རྒན་གསོ་ཁང་།
མདོ་ཁམས་ཆུ་སྒང་རྒས་གསོ་ཁང༌

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་ཕྱི་ལོ་ ༡༩༥༨ ལོར་དབུ་བཙུགས་ཏེ་བརྒྱུད་རིམ་ཀྱག་ཀྱོག་མང་པོ་འགྲིམས་པའི་མདོ་ཁམས་སེར་སྐྱ་མང་པོའི་གཟུགས་ཕུང་རོ་སྨད་ཀྱིས་རོ་སྟོད་འདེགས་རྒྱུའི་ནུས་པ་མ་ཉམས་བར་བསྟན་སྲིད་ཁོ་ནར་ཞབས་འདེགས་ཞུ་མཁན་གྱི་དཔོན་དམག་འཚོ་བཞུགས་ཡོད་པ་རྣམས་དང༌། དེ་བཞིན་རྒས་གཅོང་མཐའ་ཞན་ཁོ་ནར་ལྷུང་བའི་བོད་རིགས། བྱེ་བྲག་ཁམས་པའི་བགྲེས་སོང་མི་མང་གི་ཆེད་དུ་དོན་འགྲུབ་གླིང་གཞིས་ཁོངས་སུ་མདོ་ཁམས་ཆུ་སྒང་ཚོགས་པའི་ས་ཆའི་ཐོག་ཆུ་སྒང་རྒས་གསོ་ཁང་གསར་འཛུགས་ཞུས་ཏེ་ད་བར་མི་ལོ་ ༡༨ ཙམ་ཕྱིན་ཡོད། དུས་ཡུན་དེའི་རིང་ལོ་ལྟར་བགྲེས་སོང་མང་དུས་གྲངས་ ༢༠ ལྷག་ཙམ་དང༌། ཉུང་དུས་གྲངས་ ༨ ལས་མ་ཉུང་བ་རྒྱུན་དུ་འཚོ་བཞུགས་གནང་བཞིན་པའི་རྒྱུན་གྲོན་ཕྱི་རྒྱལ་གྱི་རོགས་དངུལ་ལ་མ་རྟེན་པར་མདོ་ཁམས་མི་མང་དང་ཚོགས་པས་ནར་བཏང་ཞུ་ཐུབ་པ་བྱུང་ཡོད། ཆུ་སྒང་དབུས་རྒྱུན་སྐབས་བཅོ་བརྒྱད་པའི་ལས་ཁུར་དབུ་འཛུགས་ཞུས་པ་དང་ལས་གཞི་དང་པ
ོ་དེ་རྒས་གསོ་ཁང་ཉམ་གསོ་དང་ལེགས་བཅོས་གནང་རྒྱུར་འགྲོ་གྲོན་ཕོན་ཆེ་བཏང་སྟེ་དེང་རབས་དང་མཐུན་པའི་ཆ་རྐྱེན་བསྐྲུན་ཐུབ་པ་བྱུང་བ་དེས་ཚེ་ཡི་དུས་ལ་ཉེ་བའི་བགྲེས་སོང་ཉམ་ཐག་རྣམས་འཚོ་གོས་གནས་མལ་གང་ཅིར་བློ་བདེ་བག་ཕེབས་སུ་གནས་ཐུབ་པར་གྱུར་ཡོད། མ་འོངས་པར་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་དང་ཡར་རྒྱས་དགོས་ངེས་ཇི་ཡོད་ང་ཚོ་ལས་ཀྱི་སྣེ་མོ་བ་ཚོས་ཞབས་ཞུ་བསྒྲུབ་རྒྱུ་ཡིན།

















