རྒས་གསོ་ཁང་དུ་འཚམས་འདྲིའི་གཟིགས་སྐོར།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒས་གསོ་ཁང་ནི་ཀ་ལ་མན་གྲུར་དབུ་བཙུགས་ནས་བཟུང་ད་བར་རྒས་གཅོང་ཉམ་ཐག་མི་ཉུང་བ་ཞིག་ལ་ལོ་མང་རིང་ཞབས་ཞུ་ཞུས་ཡོད་པ་ལོ་ལྟར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་ཚོས་འཚམས་འདྲི་དང་གཟིགས་སྐོར་གནང་གི་ཡོད་པ་ལྟར་བོད་ལྕགས་སྟག་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་བོད་ཟླ་དང་པོའི་ཚེས་གཉིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༢ ཚེས ༡༥ ཉིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། དངུལ་གཉེར་སྐྱུར་ར་དཔའ་རྡོ་གཉིས་རྒྱལ་ས་ལྡི་ལི་ནས་ཐོན་ཏེ་ལྡེ་ར་སྡུན་ཆུ་སྒང་རྒས་གསོ་ཁང་དུ ཆེད་ཕེབས་གནང་སྟེ་ཕྱི་ནང་ཁོར་ཡུག་ལ་གཟིགས་རྟོགས་དང་། དེ་བཞིན་བཞུགས་གནས། གཟིམས་ཆས་གདན་དང་བཅས་པར་ཞིབ་སྟེ་ཚོགས་པས་རྒས་ཁོག་རྣམས་ལ་དམིགས་
བསལ་གཟིམ་ཆས་དང་གདན་སོགས་དགོས་ངེས་རིགས་གསོལ་རས་གནང་བ་མ་ཟད། མི་ཚེའི་སྣེ་མོ་འདིར་ཁོང་རྣམ་པར་བློ་བདེ་བག་ཕེབས་དང་འཚོ་གནས་གང་ཐད་ནས་དཀའ་ངལ་མེད་པ་མི་ཚེ་མཐའ་འཁྱོལ་ཐུབ་པའི་ཞབས་ཞུ་གནང་རྒྱུ་ཡིན་གསུང་ཡོད་པ་དང་། དེ་མཚུངས་རྒས་ཁོག་ཚོས་ཀྱང་མི་ཚེའི་མཐའ་མའི་ནང་ལས་དོན་གཞན་འགྲུབ་ཐུབ་པའི་སྐུ་གཟུགས་ཀྱི་ནུས་པ་དབེན་ནའང་འདི་ཕྱི་གཉིས་ཀའི་ཆེད་དུ་རང་ནུས་གང་ཅོག་གིས་དགེ་སྦྱོར་ལ་འབད་བསྒྲུབ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཡིན་སྟབས་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་གནང་དགོས་པ། དེ་བཞིན་རང་སེམས་གཅུན་ཏེ་གུ་ཡངས་བདེ་ཚོར་གྱི་དཔལ་ལ་ལོངས་སུ་སྤྱོད་དགོས་པའི་བསླབ་བྱ་དང་ལམ་སྟོན་ཞུས་རྗེས་གསོལ་ཚིགས་འདེགས་འབུལ་དང་མཉམ་རོལ་ཞུས་ཏེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕྱིར་ཕེབས་གནང་ཡོད་པ་རེད།
















