ང་འདི་འདྲ་ཞིག་ལ་འཚོ་བར་འདོད།
ད་ནས་བཟུང་ཁྱེད་རང་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་རོགས་འདི་ནི་བདག་དང་གྱེས་ཁར་ཁོ་མོས་བཤད་པའི་རེ་སྨོན་དེ་རེད།
ལོ་ཟླའི་ཕྲེང་བ་བགྲངས་པའི་འཁོར་ཁུག་ན། །
དཔྱིད་གསུམ་ཀུན་བདེའི་དགེ་སྒྲུབ་མ་མཆིས་ཀྱང༌། །
མགོ་ནག་མི་ཡིས་བསྐྲུན་པའི་གྲོང་ཁྱེར་ན། །
རིག་འཚོ་ཟིན་པའི་མི་ཞིག་བྱེད་པར་འདོད། །
ཀ་དག་གནས་ལུགས་རྟོགས་པའྀ་རྣལ་འབྱོར་མིན། །
ཁ་བཤད་དོན་ལ་གནས་ཙམ་གྲྭ་རྐྱང་ཡིན། །
ག་བྱེད་ཅི་བྱེད་མི་ཤེས་བླུན་རྒན་མིན། །
ང་རང་མདུན་རྒྱབ་ཤེས་པའི་མི་སྤྱང་ཡིན། །
ཅ་རཻར་མཐོང་ཚད་གྲོགས་པོ་བཟོ་མཁན་མིན། །
ཆ་རྒྱུས་ཅན་ལ་རྟག་ཏུ་མཐུན་མཁན་ཡིན། །
ཇ་ཟས་རིག་ཚད་ཁ་ལ་བརྫོང་མཁན་མིན། །
ཉ་ར་བདག་གཉེར་རང་ལུས་བསྲུང་ཤེས་ཡིན། །
ཏ་ཀུ་གང་ཐོབ་ཉར་བའི་དཀོར་བདག་མིན། །
ཐ་ཐོར་འཚོ་བས་འདོད་བློ་ཁེངས་ཙམ་ཡིན། །
ད་ལོ་མཐུན་ནས་སང་ལོར་འགྲས་མཁན་མིན། །
ན་མཉམ་གྲོགས་ལ་མཛའ་བརྩེ་རྒྱུན་སྲིང་ཡིན། །
པཱ་ལགས་པཱ་ལགས་ཚང་མར་བརྗོད་མཁན་མིན། །
ཕ་མ་དངོས་ཀྱི་དྲིན་ལན་དྲན་ཤེས་ཡིན། །
བ་ལང་ལས་ཞན་སྤྱོད་ལོག་འཁྲབ་མཁན་མིན། །
མ་འདོད་རང་སར་འཇོག་པའི་བཏང་སྙོམས་ཡིན། །
ཙ་རིའི་སྨྱུག་འདྲའི་ལྡེམ་ལྡེམ་འཁྱུག་འཁྱུག་མིན། །
ཚ་རུའི་ལྭ་བ་ཡོད་ན་གྱོན་ཤེས་ཡིན། །
ཛ་ལང་སྤྱོད་པར་དགའ་བའི་ཕོ་རྒོད་མིན། །
ཝ་ལེར་རང་སྣ་བསྲུང་བའི་ཚོད་ཅན་ཡིན། །
ཞྭ་དཀར་བསྟན་པ་བཙོང་ལ་འཇོན་མཁན་མིན། །
ཟ་ཤེས་ཐུང་ཤེས་རང་ལྟོ་འགྲང་ཙམ་ཡིན། །
འ་ཅག་རྒྱལ་བསྟན་རྒྱུན་དུ་གྱེར་མཁན་མིན། །
ཡ་ཡོའི་གཏམ་ལ་ལན་འདེབས་ཤེས་ཙམ་ཡིན། །
ར་གན་གསེར་བརྫུས་ཐམས་ཅད་བསླུ་མཁན་མིན། །
ལ་རྒྱ་ཅན་ལ་གང་ཐུབ་བསླབ་ཤེས་ཡིན། །
ཤ་ཆང་ཟས་ལ་མགོ་བོ་འཁོར་མཁན་མིན། །
ས་མཐར་འཁྱམས་པའི་དགོས་པ་ཤེས་ཙམ་ཡིན། །
ཧ་ལོ་ཡུའོ་ནོས་ལོ་རྩ་སྦྱོར་མཁན་མིན། །
ཨ་མྱེས་བསླབ་པའི་བོད་སྐད་གོ་ཤེས་ཡིན། །
ཨ་རི་དག་ཞིང་བསྐྱེད་པའི་སྒོམ་ཆེན་མིན། །
ཧ་ཅང་ཐལ་བའྀ་ལས་ལ་འཛེམ་མཁན་ཡིན། །
ས་ལམ་བརྩེ་ཆེན་ལྡན་པའི་སེམས་དཔའ་མིན། །
ཤ་ཚ་ཉམས་ཆུང་ཡིད་ལ་དྲན་མཁན་ཡིན། །
ལ་རྒྱའི་སྟོང་བཤད་མི་ཚེ་བསྐྱེལ་འདོད་མིན། །
ར་བ་གངས་རིའི་གནས་སྟངས་ཤེས་མཁན་ཡིན། །
ཡ་གིའི་གོ་སར་རྩོད་པའི་བླ་སྤྲུལ་མིན། །
འ་ཅག་རྨོངས་པས་ཡེ་ནས་སྨྱོས་མཁན་ཡིན། །
ཟ་འོག་བརྒྱན་ཀླུབ་ཕྱི་མཛེས་ནང་སྟོང་མིན། །
ཞ་ར་གཡང་མཆོང་ཕྱོགས་ལ་དྭོགས་མཁན་ཡིན། །
ཝ་མོས་རང་རྔ་བསྲུང་བའི་འཕྱོར་ཅན་མིན། །
ཛ་དྲག་བསྟན་དོན་གང་ཐུབ་ཞུ་མཁན་ཡིན། །
ཚ་བེ་ཚུབ་བེའི་མགོ་བཙུག་འཇུག་ལུས་མིན། །
ཙ་རའི་ཁྲིམས་ལ་རྒྱུན་ཏུ་བསྟུན་མཁན་ཡིན། །
མ་རྩ་སྒོར་མོས་ཉོས་པའི་མཁས་དབང་མིན། །
བ་ལ་ཡ་སོ་ཡོད་མེད་ཤེས་མཁན་ཡིན། །
ཕ་མེས་རུས་རིགས་བགྲངས་བའི་ཁུངས་བཙུན་མིན། །
པཱ་ལགས་ཡེ་ནས་འཁོར་བར་འཁྱམས་མཁན་ཡིན། །
ན་འཆི་མི་དྲན་སྐྱིད་ཉམས་གཏོང་མཁན་མིན། །
ད་ལོ་སང་ལོ་ཅི་ཡོང་སྙམ་མཁན་ཡིན། །
ཐ་མལ་སྤྱོད་པས་ཉི་མ་ཅི་ཕུད་མིན། །
ཏཱ་ཐ་གྷ་ཏཱའི་བསྟན་དོན་སྦྱོང་མཁན་ཡིན། །
ཉ་མ་མེད་པའི་གྲོང་ཆོག་འགྲིམས་མཁན་མིན། །
ཇ་ཁ་མདངས་ཀྱིས་བརྒྱན་པའི་དགེ་སློང་ཡིན། །
ཆ་བྱེད་རྒྱུན་ཏུ་གཟབ་པའི་མཛེས་ལྡན་མིན། །
ཅ་ནེ་ཕོར་གོག་བཟུང་ནས་སྡོད་མཁན་ཡིན། །
ང་ཁྱོད་རྒྱུན་ཏུ་རྩོད་པའི་ངོ་ནག་མིན། །
ག་ཞ་བཞད་གད་ཕྱོགས་ལ་དགའ་མཁན་ཡིན༌། །
ཁ་ནས་གང་ཐོན་སྒྲོག་པའི་སྨྱོན་པ་མིན། །
ཀྭ་ཡེ་ཀྱེཻ་སོགས་གུས་ཞབས་ཤེས་མཁན་ཡིན། །
སྨྲས་པ། ཡ་རབས་གོང་མའི་ལམ་སྣེར་འདི་ཡིས་འཁྲིད། །
སྤྱོད་ངན་འཁོར་ཚོགས་ཐོད་རྒྱ་འདི་ཡིས་དབྲལ། །
དབྱེན་དཀྲུག་སྦྲུལ་གྱི་དུག་ལྕེ་འདི་ཡིས་གཅོད། །
དེས་ན་ཀུན་གྱིས་འདི་ལ་ཁ་འདོན་བྱོས། །
ཞེས་པའི་རྩོམ་འདི་ནི་ཞང་ཞུང་ཡུལ་རྒྱལ་བ་བརྙེས་པའི་ཚལ་ཁྱུང་ལུང་དངུལ་མཁར་དེང་གུར་གྱམ་མདོ་སྔགས་གྲགས་རྒྱས་གླིང་གི་སྔགས་རྒན་ཧཱུྃ་ཤི་ཕཌ་འགྱེལ་མེས་མཁས་མཆོག་རྡོ་རྗེ་ལགས་ཀྱིས་གསང་བ་དབྱིངས་རོལ་ལ་ཕུལ་བའི་དོན་ཡིན་མིན་གྱི་མགུར་མ་དེ་བཀླགས་རྗེས་ལད་ཟློས་ཚུལ་དུ་ཡུལ་གྱལ་བ་ཁུ་འཕངས་སུ་འབོད་པས་ལོ་ ༢༠༠༢ ཟླ ༧ ཚེས ༣༠ ཉིན་ཐོབ་རྒྱལ་རི་བོ་ནས།
















