱི་ཚོགས་མིར་འོས་མིན་གོང་གི་ནང་གསེས་ ༡༠ ལྟར་ཡིན་པ་དང༌། ཚོགས་མིའི་འོས་བསྡུའི་དུས་ཚེས་དབུས་འོས་བསྡུའི་ཚོགས་ཆུང་ནས་ལས་འཆར་གཏན་འབེབས་བཀོད་ཁྱབ་བྱུང་བ་གཞིར་བཟུང་ས་གནས་མང་ཚོགས་སོ་སོ་ནས་འོས་བསྡུ་གནང་སྟེ་འདེམས་ཐོན་ཚོགས་མི་རྣམས་ཀྱི་མཚན་ཐོ་ཟླ་བ་གཅིག་གི་ནང་ཚུད་དབུས་འོས་བསྡུ་ཚོགས་ཆུང་ལ་ཕུལ་འབྱོར་ཐུབ་པ་དགོས་རྒྱུ།
༡༢༽ དབུས་འོས་བསྡུའི་ཚོགས་ཆུང་ནས་འོས་བསྡུའི་མཛད་རིམ་དང༌། ཞུ་སྒོ་ལམ་སྟོན་གཅིག་གྱུར་གཏན་འབེབས་བཟོས་ཏེ་སྔོན་ཚུད་ནས་ས་གནས་འོས་བསྡུའི་ཚོགས་ཆུང་ཁག་ལ་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས།
༡༣༽ དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་བ་རྣམས་ནས་ཚོགས་གཙོ་གཅིག་དང་ཚོགས་གཞོན་གཅིག་གམ་གཉིས་རེ་རེ་བཞིན་འོས་འདེམས་སྤྱི་མོས་སམ་མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དོན་ཚན་ཉེར་གསུམ་པའི་ནང་གསེས་ ༢ ནང་གསལ་ལྟར་གོ་རིམ་བཞིན་མང་མོས་གཏན་འབེབས་གནང་རྒྱུ། དེ་གཞིན་ས་གནས་རྒྱུན་ལས་ཀྱི་ཚོགས་མིར་ལས་འགན་བསྐོ་བཞག་གནང་ཕྱོགས་ཀྱང་གཅིག་མཚུངས་ཡིན།
༡༤༽ དབུས་དང་ས་གནས་རྒྱུན་ལས་ཀྱི་ཚོགས་མིར་འདེམས་ཐོན་བསྐོ་བཞག་ཟིན་པ་རྣམས་ཕུད་འཕྲོས་ནས་འོས་གྲངས་བརྒྱ་ཆ་ ༣༣ ལོངས་པ་རྣམས་འོས་གྲངས་མང་རིམ་རྩེ་གཏོག་གིས་ཐོ་གཞུང་བཟོས་ཏེ་འོས་བསྡུའི་ཚོགས་ཆུང་གི་ཚོགས་མི་ཚང་མས་མཚན་རྟགས་ཕབ་པའི་མཚན་གཞུང་དབུས་འོས་བསྡུའི་ཚོགས་ཆུང་གི་ཡིག་ཆའི་ཁུངས་སུ་ཉར་འཇོག་དགོས་པ་དང༌། གལ་སྲིད་དབུས་དང་ས་གནས་རྒྱུན་ལས་སུ་རུང་དུས་ཆོས་སུ་གྱུར་པའམ། འཕོ་འགྱུར་སོང་བ། དགོངས་ཞུ་སོང་བ་བཅས་ཀྱི་ཚབ་གསར་གདམ་དགོས་རིགས་བྱུང་ཚེ་འོས་བསྡུ་མ་དགོས་པར་མཚན་གཞུང་འདི་ནས་འོས་གྲངས་མཐོ་རིམ་བཞིན་བསྐོ་བཞག་གནང་འཐུས།
༡༥༽ དབུས་དང་ས་གནས་ཁག་གི་འོས་བསྡུའི་ཚོགས་ཆུང་ཁག་གི་འོས་བསྡུའི་ལས་རིམ་མཇུག་སྒྲིལ་ཟིན་པ་དང་ཚོགས་ཆུང་གི་ལས་དོན་རེ་ཞིག་གྲུབ་པ་ཡིན། སླད་འོས་བསྡུའི་གནང་དགོས་སྐབས་སོ་སོར་འགན་འཛིན་ལྷན་ཚོགས་ནས་དོན་ཚན་འདིའི་ནང་གསེས་ ༡།༢།༣། ནང་གསལ་ལྟར་འོས་བསྡུའི་ཚོགས་ཆུང་ཁག་འོས་འདེམས་བསྐོ་བཞག་གནང་དགོས།
            ལེའུ་དགུ་པ། རྩིས་ཞིབ་ཚོགས་ཆུང༌།
       དོན་ཚན་ང་གཉིས་པ། རྩིས་ཞིབ་ཚོགས་ཆུང་གི་འགན་དབང༌།
༡༽ དགོས་གལ་ཤར་ཚེ་འགན་འཛིན་ལྷན་ཚོགས་ནས་དབུས་རྒྱུན་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་གནང་ཆེད་རྩིས་ཞིབ་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་འཐུས།
༢༽ དབུས་རྒྱུན་ལས་ཁང་གི་རྩིས་ཁྲའི་མ་དེབ་ཁག་དང༌། རྩིས་དང་འབྲེལ་བའི་ཡིག་ཆ་ཁག་ལ་ཞིག་འཇུག་དང་རྩིས་ཞིབ་གནང་རྒྱུའི་དབང་ཚད་ཡོད་པ་དང༌། དབུས་རྒྱུན་རྣམས་ནས་འགྲེལ་བཤད་ཞུ་དགོས་སོགས་འགན་ཁུར་ཆ་ཚང་ཞུ་དགོས།
༢༽ ཚོགས་ཆུང་འདིའི་ཚོགས་མི་གྲངས་ཚད་གསུམ་ལས་མ་ཉུང་བ་དགོས།
༣༽ དབུས་རྒྱུན་ལས་ཁང་གི་བྱུང་སོང་རྩིས་ཁྲར་རྩིས་ཞིབ་གྲུབ་པའི་སྙན་ཐོ་འགན་འཛིན་ལྷན་ཚོགས་སུ་འབུལ་དགོས།
༤༽ རྩིས་ཞིབ་ཚོགས་ཆུང་གི་མཇུག་བསྡོམས་རྩིས་ཞིབ་སྙན་ཐོ་ལ་སུ་ཞིག་གི་རྩོད་གླེང་མི་ཆོག འོན་ཀྱང་དག་སེལ་དབྱེ་གསེས་ར་འཕྲོད་བྱ་དགོས་བྱུང་ཚེ་བྱེད་ཆོག་པ་ཡིན།
༥༽ ཚོགས་ཆུང་འདིའི་རྩིས་ཞིབ་ཀྱི་ལས་དོན་གྲུབ་པ་དང་སྐབས་དེའི་ལས་ཁུར་འཁྱུར་བ་ཡིན། ལས་རྒྱུན་རིང་གི་གླ་ཕོགས་དབུས་རྒྱུན་ལས་སམ། འགན་འཛིན་ལྷན་ཚོགས་ནས་གཏན་འབེབས་གནང་དགོས།
      ལེའུ་བཅུ་པ། སྒྲིག་གཞི་བསྐྱར་བཅོས།
       དོན་ཚན་ང་གསུམ་པ། སྒྲིག་གཞི་བསྐྱར་བཅོས།
༡༽ སྒྲིག་གཞི་འདིའི་དོན་ཚན་གང་རུང་བསྐྱར་བཅོས་དགོས་གལ་ཤར་ཚེ་ཚོགས་མི་གང་རུང་ནས་གྲོས་འཆར་ཕུལ་བར་འགན་འཛིན་ལྷན་ཚོགས་ཀྱིས་སྤྱི་མོས་སམ། རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱུང་བའི་འཆར་ཟིན་ཐོག་ལ་ཚོགས་ཆེན་ནས་མོས་མཐུན་ཆོག་མཆན་ཐོབ་དགོས་པ་ཡིན།
༢༽ ས་གནས་རྒྱུན་ལས་ནས་ཀྱང་སྒྲིག་གཞི་འདིའི་དོན་ཚན་གང་རུང་ཐོག་ལ་བསྐྱར་བཅོས་དགོས་གལ་མཐོང་ཚེ་འཆར་ཟིན་འགན་འཛིན་ལྷན་ཚོགས་སུ་འབུལ་དགོས་དང་གོང་གསལ་ལྟར་ཐག་གཅོད་གནང་རྒྱུ།
       དོན་ཚན་ང་བཞི་པ། སྐད་ཡིག་ཚད་འཛིན།
༡༽ སྒྲིག་གཞི་འདི་སྐད་ཡིག་གཞན་གྱི་ཐོག་ཕབ་བསྒྱུར་བྱེད་པར་དགག་བྱ་མེད། འོན་ཀྱང་ཚིག་དོན་འགྲེལ་བརྗོད་བྱེད་ཚུལ་ལ་རྩོད་གླེང་བྱུང་ཚེ་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་བྱ་རྒྱུ་བཅས་སོ།།
     ཟུར་སྣོན་ཡིག་ཆ།
       དབུས་དང༌། ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་དམ་བཅའ་ཁས་ལེན།
    ༄༅།།བདག་མིང་་་་་་་་་་་ ཞེས་བགྱི་བ། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ཚོགས་གཙོར། ཡང་ན་་་་ཚོགས་
      གཙོ་གཞོན་པར་འོས་འདེམས་བྱུང་བ་ལགས་ན། ཚོགས་པའི་སྒྲིག་གཞི་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས།
      ཚོགས་གཙོ་་  ཡང་ན་ ཚོགས་གཙོ་གཞོན་པའི་ལས་ཁུར་ཞུ་སྒོ་མཐའ་དག་སྒྲིག་གཞིའི་དགོངས་དོན་འགལ་
      མེད་ཐོག་རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་
     ནུས་གང་ཐེག་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
      གཞན་ཚོགས་མི་རྣམས་ནས། གོང་གི་ཚོགས་གཙོ་ཞེས་པའི་སར་རང་གི་ལས་འགན་གང་ཡིན་པའི་གོ་གནས་དེ་བརྗོད་
      ན་འགྲིགས་རྒྱུ། དཔེར་ན། ཚོགས་པའི་དྲུང་ཆེ། ཚོགས་པའི་དྲུང་གཞོན། དེ་བཞིན་དངུལ་གཉེར། མཐུན་འབྲེལ་
     འགན་འཛིན། ཚོགས་མི་སོགས་རང་གི་གོ་གནས་དེ་བརྗོད་ན་དེ་མིན་ཚིག་གཞན་རྣམས་གཅིག་པ་ཡིན།