རྡ་ས་ས་གནས་ཡན་ལག་ནོར་གླིང་ཟློས་གར་ཚོགས་པས་གོ་སྒྲིག་བྱས་པའི་ཐུགས་སྤྲོ།
ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ཚེས་ ༢༩ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་རྡ་ས་ས་གནས་ཡན་ལག་ནོར་གླིང་ཟློས་གར་ཚོགས་པས་གོ་སྒྲིག་གིས་ནོར་བུ་གླིང་ཁར་ཐུགས་སྤྲོའི་འདུ་འཛོམས་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡྲུང་རྒྱལ་མཚན་མཆོག་གདན་ཞུས་གནང་སྟེ་མཛད་རིམ་དངོས་གཞི་དབུ་འཛུགས་སྐབས་ཚོགས་གཙོ་མཆོག་གི་གསུང་དོན། འདས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱུང་རབས་དང། དཀའ་ངལ། ཆུ་སྒང་སྒྲིག་འཛུགས་ཀྱི་ཉམས་གུད། ད་ལྟའི་ཆུ་སྒང་ཚོགས་པའི་ལས་དོན་དང་ལས་འཆར། དེ་བཞིན་ད་བར་བོད་ནས་གསར་དུ་ཕེབས་པའི་ཁམས་རིགས་མི་མང་ལ་རོགས་རམ་མཐུན་རྐྱེན་རྒྱ་ཆེན་བསྐྲུན་མ་ཐུབ་པའི་གནད་འགག མ་འོངས་ཁམས་རིགས་སྤྱི་དང། བྱེ་བྲག་ཛ་དྲག་གི་དཀའ་ངལ་ཅན། དེ་བཞིན་མཐོ་སློབ་འགྲིམས་མཁན་ཚོར་རོགས་རམ་གང་ཐུབ་འབད་བརྩོན་བྱ་འཆར་བཅས་གསུང་བཤད་གནང་བ་དང་། ད་ལྟའི་ཆར་ཟློས་གར་དང་འདི་གའི་སྒྲིག་འཛུགས་ཀྱི་རྟེན་རྩ་ཆེད་དུ་ཡིན་ཞེས་སྒོར་༥༠༠༠༠/- གནང་ཡོད་པ་རེད། གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཁག་གཅིག་དང། ནོར་གླིང་དུ་བཞུགས་པའི་གནད་ཡོད་མི་སྣ་ཁག དེ་བཞིན་མདོ་ཁམས་ཆུ་སྒང་རྡ་ས་ས་གནས་རྒྱུན་ལས་རྣམ་པ། ཁམས་རིགས་སེར་སྐྱ་སྟོང་ཕྲག་ལས་བརྒལ་བ་འདུ་འཛོམས་བྱུང་སྟེ་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་འདུ་འཛོམས་གྲོལ་ཡོད་པ་རེད།
















