མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་བསྡོམས།
མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་བཅོ་བརྒྱད་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས ་ ༢༠༡༠ ཟླ་ ༣ ཚེས་ ༣༡ བར་གྱི་ལས་བསྡོམས་འགོད་འབུལ་ཞུས་པ་གཤམ་གསལ་ལྟར་ཡིན།ལུགས་གཉིས་ཀྱི་མཁྱེན་རླབས་རབ་ཏུ་ཕྱུག་པའི་སྐུ་མགྲོན་གཙོ་བོ་སྐུ་ངོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་རྣམ་པ། མདོ་ཁམས་ཆུ་བཞིི་སྒང་དྲུག་གི་དབུས་རྒྱུན་ཟུར་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆུ་སྒང་ཚོགས་གཙོ་དང་དྲུང་ཆེ་རྣམ་པ། རྒྱ་གར་ས་གནས་ཁག་གི་ཆུ་སྒང་ཚོགས་གཙོ་དང་དྲུང་ཆེ་རྣམ་པའི་གཙོས་མདོ་སྟོད་ཆེས་མཐོའི་དཔོན་རིགས་ཡོངས་ལ་སྙན་གསན་ཞུ་རྒྱུར།
ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༦ ཚེས་ ༡༨ ནས་ང་ཚོ་སྐབས་བཅོ་བརྒྱད་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱིས་ལས་ཁུར་འགོ་འཛུགས་བྱས་པ་ནས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ ཚེས་ ༣༡ བར་ལས་བསྡོམས་སྙན་སྒྲོན་ཞུས་ཟིན་པ་ཚང་མའི་མཁྱེན་གསལ་ལྟར་ཡིན། དེ་ནས་དབུ་བཙུགས་ཏེ་འགན་ལྷན་ཐེངས་ ༣༩ པའི་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་དང། རྒྱུན་ལས་ལྷན་ཚོགས་ཐོག་ཐག་བཅད་གནང་བའི་དོན་ཚན་ཁག དེ་བཞིན་སྒྲིག་གཞི་གཞིར་བཟུང་ལོ་གཅིག་རིང་ལས་དོན་གྲུབ་འབྲས། གྲོས་ཆོད་དོན་འཁྱོལ། མུ་མཐུད་རྒྱུན་སྐྱོང་དགོས་རིགས་སོགས་ཀྱི་དོན་གནད་རྣམས་རེ་རེ་བཞིན་སྙན་སྒྲོན་ཞུ་རྒྱུ་ཡིན།
༡། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༩ ཚེས་ ༢༠ ཉིན་རྒྱུན་ལས་ལྷན་ཚོགས་ཐེངས་ ༦ པའི་ཐོག་དབུས་རྒྱུན་ཚང་འཛོམས་ཀྱིས་བོད་མི་མང་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་མུ་མཐུད་དེ་སྐབས་བཅོ་བརྒྱད་པའི་ཚོགས་གཙོ་གནང་རྒྱུ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད། ཚོགས་གཞོན་སྨར་ཁམས་ཆོས་འཕེལ་དང་། ཚོགས་གཞོན་སྒ་པ་ལྷ་མོ། དྲུང་ཆེ་བདེ་བ་ཚང་རྡོ་རྗེ་དབང་འདུས། དྲུང་གཞོན་ངག་དབང་བསྟན་པ། དངུལ་གཉེར་སྐྱུར་ར་དཔའ་རྡོ། དབུས་རྒྱུན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། དབུས་རྒྱུན་གྲྭའུ་ཚེ་བརྟན། དབུས་རྒྱུན་ནང་ཆེན་ཨ་རྡོ་བཅས་རང་འཇགས་དང། དབུས་རྒྱུན་བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་ཀོང་པོ་ཐུབ་བསྟན་གཉིས་དགོངས་པ་ཞུས་ཚབ་སྒུག་ཐོའི་བང་རིམ་ལྟར་དབུས་རྒྱུན་ཀོང་པོ་ཕུར་བུ་ཚེ་རིང་དང། དབུས་རྒྱུན་ཀརྨ་མཁས་གྲུབ་གཉིས་ལྷན་ཚོགས་ཐེངས་ ༦ པའི་ཐོག་ལས་ཁུར་འགོ་འཛུགས་དང་དམ་འབུལ་ཞུ་ཐུབ་པ་བྱུང་ཡོད།༢། ལས་ཁང་ཚུགས་གྲོལ་དང་ལས་བྱེད་གསར་བསྐོས།
༡། གཏན་འཇགས་རྒྱུན་བཞུགས་སུ་ཚོགས་གཙོ་དང་། དྲུང་ཆེ། དངུལ་གཉེར་བཅས་གཏན་འབེབས་ཡོད་ཀྱང་ཚོགས་གཙོ་གཞུང་དོན་ཕྱོགས་བསྐྱོད་དུ་མིན་པ་དུས་ཚོད་ནམ་ཁོམས་ལ་རྒྱུན་བཞུགས་གནང་བཞིན་པ་དང་། དུས་རྒྱུན་དུ་དངུལ་གཉེར་གཏན་བཞུགས་ཀྱིས་ལས་ཁུར་འཐུས་ཤོར་མེད་པ་་གནང་བཞིན་པ་མ་ཟད། རྩིས་དྲུང་དང་ཁོར་ཡུག་འགན་འཛིན་བཅས་ཀྱིས་ཚོགས་པའི་ལས་ཁང་ཕྱི་ནང་གི་འཛིན་སྐྱོང་བྱ་བཞིན་གཞུང་འབྲེལ་གུང་གསེང་ཕུད་དེ་མིན་ཉིན་རེ་བཞིན་ཞོགས་པ་ཆུ་ཚོད་ ༩ པ་ནས་ཕྱི་དྲོ་ཆུ་ཚོད་ ༥ པ་བར་འཆར་ཅན་དང་འཕར་མའི་དུས་ཚོད་གཏོང་བཞིན་ཡོད་པར་ཕྱི་ནང་སྐུ་མགྲོན་ཚང་མའི་ཡིད་རངས་དང་བསྔགས་འོས་སུ་གྱུར་ཡོད།༢། འདི་ག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་བཅས་ཀྱི་ཁོར་ཡུག་བལྟ་སྐྱོང་དང་མཚན་སྲུང་། གཙང་སྦྲའི་ལས་བྱེད་བསྐོ་བཞག་གནང་ཕྱོགས་ཐད་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་བོགས་ལེན་པ་རྣམས་དང་ལྷན་དུ་གོ་བསྡུར་ཐག་བཅད་གནང་བའི་ནང་ལས་བྱེད་གསུམ་གསར་དུ་བསྐོ་བཞག་གནང་རྒྱུ་དང་དེའི་རྒྱུན་གྲོན་གསོལ་ཕོགས་གནང་རྒྱུ་སྔ་འཕྲོས་ཚོང་ཁང་བོགས་ལེན་པ་སོ་སོས་གནས་སྐབས་ཟླ་རེར་སྒོར་ ༢༠༠ རེ་བསྡུ་རྒྱུ་དང་། མགྲོན་ཁང་དང་ཟ་ཁང་བོགས་ལེན་པས་ཟླ་རེར་སྒོར་ ༥༠༠ བསྡུ་འབུལ་གནང་རྒྱུ་སྤྱི་མོས་ཀྱིས་གཏན་འབེབས་གནང་དོན་བཞིན།
༡། ཁོར་ཡུག་བལྟ་སྐྱོང་འགན་འཛིན་བྲག་གཡབ་བསྟན་འཛིན་སྙན་གྲགས་ཁག་ཐེག་འགན་ལེན་དང་བཅས་ཏེ་ཆོད་གན་དུ་བསྐོ་བཞག་ཞུས་པ་དང།
༢། ཆུ་སྒང་ཚོགས་པའི་ཕྱི་ནང་ཁོར་མོ་ཡུག་ཏུ་མཚན་མོའི་ཉེན་བསྲུང་འགན་ལེན་ཁག་ཐེག་དང་བཅས་ཏེ་ཆོད་གན་དུ་ཏྲེ་ཧོར་བྱམས་པ་དགྲ་འདུལ་བསྐོ་བཞག་བྱས་ཏེ་ད་ཆ་ལས་དོན་འགྲོ་བཞིན་པ་ཡིན།
༣། རྒྱ་གར་རྨོ་བོ་ལགས་ཤིག་གད་གཙང་དུ་བསྐོ་བཞག་བྱས་ཏེ་ཉིན་ལྟར་ལས་ཁང་ནས་འགོ་བཙུགས་ཏེ་ཆུ་སྒང་ཁང་ཆེན་ཐོག་འོག་བར་གསུམ་གཙང་སྦྲ་ཐེངས་གཉིས་རེ་ཆགས་མེད་བྱེད་བཞིན་པ་དང་། མ་འོངས་པར་མུ་མཐུད་དེ་རྒྱུན་འཁྱོངས་བྱེད་ཐུབ་པ་བཟོས་ཡོད།
༣། མདོ་ཁམས་ཆུ་སྒང་རྒས་གསོ་ཁང།
འདས་ལོའི་ནང་མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་ ༣༩ པའི་ཚོགས་ཆེན་ཐོག་གཏན་འབེབས་གནང་བ་ལྟར་མདོ་ཁམས་ཆུ་སྒང་རྒས་གསོ་ཁང་འདི་བཞིན་སྔར་ལྷག་ཡར་རྒྱས་དང། ཆ་རྐྱེན་གང་ལེགས་བསྐྲུན་ཐུབ་པ་བྱུང་བ་དང། ད་དུང་རྒས་གཅོང་ཉམ་ཐག་རིགས་མུ་མཐུད་དེ་འཇུག་བཞེས་བྱས་དང་བྱེད་མུས་སུ་མཆིས། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༤ ཚེས་ ༡༦ ཉིན་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལྡི་ལི་ནས་མདོ་ཁམས་ཆུ་སྒང་རྒས་གསོ་ཁང་དུ་ཕེབས་པ་དང་། དེ་རྗེས་ཐེངས་ཤས་ཕེབས་ཏེ་རྒས་ཁོག་རྣམས་ལ་རླུང་འཁོར་གྲང་གློག་གི་ཆ་རྐྱེན་དང། གོས་འཁྲུ་འཕྲུལ་འཁོར། དེ་བཞིན་ཟས་གསོ་གྲང་གློག་སྤུས་ལེགས། དེ་བཞིན་དགུན་ཁར་ཆུ་ཚ་པོ་བཟོ་ཆེད་གྷི་ཛར་སོགས་དགོས་ངེས་ཀྱི་ཆ་རྐྱེན་གང་ལེགས་བསྒྲུབས་ཡོད། དེ་བཞིན་ཁོར་ཡུག་ཡིད་འོང་མཛེས་སྡུག་ལྡན་པ་ཡིད་སེམས་རབ་ཏུ་མགུ་བ་དང་སྤྲོ་སྣང་ལྡན་པ་བཟོ་ཆེད་ཁོར་མོ་ཡུག་མེ་ཏོག་གི་ར་བའི་ཞིང་ཁམས་ཤིག་ཏུ་འགྱུར་ཆེད་མེ་ཏོག་འདེབས་ལས་བྱ་ཡུལ་རྫ་མ་སྤུས་ལེགས་གྲངས་མང་ཉོས་ཡོད་པ་མ་ཟད། རྒས་གསོའི་མདུན་ཐང་དུ་རྒས་ཁོག་ཚོའི་འདོད་མོས་ལྟར་འགྲོ་གྲོན་ཆེན་པོ་བཏང་སྟེ་རྡོ་ཐལ་གྱི་ཞལ་ལ་གཙང་མ་བཟོས་ཡོད། གནོད་འཚེ་ཅན་གྱི་དུག་སྦྲང་རིགས་རྒས་ཤག་ཏུ་བཙན་འཛུལ་མི་ཐུབ་པའི་ཆེད་དྲྭ་ཞིབ་ཤིང་སྒོ་གསར་བསྐྲུན་བྱས་ཏེ་འདུག་བཟོད་མི་བདེ་བའི་གནོད་འཚེ་ཆུང་ཙག་རིགས་འགོག་ཐུབ་པ་བཟོས་ཡོད་པ་མ་ཟད། ཟས་བཅུད་ཀྱི་འཚོ་བའི་ཆ་རྐྱེན་ལ་ཞིབ་འཇུག་བྱས་སྐབས་ད་ལྟའི་ཆར་རྒས་ཁོག་རྣམས་འདོད་བློ་ཁེངས་བཞིན་པ་ཡིན་ནའང་དེའི་ཐད་ད་དུང་ང་ཚོས་ཞིབ་འཇུག་བྱ་རྒྱུ་ཡིན། ཉེ་ཆར་བོད་ལྕགས་སྟག་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་འཚམས་འདྲི་ཞུས་པ་དང་འབྲེལ་མདོ་ཁམས་ཆུ་སྒང་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། དངུལ་གཉེར་སྐྱུ་ར་དཔའ་རྡོ་གཉིས་ལོ་གསར་ཚེས་པ་གཉིས་ཉིན་རྒས་གསོ་ཁང་དུ་ཆེད་ཕེབས་ཀྱིས་རྒས་ཁོག་ཚོར་བལྟ་སྐྱོང་དང་། ཚོགས་པས་གོན་ཆས་དང་གདན། སྔས་ཤུབ། གསོལ་སྟོན་འདེགས་འབུལ་དང་འབྲེལ་སློབ་གསོ་ལམ་སྟོན་ཞུས་ཡོད་པ་དང་། འཚོ་བཅུད་དང་སྡོད་གནས་ཁང་པའི་དཀའ་ངལ་ཇི་ཡོད་ཞིབ་འཇུག་བྱས་སྐབས་ཚང་མ་བློ་བདེ་བག་ཕེབས་ཀྱི་ངང་དུ་འདོད་བློ་ཁེངས་ཏེ་གནས་ཡོད། དེ་བཞིན་ཀ་ལ་མན་གྲུར་ཡོད་པའི་འཕྲོས་ལྷག་ས་ཆར་རྡོ་ཐལ་ལས་གྲུབ་པའི་ཕུར་པ་བཙུགས་ཏེ་བདག་སྤྲོད་ཚུལ་བཞིན་བྱེད་ཐུབ་པ་བྱུང་ཡོད་ནའང་ས་ཆ་དེ་བཞིན་མུ་འཐུད་ཉར་ཚགས་དང། ཡང་ན་ཚོང་བསྒྱུར་ཇི་དགོས་ལམ་སྟོན་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། གལ་ཏེ་ཚོང་བསྒྱུར་གནང་ཚེ་དངུལ་དངོས་ཉར་ཚགས་གནང་ཕྱོགས་ཀྱང་ནན་ཏན་གྱིས་ཤ་ཁུ་ཤ་ཐིམས་སུ་འགྲོ་ངེས་ཀྱི་འཆར་འགོད་ཡག་པོ་ཞིག་གནང་དགོས།༤། ཆུ་སྒང་ཚོགས་པའི་ཟ་ཁང་དང་། མགྲོན་ཁང་། ཚོང་ཁང།
༡༽ཕྱི་ནང་ཁོར་ཡུག་བསྲུང་སྐྱོབ་པའི་ལས་བྱེད་གསར་བསྐོས་གྲུབ་སྟེ་ད་ཆ་ཉིན་མཚན་གཉིས་ཐོག་བསྲུང་སྐྱོབ་དང་བལྟ་སྐྱོང་བྱེད་བཞིན་པ་དང་། ལས་ཁང་དང་། ཟ་ཁང་། མགྲོན་ཁང་། ཚོང་ཁང་གསུམ་དུ་གློག་གྲོན་སོ་སོར་ཕྱེས་ཏེ་འདི་ལོར་ལས་ཁུངས་ཁ་གཙང་གི་ཆེད་དུ་གློག་གི་མི་ཀྲར་གསར་འཛུགས་བྱས་ཏེ་ཁང་བདག་དང་བོགས་ལེན་པའི་དབར་གློག་རིན་སོ་སོར་ངོས་འཛིན་གསལ་པོ་བྱ་ཐུབ་པ་བཟོས་ཡོད། དེ་བཞིན་ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་བཅས་ཀྱི་བོགས་ལེན་པ་རྣམས་ཚོགས་འདུ་བསྡུ་བསྐོང་བྱས་ཏེ་ཚོང་ཁང་དང་། མགྲོན་ཁང་ནང་ཚོང་ལས་དང་། ཡོ་བྱད་ཇི་ལྟར་བེད་སྤྱོད་གཏོང་ཆོག་མིན་སྐོར་གྱི་ངོ་སྤྲོད། འབྲེལ་ཡོད་ལས་བྱེད་གསུམ་གྱི་ལྟོ་ཕོགས་བསྡུ་ཆ་བྱ་ཕྱོགས་ཐག་ཆོད་གཙང་མ་ཞུས་པ་ཡིན།༥། ཆུ་སྒང་རིག་གནས་སློབ་གཉེར་ཁང།
རྡ་སའི་ས་རྒྱུན་དྲུང་ཆེ་རྒན་སྨོན་ལམ་གྲགས་པ་མཆོག་ནས་ངལ་བ་ཁྱད་བསད་ཀྱིས་རིག་གནས་སློབ་གཉེར་ཁང་གི་དགེ་རྒན་གྱི་ཐུགས་འགན་རྐང་བཞེས་གནང་སྟེ་སློབ་ཁྲིད་གནང་བཞིན་པ་འདིས་བོད་ནས་ཕེབས་པའི་གསར་འབྱོར་བ་དང། གདན་ས་ཁག་ནས་ཕེབས་པའི་དབྱིན་ཡིག་དོན་གཉེར་ཅན། སློབ་གྲྭའི་གུང་གསེང་སྐབས་བསྐྱར་སྦྱོང་དགོས་རིགས་ཚང་མར་ཕན་རླབས་ཆེན་པོ་ཐོན་དང་ཐོན་བཞིན་པ་དང། སློབ་གཉེར་ཁང་གི་ཁང་གླ་ཆ་ཚང་ཆུ་སྒང་ཏ་ར་སྤོས་བཟོ་གྲྭའི་ཡོང་ཁུངས་ནས་ནར་གཏོང་ཞུ་བཞིན་ཡོད་པ་མ་ཟད། དེའི་འཛིན་སྐྱོང་ཆ་ཚང་རྡ་ས་ས་རྒྱུན་ནས་འགན་ཁུར་ཞུ་བཞིན་མ་འོངས་སློབ་གཉེར་ཁང་འདི་བཞིན་རྒྱ་བསྐྱེད་དང་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ལམ་སྟོན་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།༦། མདོ་ཁམས་མཐོ་རིམ་སློབ་མར་སློབ་ཡོན་རོགས་སྐྱོར།
མདོ་ཁམས་ཆུ་སྒང་ ༥༠ དྲན་རྟེན་སློབ་ཡོན་ཕུལ་དང་འབུལ་བཞིན་པ་དང་། དེ་བཞིན་འདི་ལོ་ ༢༠༡༠ ནས་དབུ་བཙུགས་ཏེ་མདོ་སྟོད་རྒྱ་ཆེའི་མི་མང་གི་ཁྲོད་དུ་མཐོ་སློབ་འགྲིམས་མཁན་སློབ་ཕྲུག་བཅུ་རེར་སློན་ཡོན་ཁ་སྣོན་སྒོར་ ༡༥༠༠༠ རེ་འབུལ རྒྱུའི་ཐག་བཅད་གནང་བ་དང་། དེ་བཞིན་སླད་ཀྱང་དཔལ་འབྱོར་གྱི་ཆ་རྐྱེན་འདེང་ངེས་ཤིག་བྱུང་ཚེ་ང་ཚོས་མུ་འཐུད་གོང་འཕེལ་གཏང་རྒྱུའི་རེ་བ་ཆེན་པོ་ཡོད་པ་མ་ཟད་ཐེངས་དང་པོའི་སློབ་ཡོན་བགོ་འགྲེམས་རྒྱན་བསྐྱུར་འགན་འཛིན་ལྷན་ཚོགས་འདིའི་ཐོག་ཞུ་རྒྱུ་ཡིན།༧། འཚམས་འདྲི་གཟིགས་སྐོར་དང་ལས་དོན་ཕྱོགས་བསྐྱོད།
དམིགས་བསལ་མིན་པའི་འཆར་ཅན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་མཛད་སྒོར་ཆེད་བཅར་ཞུས་པ་རྣམས་ཡིག་ཚོགས་ལ་འཇིགས་ནས་འདིར་བཀོད་རྒྱུ་མིན། དམིགས་བསལ་ཆུ་སྒང་དབུས་སའི་ལས་དོན་ཆེད་ཕྱོགས་བསྐྱོད་ཞུས་རིགས་ཁོངས་ནས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༠ ཚེས་ ༢༣ ནས་དབུ་བཙུགས་ཏེ་ཟླ་ ༡༡ ་ཚེས་ ༢༠ བར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ཨ་རིའི་རྒྱལ་ཁོངས་ཀྱི་མངའ་སྡེ་མང་པོའི་ནང་བོད་དོན་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས། དེའི་ཁྱབ་ཁོངས་མི་མང་གི་ཆེད་དུ་འཚམས་འདྲི་གཟིགས་སྐོར་ཕེབས་ཏེ་ཆབ་སྲིད་ཀྱི་ལས་འགུལ་བསྐྱངས་བའི་གནད་དོན་ཁག་ནས།༡། ཐོག་མར་ཨ་རི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པས་གོ་སྒྲིག་གནང་བ་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་ཨེ་ཤ་ཡའི་གནམ་གྲུའི་ཐོག་ལྷོ་ཀོ་རི་ཡའི་རྒྱལ་ས་སིཨོལ་བརྒྱུད་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་ཁ་ལིས་ཕོ་ནིས་ཡ་མངའ་སྡེའི་ཁྱབ་ཁོངས་སན་ཕ་རན་སིས་སི་ཀོ་ཡི་རྒྱལ་སྤྱིའི་གནམ་ཐང་དུ་ནིའུ་ཡོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སྒ་པ་ཚེ་རིང་རྡོ་རྗེ་དང་། སན་ཕ་རན་སིས་སི་ཀོ་རུ་གཏན་སྡོད་གནང་བའི་ལི་ཐང་བ་བསྟན་འཛིན་གཉིས་ཀྱིས་ཕེབས་བསུ་དང་བཅས་ཏེ་དུས་ཐོག་བདེ་འབྱོར་ཐུབ་པ་བྱུང་ཡོད།
ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སན་ཕ་རན་སིས་སི་ཀོ་རུ་བཞུགས་པའི་མདོ་ཁམས་མི་མང་བརྒྱ་ཕྲག་མ་ཟིན་ཙམ་འདུ་འཛོམས་ཀྱིས་ནེའུ་ཡོག་ཆུ་སྒང་ཚོགས་གཙོས་ཚོགས་འདུའི་ངོ་སྤྲོད་དང་། དབུས་ཆུ་སྒང་གི་ཚོགས་གཙོའི་ངོ་སྤྲོད་ལོ་རྒྱུས་སྙིང་བསྡུས་སྙན་གསན་གྲུབ་རྗེས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཐོག་མར་དབུ་འཛུགས་གནང་ཚུལ་དང། དེའི་དམིགས་ཡུལ། སྒྲིག་འཛུགས་ཀྱི་ངོ་བོ། བསྟན་སྲིད་སྲུང་སྐྱོབ་ཀྱི་ལས་དོན་ཐད་བྱས་རྗེས། དེ་དག་ལ་འགལ་རྐྱེན། བར་སྐབས་ཆུ་སྒང་ཚོགས་པ་དང་ཁམས་རིགས་མི་མང་ལ་དཀར་ངལ་ཇི་འཕྲད་དང་གཙང་སེལ། ད་ལྟའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཕྱོགས་ཡོངས་ཀྱི་གནས་བབས། མ་འོངས་ལས་དོན་འཆར་གཞི། མ་འོངས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ལས་འགན་རྗེས་འཛིན་ལོ་གཞོན་ཚོར་ཡོད་ལུགས། ཁམས་རིགས་ཕོ་མོ་སྐྱ་སེར་ཚང་མ་གོང་བུ་རྡོག་རྩ་གཅིག་སྒྲིལ་དུ་གནས་ཐབས་དགོས་པ་དང་རྡོག་རྩ་གཅིག་སྒྲིལ་གྱི་ལམ་ཕྱོགས་སུ་ཤར་བསྐྱོད་ཐུབ་པ་བྱུང་ཚེ་བོད་བསྟན་སྲིད་སྤྱི་ཡི་ཞབས་འདེགས་འགྲུབ་ཀྱི་ཡོད་པའི་སྐོར། རྒྱ་བོད་མཉམ་གནས་ཀྱི་དབུ་མའི་ལམ་ཞིག་འཚོལ་ཐུབ་ཀྱི་ཡོད་ན་བོད་མི་ནང་ཁུལ་མཉམ་གནས་ཀྱི་དབུ་མའི་ལམ་ཞིག་འཚོལ་བསྒྲུབ་ཐུབ་ཐབས་དགོས་ལུགས་བཅས་ཀྱི་འགྲེལ་བཤད་ཞུས་པ་དང། དེ་བཞིན་བྱང་ཨ་རིར་བཞུགས་པའི་བོད་མི་ཚོས་བོད་མིའི་ལས་འགན་རང་དབང་དཔྱ་ཁྲལ་ཆད་ལུས་མེད་པ་འབུལ་དགོས་པ་དང། ད་བར་ཨ་རི་ནང་བཞུགས་པའི་མི་འབོར་ནས་བརྒྱ་ཆ་བཞི་བཅུ་ཡས་མར་ཙམ་ཞིག་གིས་མ་གཏོགས་དཔྱ་ཁྲལ་འབུལ་ཐུབ་ཀྱི་མི་འདུག་པ་དེ་དག་བོད་མིའི་ལས་འགན་མ་འགྲུབ་པའི་ཡུལ་མི་ལྟ་བུ་ཞིག་ལ་བརྩི་དགོས་ཐུག་གི་ཡོད་པར་བརྟེན་སླད་ཕྱིན་ཡིད་གཟབ་ཆེན་པོ་དགོས་ཚུལ་ཞིབ་རྒྱས་ཞུས་རྗེས་དྲི་བ་དྲིས་ལན་གྲུབ་པ་དང་། མུ་མཐུད་ས་གནས་རྒྱུན་ལས་འོས་བསྡུ་བྱ་རྒྱུའི་ལས་རིམ་འགོ་འཛུགས་ཞུས། འོས་བསྡུ་གྲུབ་རྗེས་རྒྱ་ནག་དམངས་གཙོའི་ཁ་ཕྱོགས་སུ་བསྒྱུར་རྒྱུའི་འབད་བརྩོན་གནང་མཁན་གྲགས་ཅན་རྒྱ་རིགས་འུ་ཅིན་ཤིང་དཔོན་འཁོར་རྣམས་ཆུ་སྒང་ཚོགས་གཙོ་གཙོས་དེར་འདུས་མི་མང་རྣམས་མཇལ་བཅར་དུ་ཆེད་ཕེབས་བྱུང་བ་ལྟར་ཕན་ཚུན་ངོ་སྤྲོད་དང་མཇལ་འཕྲད་ཞུས་རྗེས་གསར་དུ་འདེམ་ཐོན་བྱུང་བའི་རྒྱུན་ལས་རྣམ་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཆུ་སྒང་ཚོགས་པའི་དར་ཆ་དང། ལོ་རྒྱུས་དེབ་ཕྲེང་ཁག སྒྲིག་གཞི། རྩ་འཛིན་ཡིག་ཆ་ཁག ཆུ་སྒང་གསེར་གྱི་རྟགས་མ། ཨ་འབྲུག་མགོན་པོ་བཀྲིས་ཀྱི་སྐུ་དཔར་སོགས་རིམ་བཞིན་ངོ་སྤྲོད་དང་བཅས་ཏེ་རྩིས་སྤྲད་གནང་བ་དང་ཚང་མར་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་གྲུབ་རྗེས་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ།
ཕྱི་ཉིན་སན་ཕ་རན་སིས་སི་ཀོའི་ནང་སྙན་གྲགས་ཆེ་བའི་ས་གནས་ཁག་ཏུ་སྔ་དྲོ་སྤྲོ་འཁྱམས་ཡུལ་སྐོར་དུ་ཕྱིན་པ་དང་དགོང་མོ་ས་གནས་དེར་ཡོད་དམངས་གཙོ་དོན་གཉེར་ཅན་གྱི་རྒྱ་རིགས་ཁག་ཅིག་དང་། བོད་མི་ཁག་གཅིག་བཅས་ཚོགས་འདུ་བསྐོང་འཚོགས་ཀྱིས་བོད་དོན་ཐད་བགྲོ་གླེང་གཏམ་བཤད་ཞུས་པ་དང་རྗེས་སུ་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུའི་གཏན་ཁེལ་བྱས་ཡོད།
ཕྱི་ཟླ་ ༡༠ ཚེས་ ༢༦ ཞོགས་པ་ཆུ་ཚོད་ ༤ པ་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཝུ་ཅིན་ཤིང་དང། ནེའུ་ཡོག་ཆུ་སྒང་ཚོགས་གཙོ། གསར་འགོད་པ། ཁ་ལི་ཕོ་ནིས་ཡའི་ཆུ་སྒང་ཚོགས་གཞོན་ལི་ཐང་བསྟན་འཛིན་སོགས་དང་ལྷན་དུ་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་los Angles ལོ་ས་ཨིན་ཇི་ལིར་རྒྱ་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་ཆེད་ཕྱིན་སྐབས་རྒྱ་མིའི་གཞུང་ཚབ་མདུན་དུ་བོད་མིས་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་དང་། རྒྱ་བོད་དབྱིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་ནང་བོད་དོན་སྐོར་གཏམ་བཤད་སྤེལ་ཐུབ་པ་བྱུང་ཡོད།
ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ Los Angles ཡོད་པའི་ཐེ་ཝན་ཚོགས་པའི་ཚོགས་ཁང་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཝུ་ཅིན་སིང་གཙོས་རྒྱ་རིགས་ཚོགས་པ་ཁག་བདུན་གྱི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ་དང། ས་གནས་དེར་བཞུགས་བཀའ་ཟུར་པདྨ་ཆོས་འབྱོར། སྤྱི་འཐུས་བསྟན་འཛིན་ཆོས་ལྡན། བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་འདུ་འཛོམས་གནང་ཡོད་པ་མ་ཟད། རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་འགོད་པ་དུ་མ་དང་བཅས་ཏེ་ཚོགས་འདུ་བསྐོང་སྟེ་རིམ་བཞིན་གཏམ་བཤད་གནང་བ་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་ཀྱང་བོད་དོན་གཏམ་བཤད་གནད་ལ་ཁེལ་བ་གསུང་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་གསལ་ལྟར་རེད་འདུག དེ་བཞིན་རྒྱ་རིགས་ཚོགས་པ་ཁག་དང་ལྷན་དུ་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞིག་ཀྱང་བཙུགས་ཐུབ་པ་བྱུང་ཡོད། ཚོགས་འདུ་གྲུབ་རྗེས་བཀའ་ཟུར་པདྨ་ཆོས་འབྱོར་དང་ལྷན་དུ་བོད་དོན་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་བྱེད་ཕྱོགས་སྐོར་གོ་བསྡུར་དང་ནང་མོལ་ཞུས། ཕྱི་ཉིན་ཞོགས་པ་སྔ་མོ་ནས་los Angles ནས་ཐོན་ཏེ་ཡུལ་ལྗོངས་ཀྱི་མཛེས་སྡུག་ལ་བལྟ་བའི་ཆོག་མི་ཤེས་པ་ལྟ་བུའི་ལོངས་སྤྱོད་ལ་རོལ་བཞིན་སྣུམ་འཁོར་རང་བདག་ནང་དུ་འགྲུལ་བཞུད་བགྱིས་སྐབས་བབས་ཚུགས་ཁག་དང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁག་ཏུ་ལྷོད་ཡངས་དལ་འགྲོས་ཀྱིས་བལྟད་མོ་མིག་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་བྱས།
ཕྱི་ཟླ་ ༡༠ ཚེས་ ༣༡་ ཉིན་རྒྱབ་ཆུ་ཚོད་ ༡།༢༠ ཐོག་ San Francisco ནས་གནམ་གྲུ་བརྒྱུད་ཆུ་ཚོད་ ༦ ཕྱིན་རྗེས་མཚན་མོ་ཆུ་ཚོད་ ༡༢།༥ ཐོག་ New York གནམ་ཐང་དུ་འབྱོར་སྐབས་ནེའུ་ཡོག་ཆུ་སྒང་ཕྱི་དྲིལ་འགན་འཛིན་ཁྱུང་པོ་བ་གཡྲུང་བཀྲིས་ཕེབས་བསུ་བཅར་ཏེ་སྣེ་ལེན་གོ་སྒྲིག་གནང་འདུག
ཕྱི་ཟླ་ ༡༡ ཚེས་ ༡ དང་ ༢ ཉིན་གཉིས་རིང་ཚོགས་འདུའི་སྐབས་བཅར་རྒྱུའི་དུས་ཁོམས་མེད་རིགས་རྣམས་ལ་དམིགས་བསལ་དུས་ཚོད་བཟོས་ཏེ་མཇལ་མོལ་ཞུ་རྒྱུའི་གོ་སྐབས་ཕུལ་ཡོད་པ་ལྟར་དེ་དག་ལའང་དེ་ལྟའི་གནས་ལུགས་གོ་བཤད་གསལ་བཀྲོལ་ཞུ་ཐུབ་པ་བྱུང་ཡོད།།
ཕྱི་ཟླ་ ༡༡ ཚེས་ ༣ ཉིན་ནེའུ་དབྱིན་ལན་ཌི་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གདན་ཞུས་ལྟར་ནེའུ་ཡོག་ཆུ་སྒང་ཚོགས་གཙོ་དང། ཕྱི་དྲིལ་འགན་འཛིན་གཉིས་དང་ལྷན་དུ་ཕེབས་བཀྲོལ་རྒྱུད་དེ་ཞོགས་པ་ཆུ་ཚོད ༡༠ ཐོག་ནེའུ་ཡོག་ནས་ Misichusi ཕྱོགས་སུ་ཐོན། ཉིན་རྒྱབ་ཆུ་ཚོད་ ༣།༥༠ ཐོག་ས་གནས་སུ་འབྱོར།
ཕྱི་ཟླ་ ༡༡ ཚེས་ ༤ ཉིན་New England གཏན་སྡོད་མདོ་ཁམས་མི་མང་རྒྱས་འཛོམས་ཀྱི་ཚོགས་འདུའི་ནང་བརྗོད་བྱ་གོང་མཚུངས་ San Francisco ཚོགས་འདུའི་ནང་ཞུས་པ་ལྟར་དང་། དྲི་བར་དྲིས་ལན་གྲུབ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྒྲིག་གཞི་དང་ལོ་རྒྱུས། དར་ཆ། གལ་ཆེའི་ཡིག་ཁག་བཅས་རྩིས་སྤྲད་ཞུས་པ་དང་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ།
ཕྱི་ཟླ་ ༡༡ ཚེས ༥ ཉིན་ཞོགས་པ་སྔ་ཙམ་ནས་ནེའུ་ཡོག་ཆུ་སྒང་ཚོགས་གཙོ་དང། ཕྱི་དྲིལ་འགན་འཛིན། ནེའུ་དབྱིན་ལན་ཌི་ཆུ་སྒང་དྲུང་ཆེ་སོགས་དང་ལྷན་དུ་Misichusi ནས་ཚོགས་གཙོ་བསོད་ནམས་བླ་མ་སོགས་ཀྱིས་ཕེབས་བསྐྱེལ་དང་བཅས་New York ཕྱོགས་སུ་ཐོན། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ New York ས་གནས་སུ་འབྱོར་བ་དང་བོད་གཞུང་དོན་གཅོད་ཁང་དུ་ཆུ་སྒང་རྒྱུན་ལས་དགུ་དང་ཕྲན་བཅས་སྐུ་ངོ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ལྷན་དུ་བཅར་རྒྱུའི་དུས་ཚོད་བཟོས་པ་ལྟར་མཇལ་འཕྲད་ཞུས། སྐབས་དེར་ཨ་རིའི་ས་གནས་ཁག་ཏུ་བོད་མིའི་དཀའ་ངལ་དང་། རང་དབང་དཔྱ་ཁྲལ་བསྡུ་འབུལ་བྱ་ཕྱོགས་དོན་ཁང་ནས་འགན་ཁུར་ཚད་ལྡན་མ་གནང་ཚེ་བསམ་ཚུལ་མི་མཐུན་པ་མང་པོ་ཡོད་གནས་ལ་དོན་གཅོད་ནས་ཐུགས་སྣང་དགོས་ལུགས་དང། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནད་དོན་དང་འབྲེལ་བའི་སྐོར་བཀའ་མོལ་སོགས་སྤྱི་པའི་བདེ་དོན་ཆེད་ནང་མོལ་ཞིབ་ལྷུག་ཞུས་པ་ལྟར་དོན་གཅོད་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་གནང་བཞིན་འདུག དགོང་མོ New York མདོ་ཁམས་ཆུ་སྒང་ཚོགས་པའི་རྒྱུན་ལས་གསར་རྙིང་ལྷན་འཛོམས་ཀྱི་རྒྱུན་ལས་ཚོགས་འདུ་རྒྱས་འཛོམས་གནང་སྟེ་དེའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་པའི་ལས་དོན་གྲུབ་འབྲས་དང་དཀའ་ངལ། ད་ལྟ་བྱེད་བཞིན་པ། མ་འོངས་བྱེད་འཆར་དང་ས་གནས་རྒྱུན་ལས་ཁག་གིས་ཕྱར་གྲུ་མཉམ་འདེགས་དགོས་པ་མ་ཟད་ཁྲིམས་ལུགས་ལྟར་དབུས་སའི་སྒྲིག་འཛུགས་རྣམས་བྱ་སྤུ་ནོན་གྱི་ཚུལ་དུ་གནས་དགོས་ཚུལ། ནེའུ་ཡོག་ཆུ་སྒང་ཚོགས་པའི་ལས་ཀྱི་སྣེ་མོ་བ་དང་དབུས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དབར་བར་ཁྱད་བཅས་དྭོགས་སེལ་དགོས་རིགས་དྲི་བར་དྲིས་ལན་གྱི་ལམ་ནས་བློ་ཡི་ངལ་བ་གསོ་བའི་གསོས་སུ་འབྱིན་ཐུབ་པ་དེ་འདྲ་གྱུར། དེ་བཞིན་New York ཆུ་སྒང་ཚོགས་པས་མ་འོངས་ས་གནས་སུ་ལས་དོན་བྱེད་ཕྱོགས་དགོངས་འཆར་གནང་བ་རྣམས་ནས་ནེའུ་ཡོག་ཏུ་གཏན་འཇགས་ལས་ཁང་དང་ཚོགས་ཁང་སྤུས་གཟིགས་དགོས་སྐོར་སོགས་ཡར་རྒྱས་ཀྱི་གོང་བུར་སྒྲུབ་རྒྱུར་ལམ་སྟོན་རོགས་འདེགས་ཞུ་བཞིན་པར་ང་ཚོའི་དགོངས་ཡུལ་དུ་འཇོག་དགོས་པ་ཞིག་ཡིན།
ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ནས་ Queens Palace ཚོགས་ཁང་ཆེན་མོའི་ནང་ New York ཏུ་གཏན་གཞི་བྱས་པའིི་ཁམས་རིགས་ཕོ་མོ་ཉིས་བརྒྱ་མ་ཟིན་ཙམ་རྒྱས་འཛོམས་ཐོག་བོད་བསྟན་པ་ཆབ་སྲིད་སྤྱི་དང། བྱེ་བྲག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ལས་རིམ་དང། ལས་འགུལ། ལས་འཆར་སོགས་ཀྱི་གཙོས་གོང་ཞུས་ San
Francisco རུ་ཞུས་པ་ལྟར་རྒྱས་འགྲེལ་དང་། དྲི་བར་དྲིས་ལན་གྱི་ལམ་ནས་སྐྱེ་བོ་བློ་དྭོགས་ཀྱིས་མནར་བ་རྣམས་ཡིད་ཀྱི་རྒུད་པ་ཞི་སྟེ་ངལ་གསོའི་ལམ་བཟང་རྙེད་པའི་གོ་སྐབས་བཟང་པོ་རུ་གྱུར། ཚོགས་འདུ་གྲུབ་རྗེས་ New York ཏུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ Wang Jin དང་ལྷན་དུ་ཆབ་སྲིད་ཀྱི་བགྲོ་གླེང་དང། ལས་དོན་ངོ་སྤྲོད། མ་འོངས་འབྲེལ་ལམ་བྱེད་ཕྱོགས་ནང་བསྡུར་གྲུབ་རྗེས་ཁོང་གི་ཆུ་སྒང་དཔོན་འཁོར་རྣམས་ལ་གསོལ་ཚིགས་འདེགས་འབུལ་གནང་བ་ལྟར་དགོང་ཟས་མཉམ་རོལ་ཞུས།
ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ Washington དུ་ New York ཆུ་སྒང་ཚོགས་གཙོ་དང། ཕྱི་དྲིལ་འགན་འཛིན། དེ་བཞིན་གསར་འགོད་པ་སྨར་ཁམས་བློ་བཟང་ཆོས་འཕེལ་དང་ལྷན་ཕེབས་བཀྲོལ་རྒྱུད་ཐོན་སོང་བ་ཡིན།
ཕྱི་ཟླ་ ༡༡ ཚེས་ ༩ ཉིན་སྔ་དྲོ་ནས་ཆར་ལོ་སི་ས་ཁུལ་དུ་ཡོད་པའི་ཁམས་རིགས་ཚོར་མཇལ་འཕྲད་དང། ཆུ་སྒང་ཚོགས་པའི་ལས་དོན་ངོ་སྤྲོད་དང་མ་འོངས་བྱེད་ཕྱོགས་སོགས་ལམ་སྟོན་ཞུ་ཐུབ་པ་བྱུང།
ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་Washington ཁུལ་དུ་ཡོད་པའི་ཁམས་རིགས་ཚོ་དང་ལྷན་དུ་ཚོགས་འདུ་བྱས་ཏེ་ཆུ་སྒང་རྒྱུན་ལས་གསར་འཛུགས་ཞུས་པ་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྒྲིག་གཞིའི་གཙོས་གསོལ་རས་བསྩལ་དགོས་རིགས་ཕུལ་བཞེས་མཛད།
ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་གྲོས་ཚོགས་གོང་འོག་མཇལ་འཕྲད་དང་། དེ་ནས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་དབུ་ཁྲིད་ལྕམ་རོ་བྷིན་ཡ་ཁ་ཌེ་དང་ལྷན་དུ་ཆུ་ཚོད་གཅིག་ཙམ་བོད་དོན་དང་ཡུ་གུར་གྱི་གནས་བབས་སོགས་བགྲོ་གླེང་གནང་བ་དང། ཁོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་རེ་བ་དང་ཡིད་ཆེས། མཛའ་འབྲེལ་ཆེན་པོ་ཡོད་པའི་གནད་དོན་སོགས་ནང་གནས་བགྲོ་གླེང་ཞིབ་རྒྱས་བྱུང་ཡོད།
ཕྱི་ཟླ་ ༡༡ ཚེས ༡༣ ཉིན་ཞོགས་པ་གནམ་གཤིས་ནི་གྲངས་ངར་ཆེ་ལ་ཁ་ཆར་དྲག་ཏུ་འབབ་བཞིན་འདུག ཕྱི་དྲོ་ Washington གནམ་ཐང་ Heagen བར་ཝ་ཤིང་ཀྲོན་ཆུ་སྒང་ཚོགས་གཞོན་དང་གསར་འགོད་པ་སྨར་ཁམས་བློ་བཟང་ཆོས་འཕེལ། New York ཆུ་སྒང་ཕྱི་དྲིལ་འགན་འཛིན་བཅས་ཀྱིས་ཕེབས་བསྐྱེལ་དང་བཅས་མཁའ་ཐོག་ནས་ Miwackee དང་། དེ་ནས་ Minnepolis གནམ་ཐང་དུ་མཚན་མོའི་ཆུ་ཚོད་ ༩།༡༠ ཐོག་འབྱོར་སྐབས་ Minnisota ཁམས་རིགས་མི་མང་གི་སྐུ་ཚབ་སྡེ་དགེ་ཁམས་ཕྲུག་གིས་ཕེབས་བསུའི་གདན་ཞུས་གནང་བ་ལྟར་དགོང་མོ་ཁམས་ཕྲུག་ནང་དུ་བསྡད།
ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་སྔ་དྲོ་ཁམས་རིགས་གཞོན་ནུ་ཕོ་མོ་མང་པོ་ཟུར་བཅར་གནང་སྟེ་ཕྱི་ནང་ཁོར་མོ་ཡུག་དང་བོད་མིའི་བདེ་སྡུག་གནས་སྟངས་གང་གསུང་རྣམས་ཉན་པ་ཡིན། ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ Minnisota བོད་རིགས་འཐུས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་གདན་ཞུས་ལྟར་ཆོལ་གསུམ་མི་མང་ ༢༠༠ ལྷག་ཙམ་ལ་བོད་མིའི་ལས་འགན་དང། མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་ཀྱི་གནད་དོན་དང་ལས་དོན་བྱེད་ཕྱོགས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཆབ་སྲིད་ཀྱི་གནས་བབས་དང། ལས་དོན་བྱེད་ཕྱོགས། ད་ལྟའི་ཆུ་སྒང་གི་ངོ་བོ་དང་གནས་བབས་བཅས་ཞིབ་ཕྲ་ཞུས་རྗེས་དུས་ཚོད་མང་ཆེ་བ་དྲི་བ་དྲིས་ལན་བྱས་ན་དགེ་ཕན་ཆེ་བར་སེམས་ཏེ་གོ་སྐབས་ཕུལ་བ་ལྟར་མཚན་མོ་ཆུ་ཚོད་ ༨།༣༠ བར་བགྲོ་གླེང་ལན་འདེབས་གསལ་བཤད་ཞུས། ཐོག་མར་ཚོགས་འདུའི་ངོ་སྤྲོད་སྐབས་བོད་རིགས་འཐུས་ཚོགས་ཀྱི་ཚོགས་གཙོ་ཟུར་པས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོའི་ངོ་སྤྲོད་དང་སྦྲགས་གཏམ་བཤད་གནང་བ་དང། དེ་ནས་བོད་རིགས་འཐུས་ཚོགས་ཀྱི་ཚོགས་གཙོ་ལས་ཐོག་པས་མི་ནིས་སོ་ཀྲ་བོད་རིགས་འཐུས་ཚོགས་ཀྱི་ལས་བསྡོམས་དང་ས་གནས་ཀྱི་གནས་བབས་ངོ་སྤྲོད་གནང་ཡོད། ཚོགས་འདུའི་གཙོ་སྐྱོང་པ་བོད་རིགས་འཐུས་ཚོགས་ཀྱི་དྲུང་ཆེས་འགན་ཁུར་གནང་སྟེ་ཚོགས་འདུ་གྲ་རྒྱས་ཕུན་སུམ་ཚོགས་པ་དེ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
ཕྱི་ཟླ ༡༡ ཚེས་ ༡༥ ཉིན་རྒྱབ་ཆུ་ཚོད་ ༢ པ་ཙམ་ནས་ཁམས་པའི་མི་མང་བརྒྱ་ཕྲག་མ་ཟིན་ཙམ་འདུ་འཛོམས་གནང་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲིད་ཀྱི་བྱ་བ་སྤྱི་དང་། བྱེ་བྲག་ལོ་རྒྱུས་བྱུང་རིམ་ནང་བདེ་སྡུག་འཕར་འབུར་ཇི་བྱུང་། དེ་བཞིན་ད་ལྟའི་ཆུ་སྒང་ཚོགས་པའི་འཛིན་སྐྱོང་གི་གནས་བབས་བཅས་ངོ་སྤྲོད་ཞུས་གྲུབ་རྗེས་དྲི་བ་དྲིས་ལན་དང། དེ་བཞིན་དགའ་དད་སྤྲོ་གསུམ་གྱི་ཉིན་འཁྱོངས་འདས་པར་གྱུར། མི་མང་ཚོའི་སེམས་ཤུགས་དང་ལྷག་བསམ་ནི་གངས་རི་ལས་དཀར་བ་དང་རྒྱ་མཚོ་ལས་གཏིང་ཟབ་པ་ཡོད་སྟབས་མ་འོངས་བསྟན་སྲིད་སླར་གསོའི་ཆེད་བསྟན་སྲུང་དང་བླངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཡན་ལག་ཞིག་གསར་འཛུགས་ཞུ་རྒྱུའི་གཏན་འབེབས་གནང་ཡོད་པ་མ་ཟད། ལས་དོན་མུ་མཐུད་མཇུག་སྐྱོང་རྒྱུན་འཁྱོངས་བྱ་རྒྱུའི་གཏན་ཁེལ་ཞུ་ཐུབ་པ་བྱུང་ཡོད། སྐབས་འདིའི་ཨ་རིར་གཞུང་དོན་ཕྱོགས་བསྐྱོད་ལམ་ལྷོང་གྲུབ་འབྲས་སོན་པ་བྱུང་སྟེ་ཕྱི་ཉིན་མཁའ་ལམ་ནས་ཨ་རི་མངའ་སྡེ་ཁོ་ལར་ར་ཌོར་ཕེབས་ཡོད་པ་དང་། དེ་ནས་ཟླ་དེའི་ཚེས་ ༢༠ ཉིན་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁ་དགེ་བཀྲ་ཤིས་ཀྱི་ངང་ནང་ཕྱིར་ཕེབས་གནང་ཡོད་པ་རེད། ད་རེས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཨ་རིའི་རྒྱལ་ཁབ་ཀྱི་མངའ་སྡེ་ཁག་དྲུག་ཏུ་འཚམས་འདྲིའི་གཟིགས་སྐོར་ཞུས་སྐབས་ཁམས་རིགས་མི་མང་གཙོས་པའི་འབྲེལ་ཡོད་སེར་སྐྱ་ཚང་མས་ཡིད་སྨོན་དང། རྒྱབ་སྐྱོར་ཚད་མཐོ་པོའི་ཐོག་ཕེབས་བསུ་དང་གོ་སྒྲིག ཉན་འཇོག དེ་བཞིན་ New York གཙོས་པའི་ས་གནས་ཆུ་སྒང་སྒྲིག་འཛུགས་ཁག་གི་ལས་དོན་ཚགས་ཚུད་གོ་སྒྲིག་གནང་བ་ལ་བརྟེན་ནས་དབུས་སའི་དབུ་ཁྲིད་རྣམ་པ་དང། འགོ་མང་དབར་སྔར་ལྷག་འབྲེལ་ལམ་བཟང་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། དེ་མཚུངས་ཁམས་རིགས་ལྷག་བསམ་གཏོང་ཕོད་ཅན་དེ་དག་གི་རམ་འདེགས་དང་མི་མང་གི་རི་བོ་ལྟ་བུའི་རྒྱབ་གཉེར་ཆེན་པོ་ཡོད་སྟབས་ང་ཚོ་ལས་ཀྱི་སྣེ་མོ་བ་ཚོའི་སེམས་ཤུགས་འཕར་མ་ཞིག་སྐྱེ་བའི་རྒྱུ་རྐྱེན་བཟང་པོ་རུ་གྱུར་ཡོད། སླད་ཕྱིན་ང་ཚོ་ལས་ཀྱི་སྣེ་མོ་བ་ཚོས་ལས་དོན་ཚགས་ཚུད་གནང་ཐུབ་པ་བྱུང་ཚེ་ང་ཚོར་མི་མང་གི་རྒྱབ་སྐྱོར་ལ་དུས་ནམ་ཡང་འགྱུར་བ་མེད་ངེས་ཡིན།
༢། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་ཤས་རིང་རྡ་ས་ས་གནས་མདོ་ཁམས་ཆུ་སྒང་ཚོགས་པའི་རྒྱུན་ལས་ཀྱི་ཡན་ལག་ཆུ་སྒང་ཟློས་གར་ཚོགས་པའི་འཁྲབ་སྟོན་གཟིགས་འབུལ་དང་ཐུགས་སྤྲོའི་འདུ་འཛོམས་སར་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་སྐུ་མགྲོན་གཙོ་བོ་གདན་ཞུས་གནང་བ་ལྟར་མདོ་ཁམས་སེར་སྐྱ་སྟོང་ཕྲག་ལྷག་འདུ་འཛོམས་སར་ཆུ་སྒང་ཚོགས་པའི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནས་སྟངས་འཕར་འབུར་ཇི་བྱུང་དང། ད་ལྟའི་གནས་བབས་དང་ལས་དོན་བྱེད་ཕྱོགས། མ་འོངས་བྱེད་འཆར་བཅས་གཏམ་བཤད་དོན་ཕན་ལྡན་པ་ཞུས་པ་དང་དེ་གའི་ཚོགས་པའི་དཔལ་འབྱོར་གྱི་གནས་བབས་ལ་བལྟས་ཏེ་སྔ་འཕྲོས་སྒོར་ ༥༠༠༠༠། གསོལ་བསྩལ་ཞུས་ཡོད་པ་དང་། དེ་བཞིན་མདོ་ཁམས་ཆུ་སྒང་ཚོགས་པའི་ཟློས་གར་ཁང་གི་འཁྲབ་ཆས་རྣམས་རྡ་ས་ས་གནས་རྒྱུན་ལས་ལ་རྩིས་སྤྲད་དེ་རྡ་སའི་ས་རྒྱུན་ཡན་ལག་ཟློས་གར་ཚོགས་པའི་བེད་སྤྱོད་གཏོང་ཆོག་པ་བཟོས་ཡོད། མ་འོངས་ཟློས་གར་ཚོགས་པ་འདི་བཞིན་མིང་དོན་མཚུངས་པ་ཞིག་ཡོང་ཆེད་ཕྱོགས་ཡོངས་ནས་མཐུན་སྦྱོང་དང་རྒྱབ་སྐྱོར་ལམ་སྟོན་ཁ་གསལ་ཞིག་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། ང་ཚོ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཟློས་གར་ཚོགས་པའི་མ་འཛུགས་ཕྱི་རྒྱལ་རོགས་ཚོགས་ཞིག་ནས་རོགས་དངུལ་ཞུ་རྒྱུའི་འཆར་གཞི་ཡོད་པ་དེའི་ཐད་བསམ་ཞིབ་ཞུ་བཞིན་ཡོད།
༣། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡ ཚེས་ ༡༠ ནས་ ༡༤ བར་ཚོགས་གཙོ་མཆོག་ཨོ་རིས་ས་ཕུན་ཚོགས་གླིང་དུ་མདོ་ཁམས་ཆུ་སྒང་ཚོགས་པའི་མཚན་ཐོག་ནས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གདན་ཞུས་གནང་བ་ལྟར་ཆེད་བཅར་ཞུ་ཐུབ་པ་བྱུང་ཡོད་པ་དང། སྐྱབས་རྗེ་རྣམ་པ་དང་གནད་ཡོད་མི་སྣ་གང་མང་མཇལ་འཕྲད་ཞུས་ཡོད། དེ་བཞིན་སྐྱབས་རྗེ་ཆགས་མེད་རིན་པོ་ཆེའི་གདན་ས་དང། བདུད་འཇོམས་རིན་པོ་ཆེའི་གདན་ས་བཅས་སུ་ངོ་བཅར་ཞུས་ཡོད་པའི་གནས་ཚུལ་རྒྱས་པ་ཆུ་སྒང་དྲྭ་རྒྱའི་ནང་དུ་གསལ་ཡོད།
༤། མདོ་ཁམས་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་དང། མི་ལོ་ ༥༠ རིང་གི་ཆུ་སྒང་ལོ་རྒྱུས་ཕྱོགས་བསྡུས་གཉིས་དཔལ་འབྱོར་གྱི་དཀའ་ངལ་ཇི་ལྟར་འཕྲད་ཀྱང་འགན་ལྷན་ཐེངས་ ༣༩ པའི་ཚོགས་ཆེན་ཐོག་ཐག་བཅད་གནང་བ་ལྟར་དཔར་བསྐྲུན་ཞུ་ཐུབ་པ་བྱུང་ཡོད། དེ་ཡང་ང་ཚོ་དབུས་རྒྱུན་ལས་ཚོའི་ངོས་ནས་འདས་པའི་ཆུ་སྒང་དཔའ་བོ་ཕོ་མོའི་མཚན་སྙན་དང་གཟེངས་སུ་ཐོན་པའི་བྱས་རྗེས་ལྟ་བུའི་གྲུབ་འབྲས་ནུས་ཤུགས་ལྡན་པ་ཐོན་མིན་ཇི་ལྟར་ཡང་། དམའ་མཐའ་ས་ནས་ཁོང་རྣམ་པ་ཕྱི་མའི་ལམ་དུ་ཕེབས་རྗེས་ཁོང་རྣམ་པའི་བྱས་རྗེས་དང་དཀའ་ལས་རྒྱབ་པའི་ལོ་རྒྱུས་ཀྱང་ཕྱི་མའི་ལམ་དུ་མི་འགྲོ་བར་འཛམ་གླིང་གོ་ལ་ཧྲིལ་པོ་འདིའི་སྒང་དུ་གསོན་པོར་གནས་ཐབས་ཡིག་ཐོག་ཏུ་འཇོག་རྒྱུ་ནི་ང་ཚོ་ཕྱི་རབས་རྗེས་འཛིན་ཚོའི་ལས་འགན་དུ་སེམས་ཏེ་རྩོམ་སྒྲིག་དང་དཔར་བསྐྲུན་ཞུས་པ་ཡིན། འདིའི་ཐད་ད་དུང་མ་འོངས་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་ ༣ ་པ་དང་ ༤ པ་དཔར་བསྐྲུན་བྱ་ཆོག་ང་ཚོའི་ཀམ་པུ་ཀྲར་ནང་བཅུགས་ཟིན་ནའང་། བར་སྐབས་མི་ལོ་ ༥༠ རིང་གི་ཆུ་སྒང་ལོ་རྒྱུས་ཕྱོགས་བསྡུས་དཔར་བསྐྲུན་གྲ་སྒྲིག་ཆ་ཚང་ཟིན་རྗེས་དངོས་ཤུགས་བརྒྱུད་གསུམ་ནས་དཔར་འགྲེམས་བྱ་རྒྱུར་འགོག་རྐྱེན་དང། དེ་བཞིན་སྤྱི་ཟུར་འཆིི་མེད་རྡོ་རྗེ་བརྒྱུད་ནས་ད་ཕྱིན་ཆུ་སྒང་ཚོགས་པའི་ལོ་རྒྱུས་དེབ་ཕྲེང་རྩ་བ་ནས་མི་འདོན་རོགས། རྙོག་གླེང་རིགས་མ་གཏོགས་ཐོན་རྒྱུ་མི་འདུག་ཅེས་གསུང་ཆ་བསྐུར་གནང་འདུག གསུང་ཆ་བསྐུར་མཁན་ཁོང་ནི་ཆུ་སྒང་ཚོགས་པར་ལྷག་བསམ་དང་ཞེན་པ་གདེང་ནས་ཡོད་པ་ཞིག་གི་དགོངས་འཆར་འདི་ལྟར་གསུང་པ་ཡིན་སྟབས་ལོ་རྒྱུས་དེབ་ཕྲེང་ ༣ པ་དང་ ༤ པ་དཔར་བསྐྲུན་དགོས་མིན་ལམ་སྟོན་ཁ་གསལ་ཡོང་བ་ཞུ་རྒྱུ་ཡིན། ད་བར་ས་གནས་རྒྱུན་ལས་ཁག་ཏུ་དཔར་བསྐྲུན་ཟིན་པའི་ཆུ་སྒང་ལོ་རྒྱུས་དེབ་ཐེར་ཁག་ཚོང་འགྲེམས་ཆེད་ས་གནས་སོ་སོར་མི་རྒྱུད་ནས་བསྐུར་ཡོད་པས་བྱུང་དངུལ་ས་གནས་སོ་སོ་ནས་དབུས་རྒྱུན་ལས་ཁང་དུ་ཕུལ་འབྱོར་ཐུབ་པ་དགོས་རྒྱུའི་བཀོད་མངགས་ཡིག་ཐོག་ནས་ཞུས་ཀྱང་ཚོང་བསྒྱུར་ཟིན་ཡོད་མེད་དང། ད་དུང་ལོ་རྒྱུས་དེབ་ཕྲེང་ཁག་ས་གནས་སུ་འཕར་མ་བསྐུར་གཏོང་དགོས་མིན་གྱི་གནས་ལན་འཕྲོད་འབྱོར་མ་བྱུང་བས་དེའི་ཐད་བྱུང་སོང་ལྷག་བསྡད་ཇི་ཡིན་འགན་ལྷན་ཚོགས་ཆེན་འདིའི་ཐོག་ས་གནས་སོ་སོས་གཙང་མ་བཟོ་དགོས་འདུག
༨། མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་མཇུག་སྡོམ་མཛད་སྒོ།
༡། ཕྱི་ལོ་ ༢༠༠༩ ཟླ ༦ ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་མཇུག་སྡོམ་མཛད་སྒོ་ཟབ་རྒྱས་ཤིག་རྒྱལ་ས་ལྡི་ལི་རུ་བསྐོང་འཚོགས་ཞུ་ཐུབ་པ་བྱུང་ཡོད། དེ་ཡང་གོ་སྒྲིག་ཚོགས་ཆུང་གི་འཆར་གཞི་ལྟར་སྐུ་མགྲོན་གཙོ་བོ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་ཟུར་བྱ་དུར་བཟང་པོ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་ཟུར་སྐུ་ངོ་ཀརྨ་ཆོས་འཕེལ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ། གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ། བོད་མི་མང་མདོ་སྟོད་སྤྱི་འཐུས་རྣམ་པ། དགོན་སྡེ་གྲྭ་ཚང་ཁག་གི་སྐུ་ཚབ། མདོ་ཁམས་ཆུ་སྒང་དབུས་རྒྱུན་ཟུར་རྣམ་པ། བསམ་ཡས་གླིང་ས་གནས་འགོ་འཛིན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཟུར་རྣམ་པ། ས་གནས་ཁག་ནས་ཕེབས་པའི་ཆུ་སྒང་ས་གནས་རྒྱུན་ཟུར་རྣམ་པ། བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་རྣམ་པ། ས་གནས་རང་བདེན་ཚོགས་འཐུས། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ། ཟ་མགྲོན་ཚོང་གསུམ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། གཞན་ཡང་བསམ་ཡས་གླིང་དུ་བཞུགས་པའི་ཁམས་རིགས་སེར་སྐྱ་བརྒྱ་ཕྲག་མང་པོ་འདུ་འཛོམས་གནང་སྟེ་མི་སྨོན་རང་སྐྱིད་དང་བསྟན་སྲིད་ཀྱི་བྱ་བ་གཞོལ་དགོས་པའི་ལྷག་བསམ་དང་སེམས་ཤུགས་འཕེལ་བའི་རྒྱུ་རྐྱེན་བཟང་པོ་རུ་གྱུར་ཡོད། སྐབས་དེའི་མཛད་སྒོའི་ཐོག་ཆུ་སྒང་དམག་ཟུར་བརྒྱ་ཕྲག་ལས་བརྒལ་བ་དང་། ས་གནས་རྒྱུན་ཟུར་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་ཕུལ་ཡོད། དེ་བཞིན་ཆུ་སྒང་ ༥༠ དྲན་རྟེན་སློབ་ཡོན་རྒྱན་འདོན་གནང་བ་དང་། མི་ལོ་ ༥༠ འཁོར་བའི་དུས་དྲན་གྱི་ལས་རིམ་དྲིལ་བསྒྲགས་ཆེད་རྒྱན་ཤོག་ས་གནས་ཁག་སོ་སོས་ཚོང་འགྲེམས་གནང་བ་ལྟར་རྒྱན་ཤོག་དཀྲུགས་འདོན་བྱས་པ། ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་དབུ་འབྱེད་གནང་བ་བཅས་རྒྱ་ཁྱབ་གསར་འགྱུར་རྒྱུད་ལམ་ནས་མཁྱེན་རྟོགས་ཐུབ་པ་བྱུང་ཡོད། ད་དུང་ཡང་མ་འོངས་མུ་མཐུད་དེ་ཆུ་སྒང་དབུས་རྒྱུན་ཟུར་རྣམ་པ་དང་། བསྟན་སྲུང་དང་བླངས་དམག་ཟུར། མདོ་ཁམས་ཆུ་སྒང་ས་གནས་རྒྱུན་ཟུར་ཕྱག་འཁྱེར་མ་རགས་པའི་རིགས་ལ་ང་ཚོས་ངེས་པར་དུ་འབུལ་རྒྱུ་ཡིན་པས་ས་གནས་རྒྱུན་ལས་ཁག་སོ་སོས་འགན་ཁུར་གནང་སྟེ་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་སླར་ཡང་དཔར་དང་ལོ་རྒྱུས་བསྡུ་རུབ་གནང་སྟེ་གང་མགྱོགས་གནང་ཐུབ་པ་གནང་སྐྱོང་ཡོང་བ་ཞུ། ༢། ས་གནས་རྒྱུན་ལས་སོ་སོར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་བསྲུང་བརྩིའི་ལས་རིམ་ནང་ཆུ་སྒང་ ༥༠ རྟགས་ཅན་གྱི་སྟོད་གོས་ས་གནས་ཁག་སོ་སོར་དྲིལ་བསྒྲགས་དང་ཚོང་འགྲེམས་ཆེད་ཆ་བགོས་གནང་བ་ལྟར་ས་གནས་འགའ་ཞིག་ནས་ཆ་ཚང་ཚོང་བསྒྱུར་གནང་སྟེ་ཚོང་རིན་ཕུལ་འབྱོར་བྱུང་བ་དང། འགའ་ཞིག་ཚོང་བསྒྱུར་ཇི་ལྟར་ཟིན་མིན་གྱི་ལན་ཙམ་མ་བྱུང་། གང་ལྟར་ས་གནས་སོ་སོར་བརྡ་ཁྱབ་བཏང་བ་ལྟར་སྟོད་གོས་བཏང་ཡོང་ལྷག་བསྡད་འགན་ལྷན་ཚོགས་ཆེན་འདིའི་སྐབས་རྩིས་གཙང་བཟོ་རྒྱུ་བཟོས་ཡོད། དེ་བཞིན་དབུས་སུ་ལྷག་འཕྲོས་ཇི་ཡོད་དང་ས་གནས་སུ་ལྷག་འཕྲོས་ཇི་ཡོད་རྩིས་གསལ་བྱས་ཏེ་ལྷག་ཡོད་རྣམས་རིན་མེད་བགོ་འགྲེམས་བྱ་རྒྱུའི་ཐག་བཅད་གནང་ཡོད་པས་དེ་དོན་ཚང་མའི་ད་ལན་ཚོགས་ཆེན་འདི་ཐོག་ནས་རྩིས་བཞེས་མ་གནང་ཚེ་རྗེས་སུ་ཐོབ་སྐལ་རགས་རྒྱུ་མེད་པ་མཁྱེན་རྟོགས་ཡོད་པ་ཞུ་རྒྱུ་ཡིན།
༩།ཁྲི་སྟོན་མཛད་སྒོ་དང་ཐུགས་གསོའི་ཆེད་དུ་ཆེད་བཅར་ཞུས་པ།
༡། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ཚེས ༡ ཉིན་ཞྭ་སེར་བསྟན་པའི་གཙུགས་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་སྐྱབས་རྗེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཆེན་མོ་གནང་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྐུ་ཚབ་དངུལ་གཉེར་སྐྱུར་ར་དཔའ་རྡོ་དང་། ལས་བྱེད་བསྟན་འཛིན་སྙན་གྲགས་གཉིས་ཆེད་བཅར་གྱིས་རིན་པོ་ཆེ་མཆོག་ལ་མན་དལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུ་རྒྱུའི་ཟད་པ་མེད་པའི་བསོད་ནམས་ཆེན་པོ་བསགས་ཐུབ་པ་བྱུང་ཡོད་པ་མ་ཟད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་གནས་དང་རིན་པོ་ཆེ་མཆོག་ད་བར་མདོ་ཁམས་ཆུ་སྒང་ཚོགས་པར་བཀའ་དྲིན་བླ་ན་མེད་པ་ཆེ་བ་དང་། རིན་པོ་ཆེ་མཆོག་ནས་ཀྱང་མདོ་ཁམས་ཤི་གསོན་གཉིས་དུས་ནམ་ཡང་སྐྱབས་འོག་ནས་མི་འདོར་བའི་ཞལ་བཞེས་བཟང་པོ་བསྩལ་གནང་མཛད་ཡོད།༢། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་ཨ་རི་གསང་ལས་འཇབ་དམག དབུས་རྒྱུན་ཟུར་པ་གཅུང་པ་བསྟན་པ་དབང་རྒྱལ་མཆོག་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ཚེས ༥ ཉིན་ཕྱི་མའི་ལྔ་ལམ་དུ་གྱུར་ཏེ་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དངུལ་གཉེར་སྐྱུར་ར་དཔའ་རྡོ་དང་། ལས་བྱེད་བསྟན་འཛིན་སྙན་གྲགས་གཉིས་དམ་པ་ཁོང་གི་བཞུགས་གནས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་མཆོད་འབུལ་དང་ཁོང་གི་ནང་མི་ཤུལ་ལུས་རྣམས་ལ་ཐུགས་གསོའི་ཆེད་མདོ་ཁམས་མི་མང་གི་སྐུ་ཚབ་ཏུ་ཁོང་རྣམ་པ་གཉིས་ཆེད་བཅར་ཞུ་ཐུབ་པ་བྱུང་ཡོད།
༡༠། ས་གནས་རྒྱུན་ལས་གསར་འཛུགས་དང་གཏན་ཁེལ་བ།
༡༽མདོ་ཁམས་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་མཆོག་དང་། ནེའུ་ཡོག་ཆུ་སྒང་ཚོགས་གཙོ། རྒྱུན་ལས་ཆོས་འཕེལ་བཅས་སན་ཕ་རན་སི་སི་ཀོ་རུ་ཕྱིན་ཏེ་ས་གནས་མདོ་ཁམས་མི་མང་གི་སེམས་ཤུགས་དང་རེ་གནས་ལྟར་ཚོགས་ཆེན་དང་ལྷན་དུ་མི་མང་འོས་བསྡུའི་ལམ་ནས་སྐབས་དང་པོའི་ཆུ་སྒང་ས་རྒྱུན་གཏན་ཁེལ་ཞུ་ཐུབ་པ་བྱུང་ཡོད།༢༽ཨ་རི་རྒྱལ་ས་ཝ་ཤིང་ཀྲོན་དུ་བཞུགས་པའི་མདོ་ཁམས་མི་མང་གི་རེ་བ་དང་སེམས་ཤུགས་ལ་བརྟེན་ནས་མདོ་ཁམས་ཆུ་སྒང་ཚོགས་པའི་རྒྱུན་ལས་གསར་དུ་འདེམས་བསྐོ་ཞུ་ཐུབ་པ་བྱུང་ཡོད།
༡༡། རྒྱ་གར་དབུས་གཞུང་དང་ས་གཞུང་ལ་འབྲེལ་བ།
༡། བོད་བསྟན་སྲིད་དང་བོད་དོན་བདེན་མཐའ་གསལ་ཆེད་རྒྱ་གར་ཕྱི་སྲིད་དང་། ནང་སྲིད་སོ་སོར་སྐབས་དུས་སུ་འབྲེལ་ལམ་ཞུ་བཞིན་པ་དང་། ས་གནས་འབྲེལ་ཡོད་དཔོན་རིགས་ཚོར་དེ་མཚུངས་འབྲེལ་ལམ་སྔར་ལྷག་གི་ད་བར་བོད་མི་སྤྱི་དང་། བྱེ་བྲག་ཏུ་ཆུ་སྒང་ཚོགས་པར་རྒྱབ་སྐྱོར་དང་རོགས་འདེགས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་ཡིན།༢། དེ་བཞིན་ས་གནས་ལྡི་ལིའི་འབྲེལ་ཡོད་དཔོན་རིགས་ཁག་ལ་སྔར་རྒྱུན་བཞིན་ལོ་གསར་གྱི་འཚམས་འདྲི་དང་བཅས་ཏེ་འདེགས་འབུལ་ཞུས་ཡོད།
༣། མ་ཇོན་ཊི་ལར་གཏན་བཞུགས་གནང་བའི་ཁམས་རིགས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཁམས་རིགས་མི་མང་ལ་ས་གནས་སྐོར་བསྲུང་བའི་བཀག་ཉར་གྱི་དཀའ་ངལ་འཕྲད་པའི་བདེ་སྡུག་ཞུས་རིགས་ལ་ང་ཚོས་རོགས་འདེགས་གང་ཐུབ་ཀྱིས་དཀའ་སེལ་ཚད་ལྡན་ཞུ་ཐུབ་པ་བྱུང་ཡོད།
༤། ཉེ་ཆར་ས་གནས་ལྡི་ལིར་ཁམས་རིགས་ནང་ཁུལ་རྐྱེན་དབང་གིས་མི་བསད་ཁྲག་སྦྱོར་གྱི་བྱུས་ཉེས་ཤོར་འདུག་པར་ཕྱོགས་གཉིས་ཀར་གོ་བསྐོན་སློབ་གསོ་དང་འབྲེལ་ཞེ་འཁོན་གཏིང་བཟུང་གིས་མ་འོངས་ལས་ངན་འདི་རིགས་མུ་མཐུད་དེ་མི་ཡོང་བའི་བར་འདུམ་དང་ཐག་བཅད་དོན་ཕན་ལྡན་པ་ཞིག་ཞུ་ཐུབ་པ་བྱུང་ཡོད།
༥། དུས་རྒྱུན་དུ་མ་ཇོན་ཊི་ལའི་རྒྱབ་ངོས་ཚང་མ་བཙོག་ཆུའི་འབག་བཙོག་དྲི་ངན་གྱི་ཁེངས་ཏེ་གང་ཡོད་པ་འདི་ལྟར་མིན་པ་ཁོར་ཡུག་གཙང་མ་ཡོང་བར་དམིགས་ཏེ་ས་གནས་རྒྱ་གར་གཞུང་གི་གྲོས་ཚོགས་འཐུས་མིར་མཐུན་སྦྱོར་ཡོང་ཐབས་ཞུས་པ་ལྟར་མི་རིང་བར་ཟླ་ཤས་རྗེས་འབག་བཙོག་འདི་རིགས་ཆུ་ལམ་གཅིག་གི་བརྒྱུད་གཙང་སེལ་བཟོ་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་ཐོབ་ཡོད།
༦། ཞོར་འཕྲོས་སུ་ཞུ་རྒྱུར། བོད་པའི་ཕྱོགས་པ་དང་སྐྱིད་སྡུག དེ་བཞིན་རྒྱ་གར་ཡུལ་མིས་རོགས་འདེགས་ཞུས་རིགས་ལ་ང་ཚོས་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་དང་ཞལ་འདེབས་འབུལ་ཐུབ་པ་བྱུང་ཡོད།
༧། འདི་ལྟ་བུའི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སྣ་ཚོགས་ཀྱི་ནུས་པས་ང་ཚོའི་ལས་ཁང་དང་། ང་ཚོའི་མི་མང་གི་རེ་བ་དང་ཡིད་ཆེས། རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་མ་ཟད་ཚད་མཐོའི་གདེངས་འཇོག་དང་བསྔགས་འོས་ཀྱི་འབྲེལ་ལམ་ཆེ་རུ་ཕྱིན་ཡོད།
༡༢། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕེབས་པའི་ཕྱི་ནང་སྐུ་མགྲོན་ཁག་སྣེ་ལེན།
༡༽མདོ་སྟོད་ཆེས་མཐོའི་དཔོན་རིགས་དུ་མ་ཞིག་དང་གནད་ཡོད་མི་སྣ་གང་མང་ཞིག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཆེད་ཕེབས་གནང་བར་སྣེ་ལེན་ཚད་ལྡན་དང་སོ་སོའི་ཚོགས་པའི་ངོ་སྤྲོད་དགོས་རིགས་ལ་ངོ་སྤྲོད། ད་ལྟའི་ཆུ་སྒང་ཚོགས་པའི་གནས་བབས་ཆ་ཚང་ཞུ་ཐུབ་པ་བྱུང་ཡོད།༢༽རྒྱ་གར་གཞུང་གི་དཔོན་རིགས་སྣེ་མང་ཞིག་ལས་ཁུངས་སུ་གཟིགས་སྐོར་ཕེབས་པར་དགའ་བསུའི་སྣེ་ལེན་དང་། འབྲེལ་ལམ་མུ་འཐུད་དེ་ཚད་ལྡན་ཞུ་ཐུབ་པ་བྱུང་ཡོད།
༣༽ཆོལ་ཁ་གཞན་གཉིས་ཀྱི་བོད་མི་མང་སྤྱི་འཐུས་ཁག་གཅིག་དང་། རང་གཞུང་གི་ལས་བྱེད་མཐོ་རིམ་དང་དམའ་རིམ་དུ་མ་ཞིག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་གཟིགས་སྐོར་ཕེབས་པར་སྣེ་ལེན་དང་ཚོགས་པའི་གནས་བབས་ངོ་སྤྲོད་ཚད་དང་ལྡན་པ་ཞུས་ཡོད། ཚོགས་པའི་གནས་བབས་ཤེས་རྟོགས་བྱུང་རྗེས་ཚང་མས་རྗེས་སུ་ཡིད་རངས་དང་དགའ་བསུ་ཞུ་བཞིན་འདུག
༤༽ཐ་ན་རྒྱབ་གཉེར་དང་མཐུན་སྦྱོར་རོགས་རམ་ཞུ་མཁན་ཡོངས་ལ་སྣེ་ལེན་ཚད་ལྡན་ཞུས་པ་ཙམ་མ་ཟད། ལས་ཁུངས་ནང་དུ་སྐུ་མགྲོན་སུ་འདྲ་ཞིག་ཕེབས་པ་ཡིན་ན་ཕྱིར་ཕེབས་གནང་སྐབས་ལས་ཁང་དང་ལས་བྱེད། དེ་བཞིན་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་ཡིད་སྨོན་དང་དགའ་སྤོབས་ཆེན་པོས་བསྟོད་བསྔགས་ཀྱི་རང་བཞིན་དུ་རང་གནས་སུ་ཕེབས་བཞིན་འདུག
༡༣། ས་གནས་རྒྱུན་ལས་ཁག་སོ་སོར་འབྲེལ་བ་དང་རོགས་རམ།
༡༽མདོ་ཁམས་ཆུ་སྒང་ཚོགས་པའི་འགན་ལྷན་ཐེངས་ ༣༩ ཐོག་བཀའ་ཁྲོལ་བརྩལ་བའི་ཛ་དྲག་དཀའ་སེལ་རོགས་དངུལ་ཡོད་པ་ལྟར། ས་གནས་ཆེ་ཁག་ལྔ་ལ་སྒོར་ ༡༥༠༠༠ རེ་དང། སྒྲིག་འཛུགས་ཚད་ལྡན་ཡོད་པའི་ས་གནས་ཆུང་ཁག་ཡོངས་ལ་སྒོར་ ༡༠༠༠༠ རེ་རོགས་རམ་ཞུས་ཡོད་པ་ས་གནས་སོ་སོའི་རྒྱུན་ལས་ཀྱི་ལས་བསྡོམས་དང། རྩིས་ཁྲའི་ནང་ཁ་གསལ་འཁོད་ངེས་སུ་ལགས། དེ་བཞིན་ཛ་དྲྭག་གི་དཀའ་སེལ་དགོས་རིགས་ཁག་གཅིག་ལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཞལ་འདེབས་སྒྲིག་དོན་དང་གྲོས་ཆོད་གཞིར་བཟུང་ཕུལ་ཐུབ་པ་བྱུང་ཡོད། འོན་ཀྱང་འདི་ལོར་ས་གནས་སོ་སོར་རོགས་དངུལ་ཆ་བགོས་གནང་མི་དགོས་པར་སྔ་ལོའི་རོགས་དངུལ་གྱི་ས་གནས་སོ་སོའི་མི་མང་གི་བདེ་སྡུག་དཀའ་སེལ་ཐད་དགེ་ཕན་ཇི་ལྟར་བྱུང་མིན་ལ་གཟིགས་ཏེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཐག་གཅོད་གནང་རྒྱུ་ཡིན། ༢༽མདོ་ཁམས་ཆུ་སྒང་ཚོགས་པའི་འགན་ལྷན་ཐེངས་ ༣༩ པའི་ཐོག་གཏན་ལ་དབབ་པའི་གྲོས་ཆོད་ཁག་ས་གནས་སོ་སོར་ཕྱག་རྒྱུད་དང་སྦྲགས་རྒྱུད་ནས་ཚང་མར་འཕྲོད་འབྱོར་ཐུབ་པ་ཞུས་ཡོད། དེ་མཚུངས་ས་གནས་རྒྱུན་ལས་སོ་སོར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསལ་བསྒྲགས་གཙོས་ཡིག་འབྲེལ་དུས་དང་རྣམ་པ་ཀུན་ཏུ་བར་མ་ཆད་པ་ཞུས་ཡོད་ལ་ཞལ་དཔར་བརྒྱུད་ནས་ཚང་མར་འབྲེལ་ལམ་སྔར་ལྷག་ཞུས་ཡོད། དེ་བཞིན་དམིགས་བསལ་ཡིག་འབྲེལ་དགོས་རིགས་ཐམས་ཅད་ཆད་ལྷག་མེད་པར་ཞུས་ཡོད་ཀྱང་ད་དུང་འབྲེལ་ལམ་སྔར་ལྷག་ཡར་རྒྱས་རྒྱུན་བསྲིངས་དགོས་སྟབས་དེང་དུས་མྱུར་འཕྲིན་ནི་སྟབས་བདེ་ལ་འཕྲོད་མགྱོགས་པའི་རྒྱུད་ལམ་བཟང་པོ་ཞིག་ཡིན་སྟབས་ངེས་པར་དུ་ས་གནས་སོ་སོའི་ཆུ་སྒང་མིང་ཐོག་གློག་འཕྲི་ (E-mail) ཁ་བྱང་བཟོ་གནང་དགོས་པ་དང་། ཡང་ན་ས་གནས་སོ་སོའི་ཚོགས་གཙོའམ་དྲུང་ཆེའི་གློག་འཕྲིན་ (E-mail) ཁ་བྱང་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ངེས་པར་འཇོག་གནང་དགོས་པ་དགོངས་འཇགས་ཞུ།
༡༤། དེབ་བསྐྱེལ་ཕར་འགྱངས་དང་རྒྱ་གར་རྩིས་ཞིབ་པ།
ཕྱི་ལོ་ ༢༠༠༦ ནས་ ༢༠༠༧ དང་། ༢༠༠༧ ནས་༢༠༠༨། ༢༠༠༨ ནས་ ༢༠༠༩ བར་དེབ་བསྐྱེལ་ལས་ཁང་གི་ཁྲིམས་དང་མཐུན་པའི་རྩིས་ཞིབ་མ་བྱས་པར་ལོ་ཤས་རིང་ལས་དོན་འཐུས་ཤོར་གྱིས་རྩིས་གཙང་མེད་པའི་དཀའ་ངལ་དུ་མ་ཞིག་ཡོད་པར་བརྟེན་དྲུང་ཆེ་བདེ་བ་ཚང་རྡོ་རྗེ་དབང་འདུས་དང་རྩིས་དྲུང་ཤེས་རབ་གཉིས་ཀྱིས་འགན་ཁུར་བྱས་ཏེ་མུ་འཐུད་དེ་རྒྱ་གར་རྩིས་ཞིབ་པའི་ལྷན་དུ་མཉམ་རུབ་གནང་སྟེ་ད་ཆ་དེབ་བསྐྱེལ་ལམ་ལུགས་ཀྱི་ཁྲིམས་ཀྱི་ལམ་དཀྱིལ་དུ་བསྐྱོད་ཐུབ་པ་བྱུང་ཡོད།༡༥། མདོ་ཁམས་ཆུ་སྒང་གི་ཚོགས་པའི་དྲྭ་རྒྱའི་གནས་བབས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་འདས་ལོའི་ནང་www.dhokhamchushigangdrug.com ཞེས་པ་ཞིག་འགྲོ་གྲོན་དང་དཀའ་ཚེགས་ལས་མ་འཛེམས་པར་དབུ་འཛུགས་དབུ་འབྱེད་གནང་བ་ལྟར་མུ་འཐུད་དཀའ་སྤྱད་འབད་བརྩོན་བྱས་པར་བརྒྱུད་བོད་ཡིག་ཐོག་དྲྭ་རྒྱ་གསར་བཟོ་གནང་མཁན་ངག་དབང་ཐར་པ་དང། དྲ་རྒྱའི་གནས་ཚུལ་དང་ལོ་རྒྱུས་གསར་འཇུག་གནང་མཁན་དགེ་བཤེས་འོད་ཟེར་རྒྱལ་མཚན་གཉིས་ལ་རེ་བསྐུལ་ཞུས་པ་བཞིན་ད་བར་དྲྭ་རྒྱའི་གནས་བབས་ཉིན་རེ་བཞིན་བཟང་ཕྱོགས་སུ་ཕེབས་ཏེ་འཛམ་གླིང་གང་ས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནས་བབས་བལྟ་ཀློག་ཐུབ་པ་གྱུར་ཡོད། ད་བར་མདོ་ཁམས་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་དང་། མི་ལོ་ ༥༠ རིང་གི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ཕྱོགས་བསྡུས་གཉིས་ཀ་པར་རིས་དང་བཅས་པ་དྲྭ་རྒྱའི་བརྒྱུད་ལམ་ནང་དུ་བཀོད་ཡོད། དེ་བཞིན་མདོ་ཁམས་ཆུ་སྒང་དབུས་སའི་ལས་ཀྱི་སྣེ་མོ་བ་ཚོའི་སྐུ་ཚེའི་ལོ་རྒྱུས་དབུས་ལས་ཁུངས་སུ་འབྱོར་ཟིན་པ་ཆ་ཚང་སྐུ་པར་དང་བཅས་ཏེ་དྲྭ་རྒྱའི་རྒྱུད་ནས་ཕྱི་ནང་གང་ནས་གཟིགས་ཀྱང་མཁྱེན་ཐུབ་པ་བཟོས་ཡོད་པ་མ་ཟད་ད་བར་འཛམ་གླིང་གང་ས་ནས་གཟིགས་ཞིབ་གནང་མཁན་མི་གྲངས་ ༧༨༠༠ ལྷག་གིས་ལྟ་ཀློག་བྱེད་ཐུབ་པ་བྱུང་ཡོད། འོང་ཀྱང་ས་གནས་རྒྱུན་ལས་ཆེ་ཁག་ཁ་ཤས་ལ་ད་བར་ཡིག་ངག་གཉིས་ཐོག་ནས་འབྲེལ་ལམ་ཞུས་ཏེ་ལོ་རྒྱུས་དཔར་རིས་དང་བཅས་ཏེ་གནང་སྐྱོང་ཡོང་བའི་རེ་བསྐུལ་ཐེངས་མང་ཞུས་ཀྱང་དོན་འབྲས་སོན་པ་བྱུང་མེད། རྗེས་སོར་ཁྱེད་རྣམ་པའི་ལོ་རྒྱུས་དང་དཔར་རིས་འདི་གའི་དྲྭ་རྒྱའི་ནང་མ་འཁོད་པའི་རིགས་ཚང་མས་ཐུགས་སྣང་ཆེན་པོའི་ཕྱར་གྲུ་མཉམ་འདེགས་ཀྱིས་རོགས་སྐྱོར་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། །
༡༥། ཕྱི་ལོ་ ༢༠༠༩། ༢༠༡༠ བར་གྲོས་ཆོད་དོན་འཁྱོལ་དང་ལས་དོན་གྲུབ་འབྲས།
༡། མདོ་ཁམས་སྒང་དྲུག་འགན་ལྷ་ཐེངས་ ༣༩ པ་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས ༤ ཉིན་སྤྱི་མོས་ཀྱིས་གཏན་ལ་དབབ་པའི་གྲོས་ཆོད་དོན་ཚན་ ༦ པའི་དགོངས་དོན་ཙམ་ལས་འཕྲོས་དོན་ཚན་བདུན་ཡོད་པ་རྣམས་ཆ་ཚང་ཉམས་ལེན་ཞུས་ཡོད། གྲོས་ཆོད་དོན་ཚན་ ༦ པའི་ཐད་ང་ཚོ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་འཛམ་གླིང་གང་སར་ཡོད་པའི་ཆུ་སྒང་ས་གནས་རྒྱུན་ལས་ཁག་ལ་ཡིག་ངག་གཉིས་ཐོག་ནས་ལས་བསྡོམས་དང་། རྩིས་བསྡོམས། ས་གནས་ཀྱི་གནས་བབས་ཇི་ཡོད་ཆ་ཚང་སྙན་སྒྲོན་གནང་དགོས་པའི་བསྐུལ་བརྡ་ཐེངས་མང་བཏང་ཡོད། སླར་ཡང་དྲན་གསོའི་ཆེད་སྤྱི་མོས་ཀྱིས་གཏན་ལ་དབབ་པའི་གྲོས་ཆོད་ཀྱི་འབྲུ་དོན་ཆ་ཚང་འགོད་འབུལ་ཞུ་རྒྱུ་ཡིན།གྲོས་ཆོད། མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་ ༣༩ པའི་ཚོགས་ཆེན་ཐོག་ས་གནས་ཁག་མང་པོས་ལས་བསྡོམས་དང་། རྩིས་བསྡོམས། སྒྲིག་དོན་གཞིར་བཟུང་ཞུས་སོང་བ་ཡར་རྒྱས་ཀྱི་རང་བཞིན་ཐོག་བསྔགས་བརྗོད་ཞུ་འོས་དང་། སླད་ཕྱིན་འགན་ལྷན་ཚོགས་ཆེན་ནམ་ཡིན་ལ་ས་གནས་ཀྱི་ལས་བསྡོམས་དང་། མི་མང་གི་བདེ་སྡུག དབུས་སྤྱི་ཁྱབ་རྒྱུན་ལས་གིས་གཟིགས་རྟོགས་དགོས་རིགས་རྒྱུ་མཚན་དང་བཅས་ཏེ་ཡིག་ཐོག་ནས་སྙན་སྒྲོན་ཞུ་ཐུབ་པ་དགོས་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། ཞེས་འཁོད་འདུག་པ་ལྟར་དེ་རིང་ས་གནས་ཚང་མའི་ཚོགས་བཅར་པའི་ལས་བསྡོམས་བསྣམས་ཕེབས་ཡོད་པ་ངོས་འཛིན་ཞུ་གི་ཡོད།
༢། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས ༦ ཉིནདབུས་རྒྱུན་ལྷན་ཚོགས་ཐེངས་ ༤ པ་བསྐོང་འཚོགས་གནང་སྐབས་གྲོས་ཆོད་མི་འདྲ་བ་གྲངས་ ༡༦ ནས་གྲོས་ཆོད་ཨང་ ༡༤ པ་དེ་ཙམ་ལས་དོན་ཚན་ ༡༥ ཆ་ཚང་དོན་འཁྱོལ་ཞུ་ཐུབ་པ་བྱུང་ཡོད། གྲོས་ཆོད་དོན་ཚན་ ༡༤ པ་དེ་གྲོས་ཆོད་ཀྱི་གྲངས་ཚད་ལས་བརྒལ་བའི་དངུའ་འབོར་ཞིག་ཚོགས་གཙོས་ཐག་བཅད་དེ་རྡ་ས་ཆུ་སྒང་ཡན་ལག་ནོར་གླིང་ཟློས་གར་འཁྲབ་སྟོན་པར་ཕན་སླད་སྒོར་ ༥༠༠༠༠། ཚོགས་གཙོས་ཕྱག་བརྒྱུད་ཁོང་རྣམ་པར་ཛ་དྲག་དཀའ་སེལ་རོགས་དངུལ་ནས་ཕུལ་བ་ཡིན།
༣། ཕྱི་ལོ་༢༠༠༩ ཟླ་ ༦ ཚེས ༡༥ ཉིན་དབུས་རྒྱུན་ལྷན་ཚོགས་ཐེངས་ ༥ པ་དེ་བསྐོང་འཚོགས་གནང་སྐབས་གྲོས་ཆོད་དོན་ཚན་ཁག་ ༨ དང་ཟུར་རྒྱན་གྲོས་ཆོད་ཁག་ ༢ བཞག་འདུག་པ་ཆ་ཚང་ལག་ལེན་བསྟར་ཟིན་པ་ཡིན།
༣། ཕྱི་ལོ་ ༢༠༠༩ ལོའི་ཟླ ༩ ཚེས ༢༠ ཉིན་དབུས་རྒྱུན་ལྷན་ཚོགས་ཐེངས་ ༦ ཐོག་གྲོས་ཆོད་དོན་ཚན་ ༢༣ ཡོད་པ་ནས་གྲོས་ཆོད་ཨང་ ༡། ༡༧། གཉིས་ཙམ་ལས་ཚང་མ་ལག་ལེན་ཞུ་ཐུབ་པ་བྱུང་ཡོད།
༡༽གྲོས་ཆོད་ཨང་ ༡༽དེ་ཚོགས་ཁང་གསར་རྒྱག་གི་ལས་འཆར་ཡིན་པར་བརྟེན་དེའི་དཔལ་འབྱོར་གྱི་དཀའ་ངལ་མི་འཕྲད་ནའང་དེའི་ཐད་དུས་བབས་ལ་བསྟུན་ཏེ་གནས་སྐབས་བཞག་ཡོད།
༢༽ གྲོས་ཆོད་དོན་ཚན་ ༡༧ པ་དེ་དབུས་རྒྱུན་ལས་རྣམ་པ་བོད་མིའི་གནས་ཡུལ་ཁག་ཏུ་ཕྱི་ལོ་ ༢༠༡༠ ལོར འཚམས་གཟིགས་ཕེབས་རྒྱུའི་གཏན་འབེབས་གནང་བ་ཡིན་ཙང་ལག་བསྟར་བྱ་རྒྱུ་ལྷག་ཡོད།
གོང་གསལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་སྐབས་ ༡༨ པའི་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༠་ བར་དབུས་རྒྱུན་ལས་ཚོས་ཚོས་ལས་དོན་གྲུབ་འབྲས་སྙིང་དོན་མདོར་བསྡུས་ཙམ་སྙན་སྒྲོན་ཞུས་ཡོད་པས་ཚོགས་ཆེན་གྱི་ཚོགས་མི་ཡོངས་ཀྱིས་ཐུགས་ཞིབ་ནན་པོ་གནང་སྟེ་འདས་པའི་ལོ་གཅིག་རིང་དབུས་རྒྱུན་ལས་ཚོས་ཕྱག་ལས་ཇི་ལྟར་གནང་བ་དང་། མ་འོངས་དབུས་སའི་སྒྲིག་འཛུགས་ཁག་གི་གཙོའི་ཁྱབ་ཁོངས་མི་མང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས། མདོ་ཁམས་ཆུ་སྒང་ཚོགས་པའི་དབུས་སའི་སྒྲིག་འཛུགས་ཡར་རྒྱས་ཚགས་ཚུད་གནང་ཕྱོགས། ཆུ་སྒང་ཚོགས་པའི་ཐོག་མའི་དམིགས་ཡུལ་དང་། བོད་ཀྱི་རྩ་དོན་མུ་མཐུད་དེ་བསྒྲུབ་ཕྱོགས་སོགས་གང་ཐད་ནས་བགྲོ་གླེང་དོན་སྙིང་ལྡན་པ་གནང་སྟེ་ལམ་སྟོན་དོན་སྙིང་ལྡན་པ་ཚོགས་ཆེན་འདི་ཐོག་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།
མཐའ་དོན་རང་ཡུལ་གཉིས་པ་རྒྱ་གར་རྒྱལ་ཡོངས་སུ་ང་ཚོ་སྐྱབས་བཅོལ་བོད་མི་སྤྱི་དང་། བྱེ་བྲག་ཏུ་མདོ་ཁམས་སྐྱབས་བཅོལ་མི་མང་ཁྲི་ཕྲག་མང་པོ་རྒྱ་གར་གཞུང་དང་མི་མང་གིས་མི་ལོ་ ༥༠ རིང་རང་མི་རང་ཁྱིམ་ལྟ་བུའི་གཟིགས་རྟོགས་ཆེན་པོ་གནང་བ་མ་ཟད། མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ལ་བདེ་སྡུག་དཀའ་ངལ་རིང་ཐུང་བསམ་ཡུལ་ལས་འདས་པ་ཇི་ལྟར་འཕྲད་ཀྱང་བདེ་འཇགས་སྲུང་སྐྱོབ་དང་རོགས་འདེགས་བླ་ན་མེད་པ་གནང་བར་ཁ་ཞེ་གཉིས་མེད་དང་སེམས་གཏིང་ནས་ཐུགས་རྗེ་བླ་མེད་དུ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། མ་འོངས་པར་མུ་མཐུད་དེ་བོད་རང་བཙན་གཙང་མ་ཞིག་མ་བྱུང་བར་ང་ཚོ་མདོ་ཁམས་སྐྱབས་བཅོལ་མི་མང་གི་སྙིང་ཁྲག་འཕོ་ས་འདི་ལས་ལྷག་པ་ཞིག་རགས་ཐབས་མེད་པས་དེ་དོན་བཀའ་དྲིན་མཇུག་སྐྱོང་མི་ཆུང་བ་མཁྱེན་ཞེས་ཞུ་རྒྱུ་དང་། བོད་བསྟན་སྲིད་ཀྱི་སྲོག་རྩ་གོང་ས་༸ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཚེ་ཞབས་པད་བརྟན་པ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ཀྱི་ཐོག་མའི་དམིགས་ཡུལ་བོད་རང་བཙན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༢ ཚེས ༢༦ ལ་ཕུལ།།

















