དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།26
mod_vvisit_counterཁ་སང།118
mod_vvisit_counterབདུན་ཕྲག་འདི།144
mod_vvisit_counterབདུན་ཕྲག་སྔོན་མ།580
mod_vvisit_counterའདི་ཟླ།531
mod_vvisit_counterཟླ་བ་སྔོན་མ།3103
mod_vvisit_counterགཟིགས་མཁན་བསྡོམས།28269

Online (20 minutes ago): 7
Your IP: 38.107.191.91
,
Today: Sep 06, 2010

མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས ༤༠ པ་འཚོགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པ་རྒྱལ་ས་ལྡི་ལིར་འཚོགས་པ།
མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ ལྡི་ལི་རུ་ཕྱིོ་ལོ ༢༠༡༠ ཟླ ༢ ཚེས ༢༥ ནས་ ༢༧ བར་འཚོགས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༡༨ ནས་ཉིན་བདུན་རིང་དབུས་རྒྱུན་ལས་རྣམས་ཚང་འཛོམས་ཐོག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ཏུ་བགྲོ་གླེང་བྱ་རྒྱུའི་གྲོས་གཞི་ཁག་མི་འདྲ་བ་བཅུ་ཙམ་གཏན་འབེབས་ཞུས་པ་དང། དེའི་བར་མདོ་ཁམས་ཆེས་མཐོའི་རྩིས་ཞིབ་ཚོགས་ཆུང་ནས་ཀྱང་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་རྩིས་ཁྲར་ཞིབ་བཤེར་གནང་ནས་བྱུང་སོང་ལྷག་བསྡད་སོགས་ཀྱི་གསལ་ཁ་ཞིབ་རྒྱས་ཞུས་ཡོད་པ་རེད།


དེའང་གོང་ཞུས་ཟླ་ ༢ ཚེས ༢༥ ཉིན་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ལས་ཁུངས་ཡོངས་སྟེང་དུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གཙོས་པའི་བོད་མི་མང་སྤྱི་འཐུས་འགའ་ཞིག་དང་དབུས་རྒྱུན་ཟུར་འགའ་ཞིག ས་གནས་ཁག་ ༣༢ ནས་ཕེབས་པའི་ས་རྒྱུན་རྣམ་པ་དང་། ས་གནས་ལྡི་ལིར་ཡོད་པའི་གསར་འགོད་པ་རྣམས་དང་།  དེ་མིན་ཟུར་ཉན་པ་སོགས་མདོར་ན་མི་གྲངས་བརྒྱ་ཕྲག་ལས་བརྒལ་བ་ཞིག་འཚོགས་ཡོད་པ་རེད།
ཉིན་དང་པོར་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་གིས་ཚོགས་འདུའི་ངོ་སྤྲོད་དང་བསྒྲགས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་བ་དང་། དེ་བཞིན་ཚོགས་ཞུགས་རྣམས་ཀྱིས་རིམ་པར་དབུས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཁང་གིས་གཏན་འབེབས་ཞུས་པའི་གྲོས་གཞི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་རིམ་སྐོར་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་མའི་དམིགས་ཡུལ་ཏེ་བོད་རང་བཙན་འགྲུབ་ཐབས་ཇི་དགེའི་སྐོར། དབུས་ས་གཉིས་ཀྱི་ལས་བསྡོམས་གཙོས་གྲོས་གཞི་ཁག་ལ་བགྲོ་གླེང་ཞིབ་རྒྱས་གནང་ཡོད་པ་རེད།
དེ་བཞིན་ཉིན་གཉིས་པའི་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཛིན་སྐྱོང་སྔར་ལྷག་ཚགས་ཚུད་ཡོང་ཐབས།  དེ་བཞིན་ཕྱི་ལོ ༢༠༡༠ ལོར་མདོ་ཁམས་ཆུ་སྒང་དབུས་རྒྱུན་ལས་རྣམ་པ་འཚམས་གཟིགས་ཕེབས་ཕྱོགས་སྐོར་སོགས་དང།
ཉིན་གསུམ་པར་མདོ་སྟོད་ཆོལ་ཁའི་སྐུ་ཚབ་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་རྣམས་ཀྱི་འོས་གཞི་འདོན་ཕྱོགས་དང་། དེ་མཚུངས་མདོ་ཁམས་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་ ༡༩ པའི་འོས་འདེམས་གནང་ཕྱོགས། མདོ་ཁམས་ཆུ་སྒང་འོས་བསྡུ་ཚོགས་ཆུང་གི་ཚོགས་མི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཆོས་རྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་སྤྱི་འཐུས་རྣམ་པ་དང་། ཆོས་ལུགས་ཀྱི་བླ་སྤྲུལ་ཁག་ལ་སྡང་སྨོད་སོགས་རྒྱ་དམར་གྱི་བྱ་སྤྱོད་ལས་མ་འདས་པའི་བྱ་ངན་རིགས་ལ་དགག་བཞག་ཇི་དགོས་སྐོར་སོགས་ལ་བགྲོ་གླེང་ལྷུག་པོར་གནང་ཡོད་པ་རེད།
དེ་བཞིན་ཉིན་མཐའ་མའི་རིང་གོང་གི་གྲོས་གཞི་ཁག་ལ་གྲོས་ཆོད་རིམ་པར་གཏན་འབེབས་ཞུས་པ་དང། ས་གནས་ཁག་ནས་ཕེབས་པའི་དབུས་ཁྲིད་རྣམ་པས་སྤྱི་སྨན་གྱི་དགོངས་འཆར་གང་མང་གནང་ཡོད་པ་རེད།
མདོ་ན་ད་ལན་དབུས་རྒྱུན་ལས་རྣམ་པ་ཉིན་བདུན་རིང་དང་། འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པ་ཉིན་གསུམ་རིང་རྒྱས་ཚོགས་གནང་བའི་རིང་ཁམས་རིགས་མི་མང་རྣམས་ཀྱི་མ་འོངས་བོད་ཀྱི་བདེན་མཐའ་གསལ་ཆེད་མངོན་འདོད་ངོ་མ་ཇི་ཡིན། དེ་བཞིན་མ་འོངས་དབུས་ས་གཉིས་ཀྱི་འཛིན་སྐྱོང་བྱ་ཕྱོགས། སྐབས་ ༡༥ མདོ་སྟོད་སྤྱི་འཐུས་ཀྱི་འོས་འདེམས་གནང་ཕྱོགས་དང་དབུས་ཆུ་སྒང་རྒྱུན་ལས་ཀྱི་འོས་འདེམས་སྐོར་སོགས་ལ་བགྲོ་གླེང་རྒྱས་པ། ལྷག་པར་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་དབུས་ས་གཉིས་ཀྱི་རྩིས་ཁྲ་རྣམས་ཁམས་དངས་གཙང་གསལ་བྱུང་ཡོད་པ་སོགས་ད་ལན་མདོ་ཁམས་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ དེ་སྔར་ལས་ལྷག་པའི་ཁ་དགེ་བཀྲིས་དང་ལེགས་གྲུབ་རྒྱལ་ཁའི་ངང་ཕྱི་ཚེས་ ༢༧ ཉིན་གྲོལ་ཡོད་པ་དང། ཕྱི་ཚེས་ ༢༨ ཉིན་ཚོགས་འདུར་ཕེབས་པའི་དབུ་ཁྲིད་རྣམ་པ་དང་དེ་བཞིན་མདོ་ཁམས་མི་མང་གང་མང་ཞིག་མཉམ་འཛོམས་ཐོག་སྟངས་རག་རྒྱས་པ་དང་བསྟུན། ནོར་གླིང་ཆུ་སྒང་རིག་གཞུང་ཟློས་གར་ཚོགས་པས་ཞབས་གཞས་སོགས་ཕུལ་ནས་རྒྱལ་ཁའི་ངང་འཇུག་གྲུབ་ཡོད་པ་རེད།  

མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེང་ ༤༠ པ་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་བསྐོང་འཚོགས་གནང་སྐབས་གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ་ལྟར་ཡིན།

༡༽ གྲོས་གཞི།
བོད་ཕྱི་ནང་གཉིས་ཀྱི་རེ་བའི་ཕུག་དམིགས་བསྟན་སྲིད་ཀྱི་རྩ་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཕྱྭ་ལས་གལ་འགངས་ཆེ་བ་མེད་སྟབས་བསྟན་སྲིད་ཞབས་རིམ་སོགས་འབད་འབུངས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ཞབས་རིམ་ཆེད་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བཀོད་ཁྱབ་གཞིར་བཟུང་ལྟར་མ་ཎི་དུང་སྒྲུབ་སོགས་ཞབས་རིམ་གསོག་སྒྲུབ་གནང་རྒྱུ།
༢༽ མདོ་ཁམས་ཆུ་སྒང་འགན་ལྷན་ཚོགས་ཆེན་ཐོག་བགྲོ་གླེང་བྱུང་དོན་བཞིན་མདོ་ཁམས་ཆུ་སྒང་ཚོགས་པ་འདི་བཞིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ ༡༩༩༦ ལོ་ནས་དོལ་རྒྱལ་བསྟེན་སྲོལ་ཐད་བཀའ་སློབ་ལམ་སྟོན་གནང་བ་ནས་མི་རེའི་ངོ་རེས་ས་རྟགས་བཀོད་པ་ལྟར་དམ་བཅའ་བརྟན་བཟུང་ཐོག་ཆུ་སྒང་སྒྲིག་འཛུགས་འདི་བཞིན་དོལ་རྒྱལ་དང་འབྲེལ་བ་གཏན་ནས་མེད་པ་དང་། སླད་ཕྱིན་འབྲེལ་བ་གཏན་ནས་མི་བྱེད་པའི་གྲོས་ཆོད་དུ།
༢༽ གྲོས་གཞི།
དེང་གི་ཆར་བོད་ཀྱི་འཕོ་འགྱུར་དང་། སྔར་ལས་ཛ་དྲག་ཅི་ཆེའི་གཉན་འཕྲང་གི་སྐབས་འདིར་བསྟན་སྲིད་མཐོར་འདེགས་དང་། མདོ་ཁམས་ཆུ་སྒང་ཚོགས་པའི་ཐོག་མའི་དམིགས་ཡུལ་བོད་རང་བཙན་འགྲུབ་ཐབས་ཇི་དགེའི་སྐོར།
གྲོས་ཆོད།
༡༽འཛམ་གླིང་ཤར་ནུབ་ཁག་གི་བོད་དོན་རྒྱབ་སྐྱོར་བ་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་སོགས་ལ། འདས་པའི་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་ངོ་སྤྲོད་དང་། ད་ལྟའི་བོད་ཀྱི་ཡ་ང་བའི་གནས་སྟངས། གཞིས་བཞུགས་བོད་རིགས་ཚོའི་མངོན་འདོད་དངོས་གནས་དེ་རང་བཙན་ཡིན་པའི་གནས་ལུགས་བཅས་ཀྱི་སྐོར་ཡིག་ངག་གཉིས་ཐོག་ནས་དུས་ནས་དུས་སུ་འབྲེལ་བ་ཞུ་རྒྱུ།
༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་མི་འགལ་བ་བྱ་རྒྱུ་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ཀྱི་དམ་བཅའ་ཡིན།  བློ་ཕམ་པ་ཞིག་ལ་ཕྱི་ལོ་  ༢༠༠༨ ལོའི་ཟླ་ ༡༠ ཚེས་ ༢༩ ཉིན་དམིག་བསལ་སྐུ་ཚབ་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་འགོ་བརྗོད་འོག  ངོ་སྤྲོད་ཅེས་པའི་དོན་ཚན་  ༧ དང།  དོན་ཚན་བཞི་པའི་ནང་གསེས་  ༡༡ ཅན་གྱི་ངོ་སྤྲོད་ཅེས་པའི་ཡིག་ཆ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁང་དུ་སྤྲད་པའི་ཡིག་ཆའི་ཐད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གི་ཀྲུང་དབྱངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་དང་འབྲེལ་ཐུག་གྲོས་མོལ་བྱས་པའི་སྐོར་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་པ། ཞེས་འཁོད་པའི་འགོ་བརྗོད་འོག་གི་གནད་དོན་ཁག་གི་ནང་ང་ཚོའི་ངོ་སྤྲོད་ཡིག་ཆ་ལ་དྲན་ཐོ་ཞེས་པའི་མི་འདོགས་འོག་རང་ཕྱོགས་ཀྱི་གནད་དོན་ལ་ངོས་ལེན་སྣེ་གཅིག་མེད་པའི་ཐོག་ལ་འོས་འཚམས་གཏན་ནས་མེད་པའི་བཤད་ཕྱོགས་ཁག་བཅས་རང་ཕྱོགས་དང་གཞན་ཕྱོགས་གཉིས་ཀའི་ངོ་སྤྲོད་དང་དྲན་ཐོ་ཟེར་བའི་གནད་དོན་རྣམས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠  པའི་ཚོགས་ཐོག་ནས་ངོས་ལེན་གཏན་ན་མེད་པའི་གྲོས་ཆོད་བཞག་པ་ཡིན།
རྒྱུན་མཚན་གང་ཡིན་ཟེར་ན།  མ་འོངས་བོད་མིའི་མདུན་ལམ་ཆེད་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་ལམ་སྟོན་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན།
༡༽བོད་རིགས་ཡོངས་རྫོངས་ཅེས་པ་ལས་བོད་ལྗོངས་ཆོལ་གསུམ་ཐོབ་ཐང་འདྲ་མཉམ་གྱི་སྲིད་གཞུང་ནང་ཐོབ་ཐང་གནང་བཞིན་པ་དེའི་ཐ་སྙད་ཟུར་ཙམ་མེད་པ་དང།  བོང་རིགས་ཡོངས་དང་། བོད་རིགས་ས་ཁུལ་ཟེར་བ་དེས་ཆོལ་གསུམ་གྱི་བདག་དབང་ལ་ཁྱབ་མི་ཐུབ་པ་ཡིན།
༢༽མ་འོངས་བོད་ཀྱི་ཆབ་སྲིད་ནི་ཆོས་སྲིད་ཟུང་འབྲེལ་ཡིན་པའི་དབུ་ཁྲིད་ལམ་སྟོན་གནང་བ་དང་ཡོངས་སུ་འགལ་འདུག  དཔེར་ན།  ངོ་སྤྲོད་དོན་ཚན་  ༤  པའི་ནང་གསེས་  ༣  པའི་ནང་ཆོས་ཀྱི་སྒྲིག་འཛུགས་དང།  སྲིད་ཀྱི་སྒྲིག་འཛུགས་གཉིས་ཐ་ཐད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བཀོད་འདུག
༣༽ དེ་བཞིན་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་འཛམ་གླིང་རང་དབང་དམངས་གཙོ་ཡང་དག་གི་སྲིད་གཞུང་ཕྱི་གསལ་ནང་གསལ་གསུངས་བཞིན་ཡོད་ནའང་། རྒྱ་ནག་གུང་ཁྲན་རིང་ལུགས་ཀྱི་རྩ་ཁྲིམས་དོན་ཚན་གཅི་གཅིག་གཉིས་གཉིས་བཀོད་དེ་བོད་མི་རིགས་ཀྱི་མངོན་འདོད་ཡིན་ཚུལ་བཀོད་པ་དེ་དག་ནི་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་འགལ་གྱི་ཡོད་པ་བཅས་ལ་བརྟེན་ངོས་ལེན་བྱེད་ཐབས་མེད།
༤༽ངོ་སྤྲོད་དོན་ཚན་ ༣ པ་བོད་མིའི་མངོན་འདོད་ཅེས་པའི་འོག་ལེ་ཚན་ ༤  པའི་ཁོངས་ང་ཚོས་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྟབས་ཅེས་བཀོད་འདུག
བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་གྱི་བདག་དབང་ཆོལ་ཁ་གསུམ་གྱི་བོད་མིར་དག་པ་ལས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆའི་བདག་དབང་ལ་བརྩི་བཀུར་བྱ་དགོས་དོན་མེད། གནད་དོན་འདི་རིགས་ཆོལ་གསུམ་བོད་མི་མང་གི་མངོན་འདོད་དུས་ནམ་ཡང་མིན་པ་བཅས་ལ་བརྟེན། ད་རེས་འགན་འཛིན་ལྷན་ཚོགས་འདི་ཐོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་ཡོངས་ཀྱི་ངོ་ཚབ་མཚོན་པའི་གྲོས་ཆོད་འཇོག་པ་ཞིག་ཡིན།
༥༽ ངོ་སྤྲོད་དོན་ཚན་ ༥ པའི་ནང་གྲངས་ཉུང་མི་རིགས་གཙོ་བོའི་གྲས་གཞན་ཡུ་གུར་དང་སོག་རིགས་རྣམས་ཕལ་ཆེར་ཆ་ཚང་སོ་སོའི་རང་སྐྱོང་ལྗོངས་གཅིག་གི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་ཀྱང་། ཞེས་གསལ་ཡོད་པ་ད་ལྟའི་ཆར་ཡུ་གུར་རིགས་དང་སོག་རིགས་རང་སྐྱོང་ལྗོངས་ལས་ང་ཚོ་བོད་ཀྱི་གནས་ཚད་མཐོ་ཡི་ཡོད་པ་གསལ་པོ་རེད།
གོང་གི་གནད་དོན་རྣམས་༸གོང་ས་མཆོག་གི་སྐུ་ཚབ་མཚན་ཐོག་ནས་རྒྱ་ནག་གཞུང་ལ་སྤྲད་པ་ལྟ་བུ་ཡོད་ནའང་། ཡིག་དོན་གྱི་ངོ་བོའི་ཆ་ནས་དོ་བདག་ངོ་མ་འདི་ཡིན་མཛུབ་མོ་འཛུགས་ཡུལ་མེད་པ་ལྟ་བུ་ཆགས་ཡོད་སྟབས་ངོས་ལེན་མེད་པའི་གྲོས་ཆོད་བཞག་པ་ཡིན།

༣༽ གྲོས་གཞི།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནས་བབས་ཐད། འདས་པའི་དཀའ་ཚེགས་ཇི་འཕྲད་ཀྱི་ཉམས་མྱོང་ལ་གཞིགས་པའི་མ་འོངས་འཛིན་སྐྱོང་སྔར་ལྷག་ཚགས་ཚུད་འབྱུང་ཐབས་དང།  ད་ལྟ་འགྲོ་བཞིན་པའི་འཛིན་སྐྱོང་གི་ལས་དོན་ཐད་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་རྒྱུ།
གྲོས་ཆོད།
༡༽ ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་མདོ་ཁམས་ཆུ་སྒང་ཚོགས་པའི་ལས་བསྡོམས་ནང་དོན་འགྲུབ་གླིང་གཞིས་ཆགས་སུ་ཡོད་པའི་ཆུ་སྒང་ས་ཆ་དེ་བཞིན་མུ་མཐུད་ཉར་ཚགས་གནང་རྒྱུ་ལས་ཚོང་བསྒྱུར་མི་དགོས་པ་ཡིན།
༢༽ རྡ་སར་ཡོད་པའི་མདོ་ཁམས་ཆུ་སྒང་ཚོགས་པའི་རིག་གནས་སློབ་གཉེར་ཁང་ཡར་རྒྱས་གཏང་དགོས་པ་སྨོས་མེད་ལྟར་དབུས་སྤྱི་ཁྱབ་རྒྱུན་ཁང་གིས་བབ་གཟིགས་གནང་རྒྱུ།
༣༽ ལོ་རྒྱུས་དེབ་ཕྲེང ༣ དང་ ༤ དཔར་བསྐྲུན་དགོས་པ་དང་། དེ་བཞིན་རྡ་སར་མདོ་ཁམས་ཆུ་སྒང་ཚོགས་པའི་ཡན་ལག་ཟློས་གར་ཚོགས་པ་དང་། ལག་ཤེས་སློབ་གཉེར་ཁང་ཞིག་གསར་འཛུགས་ཆེད་དགོས་དངུལ་ཆ་ཚང་གྲ་སྒྲིག་ཚར་རྗེས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ལས་འཆར་བཀོད་སྒྲིག་གནང་རྒྱུ།
༤༽ གྲོས་གཞི།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ་ཕྱི་ལོ་ ༢༠༡༠ ལོར་ས་གནས་ཁག་ཏུ་འཚམས་འདྲི་གཟིགས་སྐོར་ཕེབས་ཕྱོགས་དང་།  ས་གནས་སུ་ཚོགས་ཆེན་གོ་སྒྲིག་གནང་ཕྱོགས་ཐད་བགྲོ་གླེང་གནང་རྒྱུ།  
གྲོས་ཆོད།
མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ་ས་གནས་སུ་འཚམས་གཟིགས་ཕེབས་རྒྱུར་འགན་ལྷན་ཚོགས་ཆེན་ཐོག་བགྲོ་གླེང་ཞིབ་རྒྱས་གནང་སྟེ། དབུས་རྒྱུན་ལས་རྣམ་པ་ཕྱོགས་བསྐྱོད་ངེས་པར་དུ་ཕེབས་དགོས་པ་དང། དུས་ཚོད་དང་གོ་སྒྲིགས་གནང་ཕྱོགས་ས་གནས་སུ་འབྲེལ་བ་གནང་དགོས་རྒྱུ།
༥༽་གྲོས་གཞི།
མདོ་སྟོད་ཆོལ་ཁའི་སྐུ་ཚབ་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་འོས་གཞི་འདོན་ཕྱོགས་ཐད།  ཐོག་མར་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྔོན་འགྲོའི་འོས་གཞི་གྲངས་ཚད་ངེས་ཅན་ཞིག་འདོན་སྤེལ་གནང་སྟེ་ས་གནས་ཁག་ཏུ་འགྲེམས་བཀྲམས་ཞུ་རྒྱུ་དང་།  ས་གནས་རྒྱུན་ལས་ཁག་གིས་དེའི་ཐད་སྣོན་འཕྲི་སྤར་གཅོག་གང་འོས་གནང་རྗེས་སླར་ཡང་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་དགོས་རྒྱུ།  དེ་ནས་མང་མོས་མཐོ་རིམ་རྩེ་ཏོག་གི་སྔོན་འགྲོའི་འོས་གཞི་གཏན་འབེབས་གནང་ན་མ་འོངས་དགེ་ཕན་ཇི་འབྱུང་ཐད་བགྲོ་གླེང་དང།  དེ་མིན་གཞན་ཐབས་ལམ་ཇི་དགེའི་སྐོར་བགྲེ་གླེང་གནང་རྒྱུ།
གྲོས་ཆོད།
༡༽སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་འོས་གཞི་འདོན་ཕྱོགས་ཐད་ས་གནས་ཁག་ནས་འོས་གཞི་མི་གྲངས་ ༡༠ ལས་གྲུབ་པ་ཞིག་གཏན་འབེབས་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འབུལ་རྒྱུ།  དེ་རྗེས་སྔོན་འགྲོ་དང་དངོས་གཞིའི་འོས་གཞི་གཏན་འབེབས་གནང་དགོས།
༢༽མཐའ་མའི་ཐག་གཅོད་ནང་མང་མོས་རྩེ་ཏོག་གི་འོས་གཞི་མི་གྲངས་ ༡༠ ནས་སྐྱེས་བ་ ༨ དང་། བུད་མེད་ ༢ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་འབེབས་གང་གནང་ལ་རྩ་འཛིན་བྱ་རྒྱུ་ལས་དེ་མིན་འོས་གཞི་འདྲ་མིན་བྱུང་རིགས་ངོས་ལེན་མེད་པའི་གྲོས་ཆོད་དུ།
༦༽ གྲོས་གཞི།
དེ་མཚུངས་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་ ༡༩ པ་འོས་འདེམས་གནང་ཕྱོགས་ཐད་གོང་གསལ་དོན་ཚན་  ༥ པ་ལྟར་དང།  ཡང་ན་ཐབས་ལམ་གཞན་ཇི་དགེའི་སྐོར།
གྲོས་ཆོད།
གོང་གསལ་དོན་ཚན་ ༥ པའི་གྲོས་ཆོད་དགོངས་དོན་ལྟར་ལག་ལེན་བྱ་ཕྱོགས་གཅིག་གྱུར་བྱ་རྒྱུ།
༧༽ གྲོས་གཞི།
མདོ་ཁམས་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་དང་།  སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།  སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ། དབུས་རྒྱུན་ཚོགས་གཞོན་སྨར་ཁམས་ཆོས་འཕེལ།  ཀོང་པོ་པདྨ་ཚེ་རིང།  དཀར་མཛེས་ཚེ་རིང་རྡོ་རྗེ་བཅས་འོས་གཞིའི་ས་བོན་ཐད་བགྲོ་གླེང་དགོས་མིན་དང་། ཐག་གཅོད་གཏན་འབབ།
གྲོས་ཆོད།
མདོ་ཁམས་ཆུ་སྒང་ཚོགས་པའི་དབུས་འོས་བསྡུ་ཚོགས་ཆུང་གི་མི་འགྲོ་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་དགེ་བཤེས་ག་གཟི་ཚེ་རིང་པོ། དབུས་རྒྱུན་ཚོགས་གཞོན་སྨར་ཁམས་ཆོས་འཕེལ། ཀོང་པོ་པདྨ་ཚེ་རིང་བཅས་ལ་གཏན་འབེབས་ཞུས་པ་ཡིན།
༨༽ གྲོས་གཞིོ།
དབུས་རྒྱུན་ལས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་དང་། དེ་རྗེས་ས་གནས་རྒྱུན་ལས་ཁག་གི་རིམ་བཞིན་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ།
གྲོས་ཆོད།
༡༽ མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ ༢༠༠༩།༢༠༡༠ ལོའི་ལས་བསྡོམས་ཐད་ཕྱོགས་ཡོངས་ནས་གང་ལེགས་བྱུང་འདུག་པར་བསྔགས་བརྗོད་དང་འབྲེལ། མ་འོངས་པར་མུ་མཐུད་སྔར་ལྷག་ཡར་རྒྱས་ཚགས་ཚུད་གནང་དགོས།
༢༽ ས་གནས་ཁག་མང་པོའི་ལས་བསྡོམས་དང་རྩིས་ཁྲ་འགན་ལྷན་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་སོང་བར་ཡིད་རངས་བསྔགས་བརྗོད་དང་། ས་གནས་ཉུང་ཤས་ཤིག་ནས་ད་དུང་ཡང་ལས་བསྡོམས་དང་རྩིས་ཁྲ་འགན་ལྷན་ཚོགས་ཆེན་ཐོག་ཕུལ་འབྱོར་་མ་ཐུབ་པ་འདི་བཞིན་ས་གནས་ཀྱི་སྒྲིག་འཛུགས་ཚགས་ཚུད་མེད་པའི་མངོན་རྟགས་གསལ་འདུག་ན། མ་འོངས་འགན་ལྷན་ཚོགས་ཆེན་ཐེངས་ ༤༡ ཐོག་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུ་ཐུབ་པ་དགོས་རྒྱུ།
༣༽ མདོ་ཁམས་ཆུ་སྒང་ཆེས་མཐོའི་རྩིས་ཞིབ་ཚོགས་ཆུང་སྐབས་ ༥ རྩིས་ཞིབ་སྙན་ཐོ་གང་ལེགས་བྱུང་བར་བསྔགས་བརྗོད་དང་སྦྲགས། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། སླད་ཕྱིན་མིག་དཔེར་འོས་པའི་རྩིས་ཞིབ་འདི་ལྟར་ས་གནས་སོ་སོར་དོ་སྣང་དགོས་རྒྱུ།
༩༽ གྲོས་གཞི།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་ཆོས་བརྒྱུད་ཆེན་པོ་བཞི་དང་།  གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་སྤྱི་འཐུས་རྣམ་པ་དང་།  ཆོས་ལུགས་དང་བླ་སྤྲུལ་རྣམ་པར་སྡང་སྨོད་དང་ཟུར་ཟ།  རྒྱ་དམར་གྱི་བྱ་སྤྱོད་ལས་མ་འདས་པ་ཆོས་ལུགས་ཁག་གི་ཐོབ་ཐང་འཕྲོག་བཅོམ་བྱ་རྒྱུའི་བྱུས་ངན་བཏིང་དང་འདེང་བཞིན་པར་དགག་བཞག་ཇི་ལྟར་དགོས་མིན་བགྲོ་གླེང་གནང་རྒྱུ།
གྲོས་ཆོད།
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་བཞིན་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་ཀྱི་བསྟན་པ་སྲུང་སྐྱོབས་བྱ་རྒྱུའི་དམ་བཅའ་ཡོད་པ་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལ་འགྱུར་བ་ནམ་ཡང་གཏོང་ཐབས་མེད་པ། ཆོས་ལུགས་ཆོས་རྒྱུད་ཁག་གི་ཁེ་ཕན་དང་ཐོབ་ཐང་ལ་སྡང་སྨོད་དང་ཟུར་ཟ། རྒྱ་དམར་ལྟ་བུའི་ཆོས་ལུགས་ཀྱི་ཁེ་ཕན་འཕྲོག་བཅོམ་བྱ་འདོད་ཡོད་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
༡༠༽ གྲོས་གཞི།
གྲོས་གཞི་འཕར་མ་དང་།  སྤྱི་སྨན་་དགོངས་འཆར་ཡོད་རིགས་ལ་གོ་སྐབས་འབུལ་རྒྱུ།
གྲོས་ཆོད།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སའི་དབུ་ཁྲིད་རྣམ་པའིའགན་ཁུར་འོག་འགན་ལྷན་ཚོགས་ཆེན་ཐོག་བགྲོ་གླེང་གནང་བའི་སྤྱི་སྨན་གྱི་དགོངས་འཆར་རྣམས་ལག་ལེན་ཚུལ་བཞིན་བྱ་ཐབས་ལ་འབད་བརྩོན་ཞུ་རྒྱུ།
མདོ་ཁམས་ཆུ་བཞི་སྒང་དྲུག་ན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ནས་སྤྱི་མོས་ཀྱི་གཏན་འབེབས་ཞུས་པར་ཚད་འཛིན་བྱེད།
ཕྱི་ལོ་  ༢༠༡༠ ལོའི་ཟླ་ ༢ ཚེས་  ༢༧ ཉིན།།