ཆུ་སྒང་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་ཁྱབ་ཁོངས་སུ་གཙོ་འཛིན་དང་དམག་སྤྱིའི་ལོ་རྒྱུས་གང་འབྱོར་སྙིང་བསྡུས།
ཆུ་སྒང་དམག་སྤྱི་ཆེན་མོ་ཛ་སག་ཨ་འབྲུག་མགོན་པོ་བཀྲིས་ཀྱི་ལོ་རྒྱུས་རགས་ཙམ་བཀོད་པ།
ཕྱི་ལོ་ ༡༩༠༥།༡༩༦༤ བོད་རྒྱལ་ཁབ་ཆེན་པོའི་གཉན་འཕྲང་གི་སྐབས་དཔའ་མཛངས་རྟུལ་ཕོད་གཉིས་ལྡན་གྱི་རྒྱལ་གཅེས་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ ༡༩༠༥ ལོར་ཡབ་སྙན་གྲགས་དང༌། ཡུམ་བདེ་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་བོད་ཆེན་པོའི་མདོ་ཁམས་ཤར་ཕྱོགས་ལི་ཐང་ཨ་འབྲུག་ཚང་གི་ཁྱིམ་དུ་སྐུ་འཁྲུངས། ཁོང་ཉིད་འཁྲུངས་སའི་དུད་ཁྱིམ་དེ་ནི་མི་རབས་མང་པོར་ཆོས་ཕྱོགས་ནས་བྱས་རྗེས་རླབས་ཆེན་འཇོག་མྱོང་བའི་ཁྱིམ་རྒྱུད་ཅིག་ཡིན་པར་མ་ཟད། རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ ༡༩༣༢ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་མང་ཇ་དང་ཐེབས་རྩ་རྒྱ་ཆེར་འཇོག་པ་དང་དེ་ནས་མུ་མཐུད་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་པོར་མང་ཇ་དང་སྐུ་འགྱེད་ཕུལ་བ་མ་ཟད་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་དུ་གསེར་ཀོང་ཕྲ་ལྡན་ཁྲུ་གང་ལྷག་གཅིག་དང༌། རྒྱལ་མཆོག་བཅུ་གསུམ་པའི་སྐུ་བརྙན་མདུན་དུ་གསེར་གྱི་མནྡལ་ཕྲ་ལྡན་ཞིག་ཕུལ་བ་སོགས་གདན་ས་ཆེན་པོ་ཁག་མང་པོ་ལ་མཆོད་ཕུལ་དང་གཏོང་རྩ་མ་འཇོག་མྱོང་བས་ཨ་འབྲུག་སྦྱིན་བདག་ཅེས་པའི་མིང་དེ་ཐོགས་པ་ཡིན།
དགུང་ལོ་བརྒྱད་པའི་ཐོག་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་ཐམས་ཅན་མཁྱེན་པ་བསོད་ནམས་རྒྱ་ཚོས་ཕྱག་བཏབ་པ་ལི་ཐང་དགེ་ལྡན་བྱམས་ཆེན་དགོན་གྱི་ཆོས་སྒོར་ཞུགས་ཏེ་དགོན་དེའི་སྲོལ་རྒྱུན་གྱི་ཆོ་ག་ཆོས་སྤྱོད་རྣམས་བློ་འཛིན་དང༌། ཉམས་བཞེས་གནང༌། སྐབས་དེ་དུས་ནས་སྔོན་གྱི་བག་ཆགས་ལྟ་བུས་རྟ་དང་གྲི། མེ་མདའ་སོགས་དམག་ཆས་དང་གོ་ལག་གི་རིགས་ལ་དགའ་སྣང་ཆེན་པོ་གནང༌། དགུང་ལོ་བཅུ་བདུན་པ་ ༡༩༢༣ རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་གངས་གླིང་གི་ཇག་ཚོགས་བཞི་བརྒྱ་ལྷག་གིས་ལི་ཐང་ཁུལ་གྱི་མོ་ལྷ་དང་ཉུང་རྒྱུད་ཆོས་གཞིས་སྤེལ་སའི་ཞབས་ཀྱི་ཁྱིམ་དུད་སོགས་ནས་རྒྱུ་དངོས་དང༌། སྒོ་ཟོག་མང་པོ་འཕྲོག་བཅོམ་བྱས་པའི་སྐབས་ལི་ཐང་དགོན་པའི་མོ་ལྷ་ཁང་ཚན་གྱི་སྐུ་ཚབ་རྒྱ་རྡོར་དང༌། ལེགས་ལྡན། ཡུལ་དམག་བཀོད་འདོམས་པ་སྐལ་བཟང་ཚེ་རིང་གཙོས་རྟ་དམག་བཞི་བརྒྱ་སུམ་ཅུ་བཅས་ཇག་རྗེས་ར་མདའ་བསྐྱོད་སྐབས། ཁོང་ཉིད་མ་བསྐུལ་དང་བླངས་ཀྱིས་དཔུང་སྡེའི་ཁྲོད་དུ་ཞུགས། སྐབས་དེར་ཁོང་ལོ་ན་ཤིན་ཏུ་ཕྲ་ནའང་སྙིང་སྟོབས་དང་དཔའ་རྩལ་ལ་གཞན་དྲིང་མེད་པའི་ཐོག་ནས་རྒོལ་འཛིང་ཤུགས་ཆེན་བྱས་སྟབས་ཨ་འབྲུག་དཔའ་བོ་ཞེས་པའི་མཚན་སྙན་དེས་ལི་ཐང་ཁུལ་ཡོངས་སུ་ཁྱབ་འདུག་ལ་ཁོང་གི་མི་ཚེའི་ནང་རྒོལ་འཛིང་བྱས་པའི་ཐོག་མའང་དེ་ཉིེད་ཡིན། དགུང་ལོ་ཉེར་གཅིག། ༡༩༢༧ ཐོག་ཁྱིམ་གྱི་འགན་བླངས་ཏེ་ཚོང་ལས་གཉེར་ནས་རྒྱ་དཀར་ནག་དང་བལ་བོད་ཡོངས་སུ་ཚོང་གི་འདུ་འགོད་རྒྱ་ཆེར་བཀྲམས་ནས་ནོར་ཟང་ཟིང་གི་དཔལ་འབྱོར་ནམ་མཁའ་མཛོད་ལྟར་བསྐྲུན་ཏེ། དགུང་ལོ་ཞེ་གཉིས་སྐབས་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་འདུན་རེར་ཇ་བག་ཁག་རེ་དང་སྐུ་འགྱེད་དངུལ་སྲང་གསུམ་རེ་ཕུལ་ཐོག་ལོ་དེའི་རྗེས་ནས་སྨོན་ལམ་ཆེན་པོར་དགེ་འདུན་རེར་དངུལ་དཀར་པོ་ཞོ་ལྔ་རེའི་མ་ཐེབས་འཇོག་པར་བྱས་པས་ཨ་འབྲུག་ཚོང་དཔོན་ནམ་ཨ་འབྲུག་སྦྱིན་བདག་ཅེས་པའི་མཚན་སྙན་སྔར་ལས་རྒྱས།
དགུང་ལོ་ ༤༧ སོན་སྐབས་རྒྱ་དམར་ནས་ལྷ་སྡོད་ཚོང་ཁག་བཅུ་གསུམ་རྒྱ་ནག་ཏུ་བལྟ་སྐོར་འགྲོ་དགོས་པའི་བཙན་བཀའ་བཏང་སྐབས་གཡོག་ཕུན་ཚོགས་ཅན་རང་གི་སྤུན་མཆེད་ངོ་མ་ཡིན་ཚུལ་བཤད་དེ་བལྟ་སྐོར་དུ་བཏང༌། སྐབས་དེའི་སྐོར་བ་པོ་རྣམས་ལ་རྒྱ་དམར་གྱི་བཙན་བཀའི་བསམ་འཆར་གང་བཏང་བ་རྣམས་དེ་བཞིན་དུ་རང་ཡུལ་སོ་སོར་གསལ་བཤད་ཞུས། སྤྱི་ལོ་ ༡༩༥༤ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་རྒྱ་ནག་ཏུ་ཕེབས་ཞོར་དགའ་ལྡན་དུ་ཞབས་འཁོད་སྐབས་ཁོང་དགའ་ལྡན་དུ་ཆེད་བཅར་དང་འབྲེལ་གསེར་ཏོ་ལ་བརྒྱ་དང་དགུ་བཅུ་གོ་གསུམ་དང་ཕྱེད་ཅན་གྱི་ཏིང་བདུན་ཚར་གཅིག་དང༌། ཏོ་ལ་དྲུག་ཅུ་རེ་གསུམ་དང་ཕྱེད་ཅན་གྱི་གསེར་ཀོང་གཅིག་བཅས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཐུགས་སྨོན་སྐྱབས་ཞུ་དང་ཚོགས་བསགས་སྒྲིབ་སྦྱོང་གི་ཆེད་དུ་འབུལ་ལམ་ཞུས། སྐབས་དེར་ཨ་ལོ་ཆོས་མཛད་ཅན་མི་མང་འཐུས་མི་ཚོགས་པས་ལེགས་གྲོས་གོ་བསྡུར་རིམ་བྱས་ཀྱིས་རྡོག་དོན། དང་པོ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ཆོས་སྲིད་གཉིས་ལྡན་རྒྱལ་ཁབ་ཀྱི་རླབས་ཆེན་དབུ་ཁྲིད་ལ་རྒྱ་དམར་གྱི་གནད་མེད་ཚོགས་འདུ་ཆུང་གྲས་གང་བྱུང་ལ་གདན་འདྲེན་ཞུ་ཐལ་མི་འབྱུང་བའི་སྐོར་དང༌། གཉིས་པ། བོད་རྒྱལ་ཁབ་ཀྱི་དངུལ་པར་ལས་དོན་དེ་དག་ད་མུལ་མཚམས་འཇོག་མ་དགོས་པར་སྔར་ཡོད་ལས་གཞིའི་ཐོག་རྒྱ་ཆེ་བའི་རྒྱ་བསྐྱེད་དང་འབྲེལ་པར་འདེབས་འགྲེམས་སྤེལ་གང་ཆེ་དགོས་འདུན། གཞན་ཡང་དོན་ཚན་མང་འཁོད་ཀྱི་བོད་གཞུང་བཀའ་ཤག་ལ་སྙན་ཞུ་ཕུལ་ཐོག་འདྲ་བཤུས་ལྷ་ས་གཡུ་ཐོག་ནང་སྡོ་རྒྱ་དམར་གྱི་འགོ་འཁྲིད་ཀྲང་གོ་ཧཱ་ལ་སྤྲད། གོང་གསལ་ཞུ་དོན་སྣེ་གཅིག་ལ་དོ་སྣང་མེད་ཁར། ༡༩༥༥ བོད་ཟླ་ ༩ ཚེས་ ༢༢ ཉིན་ནོར་གླིང་གཟིམ་ཆུང་འགག་ནས་བཀའ་ཡིག་ཕྱག་དམ་སྦྱར་མའི་དགོངས་དོན། སླད་ཆར་རྒྱ་བོད་བར་མི་དམངས་ཁ་ཁྱེར་གྱིས་དབྱེན་སྦྱོར་དཀྲུག་རྐྱེན་རིགས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག་ཅེས་པའི་མཛད་དཀའི་བཀའ་སྒྱུར་ཚ་ལ་ནན་པ་ཕབ།
སྤྱི་ལོ་ ༡༩༥༦ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་གྱི་སྲང་ལམ་གང་སར་རྒྱ་དམར་ལ་ངོ་རྒོལ་གྱི་ཡིག་ཆ་ཁྱོན་ཆེ་ཞིག་ཐོན་པར་བརྟེན་སྐབས་དེའི་མི་མང་འཐུས་མི་ལི་ཐང་ཨ་ལོ་ཆོས་མཛད། གཞིས་རྩེ་གཙོ་དྲག་ལྷ་ཕྱུག ལྷོ་ཁ་འབུམ་ཐང་དྲུང་ཡིག་གསུམ་ལ་རྒྱ་དམར་ནས་དྭོགས་གཞིའི་ཁག་གཡོག་བཙན་འགེལ་དང་འབྲེལ་ཁོང་གསུམ་འཛིན་བཟུང་བྱ་ཉེའི་མཚམས་རང་གཞུང་ནས་རྒྱ་དམར་ལྷིངས་འཇགས་ཡོང་ཆེད་དང༌། རང་མིར་མནར་གཅོད་མི་འབྱུང་བའི་མཛད་བྱུས་ཐོག་གོང་གསལ་གསུམ་བོད་གཞུང་ནས་དོ་དམ་གནང་འཐུས་ཐུགས་འགན་ཞེས་ཏེ་ལྷ་ས་ཁྲོམ་གཟིགས་ཁང་པུའུ་ལི་སིའི་དམག་སྒར་ནང་བཟང་བཙོན་ལྟ་བུར་འཇོག་གནང་མཛད། སྐབས་དེར་གོང་གསལ་མི་གསུམ་ལ་གསང་བའི་འབྲེལ་གཏུག་སྐབས་རྒྱ་དམར་ནས་ཡིག་བསྒྱུར་ལ་སྙད་བཏགས་ཙམ་ལས་དོན་སྙིང་སྔ་ལོ་དོན་ཚན་མང་འཁོད་ཀྱི་ཡི་གེ་ལག་སྤྲད་བྱས་པས་རྐྱེན་རྩ་ཡིན་པར་སྣང༌། གོང་གསལ་གསུམ་སྤྱི་དོན་སྒེར་བཟུང་བྱུང་བར་བརྟེན་དེ་མུར་འཇོག་བློས་མ་བཟོད་སྟབས་འབྲེལ་ཡོད་རྣམས་གདན་སའི་ཐོབ་ཁོངས་གྲྭ་ཚང་དང༌། ཁང་ཚན་བརྒྱུད་གདན་གསུམ་བླ་སྤྱི་ཐུན་མོང་ལ་གོང་དོན་ཞིབ་ལྷོད་ཞུས་དོན་བཞིན་བླ་ལྷན་ནས་དགོངས་བཞེས་ཀྱིས་བོད་གཞུང་བཀའ་ཤག་ངོ་བཅར་གྱིས་གློད་བཀྲོལ་ཡོང་ཐབས་ཞབས་བསྐུལ་ཞུས་དང་ཞུ་བཞིན་པའི་སྐབས་ལས་དབང་ཟློག་མེད་ཀྱིས་གཞིས་རྩེ་ལྷབ་ཕྱུག་ཅན་དོ་དམ་ཁོངས་འདས་གྲོངས་སོང༌། དེ་རྗེས་བོད་གཞུང་བཀའ་བཤག་ནས་རྒྱ་བོད་མི་རིགས་དམ་གཙང་བར་དཀྲོག་རྐྱེན་ཆེད་བཟོས་ལས་འགུལ་སྔ་འགལ་རིགས་དམ་གཙང་བར་དཀྲོག་རྐྱེན་ཆེད་བཟོས་ལས་འགུལ་སྔ་འགལ་རིགས་རིང་དུ་དོར་ཏེ་ད་ཕྱིན་འགྲོ་ཆག་ཉལ་སྡོད་ཀྱི་སྤྱོད་ལམ་ཚུལ་མཐུན་དགོས་རྒྱུའི་བཀའ་ནན་ཐོག་གདན་གསུམ་བླ་སྤྱི་ནས་ཁག་ཐེག་ཞུས་ཏེ་གོང་གསལ་གཉིས་ཕྱིར་བཏོན། དེ་མཚམས་ཁོང་གིས་ཨ་ལོ་ཆོས་མཛད་ཕྱི་རྒྱལ་དུ་ངོ་སྐྱོད་ཐུབ་ཚེ་བོད་དོན་ཐོག་གང་ཅིའི་ཕན་རླབས་ཡོང་རེས་ཁོང་སྒེར་ནས་བཞོན་རྟ་གཅིག་དང༌། མེ་མདའ་ལན་ཁྲུ་གཅིག་བཅས་སྤྲད་དེ་གསང་བྲོས་སུ་བཏང༌། དུས་སྐབས་དེར་མདོ་ཁམས་ཡོངས་ཀྱི་དཔའ་བོ་རྣམས་ནས་སྙིང་སྟོབས་ཞུམ་མེད་ཀྱིས་རྒྱ་དམར་ལ་ངོ་རྒོལ་དྲག་འཐབ་བྱེད་བཞིན་པར་བརྟེན། ༡༩༥༦ བོད་མེ་སྤྲེལ་ཟླ་ ༡༠ ནང་ལི་ཐང་གཉེར་ཟུར་མོ་ལྷ་ལྕགས་འགུ་ཚུལ་ཁྲིམས་དང༌། ཨ་འབྲུག་གཡོག་མགོན་པོ། ལི་ཐང་རྒྱ་རྡོ་གཡོག་བུ་ཚེ་ལེགས་གསུམ་རྒྱགས་རང་ཁུར་གྱི་ད་ཕན་མདོ་ཁམས་ས་གནས་སོ་སོ་ནས་རྒྱ་དམར་ལ་ངོ་རྒོལ་དགྲ་འཐབ་རིམ་བསྟུད་བྱས་པར་མཚམས་འདྲི་དང༌། སླད་ཀྱང་དཔའ་བློ་ཆེར་སྐྱེད་ཀྱིས་དགྲ་འཐབ་མུ་མཐུད་བྱེད་རྒྱུ་དང༌། གཞན་ཡང་ཡིག་ཐོག་དང་ངག་ལམ་ནས་གསེད་དཀྲོལ་ཆེད་ཛ་དྲག་གིས་ཆེད་བརྫངས་བྱས། སྤྱི་ལོ་ ༡༩༥༦ ལོར་རྒྱ་གར་ནང་པའི་ཆོས་ཚོགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཚོགས་ཆེན་དབུ་བཞུགས་སུ་གདན་ཞུ་མཛད་པར་རྒྱ་དམར་ནས་དངོས་ཤུགས་ཀྱིས་བཀག་འགོག་ཡོད་པར་བརྟེན། བོད་ཀྱི་གང་ཅིའི་གནད་དོན་གལ་ཆེ་དེ་དག་ལ་གདན་ས་གསུམ་ནས་ཤུགས་སྣོན་གནང་དགོས་པའི་ཞབས་སྐུལ་མཐའ་ནན་ཞུས།
༡༩༥༧ ལོར་ཁམས་རིགས་ཡོངས་རྫོགས་ལི་ཐང་དབྲ་ཁོག་ཏུ་རྒྱ་དམར་ལ་གྱེན་ལོག་ངོ་རྒོལ་ཆེད་ཚོགས་འདུ་ཚོགས་རྗེས་སྤྱི་ཟླ་ ༣ ཚེས་ནང་ལི་ཐང་འགོ་བ་སྦྱིན་པ་གཙོས་ཚོགས་འདུ་ཚོགས་རྗེས་སྤྱི་ཟླ་ ༣ ཚེས་ནང་ལི་ཐང་འགོ་བ་སྦྱིན་པ་གཙོས་ཚོགས་འདུ་དེ་ཁོངས་ནས་མི་བརྒྱད་རང་གཞུང་ལ་གོ་ལག་རོགས་རམ་ཞུ་ཆེད་ལྷ་ལྡན་དུ་འབྱོར་ཡང་བྱིན་རླབས་ཕྲན་བུ་གསོལ་རས་སྩལ་བ་ལས། གལ་ཆེའི་གནད་དོན་དེ་དག་རང་གཞུང་ལ་ཞིབ་ཕྲ་ཞུས་ཀྱང༌། འཇིག་རྟེན་གྱི་གཏམ་དཔེར། བཤད་ཀྱ་ཉན་མཁན་མེད་པ་དེ། ཤི་བོས་གསོན་པོ་འབོད་པ་ཡིན། ཞེས་པ་ལྟར་འདི་བྱས་དེ་བྱེད་ཀྱི་བཀའ་ངག་སྲོག་ཆགས་སྦྲང་མའི་སྐད་ཙམ་ཡང་འདོན་མཁན་མེད་པས་རེ་དོན་མ་སོན་པར་གོང་གསལ་རྣམས་ཕྱིར་ལོག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཁུལ་གྱི་མཛད་རིམ་ལེགས་གྲུབ་ཟིན་ཏེ་རང་རྒྱལ་བོད་ལྗོངས་རྒྱ་ཁབ་ཆེན་པོར་ྋཞབས་ཀྱི་པདྨ་བཅགས་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་འགོ་ཁྲིད་པའི་སེར་སྐྱ་མི་མང་མགྲིན་གཅིག་ནས་དད་སྟོབས་དངོས་འབུལ་གྱི་གསེར་ཁྲི་རིན་པོ་ཆེ་ཁམས་གསུམ་ཟིལ་སྣོན་ཁྲི་ལྕོག་དང་བཅས་རྒྱུ་ཆ་དང་བཟོ་བཀོད་ཕུན་སུམ་ཚོགས་པ་གསར་བཞེངས་སྒྲོན་འབུལ་དང་འབྲེལ་སྐུ་ཚེ་མི་ཤིགས་བསྐལ་བརྒྱར་བསྟན་པའི་བརྟན་ཞུགས་བསྟར་འབུལ་དང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན། ལམ་རིམ་གསུང་ཆོས་སོགས་འདི་ཕྱིའི་དད་སྟོབས་ལྷག་བསམ་གྱི་ཞུ་སྒོ་ཅི་མཆིས་བགེགས་མེད་བསམ་ཐོག་དོན་འཁྱོལ་བཀྲིས་བདེ་ལེགས་ཀྱི་གནས་སུ་གྱུར། སྤྱི་ལོ་ ༡༩༥༧ ལོར་ཨ་འབྲུག་ཚང་གི་མཆོད་ཁང་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་རང་སྲོགས་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་བསྟན་དགྲ་རྒྱ་དམར་ལ་དངོས་སུ་ངོ་རྒོལ་བྱེད་རྒྱུའི་དམ་བཅའ་བཞག་པ་དང་འབྲེལ་ཤོག་ཁག་སོ་སོ་ནས་མི་རྟ་གོ་ཧྲག་གིས་གྲ་སྒྲིག་ཞུས། སྤྱི་ལོ་ ༡༩༥༨ བོད་ཟླ་ ༤ ཚེས་ ༡༦ ཉིན་རྒྱལ་ས་ལྷ་ས་ནས་རྡོག་ཐོན་གྱིས་ལྷོ་ཁ་གྲི་གུར་འབྱོར་བསྟུན་དམག་ཁྲིམས་ཀྱི་གཙོས་ལས་ཁུངས་མ་ལག་དང༌། དམག་སྤྱི་བརྒྱ་དཔོན་སོགས་ཀྱི་བཀོད་སྒྲིག་གསར་འཛུགས་ཞུས། འོན་ཀྱང་འདིར་འདུས་རྣམས་ཚོང་པ་ཁེར་རྐྱང་ལྟ་བུ་ལས་དམག་མཁོའི་གོ་ལག་གི་མཐུན་རྐྱེན་ཇི་བཞིན་མེད་སྟབས་བོད་ཟླ་ ༦ ཚེས་ ༢༧ ཉིན་མགོན་པོ་བཀྲིས་གཙོས་ཤོགས་ཁག ༢༢ ནས་མི་རྟ་གོ་ཧྲག་ཕྱོགས་བསྡུས་ཀྱིས་རྟ་དམག་གྲངས་ ༧༠༠ དམག་སྒར་ནས་རྡོ་ཐོན་གྱི་ཤངས་དགའ་ལྡན་ཆོས་འཁོར་དགོན་དུ་བོད་གཞུང་གི་གོ་མཛོད་སྔར་ཡོད་ནས་གོ་ལག་ཇི་ཡོད་བླངས་ཏེ་དམག་སྒར་ཨ་མར་ཕྱིར་ལོག་བྱེད་རྩིས་སྐབས༌། རྒྱ་དམག་ཁྱོན་ཆེས་སྔོན་རྗེས་ལམ་སྒུག་གྱིས་རྐྱེན་པས་བསམ་ཐོག་མ་འཁྱོལ་སྟབས་སྙེ་མོ་བརྒྱུད་བྱང་ལམ་ཁག་ཏུ་དགྲ་འཐབ་རིམ་པ་བྱས་ཏེ་རྒྱ་དམར་དཔོན་དམག་རྣམས་ལ་གོད་ཆག་ཚད་ལས་བརྒལ་བ་བཏང་ཡོད།
དམག་ཐེངས་མང་པོར་སྐྱོན་མེད་བྱུང་ཡང་ཀོང་པོ་རྨ་གཞུང་ནང་འབྱོར་སྐབས་རྒྱ་དམར་དམག་དཔུང་ཁྱོན་ཆེའི་སྒུགས་ར་དང་འཕྲད་དེ། མེ་སྒྱོགས་ཁྱོན་ཆེན་འཕངས་སྟོབས་ཁོང་རྨས་སྐྱོན་དང༌། དམག་མི་མང་པོ་བསད་རྨས་ཤོར་ཐོག་གང་འཚམས་ཁ་འཐོར་བ་བཅས་ཀྱི་དམག་ཤུགས་ཉུང་དུ་ཕྱིན། འོན་ཀྱང་ལྷ་རི་འགོ་དང༌། ཤོ་སྟར་ལྷོ་གསུམ། ནག་ཤོད། ཁྱུང་པོ་བཅས་ཀྱི་སྡེ་དགོན་སོ་སོའི་གནད་ཡོད་དང་འབྲེལ་བ་བྱས་ཏེ་ངན་དགུ་ཚང་བའི་རྒྱ་དམར་གྱི་བྱ་སྤྱོད་གསལ་བཤད་ཐོག་བོད་རིགས་ཡོད་དོ་ཅོག་ནས་དེ་ལུགས་བསམ་ཤེས་དགོས་འདུན་ནན་བརྗོད་བྱས་དོན་ཚང་མས་མོས་མཐུན་གཅིག་འཇུག་གཉིས་མཐུད་བྱུང་བ་དང་ཆབས་ཅིག་དམག་ཁྲིམས་དང༌། དམག་བཀོད། དམག་སྤྱི་བརྒྱ་དཔོན་བཅས་བསྐོ་སྒྲིག་ཞུས་ཏེ་ཡུལ་དམག་གོ་ཧྲག་མི་ཉུང་བ་བྱུང་བ་དང༌། ལྷག་པར་ཤོ་སྟར་ལྷོ་གསུམ་ནས་དམག་ཐེངས་མ་གཉིས་བསྡུས༌། དཔའ་ཤོད་རྗོང་དུ་སྔར་ཡོད་བོད་གཞུང་གི་གོ་མཛོད་ནས་གོ་རྫས་ནས་ཇི་ཡོད་བླངས་ཏེ་ཤོ་སྟར་ལྷོ་གསུམ་གྱི་དམག་མིར་བགོ་འགྲེམ་བྱས།
དེ་ལྟར་ས་གནས་གང་སར་དགྲ་འཐབ་དང་འབྲེལ་ལྷག་པར་མདོ་ཁམས་ས་གནས་ཁག་གི་དཔོན་འགོ་ཁག་དང༌། འབྲེལ་ལམ་ཐོག་དྭང་བླངས་ཡུལ་དམག་གཞི་རྒྱ་མ་ཆུང་བ་ཞིག་གོ་སྒྲིག་ཞུས་ཏེ་དམག་ཁྲིམས་གཙོས་དམག་སྤྱི་བརྒྱ་དཔོན་དགྲ་འཐབ་བྱེད་ཕྱོགས་དང་བཅས་པ་བསྐོ་སྒྲིག་སློབ་སྟོན་གནང༌། དེར་ཡོད་ཆུ་སྒང་དཔོན་དམག་རྣམས་གོ་ལག་དང་བཅས་པ་སྐྱོན་ཆེ་མ་བྱུང་སྟབས་དམག་སྤྱི་བརྒྱ་དཔོན་བཅས་ལྷོ་ཁ་དམག་སྒར་ཨ་མར་ཕྱོགས་བསྒྲིལ་བྱེད་རྒྱུའི་གྲོས་མོལ་བྱུང་མཚམས་ལྷ་སར་ཟིང་འཁྲུགས་ལངས་ཏེ་བཞུགས་གནས་ནོར་གླིང་ཕོ་བྲང་དང༌། རྩེ། གཙུག་ལག་ཁང་བཅས་པར་རྒྱ་དམར་ནས་མེ་སྒྱོགས་ཀྱི་དྲག་ཆར་ཚད་ལས་བརྒལ་བ་ཕབ་ལུགས་རླུང་འཕྲིན་ནས་ཐོས་པ་དང་རང་དམག་སྔོན་སྐྱོད་རྗེས་སྡོད་ཁག་བགོས་ཐོག་ཛ་དྲག་གིས་ཨ་ཙ་མཚོ་མོ་བརྒྱུད་ཤར་བསྐྱོད་ཀྱིས་འོལ་ཁ་རྫིང་དུ་ཕྱིར་འབྱོར་བ་དང༌། ཆུ་སྒང་དམག་སྒར་ཨ་མ་ནས་བཏང་བའི་སྒ་པ་གྲའུ་དཔོན་རིན་ཆེན་ཚེ་རིང་གཙོས་རྟ་དམག་དང་ཁག་ཅིག་བསུ་བར་འབྱོར། ྋགོང་ས་སྐྱབས་མགོན་ཆེན་པོས་སྤྱི་ལོ་ ༡༩༥༩ ཟླ་ ༢ ཚེས་ ༢༧ ཉིན་གནང་བའི་བོད་རྒྱལ་ཡོངས་དམག་སྤྱི་ཛ་སག་གི་གོ་གནས་བཀའ་རྒྱ་ཕྱག་དམ་འབྱར་མ་གནང་བ་ཕྱག་ཏུ་འཕྲོད།
དུས་མཚུངས་ལྕགས་ཟམ་ཆུ་བོ་རི་དང༌། རོང་ཆ་དཀར་གཉིས་རྒྱ་དམར་ལ་ཤོར་ལུགས་བང་མི་འབྱོར་འཕྲལ་ས་ཤོར་བསྐྱར་ལེན་དགོས་པའི་བཀོད་མངགས་དང་འབྲེལ་དམག་སྣོན་གང་འཚམས་འཕྲལ་རྫོང་བྱས། བོད་ཟླ་ ༣ ནང་ཁོང་རྣམས་ཨེ་ལྷ་རྒྱལ་རིར་འབྱོར་སྐབས་རྩེད་ཐང་ཤོར་ཉེའི་བང་མི་འབྱོར་བར་བརྟེན་དམག་གོ་ཧྲག་ ༦༥ དམག་སྣོན་དུ་བཏང༌། ཨེ་ཆུ་མདོ་རྫོང་དུ་འབྱོར་སྐབས་རྩེད་ཐང་ཤོར་ལུགས་ཀྱི་བང་མི་འབྱོར་བ་དང༌།
ཡར་སྟོད་དང༌། གྲི་གུ། ལྷོ་བྲག་བཅས་ཀྱི་ས་གནས་ཁག་ཏུ་དམག་སྣོན་ཆེད་གཉེར་བྱས། དེ་ནས་དམག་རྣམས་ཤོ་པོ་ལ་བརྒྱུད་གཉན་བྲག་དགོན་དུ་ཁྱུག་སྡོད་བྱས་ཏེ་དྲེལ་ལྷས་དགོན་དུ་བསྐྱོད། ས་གནས་དེར་ཆུ་སྒང་དམག་དང༌། གདན་ས་འི་བླ་སྤུལ་དགེ་བཤེས༌། གྲྭ་མང༌། ཡུལ་མི་བྲོལ་བྱོལ་བ་དང༌། གཞུང་དམག་དང༌། གཞུང་ཞབས་ཀྱང་འགའ་ཤས་འབྱོར་ཡོད་སྟབས་ཉིན་གཅིག་བཅའ་བཞག་གིས་ཚོགས་འདུའི་གྲོས་ཆོད་སྙིང་དོན་བླ་སྤྲུལ་དགེ་བཤེས་དང༌། རྒས་གཅོང་གི་རིགས་སྔོན་སྐྱོད་བྱ་འཐུས་དང༌། དེ་བྱིངས་དམག་ཁོངས་སུ་བཀོད་སྒྲིག་བྱས།
དེ་ནས་མཚོ་སྣ་ས་བཟུང་དགོས་སྐོར་གྱི་གྲོས་བཏོན་བྱུང་དོན་བཞིན་བོད་ཚེས་ ༦ ཉིན་སྦྱོར་ར་ནས་ཁོང་གི་དམག་རྣམས་ཐོན་ཉེའི་མཚམས་སུ་གྲྭ་བཞི་རྒྱ་དཔོན་འགོ་དམག་འགའ་ཤས་འབྱོར་སྐབས་ཁོང་ནས་མཚོ་སྣ་ས་བཟུང་རྒྱུ་ལྟ་བཞག་བགྲོད་ལམ་ཡང་མ་ཐོབ་པའི་དཀའ་ངལ་གྱི་གནད་ཚུལ་བཤད། འོན་ཀྱང་དང་བླངས་དཔུང་དམག་བཅས་ཁ་འཐོར་མི་འགྲོ་བའི་ཐབས་ཤེས་དང་འབྲེལ་སླར་ཡང་དགྲ་འཐབ་ཐུབ་རེས་གྲོས་འཆར་མང་པོ་བྱས་ཀྱང་རང་ཁོངས་དམག་རྣམས་དགྲ་འཐབ་ཡུན་རིང་བྱས་སྟབས། དཀའ་ངལ་གྱིས་ཐང་ཆད་པ་ལྟ་བུ་དང༌། རྗེས་འབྱོར་རྣམས་གོ་ལག་བཟང་ཡང་ངལ་དུབ་ཆེ་རྐྱེན་རྒྱ་དམག་ལ་ཁ་གཏད་འཇལ་ཐབས་ཤིན་ཏུ་དཀའ་ལུགས་ཀྱི་བསམ་ཚུལ་ཁོ་ན་ལས་མེད་སྟབས་བསྐྱར་དུ་མཚོ་སྣར་སོ་ཉུལ་སྔ་རྗེས་བཏང་ཡང་ལན་གསལ་མ་བྱུང་མུར། ཨ་མདོ་སྦྱིན་པ་རྒྱ་མཚོ་དང༌། དམག་སྤྱི་ཕྲ་མོ་གཉིས་ནས་གནས་བྲིས་འབྱོར་དོན། འདི་གར་སྡོད་རྒྱུན་རིང་ན་ཁྱེད་རང་ལའང་ཉེན་ཁ་བྱུང་ཚེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱས་རྗེས་དམིགས་མེད་དུ་འགྲོ་རྒྱུ་ལས་མ་འདས་པས་རྒྱ་གར་ཕྱོགས་དང་ཉེ་འབྲེལ་ཞིག་ཏུ་བསྐྱོད་དགོས་ལུགས་དང༌། ལམ་སྟོན་བྱེད་མིར་ཌམ་རྡོ་ཉེར་ལྔ་སྤྲོད་ཟིན་པ་དང༌། དེའང་ྋགོང་ས་ཆེན་པོའི་བཀའ་འབྲེལ་ཡིན་ལུགས་བཅས་ཀྱི་གནས་ཚུལ་འབྱོར་བ་དང་འགོ་དམག་རྣམས་དམར་མགོ་ལ་གཤམ་བར་ཤར་བསྐྱོད་བྱས། དེ་སྐབས་ཆུ་སྒང་དམག་དང་གཞུང་དམག་དྲག་རིགས། ཡུལ་མི། གཞུང་ཞབས་བཅས་གོ་ཧྲག་ཉིས་སྟོང་སྐོར་ཡོད་པས། སླར་ཡང་རྒྱ་དམར་ལ་འཐབ་འཛིང་བྱེད་འདུན་བཏོན་ཀྱང་དེར་ཡོད་རྣམས་ནས་ད་བར་རྒྱ་དམར་དང་དགྲ་འཐབ་རིམ་པ་བྱས་ཟིན་པ་དང༌། ད་སྐབས་རྒྱ་དམར་གྱི་དམག་ཤུགས་གང་ན་ཅི་ཡོད་ཕྱོགས་གཅིག་ཏུ་བསྒྲིལ་ཡོད་པས་རང་ཕྱོགས་གཏམ་དོན་གཉིས་ཡོད་རྒྱ་ལས་གཞན་རེ་མེད་ལུགས་ཀྱི་བགྲོ་གླེང་བྱུང་སྟབས་གྲའུ་དཔོན་རྒྱ་གར་ས་སྲུང་དམག་དཔོན་སར་བཏང་ནས་མཇལ་དར་དང༌། བཞོན་རྟ་གཅིག་བཅས་ལག་སྟོང་མིན་ཙམ་སྤྲད་ཐོག་བོད་རིགས་བྲོས་བྱོལ་བ་རྣམས་རྒྱ་གར་ས་ཐོག་བཀག་འགོག་མེད་པར་ཤར་གཏོང་དགོས་པའི་བཀའ་འཁྲོལ་དང་བཅས་ཤར་བསྐྱོད་བྱས་སོ། རྒྱ་གར་དུ་སླེབས་ནས་ཀྱང་ཆུ་སྒང་མཛད་གཙོ་རྣམས་གྲོས་བསྡུར་གྱིས། ྋགོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་ཟིལ་པ་ཁྲོམ་མེར་གདན་ཞུས་ཐོབ་པ་འདི་སླར་ཡང་རང་དབང་གཙང་མའི་ཐོག་བོད་ལ་ཞབས་སོར་འཁོད་པ་ཞིག་མ་བྱུང་དབར་མུ་མཐུད་དྲག་པོའི་ལས་འགུལ་སྤེལ་རྒྱུའི་མནའ་གན་བཞག། དེ་ནས་གློ་ཁུལ་དྲག་པོའི་སྒྲིག་འཛུགས་བཙུགས་པ་དང༌། བོད་ནང་གི་དགྲ་བོའི་གནས་གཞི་ཁག་ལ་ཕྲ་རྒོལ་རིམ་པར་བྱས་ཤིང༌། ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བ་བྱས་ནས་མི་གྲངས་ ༢༠༠ ལྷག་ཙམ་ཨ་རིར་དྲག་སྦྱོང་དུ་འཛུལ་ཞུགས་ཀྱིས་བོད་ཕྱི་ནང་གཉིས་ཟུང་འབྲེལ་གྱིས་དགྲ་བོར་འཐབ་འཁྲུགས་རིམ་པ་ཞིག་བྱས་པ་སོགས་མཛད་རྗེས་མཐོ་བཞིན་པའི་མུར་སྐུའི་སྙུང་གཞི་ཇེ་ལོད་དུ་གྱུར་ནས་རྡོ་རྗེ་གླིང་ཨ་རིའི་སྨན་ཁང་དུ་བསྟེན་སྐབས་ལུས་ནས་མདེའུ་རོ་དགུ་ཙམ་བཏོན་ཀྱང་མ་ཕན་པར་མཐར་ ༡༩༦༤ ལོར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བྱས་རྗེས་རླབས་ཆེན་བཞག་པའི་དཔའ་བོ་ཆེན་པོ་ཁོང་དགོངས་པ་རྗོགས།
འདིར་དམག་སྤྱི་ཛས་སག་ཨ་འབྲུག་མགོན་པོ་བཀྲིས་ཀྱི་མཛད་རྗེས་བཀྲིན་རྗེས་དྲན་ཆེད་ལོ་རྒྱུས་རྒྱས་པ་ཞིག་འདིར་བཀོད་དགོས་ངེས་ཀྱང༌། ཁོང་གི་ལོ་རྒྱུས་རྒྱས་པ་དབྱིན་ཡིག་ཐོག་པར་འགྲེམ་བྱས་ཟིན་པ་ཐོས་དེ་ཉིད་བོད་ཡིག་ཐོག་ཕབ་སྒྱུར་ཡོང་རེ་ལ་བརྟེན་འདིར་བསྐྱར་ཟློས་ཞུ་མ་དགོས་པ་དང༌། ཆུ་སྒང་གི་ལས་འགོ་བརྩམས་ནས་སྐུ་ཚེ་མཐར་མ་ཕྱིན་བར་ཆུ་སྒང་གི་ལས་དོན་གཙོ་འདོན་གནང་བ་ལྟར་ཆུ་སྒང་གི་ལོ་རྒྱུས་ནང་ཁོང་གི་མཛད་རྗེས་རྣམས་རིམ་པ་བཞིན་དུ་གསལ་བས་དེ་འཐུས་པ་ཞུ་ཆོག་པ་བཅས་མདོར་ཙམ་མོ་ཅེས་པ་འདི་ཆུ་སྒང་ལོ་རྒྱུས་ལས་བསྡུས་ཏེ་བཀོད་པ་ཡིན།
སྨར་ཁམས་བུ་རྫོང་ལྷ་མོ་ཚང་གི་བུ་ཆུང་ཤོས་བློ་ཚེ་ཆུང་མིང་ལ་བུ་འབྲུག་གཡང་དང་མིང་ལྷ་མོ་ཚང་བློ་བཟང་ཚེ་རིང༌། ཆུ་སྒང་གཡུལ་འཐབ་དམག་སྤྱི་བཅོ་བརྒྱད་ཀྱི་མིང་གཞུང་ཁོངས་སུ་ཡོདནི། ལོ་ཆུང་སྐབས་སྨར་ཁམས་མཁས་གྲུབ་བྱེ་བའི་འབྱུང་གནས་ཀུན་མཁྱེན་འོད་ཟེར་དགོན་དུ་ཆོས་ཞུགས་བྱས་པ་དང༌། ལོ་ ༢༡ སོན་མཚམས་དགོན་གྱི་མཛོད་པའི་འགན་བཞེས་མཁན་གཅེན་པོ་ངག་དབང་སྐལ་བཟང་དང་མཉམ་དུ་ཚོང་གཉེར་གྱི་རོགས་སུ་ལྷ་སར་འབྱོར་ནས་གཅེན་མོ་སྒྲོལ་མ་ཆོས་འཛོམས་ཀྱི་ཁྱིམ་དུ་བསྡད། ཆུ་སྒང་དབུ་འཛིན་ཨ་འབྲུག་མགོན་པོ་བཀྲིས་མཆོག་དང་བཅས་པས། གསེར་ཁྲི་གསར་བཞེངས་དང་ཆུ་སྒང་སྒྲིག་འཛུགས་གསར་འཛུགས་གནང་རྗེས་དངོས་སུ་འཛུལ་ཞུགས་ཀྱིས། གཅེན་མོའི་མག་པ་འབྲི་གུང་བསོད་ནམས་བག་བྲོ་དང་བཅས་ཕྱི་ལོ་ ༡༩༥༨ ལོའི་དབྱར་སྟོད་དུ་མེ་མདའ་རིང་མདའ་བཞི་དང་ཐུང་མདའ་གཉིས། མི་རེར་རྟ་རེ་དང་རྒྱག་ཆས་རྟ་དྲེལ་བརྒྱད་བཅས་དེད་དེ་ལྷ་སའི་ཀུ་རུ་ཟམ་པ་ནས་ཐོན་ཏེ་གསང་ཡིབ་ལ་བརྒྱུད་ལྷོ་ཁ་གྲི་གུ་ཐང་དུ་བསྐྱོད། ཆུ་སྒང་དམག་ཤོག་སྡེ་ཁག་ ༢༦ ཡོད་ཁོངས་སྡེ་ཁག་ ༢༣ སྨར་ཁམས་ཤོག་ཁག་ཁོངས་སུ་ཞུགས་སྐབས། ཨ་འབྲུག་མགོན་པོ་བཀྲིས་དབུས་དབུ་ལས་རྣམ་པ་བཀའ་གྲོས་ཀྱིས། ༼གཙོ་འཛིན་ཆེ་གྲས་བཞི་དང༌། འབྲེལ་མཐུད་འགན་འཛིན། ཕོགས་ཁང་འགན་འཛིན། མི་འབོར་ཆེ་ཤོས་ཀྱི་ཤོག་ཁག་རེར་དམག་བྱུས་བཀོད་འདོམས་གཙོ་འཛིན་རེ། གཡུལ་སའི་དམག་འཐབ་སྐབས་ཀྱི་དམག་སྤྱི་བཅོ་བརྒྱད་དང༌། བརྒྱ་དཔོན་བཅུ་དཔོན་འདེམས་བསྐོ་བྱེད་སྐབས།༽ སྨར་ཁམས་བློ་ཚེ་༼བུ་རྫོང་ལྷ་མོ་ཚང་བློ་བཟང་ཚེ་རིང་༽ལོ་ཆུང་ཡང་དཔའ་སྟོབས་གཟི་རྔམ་དོད་པས་གཡུལ་འཐབ་དམག་སྤྱིར་འདེམས་བསྐོ་བྱུང༌། ཨ་འབྲུག་མགོན་པོ་བཀྲིས་མཆོག་གི་དབུ་འཁྲིད་འོག་ལྷོ་ཁ་ནས་ཤངས་དགའ་ལྡན་ཆོས་འཁོར་དགོན་དུ་གསང་ཐབས་ཀྱིས་མེ་མདའ་ལེན་པར་བསྐྱོད་མཁན་གྱི་བྱང་བསྐྱོད་དམག་གྲངས་དགུ་བརྒྱ་ལྷན་དུ་དྲག་འདེམས་ཀྱི་བསྐྱོད་དེ། ཆུ་ཤུར་ནས་སྙེ་མོ་རྫོང་དང༌། སྙེ་མོ་རྫོང་མདོ་མཁར་གསུམ་མདོའི་དམག་འཐབ། ཤངས་དགའ་ལྡན་ཆོས་འཁོར་དགོན། སྙེ་མོ་རྫོང་ཟམ་པའི་ཉེ་འགྲམས་ཀྱི་དམག་འཐབ། སྤོ་བོ་སྤྲ་མོག་གི་རྒྱའི་བཙན་རྫོང་ལ་ཕར་རྒོལ་དམག་འཐབ་སོགས་དམག་འཐབ་རིམ་པའི་ནང་མདུན་ལ་མཆོངས་ཏེ་དཔའ་ངར་ཆེན་པོས་རྒྱ་དམག་ཚར་གཅོད་བྱས་ཀྱང༌། སྤོ་བོ་སྤྲ་མོག་གི་ཤིང་ནག་དཀྱིལ་དུ་སྔ་ས་ནས་སྒུག་རྭ་སྤྲད་པའི་རྒྱ་དམག་གི་མེ་མདའ་སྦག་སྦག་དྲག་ཆར་འབབ་པ་བཞིན་འཕངས་པའི་འོག་ནས་ཆུ་སྒང་དམག་སྤྱི་རྒྱ་རྡོ་དོན་གྲུབ་ཅན་སོགས་དམག་རོགས་ཁག་གཅིག་རྒྱ་དམག་གི་ལག་འོག་ནས་རྨས་སྐྱོན་ཕོག་སྟེ་སྲོག་ཉེན་ལས་སྐྱོབས་ཆེད། གཡུལ་འཐབ་དམག་སྤྱི་བློ་ཚེ་གཙོས་དམག་གྲངས་བཅུ་དང་ཤོ་སྟར་ལྷོ་གསུམ་གྱི་ཡུལ་དམག་ཁག་གཅིག་བཅས་ནས་ཤི་འཐབ་རོ་འཐབ་ཀྱིས་དམར་འཛིངས་བྱས་ཏེ་མཐར་མི་གྲངས་ ༤༠ དཔའ་ངར་ཆེན་པོས་ལག་ཏུ་གྲི་ཕྱར་ནས་རྒྱའི་མེ་མདའ་སྦག་སྦག་གི་ཁ་འོག་ཏུ་འདས་གྲོངས་སུ་གྱུར། བྱས་པ་ཅན་གྱི་འདས་པོ་འདིའི་གཅེན་མོ་བུ་རྫོང་ལྷ་མོ་ཚང་སྒྲོལ་མ་ཆོས་འཛོམས་ ༡༩༨༣ ལོར་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་བ་དང་ཁོང་ད་ལྟ་ལོ་ ༨༣ ལ་ཕེབས་ཤིང༌། ཁོང་གི་བུ་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་མཉམ་༼བཀའ་དྲུང་ཡིག་ཚང་གི་དྲུང་ཆེ་ལས་འཕར་༽བཞུགས་སྒར་གངས་སྐྱིད་དུ་བཞུགས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
ཆུ་སྒང་དམག་སྤྱི་ཕྱག་མཛོད་བཀྲིས་ལགས་ཕྱི་ལོ་ ༡༩༠༦ ལོར་འབའ་མཐིལ་དུ་སྐུ་འཁྲུངས་ཤིང༌། དགུང་ན་དགུའི་ཐོག་ཆོས་སྡེ་ཆེན་པོ་དགའ་ལྡན་དགོན་པར་ཆོས་ཞུགས་གནང་བ་དང༌། ཕྱི་ལོ་ ༡༩༥༨ ལོར་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་དབུ་བརྙེས་སྐབས་དབུ་འཛིན་གྱི་འགན་འཁུར་བཞེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་འཕྲལ་ཐོག་མར་སྒང་ཏོག་ཕྱོགས་ལམ་ལས་ཀྱི་འགོ་པ་གནང་བ་དང༌། རྡོར་གླིང་རང་དབང་དཔར་ཁང་བཅས་ཀྱི་འགན་འཛིན་བཞེས་ཏེ་མཐར་ཕྱི་ལོ་ ༡༩༨༥ ལོར་སྐུ་ཚེའི་འཕེན་པ་རྫོགས་པ་དང༌། ཤུལ་འཛིན་སྐུ་ཟླ་གཡུ་རི་དང་བུ་བསྟན་འཛིན་དབང་གྲགས། བསྟན་འཛིན་ཀུན་མཁྱེན། བུ་མོ་བསྟན་འཛིན་ལྷ་སྐྱིད་བཅས་སྦིར་སྡེ་དགེ་གཞི་ཁོངས་སུ་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
ཐོག་མར་གསེར་ཁྲི་བཞེངས་སྐབས་ཀོང་ཡུལ་ཁུལ་གནད་ཡོད་མི་གྲངས་བརྒྱད་མཉམ་དུ་ཨ་འབྲུག་མགོན་པོ་བཀྲིས་མཆོག་དང་རྒྱལ་ཐང་མཁར་ཆེན་ཕྱག་མཛོད་མཉམ་གསང་འཛོམས་ཀྱིས་ཡུལ་ཕྱོགས་སོ་སོ་ནས་བསྟན་དོན་སྐབས་བསྟུན་བྱ་ཕྱོགས་སྐོར་གོ་བསྡུར་ཞིབ་ཕྲ་ཞུས་ཏེ། རང་ཡུལ་དུ་ཕྱིར་ལོག་གིས་ལས་དོན་རྒྱ་ཆེ་བསྒྲུབས་པ་དང༌། བོད་བསྟན་སྲུང་མི་རིགས་ཀྱི་ཀྱི་དོན་དུ་དཔའ་མཛངས་སྙིང་སྟོབས་དེ་འཛམ་གླིང་ནང་ཁྱབ་ཡོད་བསམ་པའི་སྤོབས་པ་ཡོད། ཞིབ་ཕྲ་ཆུ་སྒང་ལོ་རྒྱུས་ནང་གསལ། ཁོང་ཕྱི་ལོ་ ༡༩༨༥ ལོར་སྐུ་ཚེའི་འཕེན་པ་རྫོགས་ནས་རྗེས་འཛིན་བུ་ཐུབ་བསྟན་དར་རྒྱས་གཙོས་བུ་བཞི་དང་བུ་མོ་གསུམ་བཅས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
ཀོང་པོ་བྱང་ཕྱོགས་འབྲུག་ལྷ་རྫོང་ཁོངས་དམག་སྤྱི་བྱམས་པ་ནི། ཕྱི་ལོ་ ༡༩༥༨ ལོར་ཁུལ་དེའི་དཔའ་རྒོད་དྲག་གྲས་འདེམས་སྒྲུག་གི་དྭང་དམག་བརྒྱ་ཤོག་གཅིག་ཁྲིད་ནས་ཀོང་པོ་བྲག་གསུམ་གྱེན་ལ་བརྒྱུད་ཨ་འབྲུག་སྦྱིན་བདག་གི་བྱང་བསྐྱོད་དམག་རོགས་བསྐྱོད་སྟབས། སྔོན་རྗེས་གཉིས་ནས་རྒྱ་དམག་གིས་བཀག་སྟེ་ཨ་འབྲུག་དམག་དང་ཟླ་འབྲེལ་མ་ཐུབ་པས་བྱང་བརྒྱུད་དམག་འཐབ་ལེན་མང་བྱས་ཏེ་ཟླ་གཅིག་ཙམ་རིང་འབྲོང་ཤ་སོགས་ཤ་ཁོ་ནར་བསྟེན་པ་དང༌། མཚམས་རེ་རྒྱ་དམག་གི་མོ་ཊ་འགའ་རེ་གཏོར་བཅོམ་གྱིས་གོ་ལག་སོགས་མཐུན་རྐྱེན་འཛོམས་པོ་ཆགས། དམག་རྣམས་རྐྱེན་འདས་ཀྱིས་རིམ་ཉུང་སོང་སྐབས་ཤུལ་ལྷག་རྣམས་མཉམ་ཤི་བྱ་རྒྱུ་མ་གཏོག་དགྲ་བོར་མགོ་སྒུར་ནམ་ཡང་བྱ་རྒྱུ་མིན་པའི་མནའ་སྐྱེལ་དམ་བཅའ་བཞག མཐར་ཕྱི་ལོ་ ༡༩༦༣ ལོར་ཡང་བྱང་རྒྱུད་དུ་དམག་འཐབ་བྱ་མུས་ཡོད་པ་ཀུན་གསལ་དང༌། གོང་གསལ་བརྒྱ་ཤོག་དེའི་ཁོངས་ལྷ་ཐར་ཟེར་བ་མི་གཅིག་རྒྱ་གར་དུ་ཐར་བ་ལས། གཞན་བྱིངས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་ཡོད་པ་དང༌། གོང་གསལ་དམག་སྤྱིའི་ཤུལ་འཛིན་བུ་མོ་གསུམ་བུ་ཕྲུག་དང་བཅས་ཀོང་ཡུལ་དུ་ཡོད།
ཐོག་མར་གསེར་ཁྲི་བཞེངས་སྐབས་ཀོང་ཡུལ་གྱི་གནད་ཡོད་མི་སྣ་ཚོ་གཅིག་ཨ་འབྲུག་མགོན་པོ་བཀྲིས་མཆོག་མཇལ་འཕྲད་ཀྱིས་བསྟན་དོན་བྱ་དགོས་སྐོར་གང་དགའ་ཅི་ལེགས་ཀྱི་ཞིབ་བསྡུར་གནང་རྗེས་རང་ཡུལ་དུ་ཕྱིར་འཁོར་གྱི་བོད་ཀྱི་བསྟན་དོན་ཆེད། ཕྱི་ནང་གསང་གསུམ་ཐབས་མཁས་ལས་དོན་ལེགས་སྒྲུབ་ཀྱི་ཀོང་པོ་རྫོང་ཁག་ལྔའི་ནང་ནས་ལྷོ་ཕྱོགས་རྩེ་ལ་རྫོང་འོག་དྭང་དམག་སྔ་རྗེས་བསྡོམ་ལྔ་བརྒྱ་བདུན་བཅུ་དོན་ལྔ་གོ་བསྒྲིགས་བྱས། ཕྱི་ལོ་༡༩༥༨ ལོ་བོད་ཟླ་ ༣ ཚེས་ ༩ ཉིན་ཀོང་པོ་ཆབ་ནག་སྟག་ཟམ་གདོང་དང་ཨོམ་སངས་ལ་ཤར་ཕྱོགས་གྲོང་སྡེའི་མཚམས་སྨེ་འཕྲང་གཡག་ར་འཕྲང་ཕྱི་རོལ། འབྲུག་གསང་བསྔགས་ཆོས་གླིང༌། ཀོང་པོ་གནས་སྤར་སེང་གེ་ཟམ་པ་བཅས་སོ་སོར་རང་དམག་ནས་དཔའ་མཛངས་ལྡན་པའི་འཐབ་རྒོལ་སྔ་ཕྱི་བསྡོམས་རྒྱ་དམག་བདུན་བརྒྱ་ལྷག་ཙམ་རྐྱེན་ལམ་ཕམ་ཉེས་སུ་བཏང་བའི་སྐོར་ལོ་རྒྱུས་ཞིབ་གསལ་ཆུ་སྒང་དེབ་གཉིས་པར་གསལ་བ་ལྟར་ལགས། རྒྱ་གར་དུ་འབྱོར་ནས་ཀྱང་བསྟན་དོན་ཡིད་དང་མ་འབྲལ་བ་གནས་ཏེ་མཐར་དགུང་ལོ་ ༩༨ སྤྱི་ལོ་ ༢༠༠༤ ལོར་སྐུ་ཚེའི་འཕེན་པ་རྫོགས། ཤུལ་འཛིན་མ་རྒན་རང་ལོ་ ༩༨ དང་བུ་ཉི་མ་དབང་རྒྱལ་གཙོས་བུ་བརྒྱུད་གྲངས་བཅུ་གསུམ་ཙམ་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
ཐོག་མར་གསེར་ཁྲི་བཞེངས་སྐབས་ཀོང་ཡུལ་གནད་ཡོད་མི་སྣ་ཁག་གཅིག་སྐབས་དེར་ཨ་འབྲུག་མགོན་པོ་བཀྲིས་མཆོག་དང་འབྲེལ་ཞུས་ཀྱིས་བསྟན་དོན་ལངས་ཕྱོགས་ཇི་དགོས་སྐོར་གོ་བསྡུར་ལྷུག་པོར་ཞུས་ཏེ། རང་ཡུལ་དུ་ཕྱིར་ཕེབས་ཀྱིས་ཐབས་མཁས་དོན་ལ་འབུངས་ཏེ་ཐོག་མར་རྩེ་སྒང་རྫོང་ཁོངས་དྭང་དམག་སུམ་བརྒྱ་གོ་བསྒྲིགས་ཞུས་ཀྱང་དངོས་གཞི་དམག་འཐབ་སྐབས་དྭང་དམག་སུམ་བརྒྱ་བདུན་ཅུ་དོན་ལྔ་རྐང་དྲུག་མཚོ་ལ་རོལ་བ་ལྟར་འཛོམས་ཐོག སྡེ་དགེ་དང་ཀོང་པོ་དམག་གཉིས་ནས་ཕྱི་ལོ་ ༡༩༥༨ བོད་ཟླ་ ༣ ཚེས་ ༩ ཉིན་དགྲ་འཐབ་ ༡༽ ཀོང་པོ་ཆབ་ནག་སྟག་ཟམ་གདོང༌། ༢༽ ཨོམ་སངས་ལ། ༣༽ ཀོང་སྟོད་ཤར་ཕྱོགས་གྲོང་སྡེའི་མཚམས། ༤༽ སྨད་འཕྲང༌། ༥༽ གཡག་ར་འཕྲང༌། ༦༽ འབྲུག་གསང་སྔགས་ཆོས་གླིང༌། ༧༽ གནས་སྤར་སེང་གེ་ཟམ་པ་བཅས་ལ་རང་ཤོག་ནས་དཔའ་མཛངས་ལྡན་པའི་དགྲ་རྒོལ་བྱས་འབྲས་རྒྱ་དམག་བསྡོམས་གྲངས་ ༧༤༧ རྐྱེན་ལམ་དུ་བཏང་བའི་གནས་ཚུལ་ཀུན་གྲགས། རང་ཕྱོགས་ནས་དམག་རྟ་བཞི་ཕར་ཤོར་ཡང་རྒྱ་དམག་གི་དམག་རྟ་བཞི་ཚུར་ཐོབ། ཀོང་པོ་ཆབ་ནག་དམག་འཐབ་དང་པོར་བརྒྱ་དཔོན་གནས་སྤར་རྒྱ་ར་གཞིས་ཀའི་བརྒྱ་དཔོན་ཟླ་བ་རྡོ་རྗེ་ལ་མེ་སྒྱོགས་ཀྱི་རྡོ་ཕྱེ་ཕོག་ནས་རྨས་སྐྱོན་ཆུང་ཙམ་བྱུང་བ་དང༌། ཀོང་པོ་བག་ནག་ཚེ་རིང་ཕྲུ་གུ་དགྲ་འཐབ་སྐབས་རྒྱ་དམག་ལ་ཉེ་བཅར་ཆེ་བས་ཡོང་ས་མ་ཐོབ་པར་རྒྱ་རོའི་གསེང་དུ་ཉིན་མཚན་གཉིས་ཡིབས་བསྡད་ནས་རྗེས་སུ་བདེ་འབྱོར་བྱུང༌། ཞིབ་གནས་ཀོང་པོའི་དགྲ་འཐབ་སྐོར་ཆུ་སྒང་དེབ་གཉིས་པར་གསལ།
ཕྱི་ལོ་ ༡༩༠༧ ལོར་ཕ་བཀྲིས་རྡོ་རྗེ་དང་མ་མཁར་ནག་ཨ་བོ་གཉིས་ཀྱི་སྲས་སུ་འཁྲུངས། སྤྱི་ལོ་ ༡༩༥༨ ལོར་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུངས་དྭང་བླངས་དམག་ཁོངས་སུ་ཞུགས། སྐྱིད་བདེ་ཤོད་དང༌། གཙང་རྩེད་ཐང་གཙོ་བོ་གྱུར་བའི་དམག་འཐབ་རིམ་པ་བྱས་པའི་རྒྱལ་ཁ་ཐོབ་རིམ་བཞིན་མང་སྣེ་ཉུང་གིས་མ་རྟེན་པར་མཐར་ ༡༩༥༩ ལོར་གླིང་ཚང་སྡེ་དཔོན་འགོ་འཛིན་རྒྱ་གར་མེ་ས་མ་རི་རྒྱུད་འབྲས་ལྗོངས་བར་མུ་མཐུད་གདན་འདྲེན་ཞུ་ཐུབ་པ་བྱུང་བ་མ་ཟད། ད་ལྟ་ཡོད་བཞིན་པའི་གླིང་ཚང་གཞིས་ཆགས་གསར་འཛུགས་གནང་མཁན་གྱི་དཔའ་བོ་ཡར་གླིང་དབང་རྒྱལ་ལགས་ཕྱི་ལོ་ ༡༩༧༥ ལོར་དགོངས་པ་ཆོས་དབྱིངས་སུ་ཕྱིན་པའི་རྗེས་འཛིན་བུ་ཚེ་རིང་རྣམ་རྒྱལ་དང་བུ་མོ་ཨ་ཏོག་གཉིས་ད་ཆ་གླིང་ཚང་གཞིས་ཆགས་སུ་གནས་བསྡོད་བྱེད་བཞིན་པའི་ལོ་རྒྱུས་སྙིང་བསྡུས་སུ།
༡༩༥༨ ལོར་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིགས་འཛུགས་ནང་དམག་སྤྱིའི་གོ་གནས་ཐོག་བསྟན་དགྲ་རྒྱ་དམར་དང་འཐབ་རྒོལ་དུ་མ་བྱས་རུང་མཐར་རྒྱ་མིས་འཛིན་བཟུང་གི་བཙོན་འཇུག་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་བཅད་བྱས། ཕྱི་ལོ་ ༡༩༨༠ ལོར་གུ་ཡངས་ཐོབ་རུང་ལོ་གསུམ་རྗེས་སྐུ་ཚེའི་འཕེན་པ་རྫོགས་པ་དང་དམ་པ་དེ་ཉིད་ཀྱི་ཚ་མོ་ལྷ་མོ་ཚེ་རིང་དང་ཟླ་འཛིན་གཉིས་ད་ཆ་རྡ་ས་མེག་ལོ་ལ་གནས་སྡོད་བྱེད་བཞིན་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
ཕྱི་ལོ་ ༡༩༢༨ བོད་ས་འབྲུག་ལོར་ཧོར་སྦྲ་ཆེན་འབྲོག་ཤོག་ཁོངས་སོག་སྒས་དམར་དཔོན་ཚང་དུ་འཁྲུངས་ཤིང་ལོ་ན་ཆེར་བསྐྱེད་རྗེས་གད་དམར་དཔོན་དང༌། ཧོར་སྤྱི་ཁྱབ་རྒྱལ་སྲས་ཚང་གི་ཞབས་གྲས་ཀྱི་འགན་ཁུར་ཡང་བཞེས།
༡༩༥༧ ལོར་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཉམས་ཉེས་རྩ་མེད་བཟོ་མཁན་བསྟན་དགྲ་རྒྱ་དམར་ལ་ཁ་གཏད་གཅོག་ཆེད་བྱང་ནག་ཆུ་ཁར་ཆེད་ཕེབས་ཀྱིས་ས་དབང་སྨན་སྟོད་པ་ལ་གོ་བསྡུར་གྲོས་འདྲི་ཞུས་པ་མ་ཟད། ཡང་བསྐྱར་ ༡༩༥༨ ལོར་ནག་ཆུར་གོ་བསྡུར་ཞུས་ཀྱང་མཐར་ཕན་ཐོགས་དང་རོགས་མགོན་ཅི་ཡང་མ་གནང་བར་བརྟེན། ༡༩༥༩ ལོའི་དབྱར་ཁ་རང་ཤོག་གི་དམག་དཔུང་ཁྲིད་དེ་ཕ་ཡུལ་ནས་ཐོན་པ་དང་སྙན་རོང་རྫོང་ཁུལ་དུ་ཡོད་པའི་བསྟན་སྲུང་དང་བླངས་དམག་ཁོངས་སུ་ཞུགས་ནས་ཧོར་འབྲོག་ཤོག་དང་བོན་ཐ་དམག་ཤོག་གི་དམག་སྤྱི་གནང་སྟེ། ནིས་ར་མཚོ་རྒན་དང༌། རྨ་ཕུ་རྟ་འདྲ། སོག་ར་གོང་འོག་སོགས་སུ་རྒྱ་དམག་དང་འཐབ་འཁྲུག་ཐེངས་བཅུ་ཕྲག་ལྷག་གནང་རྗེས་མཐར་མང་སྣེ་ཉུང་གིས་མ་བརྟན་པར་བོད་སྟོད་ཕྱོགས་རྒྱུད་ནས་ལ་དྭགས་སུ་ཕེབས་དགོས་བྱུང༌།
རྒྱ་གར་དུ་འབྱོར་རྗེས་མ་ན་ལི་རུ་ལམ་བཟོའི་བརྒྱ་ཤོག་བཙུགས་ཤིང་བརྒྱ་ཤོག་གི་འགོ་དཔོན་གནང༌། དེ་རྗེས་ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་དབུ་འོག་དཔུང་འདེགས་ཀྱིས་བོན་གཞིས་ཐོབ་རྒྱལ་གསར་པར་བོད་ཀྱི་བོན་པོའི་ཚོགས་པའི་དྲུང་ཆེའི་འགན་བཞེས་ཏེ་སྐབས་བབ་ཀྱི་ལས་འགན་རྣམས་བསྒྲུབས་གནང་གིས་ཕྱི་ལོ་ ༡༩༧༧ ལོར་བོན་གཞིས་ཐོབ་རྒྱལ་གསར་པར་སྐུ་གཤེགས་པ་དང༌། ཤུལ་འཛིན་བུ་མོ་བསམ་གཏན་སྒྲོལ་མ་དང་བསོད་ནམས་ལྷ་མོ་གཉིས་ད་ལྟ་བོན་གཞིས་སུ་གནས་མུས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ།
༡༩༥༨ ལོའི་སྔོན་ནས་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་ལྷན་དུ་བསྟན་སྲུང་མི་རིགས་ཀྱི་ཆེད་དུ་རྒྱ་དམག་ལ་འགོག་རྒོལ་གཡུལ་འགྱེད་བྱ་ཕྱོགས་གོ་བསྡུར་གནང་བ་དང༌། ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དབུ་འཛུགས་གནང་རྒྱུར་ཕྱར་གྲུ་མཉམ་འདེགས་ཀྱིས་རྒྱ་དམག་ལ་འགོག་རྒོལ་བསྟུད་མར་གནང་བ་དང༌། མཐར་སྐྱབས་མགོན་རིན་པོ་ཆེ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་སྐབས་ལྷོ་ལམ་གཙང་བཟོ་བྱེད་མཁན་གྱི་དམག་སྤྱིའི་འགན་ཁུར་རྐང་བཞེས་གནང༌། ༡༩༨༥ ལོར་འདས་གྲོངས་སུ་གྱུར་པའི་ལོ་རྒྱུས་མདོར་བསྡུས་སུ།
ཕྱི་ལོ་ ༡༩༥༨ ལོར་ལྕག་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་ཁོངས་སུ་ཞུགས་ཏེ་བརྒྱ་དཔོན་ནས་དམག་སྤྱིར་གོ་གནས་རིམ་སྤར་དང༌། རྒྱ་གར་དུ་འབྱོར་རྗེས་ཨ་རིར་གསང་གནས་སློབ་སྦྱོང་བྱས་ནས་གློ་འཇབ་དམག་གི་དགེ་རྒན་དང་ལས་ཁུངས་དང་པོའི་འགོ་འཛིན་ལས་ཁུར་ཞུས་པ་ད་ལྟ་རང་ལོ་ ༨༥ ཡིན་པའི་ལོ་རྒྱུས་སྙིང་བསྡུས་དང༌། རྒྱས་པ་ལོ་རྒྱུས་དེབ་ཐོ་ནང་གསལ་ལྟར་ལགས།
དམག་སྤྱི་ཕུར་པ་འཕྲིན་ལས་ལགས་དེ་སྔོན་སྡེ་དགེ་ཀ་ཐོག་དགོན་པའི་གྲྭ་པ་ཡིན་ཞིང༌། དགོན་པར་བཞུགས་སྐབས་ཀ་ཐོག་དྲི་མེད་ཞིང་སྐྱོང་རིན་པོ་ཆེའི་ཕྱག་མཛོད་གནང་མྱོང་བ་དང༌། ཕྱི་ལོ་ ༡༩༥༧ ལོར་ལྷ་ལྡན་དུ་ཆུ་སྒང་གསེར་ཁྲི་བཞེངས་སྐབས་སྡེ་དགེའི་མི་འཐུས་མིང་ཐོག་ལས་འགན་བཞེས་ཡོད། ཕྱི་ལོ་ ༡༩༥༨ ལོར་ལྕགས་ཚ་གྲི་གུ་ཐང་ཆུ་སྒང་དམག་སྒར་ནས་སྡེ་དགེའི་དམག་སྤྱིར་བསྐོས་ནས་བསྟན་དགྲ་རྒྱ་དམག་དང་རང་སྲོག་འབེན་ལ་བཙུགས་ཏེ་དྲག་འཐབ་རིམ་བྱས་ཀྱིས་མཐར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་དང༌། རྒྱ་གར་དུ་འབྱོར་རྗེས་ཆུ་སྒང་རྒྱུན་ལས་ཀྱི་ལས་འགན་ལོ་མང་རིང་ཞུས་པ་དང༌། ཤུལ་འཛིན་བུ་མོ་ཀརྨ་སྒྲོལ་མ་དང་ནང་མི་ད་ལྟ་སྦིར་སྡེ་དགེ་གཞིས་ཆགས་ཁོངས་གནས་མུས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
གླིང་ཁ་གཤིས་འཆི་མེད་མགོན་པོ་ནི། ཕྱི་ལོ་ ༡༩༥༥ ཟླ་ ༨ ཚེས་ ༢༠ ཉིན་འོག་མ་རིག་རྣམ། འཇོང་ཁ་སྐལ་རྣམ་བཅས་ཀྱི་འགོ་ཁྲིད་དེ་ཁམས་རིགས་དང་བླངས་དམག་བརྒྱད་སྟོང་ལྷག་སྒྲིག་འཛུགས་གནང་སྟེ་འཇོ་མདའ་དང༌། གོ་འཇོ། ས་ངན་བྲག་གཡབ་སོགས་སུ་ཟླ་བ་གཉིས་ལྷག་རྒྱ་དམག་དང་འཐབ་འཛིངས་ཤུགས་ཆེ་གནང་ཡོད་འདུག དེ་བཞིན་མཚོ་སྔོན་དང༌། ཨ་མདོ། མདོ་ཁམས་སྟོད་སྨད་བར་གསུམ་དུ་རྡ་དམག་ཧྲག་བསྡུས་ཉིན་བརྒྱ་ལྷག་དང་རྐང་དམག་བརྒྱ་ཕྲག་དུ་མ་ལས་བརྒལ་བའི་ནུས་ལྡན་དཔུང་ཁག་གྲགས་ཅན་ཞིག་ཡོད། ཕྱི་ལོ་ ༡༩༥༩ ལོའི་ལོ་མཇུག་ཏུ་ཆབ་མདོ་ནས་དཔའ་བོ་འཆི་མེད་མགོན་པོའི་དམག་སྒར་རྩ་གཏོར་གཏོང་མཁན་གྱི་ལས་འགན་ཁུར་མཁན་ལིའུ་ཀོན་ཧྲུན་བཤད་དོན། ཆབ་མདོའི་ཇག་པ་རྩ་གཏོར་བཏང་བའི་གནས་ཟིན་ཞེས་པའི་དེབ་ནང་བཀོད་དོན། བདེན་དོན་གསལ་བའི་སྒྲོན་མེ་ལས། ང་ཚོས་གོ་རིམ་གྱི་བཀའ་ལྟར་འཆི་མེད་མགོན་པོའི་དམག་དཔུང་རྗེས་འདེད་དུ་བསྐྱོད་པ་ཡིན། ཐོག་མར་ང་ཚོ་རྡོ་ལ་མདོ་རྫོང་གི་གཡུ་ཆུ་ཁ་རུ་སླེབས་མ་ཐག་འཆི་མེད་མགོན་པོའི་དམག་གིས་ངེས་མེད་རྒོལ་བརྡུང་གི་དམག་འཐབ་ལ་བརྟེན་ནས་ང་ཚོ་གཏོར་རྒྱུའི་བྱུས་ངན་བཤམས་པ་རེད། ཁོ་པའི་འཐབ་ལུགས་དེས་ང་ཚོར་དཀའ་ངལ་ངེས་ཅན་ཞིག་བཟོས་པ། དཔེར་ན། གཅིག་ནས་ལྐོག་སར་ཁོ་དང་མངོན་སར་ང་ཚོ་གནས་པས་ང་ཚོར་གྱོང་གུད་ཡོང་རྒྱུ། གཉིས་ནས་ཁོ་ལ་ས་བབས་རྒྱུས་མངའ་ཆེ་ལ་དེ་ཁུལ་གྱི་འགོ་པ་དང་མི་མང་གིས་ཁམས་པར་ཟས་རིགས་དང་སྡོད་གནས་སྤྲད་དེ་སྟབས་བདེ་ཡོད་པ་དང༌། ང་ཚོར་རི་ཁུལ་དུ་ས་རྒྱུས་རྡོ་རྒྱུས་མེད་པའི་ཁར་རྒྱབ་ཕྱོགས་ཀྱི་མཁོ་སྤྲོད་ཤིན་ཏུ་དཀའ་བ། གསུམ་ནས་ཁོས་རི་ཁུག་ནས་ང་ཚོར་འཇབ་རྒོལ་བྱས་ནས་ཐེངས་རེ་འཐབ་སྟེ་ཐེངས་རེ་བྲོས་པ་དང༌། ང་ཚོའི་དམག་དཔུང་དང་བོད་རིགས་བསྐྱེལ་འདྲེན་རུ་ཁག་བྲག་རོང་བརྒྱུད་ནས་བསྐྱོད་པ་དང༌། འཆི་མེད་མགོན་པོའི་དམག་གིས་ང་ཚོའི་གཡས་གཡོན་གྱི་ནགས་རིའི་གསེབ་ནས་ཡིབ་བཞིན་དུ་བསྐྱོད་པ་དང་དུས་མཚུངས་ང་ཚོས་དམག་ཁག་གསུམ་དུ་བགོས་རེ་གྲོག་ཤུར་ཞིག་ནས་མྱུར་དུ་མདུན་བསྐྱོད་བྱས་པས་རིང་མིན་གྲོག་ཤུར་དེར་མདོར་སྒར་བཏབ་སྟེ་ངལ་གསོ་བ་དང༌། ལྟོ་ཟ་བའི་སྐབས་སུ་ཁོས་གློ་བུར་དུ་ནགས་རིའི་ཕྲོད་ནས་མེ་མདའ་ཆར་པ་བབས་པ་ལྟར་བརྒྱབ་ཡོང་བ་དང་ངའི་ཟུར་གྱི་དམག་མི་རྣམས་ས་ལ་འགྱེལ། འཆི་མེད་མགོན་པོས་ས་བབས་དེ་འདྲ་ཞིག་དང༌། དུས་ཚོད་དེ་འདྲ་ཞིག་ལ་གཏུགས་ཏེ་མི་ཤུགས་གཅིག་སྒྲིལ་གྱིས་ཐབས་བྱུས་བཏང་ཏེ་འཇབ་རྒོལ་བྱས་པ་ནི་བསམ་གློ་གཏོང་ལོང་དང་གབ་ལོང་སྤུ་ཙམ་མེད་ལ་རྟ་དྲེལ་ལ་སོགས་པའི་ཁལ་མ་ཚང་མ་གང་བྱུང་དུ་རྒྱུགས་པ་དང༌། བསྐྱེལ་འདྲེན་པ་རྣམས་ཤིན་ཏུ་འཇིགས་ཏེ་ངུ་སྒྲ་སྒྲོག་ཅིང་ང་ཚོའི་དམག་མི་མི་ཉུང་བ་ཞིག་དེ་གར་འགྱེལ་སོང་ཞེས་བཀོད་འདུག ཡང་མུ་མཐུད་དེ་བཀོད་དོན། འཆི་མེད་མགོན་པོའི་ཁག་མང་པོ་ནས་འཇབ་རྒོལ་ཐེངས་དང་པོ་ཚར་བས། གཉིས་པ་དེ་གང་དུ་ཡིན་མ་རྟོགས་པར་ང་ཚོས་ས་བབས་ལ་ལྟ་བཞིན་མདུན་དུ་བསྐྱོད་མུར་གློ་བུར་དུ་རི་སྟེང་ནས་གྲངས་ལས་འདས་པའི་བྲག་རྡོ་དང་སྡོང་རྒན་རྦབ་ཏུ་བསྒྲིལ་ནས་རི་འོག་ཏུ་དམག་དཔུང་མི་ཉུང་བ་ཞིག་བསད་སོང་ཞེས་བཤད་འདུག ཡང་བཤད་དོན། རི་ཞིམ་དང་འདྲ་བའི་འཆི་མེད་མགོན་པོ་གཙོས་པའི་ཇག་དམག་བརྒྱ་ཕྲག་དེ་རྣམས་ནི་རྙེད་དཀའ་བ་ནི་སྨོས་ཅི་དགོས། ཁོས་ཇག་དམག་ཁག་བགོས་ཏེ་བཏང་བས་ང་ཚོས་ཁོ་རྙེད་དཀའ་ལ་འཐབ་མ་ཐུབ་པ་ཁོས་ནགས་རིའི་འགེབས་བསྲུང་ལ་བརྟེན་ནས་ང་ཚོ་དང་ཡུན་རིང་འཐབ་པ་རེད། ང་ཚོ་གཞན་དབང་དུ་ལྷུང་བའི་གནས་ཚུལ་གྱི་མཚན་མོ་རི་ལ་འཁྱུད་པར་ལམ་སྒྲོན་སྤར་ན་མི་འགྲིག་ལ་སྒྲ་གྲགས་ནའང་མི་འགྲིག རི་ཁྲོད་ནགས་གསེབ་ཏུ་ལོ་མ་མཐོང་བར་ལྗོན་པའི་ཡལ་ག་མདུང་ཚེར་མ་སོགས་ཀྱིས་ངོ་གདོང་དང་རྐང་ལག་ཤད་རལ་བཏོན་པ་མ་ཟད། ལ་ལ་རི་འདེབས་ནས་འགྲིལ་བ། ལ་ལ་ཆུ་ཟབ་སར་ལྷུང་བ། ལུས་གོས་ཧྲུལ་པོར་གྱུར་ནས་དཔུང་པ་མཚོན་གྱིས་བརྡར་ཏེ་རྨ་ཆགས་པ། ཉིན་མོ་མེ་བཏང་སྟེ་ལྟོ་བཟོ་མི་ཕོད་པ། རྒྱག་ཕྱེ་སྐམ་པོ་ཆུ་གྲང་མོས་དེད་ནས་ཟས། ཞེས་པ་རྒྱ་དམག་ཤི་བསད་རྨས་གསུམ་གྱི་སྐད་ངན་ཤོར་དགོས་པ་བཟོས་ཚུལ་གོང་གསལ་དེ་རྣམས་རྒྱ་མིས་ཆབ་མདོའི་ཇག་པ་རྩ་གཏོར་བཏང་བའི་ཟིན་ཐོའི་ནང་བཀོད་ཡོད་འདུག
མཐར་བོད་ཁམས་རྒྱ་དབང་དུ་ཤོར་སྐབས་འཆི་མེད་མགོན་པོ་ཡང་དམག་ས་རང་ནས་འཛིན་བཟུང་བྱས་ཏེ་ཆབ་མདོར་བཙོན་འཇུག་དང་འདས་གྲོངས་སུ་གྱུར་པའི་ལོ་རྒྱུས་ཟུར་འདོན་ཞུས།
གྲའུ་དཔོན་རིན་ཆེན་ཚེ་རིང༌། སྐྱེས་ལོ་ ༡༩༣༠ སྐྱེས་ཡུལ་སྒ་སྐྱེ་རྒུ་མདོ། མི་ཚང་མིང་གྲའུ་དཔོན་ཚང༌། སྤྱི་ལོ་ ༡༩༥༧ ལོར་བོད་བསྟན་སྲིད་ཀྱི་དོན་དུ་ཆུ་སྒང་ཚོགས་པ་ཐོག་མར་འགོ་འཛུགས་སྐབས་སུ་ཨ་འབྲུག་མགོན་པོ་བཀྲིས་ལ་ངོ་ཐུག་གིས་སྐབས་བསྟུན་བསྟན་སྲིད་ཀྱི་བྱ་བ་ཆེ་འབྲིང་ཆུང་གསུམ་ལ་ཕྱར་གྲུ་མཉམ་འདེགས་ཞུས། སྐབས་དེར་གུས་རང་ལྷ་སར་སྡོད་མུས་ཀྱང་ཆུ་སྒང་གི་འཆར་བཀོད་ལྟར་ཕྱིར་རང་ཡུལ་དུ་ལོག་ནས་དམག་བསྐུལ་ཐོག་རྒྱ་དམར་ལ་རྒོལ་འཛིང་ཐེངས་མང་བྱས་མཐར། ལྷོ་ཁ་ཆུ་སྒང་ལས་ཁུངས་ཨ་མའི་ནང་དུ་བཟླ་བསྒྲིལ་བགྱིས་ཏེ་གོ་ལག་རྫས་མདེལ་དང་མི་ཤིན་གྷན་བཅས་ཁྱོན་བསྡོམས་དྲེལ་ལག་གཉིས་ཙམ་ཞིག་གི་མཐུན་འགྱུར་ཞུས་པ་དང༌། དེ་བཞིན་ྋསྤྱི་ནོར་ྋ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་བསུའི་གྲ་སྒྲིག་མཚོན་པའི་ལས་དོན་ཞུ་སྒོ་ཁག་ཞུས། སྐབས་དེར་ཨ་འབྲུག་མགོན་པོ་བཀྲིས་དམག་སྒར་ཤོ་སྟར་ལྷོ་གསུམ་ཕྱོགས་སུ་ཡོད་སྟབས་དེར་ཕེབས་བསུར་བཅར་ཏེ་ལྷོ་ཁ་མདོ་ཁམས་ཆུ་སྒང་བསྟི་གནས་ཁང་དུ་འབྱོར་ཐུབ་པ་ཞུས། དེ་ནས་རྒྱ་དམར་དང༌། དམག་འཁྲུག་རིམ་བྱས་མཐར་བོད་དང། རྒྱ་གར་ས་མཚམས་སུ་བོད་མི་རྣམས་ལ་ཕེབས་ལམ་གཙང་གསལ་བཟོ་རྒྱུ་དང་ཕྱོགས་མཚུངས་རྒྱ་གར་བའི་ས་སྲུང་ཁག་དང་འབྲེལ་མཐུད་བགྱིས་ཏེ་རིམ་བཞིན་རྒྱ་གར་ཨ་སམ་དུ་འབྱོར་ཐུབ་པ་བྱུང༌། སྐབས་དེར་ཡོད་སེར་སྐྱ་མི་མང་ཁྲི་ཚོ་ཁ་ཤས་ཡོད་པ་རྣམས་ནས་རེ་འདུན་གྱི་སྙན་ཞུ་དོན་ཚན་བདུན་ཅན་ཞིག་ྋ་གོང་ས་མཆོག་ལ་འཕུལ་གཏན་ཁེལ་ཏེ། ཨ་འབྲུག་མགོན་པོ་བཀྲིས་གཙོས་ཕྲན་བཅས་མི་འཐུས་དྲུག་མ་སུ་རི་བཞུགས་སྒར་དུ་ྋ་གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་སྙན་འབུལ་དང་སྦྲགས་ྋ་གོང་ས་མཆོག་ལ་མབྱབྱལ་བརྟན་བཞུགས་ཞིག་འབུལ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ། དེའི་མཇུག་ྋ་གོང་ས་མཆོག་གི་བཀའ་དགོངས་ལྟར་སྐྱབས་བཅོལ་དམངས་གཙོའི་གཞུང་བཙུགས་ཏེ་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་མི་མང་འོས་བསྡུའི་ལམ་སྲོལ་གནང་བ་ལྟར་གུས་རང་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་སྐབས་དང་པོ་དང༌། དེ་བཞིན་སྐབས་བཞིའི་རིང་བྱུང་བ་བཞིན་གཞུང་འབངས་གཉིས་ལ་རང་ནུས་གང་ཡོད་ཀྱི་ཞབས་ཞུ་ཞུས། མདོ་བསྡུས་ན་ལོ་ངོ་ལྔ་བཅུའི་རིང་བོད་བསྟན་སྲིད་སྤྱི་ལ་ཕན་སེམས་དང༌། ཡང་སྒོས་ཆུ་སྒང་སྒྲིག་འཛུགས་ལ་སྨན་པའི་དགྲ་འདུལ་གཉེན་སྐྱོང་གི་ལས་དོན་ལས་སྒོ་མཐའ་དག་འཁུར་འགན་རྐང་ལེན་གྱིས་ཞབས་ཞུ་ཞུས་ཡོད་པའི་ལོ་རྒྱུས་མདོར་བསྡུས་སུ།
ཕྲན་སྡེ་དགེ་འདན་ཆུ་རྡོ་དབང་ཕྱུག་ཚེ་རིང་ནི་ཆུ་སྒང་བསྟན་སྲུང་དྭང་བླངས་དམག་ནང་རྩེ་ཐང་རྒྱ་སྒར་དུ་དམག་ཐེངས་གཉིས་བརྒྱབ་པའི་སྔོན་ཙམ་ལ་འབྱོར་བ་དང༌། ཨེ་ལྷ་རྒྱ་རིར་ཆུ་སྒང་དམག་སྒར་ཨ་མ་གནས་ཆགས་སྐབས་ནས་ཛྭ་དྭང་སྡེ་དགེ་དམག་སྤྱི་མིང་ཐོག་བསྡད་པ་དང་རྩེ་ཐང་དང༌། གྲ་ནང༌། ལྕགས་ཟམ་ཁ། ཨ་འབྲུག་གཡུ་མཚོ་ཁ་བཅས་ས་གནས་ཁག་མང་དུ་རྒྱ་དམག་དང་འཐབ་འཛིང་བྱས་པ་མ་ཟད། རྒྱ་དམག་ཕོན་ཆེན་བསད་པ་དང་གོ་ལག་ཕོན་ཆེ་ཐོབ་པ་བཅས་ཆུ་སྒང་དེབ་ནང་གསལ་ཡོད། སྤྱི་ནོར་གོང་ས་མཆོག་ལྷ་ས་ནས་ལྷོ་ཕྱོགས་སུ་ཕེབས་སྐབས་ལི་ཐང་དམག་སྤྱི་ཀུན་དགའ་བསམ་གཏན་དང༌། ས་འདུ་རྒྱ་དཔོན་བསྟན་པ་དར་རྒྱས་གཉིས་དང་མཉམ་དུ་ནོར་གླིང་ཉེ་འདབ་ར་སྒང་གྲུ་ཁར་མཚན་མོ་ཕེབས་བསུ་རུ་བཅར། འདིའི་སྐོར་རྒྱལ་བའི་མཛད་དེབ་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་༽ཞེས་པའི་ནང་དུ་གསལ། མཛད་དེབ་དེའི་ནང་ངའི་མིང་ལ་གཞོན་ནུ་སྙིང་སྟོབས་ཅན་དབང་ཕྱུག་ཚེ་རིང་ཞེས་བཀོད་གནང་མཛད་འདུག་པ་བཅས་ངའི་ལོ་རྒྱུས་ངོ་སྤྲོད་མདོ་ཙམ་བཀོད་པ་ལགས། སྤྱི་ལོ་༢༠༠༨ ཟླ་༩ ཚེས་༢༡ །
མིང་ལ་བུ་བཀྲ་ཡག་དང་སྐྱེས་ཡུལ་སྐྱེ་དགུ་མདོ་ནས་ཡིན། སྒ་པ་དམག་སྤྱི་བུ་བཀྲ་ཡག་ནི་ལྷོ་ཁུལ་ཆུ་སྒང་འགོ་གཙོ་རྣམས་ལ་དམག་སྤྱིའི་ལས་འགན་སྤྲད་དེ། སྨར་ཁམས་བརྒྱ་དཔོན་དགེ་འདུན་བྱང་ཆུབ་དང༌། སྨར་ཁམས་བརྒྱ་དཔོན་དགེ་ཚུལ་ལགས། སྒ་པ་བརྒྱ་དཔོན་དབྱངས་ཚེ་རིང་དང༌། འདན་མ་བརྒྱ་དཔོན་རྡོབ་རྡོབ་བཅས་བརྒྱ་ཤོག་བཞི་ཡི་དམག་བཅས་གྲ་ནང་རྒྱུད་ནས་ཉ་སོག་གྲུ། སྤྱི་བདེ་ཞོལ་བཅས་ལ་ས་སྲུང་ལྟ་རྟོག་ལས་འགན་སྤྲད་པ་བཞིན། ཡར་ཞོར་གྲ་ནང་སླེབས་དུས་རྩེད་ཐང་རྒྱ་དམར་དམག་སྒར་གཞུང་ནས་མོ་ཀྲ་བཞི་དམག་བཅས་ལྷ་ས་ནས་དམག་མི་མོ་ཀྲ་རྣམས་བསུ་བར་བཏང་ཡོད་པ་སོ་པ་ནས་བརྡ་ལེན་བྱུང་བས། དམག་སྤྱི་བཀྲ་ཡག་ནས་ལམ་ཁར་དེར་སྒུག་ར་སྤྲད་དེ་བསྡད་པར། ཐོག་མར་མོ་ཀྲ་དེ་ལ་དམག་སྤྱི་བཀྲ་ཡག་ནས་མེ་མདའ་བརྒྱབ་ནས་ཁ་ལོ་བ་དེ་ལ་ཐེབ་སྟེ་མོ་ཀྲ་དེ་གར་རང་ལ་བཀག་པ་རེད། མོ་ཀྲ་སྔོན་མ་གཉིས་ནང་རྒྱ་དམར་ཚང་མ་བསད་དེ་གོ་ལག་ཡོངས་རྗོགས་ཐོབ། དེ་ནས་ལྷོ་ཁུལ་ལ་རྒྱ་དམར་གྱི་མོ་ཀྲ་ཡོང་ས་མེད་པར་གྱུར་ཏེ་ལྷོ་ལམ་གཙང་སེལ་བྱས་པའི་བྱས་རྗེས་ཅན་ཞིག་རེད་ལ་ལྷོ་ཁུལ་དམག་སྒར་ནང་ནས་ཀྱང་གཡུལ་རྒྱལ་དམག་སྒར་ཞེས་མཚན་གསོལ་བའི་ལོ་རྒྱུས་རྒྱས་པ་ཆུ་སྒང་ལོ་རྒྱུས་དེབ་ནང་བཀོད་ཡོད།
མིང་ལ་དགེ་ལེགས་ཕུན་ཚོགས། སྐྱེ་ཡུལ་སྒ་སྐྱེ་རྒུ་མདོ་ནས་ཡིན། དམག་སྤྱི་དགེ་ལེག་ཕུན་ཚོགས་ནི་ལྷོ་ཁུལ་གྲི་གུ་ཐང་དུ་དམག་སྒར་ཐོག་མ་ཚུགས་སྐབས། རྒྱ་ཤོག་སོ་སོར་བཀོད་སྒྲིག་དང་དམག་སྤྱི་ལས་འགན་སྤྲད་ནས་སྐབས་དེར་ཨ་འབྲུག་མགོན་པོ་བཀྲིས་གཙོས་རང་དམག་བདུན་བརྒྱ་ཙམ་མཉམ་སྐྱོད་ཀྱིས་ཤང་དགའ་ལྡན་ཆོས་འཁོར་དུ་གོ་མཛོད་ལེན་དུ་འགྲོ་དུས་ལམ་བར་སྙེ་མོ་རྡོ་དཀར་སུམ་མདོ་ནས་རྒྱ་དམག་དང་དམར་འཛིན་བྱེད་སྐབས་རྒྱ་ཡི་དམག་སྒར་ནང་གྲོངས་པས་ཁོང་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བྱས་རྗེས་ཅན་ཞིག་རེད།
ཆུ་སྒང་དམག་སྤྱི་དཀར་མཛེས་ལྷག་པ་ཚེ་རིང་ནི། ཁམས་དཀར་མཛེས་ཁུལ་དུ་སྐྱེས། སྤྱི་ལོ་ ༡༩༥༨ ལོར་ལྷོ་ཁ་ཆུ་སྒང་དམག་སྒར་ནང་དུ་ཞུགས། ཀོང་པོ་རྒྱ་ཞིང་གི་དམག་འཁྲུག་ནང་ཁས་ལེན་དོན་ནས་དགྲ་རྫོང་ནང་རང་སྲོག་བློས་བཏང་གིས་མཆོང་བའི་སྐབས་དམག་རོགས་བཅོ་བརྒྱད་ཙམ་སྲོག་ཤོར་བའི་གསེབ་ནས་སྲོག་སྐྱོན་མ་བྱུང་བར་ལུས་པའི་ཐོག་དགྲ་དམག་མང་པོ་ཤི་ལམ་དུ་བཏང་ནས། དཔའ་རྟགས་མེ་མདའ་རིང་མདའ་གསུམ་ཁུར་ནས་ཆུ་སྒང་དམག་སྒར་དུ་ཕྱིར་ལོག་པས་ཆུ་སྒང་དམག་སྤྱིའི་གོ་གནས་ཐོབ། བཙན་བྱོལ་དུ་སླེབས་ནས་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱག་ལས་རྒྱ་ཆེན་གནང༌།
སྡེ་མདུན་གནས་ར་དགེ་ལེགས་ཕྱི་ལོ་ ༡༩༢༨ ལོར་སྡེ་དགེ་རྨེ་ཤོད་དུ་སྐྱེས། བོད་ཡིག་སློབ་གཉེར་ཟིན་རྗེས་སྡེ་དགེའི་མདུན་འཁོར་གྱི་གྲས་སུ་མདུན་ཁྲལ་བསད། ཕྱི་ལོ་ ༡༩༥༣ ལོར་ཚོང་ལས་དང༌། གནས་མཇལ་ཞོར་བོད་དབུས་ལྷ་ལྡན་ཕྱོགས་སུ་འབྱོར། ༡༩༥༨ ལོ་ཆུ་སྒང་དང་དམག་དབུ་འཛུགས་སྐབས་ལྕགས་ཚ་གྲི་གུ་ཐང་དམག་སྒར་དུ་དམག་ཞུགས་བྱས། གཙོ་འཛིན་ལས་གནས་ཐོག་སྡེ་དགེའི་དམག་ཤོག་འགོ་འདོན་གྱི་རིམ་པས་མཚོ་སྣ་དང༌། ཨ་ལྷ་རྒྱ་རི། དེ་ནས་ཨ་མདོ་དམག་ཤོག་དང་སྡེ་དགེའི་དམག་ཁག་གཅིག་ཀོང་པོ་ཕྱོགས་སུ་བསྐྱོད་རྒྱུའི་བཀོད་སྒྲིག་བྱུང་དོན། དག་ཀོང་ཕྱོགས་སུ་བསྐྱོད་དེ་ཡུལ་མི་རྣམས་དམག་ཁོང་འཛུལ་ཞུགས་དགོས་ཞེས་པའི་བསྐུལ་མ་དང༌། དམག་མཁོའི་ཟ་བཅའ་བཅས་ཀྱི་ལས་ཁུར་བཞེས། ༡༩༥༩ ལོར་ཀོང་པོར་རྒྱ་དམག་གིས་དཔུང་འཇུག་བྱུང་སྐབས་ཕྱོགས་གང་ས་ནས་དམག་འཐབ་གྲངས་མང་བྱས་མཐར་གློ་ཡུལ་རྒྱུད་རྒྱ་གར་ཨ་བསམ་ཕྱོགས་སུ་བཙན་བྱོལ་དུ་ཕེབས། ཕྱི་ལོ་ ༡༩༨༥ ལོར་རྡོར་གླིང་དུ་དུས་ཆོས་སུ་གྱུར་པ་བཅས་ཀྱི་ལོ་རྒྱུས།
དམག་སྤྱི་ཨ་སངས་ནི། གོ་འཇོ་མདུན་དཔོན་བཅུ་གཉིས་ཀྱི་ཡ་གྱལ་ཨ་དཀར་དཔོན་གྱི་ཁྱབ་ཁོངས་སུ་སྐྱེས། གཅེས་མིང་ལ་སངས་རྒྱས་བཟང་པོ་ཞུ། ཡུལ་དཔོན་མི་ཡི་མིང་བཅས་བསྡོམས་ཏེ། གོ་འཇོ་ཨ་སངས་ཟེར། ཆུང་དུས་ནས་ཡི་གེ་འབྲི་ཀློག་སོ་ནམ་འདེབས་མཁན་སོགས་བྱས། རང་ལོ་ཉེར་གཅིག་ནས་བཟུང་རྒྱ་འགྲོ་དབུས་བསྐོར་གྱི་ཚོང་ཟོག་འོར་འདྲེན་དང་ཉོ་ཚང་ཅི་རིགས་བྱས། ཕྱི་ལོ་ ༡༩༥༧ བོད་ཟླ་ལྔ་པའི་ཚེས་ ༥ ལ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་དམག་གི་སྒྲིག་ཁོངས་སུ་ཞུགས་རྗེས། རུ་ཤོག་བ་གོ་འཇོ་དམག་སྤྱིའི་འགན་དབང་ཐོབ། ཁ་གཙོ་འཛིན་ལས་ཁུངས་ནང་རྒྱུན་ལས་དང་ཚོགས་མི་བྱས། ཤངས་དགའ་ལྡན་ཆོས་གླིང་དུ་གོ་མཛོད་ལེན་པར་སྤྱི་ཁྱབ་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དང་ལྷན་དུ་བསྐྱོད་སྐབས། སྙེ་མོ་རྡོ་དཀར་སུམ་མདོར་རྒྱ་དམག་དང་དྲག་འཛིང་ཡུན་རིང་བྱས་མཐར་མང་སྣེ་ཉུང་གི་མ་བརྟན་པར་སྲིད་པ་བར་དོའི་ཡུལ་བསྐོར་ལ་ཕེབས། ཞེས་རྣམས་ཐར་སྙིང་བསྡུས་ཕྱི་ལོར་༢༠༠༨ ཟླ་༧ པའི་ཚེས་ ༡ ལ་ཕུལ།
རྒྱ་དམར་དུ་མ་དམར་བསད་བཏང་བ་སྲི་ཆོད་དར་རྒྱས་ནི། ཕྱི་ལོ་ ༡༩༣༥ ལོར་རྒྱ་མཚོ་གླིང་རྣམ་རྒྱལ་སྒང་ལྡིང་དཔོན་ཚང་ཡབ་ནོར་བུ་དང༌། ཡུམ་ཕུན་ཚོགས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ལོ་ཉི་ཤུ་སོན་མཚམས་ལྡིང་དཔོན་གྱི་འགན་ཁུར་བཞེས། ༡༩༥༨ ལོར་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གཙོར་བྱས་པའི་འགོ་དམག་རྣམས་བྱང་ཕྱོགས་རྒྱུད་མཐར་ལྕགས་ར་དཔལ་འབར་དུ་འབྱོར་སྐབས། དེ་དུས་གཙོ་འཛིན་མཆོག་དང་ཤོ་སྟར་ལྷོ་གསུམ་གྱི་བླ་མ་མི་གྲགས་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་ལ་འཐབ་འཛིངས་བྱ་རྒྱུའི་ཆེད། དམག་དཔུང་རྒྱ་བསྐྱེད་དང་ནུས་ཤུགས་སྲ་བརྟན་གཏོང་དགོས་པར་བརྟེན་རྫོང་ཁག་རེ་ནས་དམག་སྤྱི་རྒན་གཞོན་གསུམ་རེ་བསྐོ་བཞག་བྱས་པའི་གྲས་སུ་སྲི་ཆོད་དར་རྒྱས་དམག་སྤྱི་གཞོན་པའི་འགན་ཁུར་གནང༌། སྐབས་དེར་ས་གནས་ཞབས་གཡས་ཟམ་པ་དང༌། ཆུ་ཕྱར་འགག་ཕྲང༌། འདས་གྲུ་ཁ་སོགས་རྒྱ་དམག་ཡོང་སའི་ས་མཚམས་ཁག་ཏུ་འཐབ་རྒོལ་དྲག་པོ་ཐེངས་མང་བྱས་མཐར་གོ་ལག་བཟང་ཞན་དང་མང་སྣེ་ཉུང་གིས་མ་རྟེན་པར་རང་དམག་ཤོ་མདོར་ཕྱི་འཐེན་བྱས། དེ་རྗེས་དམག་སྒར་ཨ་མས་བཀོད་སྒྲིག་ལྟར་སྤོ་བོ་སྤྲ་མོག་ཏུ་རྟེན་གཞི་བྱས་པའི་རྒྱ་དམག་ལ་དྲག་རྒོལ་འཐབ་འཛིང་བྱ་བར་བསྐྱོད། སྐབས་དེར་སྤྲ་མོག་ཏུ་རྟེན་གཞི་བྱས་པའི་རྒྱ་དམག་རྩ་མེད་གཏོང་ལ་ཉེ་བའི་སྐབས། ཆབ་མདོ་ནས་རྒྱ་དམག་ཁག་གཅིག་རང་དམག་མཐའ་བསྲུང་བས་འགོག་མ་ཐུབ་པར་སྤྲ་མོག་ཏུ་དཔུང་སྣོན་འབྱོར། རང་དམག་གིས་ཉིན་མང་འཐབ་འཛིང་བྱས་མཐརཕྱོགས་ཕན་ཚུན་ཤི་རྨས་ཚབ་ཆེ་དང༌། མཐར་མང་སྣེ་ཉུང་གིས་མ་བརྟན་པར་རེ་ཞིག་ཕྱི་འཐེན་མི་བྱེད་ཀ་མེད་བྱུང་བའི་སྐབས་དེར་རང་དམག་ཁ་ཐོར་རུ་ཕྱིན་པ་དང་སྲི་ཆོད་དར་རྒྱས་དང་བཅས་པའི་དམག་མི་ཁག་གཅིག་སྟར་རྫོང་དུ་འབྱོར། ༡༩༥༩ ཟླ་ ༨ ནང་ཨ་རིའི་རྒྱབ་སྐྱོར་འོག་གསང་ལས་སྦྱོང་བརྡར་ཐོན་པའི་མི་བཅུ་དྲུག་དང་སྔ་རྗེས་གནམ་གྲུ་བརྒྱད་ཙམ་གྱི་གོ་མཚོན་དཔལ་འབར་རུ་རྟེན་བཞི་བྱས་པའི་ཆུ་སྒང་དམག་ལ་གནང་སོན་བྱུང་བས། དེ་གའི་ཡུལ་མི་དང་མདོ་སྟོད་ཡུལ་ལུང་ཕར་ཆེར་ནས་འཛོམས་པའི་མི་རྣམས་དགའ་བ་དང་དཔའ་སྟོབས་ཆེར་འབར་ནས་བཅོ་བརྒྱད་དྲུག་བཅུའི་དམག་གྲྭ་བསྒྲིགས་ཏེ་འདུ་འཛོམས་བྱས་པའི་རྫོང་ཁག་བཅོ་བརྒྱད་ཀྱི་དམག་སྤྱི་ཁང་མདོ་ཁམས་ཆུ་སྒང་བསྟན་སྲུང་དྭང་བླངས་དམག་སྤྱི་ཁང་ཞེས་བརྟན་གཞི་གསར་འཛུག་བྱས། རྫོང་ཁག་བཅོ་བརྒྱད་ཀྱི་ཆེན་པོ་གསུམ་དང་གཞོན་པ་བཅོ་བརྒྱད་བསྐོ་བཞག་བྱས་པ་ནས་སྐུ་མཆེད་སྲི་ཆོད་དར་རྒྱས་དམག་སྤྱི་གཞོན་པའི་འགན་ཁུར་ཞུས། དེ་རྗེས་ཤོ་སྟར་ལྷོ་གསུམ་ཁུལ་ལ་རྒྱ་དམག་ཕོན་ཆེན་གྱིས་བསྐོར་ཏེ་རང་དམག་ལ་མགོ་བཏགས་ཞུ་དགོས་པའི་བརྡ་ལན་ཐེངས་མང་བཏང་ཡང༌། རང་དམག་གི་མགོ་དམག་ཚོའི་ཁ་གཅིག་གྲགས་ཀྱིས་རང་ཡུལ་རང་སྲུང་བྱེད་པའི་ཐོབ་ཐང་འཛམ་བུ་གླིང་གི་ཡུལ་གྲུར་ཚང་མར་ཡོད་པ་བཞིན་ང་ཚོའི་ཀྱང་རང་ཡུལ་སྲུང་སྐྱོབས་བྱེད་བཞིན་ཕྱི་རྒྱལ་དམར་པོའི་རྒྱལ་ཁབ་ལ་མགོ་འདོགས་བྱ་ན་ཆོས་སྲིད་གཉིས་ཐད་ནས་རྒྱབ་འགལ་འགྲོ་བ་ཞིག་དང༌། ལྷག་པར་དུ་འཛམ་བུ་གླིང་ལ་མིག་དཔེ་ངན་པ་ཞིག་ཡིན་པས་བུ་མ་ཟད་བུ་མོ་མ་ལྷག་ནའང་སྲོག་ཐེངས་དགུ་ཆད་ཀྱང་རྒྱ་དམར་བཙན་འཛུལ་དམག་ལ་མགོ་མི་སྒུར་ཟེར། བརྡ་ལན་ནན་པོ་གནང་བ་མ་ཟད་ནང་ཁུལ་ལའང་མནའ་སྐྱེལ་དམ་བཅའ་ཡང་བཞག དེ་ནས་ཅུང་མ་འགོར་བར་རྒྱ་དམག་གིས་དཔལ་འབར་ཁུལ་དུ་རྟེན་གཞི་བྱས་པའི་ཆུ་སྒང་དམག་ལ་གནམ་ས་གཉིས་ཀྱི་ཐོག་ནས་ཚུར་རྒོལ་བྱས་རྐྱེན་ཤི་རྨས་ཚབ་ཆེན་ཕོག་པའི་མཐར་མང་སྣེ་ཉུང་གི་མ་བརྟན་པར་མཐར་དཔལ་འབར་ཤོར། རང་དམག་ཤི་འཕྲོ་རྣམས་ཁ་ཐོར་དགུ་ཐོར་ཏུ་གྱུར། སྐུ་འཆེད་དར་རྒྱས་རྨས་སྐྱོན་ཕོག་པ་དང་སྔོན་ལ་ལོག་ནས་ཨ་མགོན་འཚམས་པའི་སྒྲུབ་ཁང་ནང་གྲགས་སྐྱེད་མ་བྱུང་བར་མཚམས་པ་རིན་པོ་ཆེའི་སྦས་བསྐུང་བྱས། དེ་རྗེས་ཨ་ལ་རོང་དང་ལྕགས་གོང་ཡུད་གོང་ནང་བཅས་ལོ་གསུམ་ཙམ་གསང་ཡིབས་བྱས་མཐར། ༡༩༦༢ ལོར་རྒྱ་མིའི་འཛིན་བཟུང་བྱས་ཤིང་སྤོ་སྤྲ་མོག་ཏུ་བཙོན་འཇུག་དང༌། ༡༩༧༠ ཟླ་ ༥ ནང་མཐའ་མའི་དམག་འཐབ་སྐབས་དཔལ་འབར་ཤོར་ཉེའི་མཚམས་སུ་དེ་སྔོན་གནམ་གཡུག་གོ་མཚོན་གང་ཙམ་བགོ་འགྲེམ་བྱ་རྒྱུར་ལྷག་བསྡད་རྣམས་མེར་སྲེག་བཏང་མཁན་གཙོ་བོར་ཡིན་པས། ༡༩༦༩ ལོར་གྱེན་ལོག་ཕམ་ཉེས་བྱུང་བས་རྗེས་སུ་སྐུ་འཆེད་དར་རྒྱས་ཀྱི་ནང་ནས་མེ་མདའ་གསུམ་དོན་པ་བཅས་ཀྱི་ནག་ཉེས་རྣམས་བགྲངས་ཏེ་དམར་གསད་བྱས་པའི་ལོ་རྒྱུས་སྙིང་བསྡུས་སུ་ཁོང་བུ་རྣམ་གྲྭ་བསྟན་འཛིན་སྙན་གྲགས་ཀྱིས་ཟླ་ཚེས་བཟང་པོར་རྡ་ས་ནས་བྲིས། ༢༠༠༨།༨།༢༡།
བོད་ནང་ཁོང་གི་གཟའ་ཟླ་ཨ་མ་ཆོས་འཛོམས་དང་བུ་མོ་ཚེ་རིང་ལྷ་མོ། བུ་མོ་སྲི་ཆོས་དབྱངས་འཛོམས་བཅས་ཡོད།
དགེ་སློང་པདྨ་རྣམ་རྒྱལ་ནི་དཀར་མཛེས་ཆུ་ཁ་ཚང་དུ་སྐུ་འཁྲུངས་ཤིང༌། ལོ་མང་རིང་དཀར་མཛེས་སྔགས་པ་གྲྭ་ཚང་གི་དགེ་འདུན་མང་ཚོགས་ཀྱི་ཆེད་དུ་ཞབས་འདེབས་བསྒྲུབས་རྗེས། ཕྱི་ལོ་ ༡༩༥༧ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ྋསྤྱི་ནོར་ྋགོང་ས་ཡིད་བཞིན་ནོར་བུ་མཆོག་ལ་གསེར་ཁྲི་འབུལ་འདེགས་མངའ་གསོལ་དང༌། ྋགོང་ས་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་སྐབས་ནོར་གླིང་ཕོ་བྲང་དུ་ཕེབས་རྗེས། ལྷོ་ཁུལ་དུ་ཡོད་པའི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་སུ་ཞུགས་ནས་དཀར་མཛེས་ཕྱོགས་ཀྱི་འགོ་ཁྲིད་ཀྱི་འགན་བཞེས་གནང་ཡོད། ཕྱི་ལོ་ ༡༩༥༩ ལོ་རྒྱ་གར་ནང་འབྱོར་རྗེས་བོད་ཀྱི་ས་མཚམས་སྟོད་གློ་ཡུལ་དུ་འཇབ་དམག་གི་རྟེན་གཞི་ནང་ཕེབས་ནས་འགོ་ཁྲིད་ཀྱི་ལས་འགན་གནང་ཡོད། མཐར་རྒྱ་གར་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་འགན་ལོ་མང་གནང་རྗེས། ཕྱི་ལོ་ ༡༩༧༤ ལོར་རྡ་རམ་ས་ལའི་མགྲོན་ཁང་ཀེ་ལ་ཤ་རུ་སྐུ་གཤེགས། ཁོང་ནི་དུས་རྣམ་པ་ཀུན་ཏུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཆེད་དུ་གདུང་སེམས་མཉམ་རུབ་བྱེད་མཁན་མི་འགྱུར་རྡོ་རྗེ་ལྟ་བུ་ཞིག་ཡིན་པའི་ལོ་རྒྱུས་སུ། དང་སློབ་འགོ་འཛིན་ཟུར་པ་འཇམ་དབྱངས་ཚེ་རིང་ནས་ཕུལ། །
མིང་ལ་ཚེ་རྒྱལ་དང༌། འཁྲུངས་ཡུལ་སྒ་སྐྱེ་རྒུ་མདོ་ནས་ཡིན། ལྷོ་ཁུལ་དམག་སྤྱི་ལས་ཁུངས་ནས་ཨ་འབྲུག་ཚང་ཕེབས་བསུ་ལ་དམག་སྤྱི་གཉིས་གཏོང་དགོས་པ་གཅིག་སྒ་པ་ཚེ་རྒྱལ་དང༌། གཅིག་དགའ་ལྡན་དམག་སྤྱི་རྒན་བུ་རིས་ལགས་བཅས་བཏང་ཡོད་པ་བཞིན་ཨ་འབྲུག་སྦྱིན་བདག་དང་གོ་མཛོད་བཅས་ལྷོ་ཁུལ་བར་བསུ་བ་བྱས། དེ་ནས་ཨེ་ཆུ་མདོ་རྒྱུད་ནས་རྒྱ་དམག་དང་དམག་འཐབ་ཐེངས་མང་བྱས་ཏེ་དཔའ་བོ་བྱས་རྗེས་ཅན་ཞིག་ཡིན་པའི་ལོ་རྒྱུས་མདོར་བསྡུས་ས།
















