བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་མཆོག་ནས་ལྔ་བཅུའི་དུས་དྲན་ཐོག་བསྩལ་བའི་གསུང་བཤད།
འདས་པའི་ལོ་རྒྱུས་ནང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོའི་མཛད་པ་འཕྲིན་ལས། ཡང་ན་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱག་ལས་ག་རེ་གནང་ཡོད་མེད་སྐོར་ཀྱི་ལས་བསྡོམ་སྙན་ཐོ་ཞུས་ཟིན་པ་རེད། དེ་དག་ལ་རྗེས་དྲན་སོགས་ཀྱི་ཆེད་དུ་གཟེངས་རྟགས་སོགས་ཀྱང་ཕུལ་ཚར་སོང༌། དེ་དག་སོ་སོ་རང་རང་སྒེར་གྱི་ངོས་ནས་རྗེས་སུ་ཡིད་རངས་ཡོད། གནད་དོན་སྙིང་པོ་ལ་ང་རང་ཚོ་ཚང་མས་མཁྱེན་དགོས་ཡ་དེ་འདས་པའི་དུས་རབས་དེའི་ནང་ལ་བོད་ཟེར་ན་ག་རེ་ཡིན་མིན་དང༌། མི་རིགས་དེ་དག་གིས་ལོ་སྟོང་ཕྲག་མང་པོའི་རིང་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་ག་རེ་གནང་ཡོད་མེད། ལྷག་པར་དུ་བོད་གངས་ཅན་ལྗོངས་སུ་རྒྱལ་རབས་ལོ་རྒྱུས་ནང་སྔར་མ་གྲགས་པའི་དཀའ་ངལ་ཆེན་པོ་ཞིག་བྱུང་ནས་མི་སྤྱོད་ལས་འདས་པའི་བོད་མི་རིགས་རྣམས་ལ་རྒྱ་ནག་གཞུང་གིས་འཛམ་གླིང་གི་ཁྲིམས་དང་འགལ་བའི་དྲག་སྤྱོད་དང་མི་སེར་སྤེལ་བའི་ལས་འགུལ་སྤེལ་བ་དང༌། སྤྱི་ལོ་༡༩༤༩ ནས་༡༩༥༩ བར་གྱི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟ་བ་ཡིན་ན་མཚན་ལ་ཉལ་ན་གཉིད་ཀྱང་མི་ཁུག་པའི་གནས་སྟངས་ཞིག་བྱུང་བ་དེ་དག་རྗེས་དྲན་ཞུ་དགོས་པ་རེད། ཅེས་དང༌། དེ་རིང་འདིར་ང་ཚོ་བོད་ཆོལ་ཁ་གསུམ་གྱི་ནང་ཚན་ལྷག་པར་མདོ་སྟོད་ཀྱི་ཆོལ་ཁས་ཚོགས་འདུ་འདི་འཚོགས་པ་ཡིན་པ་དང༌། ལྷག་པར་རང་ཉིད་མདོ་སྟོད་ཀྱི་མི་ཞིག་ཡིན་པའི་ཆ་ནས་བཤད་ཀྱི་ཡོད། ང་ཚོར་གཅིག་བྱས་ན་འདི་འདྲའི་གོ་སྐབས་ཉུང་ཉུང་རེད། འདས་པའི་དཔའ་བོ་དེ་ཚོས་ཆབ་སྲིད་དང་ཆོས་ལུགས། དཔལ་འབྱོར། མི་རིགས་སོགས་ཀྱི་ཆེད་དུ་རྒྱ་མི་གུང་ཁྲན་ཏང་ལ་ཁ་གཏད་ག་རེ་བཅག་འདུག་ང་ཚོས་དེ་དག་ལ་ཕྱི་མིག་བལྟ་ནས་ད་ལྟའི་ང་ཚོའི་མི་རབས་འདི་རྗེས་ལུས་དང་མཐུས་ཤོར་མི་འགྲོ་བ་དང༌། དང་པོ་དང་པོར་འགྲོ་མ་ཐུབ་ནའང་བོད་སྤྱི་བའི་ལམ་དང་ལུགས་སྲོལ་དེ་སྔོན་མེས་པོ་དེ་ཚོས་ག་རེ་གནང་འདུག་དེ་དག་རྗེས་འཛིན་ཡང་དག་པ་ཞིག་བྱ་དགོས་པ་རེད། ཅེས་དང༌། ད་ལན་ཆེད་དུ་ཞུ་རྒྱུ་ཞིག་ལ། དེ་སྔོན་ཕྱག་ལས་གནང་མཁན་དེ་ཚོས་གནང་ཚར་བ་རེད། འོན་ཀྱང་འབྱུང་གྱུར་མི་རབས་རྣམས་ཏེ་ད་ལྟར་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོ། སོ་སོའི་ཕ་མ་ཚོས་སློབ་སྦྱོང་བྱ་སའི་བསྟི་གནས་ཁག་ལ་གཏོང་གི་ཡོད་ཀྱི་རེད། དེ་ཚོའི་མཉམ་དུ་དེ་སྔོན་ཕ་མེས་ནས་རྒྱུད་ཡོང་བའི་སོ་སོའི་ལམ་དང་ལུགས་སྲོལ། ཐ་ན་གྱོན་གོས་གྱོན་སྟངས་ཚུན་ཆད་ལའང་བསམ་སྟེ་མདོ་སྟོད་ཟེར་དུས་ཆོལ་ཁ་གསུམ་གྱི་ནང་ནས་ཐུན་མོངས་མ་ཡིན་པ་ཞིག་ཡིན་རྩང༌། དེ་ལྟ་བུའི་སོ་སོའི་ལམ་དང་ལུགས་སྲོལ་དེ་དག་ད་ལྟའི་མི་རབས་འདིས་མ་འོངས་པའི་མི་རབས་རྣམས་ལ་ཕ་ཤུལ་བུ་འཛིན་དུ་སྤྲོད་མ་ཐུབ་ན་སྐྱེས་པ་ལ་གོ་ཆོད་ཀྱི་ཡོད་མ་རེད་ལ། རུབ་རུབ་བྱས་སྐད་ཆ་བཤད་སྡད་པས་གོ་ཆོད་ཀྱི་ཡོད་མ་རེད། ང་ཚོས་ཚོགས་འདུ་འཚོགས་ནས་གཟེངས་རྟགས་སྤྲད་སྡད་པས་ཀྱང་གོ་ཆོད་ཀྱི་ཡོད་མ་རེད། དེང་སང་འཛམ་བུ་གླིང་གི་འགྲོ་སྟངས་དང་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ང་ཚོས་གོམ་པ་མདུན་སྤོས་བྱ་ཐུབ་ཡ་ཞིག་དང་འབྱུང་གྱུར་གྱི་མི་རབས་དེའི་ཐོག་འཇོག་ཐུབ་ཡ་ཞིག་དགོས་པ་ནི་ང་རང་གིས་གནད་འགག་ཆེན་པོ་ཞིག་བརྩི་སྡད་ཀྱི་ཡོད། ཅེས་དང༌།
དོན་དག་གཞན་དག་ཅིག་ལ། སྐྱབས་བཅོལ་དུ་སླེབས་ནས་ལོ་ལྔ་བཅུ་འཁོར་བའི་རིང་ལ་ཕྱི་མིག་ཞིག་བལྟས་པ་ཡིན་ན་རླབས་ཆེན་གྱི་འགྱུར་བ་ཞིག་ཕྱིན་ཡོད་རེད། ཆོས་དང༌། ཆབ་སྲིད། དཔལ་འབྱོར། དེ་བཞིན་ཤེས་ཡོན་སོགས་ཀྱི་ཐོག་ནས། ལྔ་བཅུ་ང་དགུའི་ནང་ལ་ང་ཚོ་ག་འདྲ་བྱས་ནས་སླེབས་ཡོད། ད་ལྟའི་ཆར་གཞིས་ཆགས་སོགས་རེད་ག་འདྲ་ཕྱིན་འདུག ཡིན་ནའང་རྒྱ་མི་གུང་ཁྲན་ཏང་གི་འགྱུར་བ་འགྲོ་སྟངས་དེ་ལ་བལྟས་ཏེ་ང་ཚོས་གོམ་པ་སྤོ་སྟངས་འདི་ལ་བསམ་བློ་ཞིག་སྟངས་ཚེ། ད་དུང་དེས་མ་འགྲིག་པ་མ་ཟད་དེ་ལས་ལྷག་གི་གོམ་པ་སྤོ་དགོས་ཡ་ཞིག་དང༌། དེ་ལས་ལྷག་གི་སྙིང་རུས་བསྐྱེད་དགོས་ཡ་ཞིག དེ་ལས་ལྷག་གི་སློབ་སྦྱོང་བྱ་དགོས་ཡ་ཞིག་རེད། དེ་མིན་སོ་སོའི་ལྟོ་གོས་འགྲིག་ཙམ་གྱིས་བསྡད་བཞག་པ་ཡིན་ན་ཤིན་ཏུ་ནས་ནོར་འཁྲུལ་ཆེན་པོ་ཞིག་དྲན་སྡད་ཀྱི་ཡོད།
དོན་དག་གཞན་དག་ཅིག་ལ། ང་ཚོ་ལ་འཛམ་བུ་གླིང་གི་རྒྱལ་ཁབ་སུ་ལ་མེད་པའི་ཁྱད་ཆོས་མང་པོ་ཞིག་ཡོད་རེད། དེ་དག་ནང་ནས་ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་དེ་ཐུན་མོངས་མ་ཡིན་པ་ཞིག་རེད། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ཆུང་ཆུང་ནས་ལྔ་བཅུ་ང་དགུ་བར་ནང་པ་སངས་རྒྱས་པའི་གཞུང་པོད་ཆེན་ལྔ་ལ་སྦྱངས་ནས་ཕེབས་ཡོང་མཁན་ཞིག་ཡིན་ནའང༌། ད་ལྟའི་ཆར་འཛམ་བུ་གླིང་གི་ནང་ལ་ཆོས་ལུགས་དང་ཆབ་སྲིད་གང་གི་ཐད་ནས་སློབ་གྲྭ་ག་འདྲ་ཞིག་ནས་ཐོན་པ་ཞིག་དང་བཤིབ་བསྡུར་བྱ་ཚེ། བསྡུར་རྒྱུའི་གཞི་རྩ་ཁོ་རང་མེད་བསྡད་པ་དེ་འདྲའི་ྋགོང་ས་མཆོག་ལ་མཁྱེན་ཡོན་ཡོད་པ་དེ་ང་ཚོས་ཞུ་དགོས་པ་མ་རེད་འཛམ་གླིང་གི་གསར་ལམ་ཁག་ནས་ཐོན་བསྡད་པ་དེ་འདྲ་ཞིག་རེད། དེ་ལྟ་བུའི་དབུ་ཁྲིད་ཞིག་ང་ཚོ་ལ་ཡོད་སྡད་པའི་སྐབས་སུ་དུས་ཚོད་ཕྲོ་རླགས་གཏང་རྒྱུ་ཡོད་མ་རེད་ཞུ་ཡི་ཡོད། ཅེས་དང༌། ྋསྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ག་རེ་གསུང་གི་འདུག་ཟེར་ན། ང་ཚོ་བོད་པ་མི་རེ་ལ་འགན་རེ་ཡོད་པ་རེད་གསུང་བ་ནང་བཞིན། བོད་དོན་བདེན་མཐའ་གསལ་ཡ་དང༌། བོད་ཀྱི་འོག་ནས་བོད་མི་ལང་དགོས་ཡ་དེ་རྒྱལ་བ་རིན་པོ་ཆེ་གཅིག་པུའི་འགན་མ་རེད། དེ་ནང་བཞིན་གོམ་བགྲོད་བྱེད་སྡད་པ་དང་མདུན་བསྐྱོད་བྱེད་སྡད་པ་གཅིག་པུའི་ལས་འགན་མ་རེད། འགན་དེ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དང་བོད་མི་ཡོད་ཅོག་གི་འགན་རེད། ཅེས་དང༌།
དོན་དག་གསུམ་པ་དེ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་འགྲོ་གི་ཡོད་རེད། བྱས་རྩང༌། འདི་དོན་དག་དང་ལྡན་པ་ཞིག་བྱ་དགོས་ཀྱི་ཡོད་རེད་མ་གཏོགས། མི་མང་པོ་ཞིག་ས་ཐག་རིང་པོ་ནས་ཡོང༌། གཟེངས་རྟགས་ཞིག་ལེན། ཁ་བཏགས་ཞིག་གོན་པ་ཙམ་གྱིས་འགྲིག་གི་ཡོད་མ་རེད། དེ་ག་ནང་བཞིན་ཁྱེད་རང་ཚོ་ད་ལན་ཉི་མ་གསུམ་གྱི་རིང་ཚོགས་འདུ་འཚོགས་ཀྱི་ཡོད་རེད། ལོ་རེར་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་རེད། ལོ་རེར་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་ལབ་ནས་གྱོན་པ་མ་འདྲ་བ་ཞིག་གྱོན། སྐད་ཆེན་པོ་ཞིག་བརྒྱབ་བསྡད་པ་ཙམ་གྱིས་འགྲིག་གི་ཡོད་མ་རེད། དུས་ཆེན་སྲུང་བརྩི་བྱས་བཞག་པ་དེས་བོད་དོན་བདེན་མཐའ་གསལ་ཡ་རྩ་བར་རྩིས་པའི་མདོར་ན་རྒྱ་མི་གུང་ཁྲན་ཏང་ལ་གོ་རྒྱུ་དང་ཁ་དན་ཆོད་ཡ་ཞིག་དང༌། དུས་ཆེན་སྲུང་བརྩི་བྱས་པ་དེའི་ཐོག་ནས་རང་གི་ཕ་མ་བུ་རྒྱུད་དང་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ནས་ལེགས་ཆ་ལེན་རྒྱུ་ཡོད་པ་ཞིག་དགོས་ཀྱི་རེད། ཡིན་ནའང་ད་ལན་ཚོགས་འདུ་འདིའི་ཐོག་ནས་བོད་ནང་གཉན་འཕྲང་ཛ་དྲག་གི་རྒྱུ་མཚན་ལ་བརྟེན་ནས་གཞས་དང་ཞབས་བྲོ་རིགས་ཕྱིར་འཐེན་གནང་འདུག་དེ་དག་བཙན་བྱོལ་བོད་གཞུང་རེད་སྤྱི་ཚོགས་ནང་དེ་འདྲ་གནང་སྡད་ཀྱི་ཡོད་དུས་ཞེ་དྲག་ཡག་པོ་རེད། ཅེས་དང༌།
ད་ལན་གོང་ཞུས་ལྟར་ཉི་མ་གསུམ་གྱི་རིང་ཚོགས་འདུ་འདིའི་ཐོག་ནས་འཛམ་གླིང་རྒྱལ་སྤྱིའི་སྒང་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བྱས་རྗེས་ག་རེ་འཇོག་དགོས་ཀྱི་འདུག ད་ལྟ་བོད་ནང་ཛ་དྲག་གི་གནས་ཚུལ་དེ་དག་གི་ཐད་ལ་ཕྱག་ལས་ག་རེ་གནང་དགོས་ཀྱི་འདུག འདས་པའི་དཔའ་བོ་དཔའ་མོ་དེ་དག་གིས་བཞག་པའི་མཛད་རྗེས་ལ་ཕ་ཤུལ་བུ་འཛིན་བྱ་ཐུབ་ཡ་ཞིག་དང༌། དཔེར་ན་ཆབ་སྲིད་ཀྱི་ཐོག་ནས་ཉི་མ་རེ་རེ་ནས་རེ་རེར་རྒྱ་མིའི་དཔོན་རིགས་དེ་ཚོས་ག་རེ་བཤད་ཀྱི་འདུག འཛམ་གླིང་གི་ཆབ་སྲིད་མཁས་པ་དེ་ཚོས་དེ་དག་ལ་ལན་ག་རེ་རྒྱག་གི་འདུག རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་པས་དེ་ཚོའི་ཐོག་ནས་ག་རེ་བཞད་ཀྱི་འདུག དེ་ཚོའི་ཚང་མའི་ཐོག་ལ་ཐུགས་སྣང་གནང༌། མཁྱེན་པ་གནང་དགོས་ཡ་གལ་ཆེན་པོ་རེད། ཅེས་དང༌།
ད་ལྟའི་ཆར་རྒྱ་མི་གུང་ཁྲན་ཏང་གིས་ྋརྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང༌། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཁ་གཏོང་ཆེད་མི་རེ་རེ་ལ་བཙན་བཀའ་གཏོང་ནས་ས་ཡིག་རྒྱག་བཅུག་སྟེ་སྡོད་བཞིན་ཡོད་རེད། དེ་ནང་བཞིན་སྐྱ་སེར་མང་པོས་ཉིན་རྟག་པར་སྐད་འབོད་རྒྱག་གི་ཡོད་རེད། སྐད་རྒྱག་དུས་ག་རེ་ཡོང་གི་ཡོད་མེད་དེ་ཤེས་ཀྱི་ཡོད་རེད། ཤེས་ན་ཡང་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་ནས་ཡི་གེ་བཀྲམ་གྱི་ཡོད་རེད། སྐད་འབོད་བྱེད་ཀྱི་ཡོད་རེད། མཐར་ཐུག་རྐང་ལག་ཚང་མ་བཅག་ནས་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་མདུན་དུ་གཡུག་ནས། ཡ་་་ད་ཁྱོད་ཚོའི་རྒྱལ་བ་རིན་པོ་ཆེ་འདི་རེད། སྨོན་ལམ་རྒྱོབས་སོགས་རྐང་བཙུགས་ནས་ཀྱག་ཀྱག་བྱེད་ཀྱི་ཡོད་རེད། ཉེ་བའི་ཆར་མདོ་སྨད་ནས་མི་ཞིག་གི་ལག་པ་གཉིས་ཀ་བཅག་ཚར་དུས་ཡང་ད་དུང་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ལ་བསྙབས་ནས། ད་ང་ཤི་ཡང་འགྱོད་པ་མེད་རྒྱལ་བ་རིན་པོ་ཆེའི་སྐུ་པར་མཇལ་ཡ་རེག་སོང་ཞེས་བོད་མི་དེ་ཚོ་སེམས་ཤུགས་དེ་འདྲ་བྱེད་ཀྱི་ཡོད་རེད། བྱས་རྩང་ད་དུང་ཡང་ཛ་དྲག་གི་གནས་སྟངས་དེ་དག་ལ་ག་རེ་དགོས་ས་རེད། མདོ་དོན་སྙིང་པོ་བོད་མི་བོད་ལ་ལོག་ཐུབ་ཡ་ཞིག་དང༌། བོད་དོན་བདེན་མཐའ་བསལ་ཐུབ་ཡ་དེ་བཙན་བྱོལ་བོད་གཞུང་ལ་འགན་ཡོད་རེད་ལ། དེ་བཞིན་བོད་མི་ཚང་མ་ལ་འགན་ཡོད་རེད། ཅེས་དང༌།
དེ་སྔོན་སོ་སོའི་ཕ་མ་སྤུན་མཆེད་དང་མི་རབས་རྒན་པ་དེ་ཚོས་དཀའ་ལས་ག་རེ་བརྒྱབས་ཡོད་པ་དེ་ཤེས་དགོས་པ་གལ་ཆེན་རེད། དེ་རིང་འདིར་ཕྱག་འཁྱེར་སྤྲད་བཞག་པ་དེ་ཚོའི་ནང་ལ་བྱས་རྗེས་ཆེན་པོ་ཅན་དེ་འདྲའང་ཡོད་རེད། ད་ལྟའི་ཆར་ཆུ་བཞི་སྒང་དྲུག་གིས་དེབ་སྔ་རྗེས་མང་པོ་བཏོན་གནང་ཡོད་རེད། དེ་ག་ནང་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྐལ་བཟང་རྒྱལ་མཚན་རྒྱུད་བྱས་དེབ་ཆེན་པོ་གཉིས་བཏོན་ཡོད་རེད། དེ་ག་ནང་བཞིན་ཚེ་རིང་དབང་ཕྱུག་ལགས་ཀྱིས་རྒྱ་བློ་བཟང་བཀྲ་ཤིས་ལོ་རྒྱུས་བསྒྱུར་ཡོད་རེད་ལ་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ཀྱང་མང་པོ་བྲིས་ཡོད་རེད། ལོ་རྒྱུས་བྲིས་པ་དེ་དག་ང་ཚོས་འདས་པའི་ལོ་རྒྱུས་དེ་ཤེས་པའི་ཆེད་དུ་རེད། རྒྱ་མི་གུང་ཁྲན་ཏང་བོད་ལ་སླེབས་ཡོང་དུས་བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་ལ་དཀའ་ངལ་ག་ཚད་འཕྲད་འདུག ད་ལྟ་ང་ཚོས་དེབ་དེ་དག་ཀློག་པ་ཡིན་ན་ཁ་ལག་ཟ་མི་ཐུབ་པའི་གནས་སྟངས་ཞིག་སླེབས་ཡོང་གི་ཡོད་རེད།
དེབ་དག་གི་ཐོག་ལ་ང་ཚོས་ད་ལྟ་མ་བལྟས་པ་བྱས། དེ་རིང་ཆུ་བཞི་སྒང་དྲུག་གི་དགྲ་འཛིང་ས་ཞིག་བཤད། ཤར་གྱི་ཆུ་བཞི་སྒང་དྲུག་རེད། ནུབ་ཀྱི་ཆུ་བཞི་སྒང་དྲུག་རེད་སོགས་གཅིག་ཡོད་མ་རེད་གཉིས་ཡོད་མ་རེད་ཅེས་བཤད། དོན་དག་ལ་ཤར་ཡིན་ན་འདྲ། ནུབ་ཡིན་ནའང་འདྲ། ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ཞིག་ཡོད་པ་ཡིན་ན་དེའི་ནང་དངོས་ཡོད་ཀྱི་ལོ་རྒྱུས་ག་རེ་འདུག དངོས་ཡོད་ཀྱི་ལོ་རྒྱུས་དེ་དག་བུ་རྒྱུད་ཚོས་ཀློག་བྱས་རྒན་རབས་ཚོའི་རེ་བ་དེ་ང་ཚོས་ད་ལྟ་ཤེས་པ་བྱ་དགོས་རེད། བྱས་རྩང་ད་ལྟ་དོ་སྣང་གནང་བསམ་མཁན་ཡོད་ན་ཆུ་བཞི་སྒང་དྲུག་འདིའི་ནང་ལ་ལོ་རྒྱུས་མང་པོ་བྲིས་ཡོད་རེད། དེ་ཚོ་ཡག་པོ་བྱས་ནས་བཀླག་ནས་དོ་སྣང་གནང་རོགས་གྱིས། ཞེས་དང༌།
ད་ལན་ཁྱེད་རང་ཚོར་ཉི་མ་གསུམ་གྱི་རིང་ལ་ཚོགས་འདུ་ཡོད་པ་རེད། དེའི་རིང་ཚང་མས་གཟབ་གཟབ་གནང་ནས་དུས་ཚོད་འདི་རྩ་ཆེན་པོ་ཡིན་བསམ་པའི་ཞལ་བཞེས་གནང་རོགས་གྱིས་ཞུ་རྒྱུ་དང༌།
མཐའ་དོན་དུ། དེ་རིང་ཁྱེད་རང་ཚོས་འདིར་ཚོགས་འདུ་འཚོགས་ནས་ལོ་ལྔ་བཅུ་འཁོར་བའི་མདོ་སྟོད་ཀྱི་མི་མང་ཚོའི་བྱས་རྗེས་དེ་ང་ཚོས་བཤད་སྡད་པ་གཅིག་པུར་མིན་པར། རྒྱལ་སྤྱིའི་ཕྱི་རྒྱལ་དང་བོད་པ་ཁག་གིས་བྲིས་བཞག་པའི་ལོ་རྒྱུས་ནང་དུ་གསལ་པོར་ཆགས་ཡོད་པ་དེ་ཉི་ཤར་སྦར་མོས་བཀབ་ཀྱང་འགེབ་མི་ཐུབ་པ་ཞིག་ཡོང་ཡ་རེད། དེ་ང་ཚོས་འཛེམས་ཟོན་བྱ་དགོས་ཡ་མེད་པ་རེད། དེ་འདྲ་ཡིན་དུས་ད་ལྟའི་ང་ཚོའི་མི་རབས་འདིས་ཁོང་ཚོའི་རྗེས་འཇུག་བྱ་ཐུབ་པའི་རེ་བ་ཞུ་རྒྱུ་ཡོད། དེ་དང་ཆབས་ཅིག་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞད་དགོངས་ལྷུན་གྱིས་འགྲུབ་པ་དང༌། ང་ཚོ་མདོ་སྟོད་མི་མང་རྣམས་ཀྱིས་ྋགོང་སྐྱབས་མགོན་ཆེན་པོ་མཆོག་ལ་དཔུང་འོག་མཉམ་འདེགས་ཆེན་པོ་ཞུ་དགོས་པའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ། ཞེས་གསུངས།

















