དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།38
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།270
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1162
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96055

Online (20 minutes ago): 10
Your IP: 38.107.179.238
,
Today: Feb 07, 2012

ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ཨ་རིའི་ཡུལ་གྲུ་རྣམས་ལ་འཚམས་གཟིགས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

༄༅། །བོད་ཀྱི་བསྟན་སྲུང་དང་བླངས་དམག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ཕྱི་ལོ་༢༠༠༩ ལོའི་ཟླ་ ༡༠ ཚེས་ ༢༣ ནས་ཕྱི་ཟླ་ ༡༡ ཚེས་ ༢༢ བར་ཨ་རིའི་རྒྱལ་ཁོངས་ཀྱི་མངའ་སྡེ་མང་པོའི་ནང་བོད་དོན་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དེའི་ཁྱབ་ཁོངས་མི་མང་གི་ཆེད་དུ་འཚམས་འདྲི་གཟིགས་སྐོར་དང། ཆབ་སྲིད་ཀྱི་ལས་འགུལ་བསྐྱང་བའི་གནས་དོན་ཁག་ནས་ཐོག་མར་ཨ་རི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་གནང་བ་ལྟར་ཨ་རི་ཁ་ལིས་ཕོ་ནིས་ཡ་མངའ་སྡེའི་ཁྱབ་ཁོངས་སན་ཕ་རན་སིས་སི་ཀོ་རུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་ཨེ་ཤ་ཡི་གནམ་གྲུའི་ཐོག་ཀོ་རི་ཡ་རྒྱལ་ས་སིས་ཝོལ་བརྒྱུད་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་ནིའུ་ཡོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སྒ་པ་ཚེ་རིང་རྡོ་རྗེ་དང་། སན་ཕ་རན་སིས་སི་ཀོ་རུ་གཏན་སྡོད་གནང་བའི་ཁམས་པའི་ཕོ་རྒོད་ལི་ཐང་བསྟན་འཛིན་གཉིས་ཀྱིས་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་བསུ་དང་བཅས་ཏེ་བདེ་འབྱོར་ཐུབ་པ་བྱུང་ཡོད།

 

ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་San francisco སན་ཕ་རན་སིས་སི་ཀོ་རུ་བཞུགས་པའི་མདོ་ཁམས་མི་མང་བརྒྱ་ཕྲག་མ་ཟིན་ཙམ་འདུ་འཛོམས་ཀྱིས་ནེའུ་ཡོག་ཆུ་སྒང་ཚོགས་གཙོས་ཚོགས་འདུའི་ངོ་སྤྲོད་དང་།  དབུས་ཆུ་སྒང་གི་ཚོགས་གཙོའི་ངོ་སྤྲོད་ལོ་རྒྱུས་སྙིང་བསྡུས་སྙན་གསན་གྲུབ་རྗེས། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཚོགས་གཙོ་དགེ་བཤེས་གཡྲུང་རྒྱལ་མཚན་མཆོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཐོག་མར་དབུ་འཛུགས་གནང་ཚུལ་དང། དམིགས་ཡུལ། སྒྲིག་འཛུགས་ཀྱི་ངོ་བོ། བསྟན་སྲིད་སྲུང་སྐྱོབས་ཀྱི་ལས་དོན་ཐད་བྱས་རྗེས། འགལ་རྐྱེན། བར་སྐབས་ཆུ་སྒང་ཚོགས་པར་དཀར་ངལ་ཇི་འཕྲད་དང་གཙང་སེལ།  ད་ལྟའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནས་བབས།  མ་འོངས་ལས་དོན་འཆར་གཞི། མ་འོངས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ལས་འགན་རྗེས་འཛིན་ལོ་གཞོན་ཚོར་ཡོད་ལུགས། ཁམས་རིགས་ཕོ་མོ་སྐྱ་སེར་ཚང་མ་གོང་བུ་རྡོག་རྩ་གཅིག་སྒྲིལ་དུ་གནས་ཐབས་དགོས་ལུགས་དང། རྡོག་རྩ་གཅིག་སྒྲིལ་གྱི་ལམ་ཕྱོགས་སུ་ཤར་བསྐྱོད་ཐུབ་པ་བྱུང་ཚེ་བོད་བསྟན་སྲིད་སྤྱི་ཡི་ཞབས་འདེགས་འགྲུབ་ཀྱི་ཡོད་པའི་སྐོར།  རྒྱ་བོད་མཉམ་གནས་ཀྱི་དབུ་ལམ་ཞིག་འཚོལ་ཐུབ་ཀྱི་ཡོད་ན་བོད་མི་ནང་ཁུལ་མཉམ་གནས་ཀྱི་དབུ་མའི་ལམ་ཞིག་འཚོལ་བསྒྲུབ་ཐུབ་ཐབས་དགོས་ལུགས་བཅས་ཀྱི་འགྲེལ་བཤད་ཞུས་པ་དང། དེ་བཞིན་བྱང་ཨ་རིར་བཞུགས་པའི་བོད་མི་ཚོས་བོད་མིའི་ལས་འགན་རང་དབང་དཔྱ་ཁྲལ་ཆད་ལུས་མེད་པ་འབུལ་དགོས་པ་དང། ད་བར་ཨ་རི་ནང་བཞུགས་པའི་མི་འབོར་ནས་བརྒྱ་ཆ་བཞི་བཅུ་ཡས་མར་ཙམ་ཞིག་གིས་མ་གཏོགས་འབུལ་གྱི་མི་འདུག་པ་དེ་དག་བོད་མིའི་ལས་འགན་མ་འགྲུབ་པའི་ཡུལ་མི་ཞིག་ལ་བརྩི་དགོས་ཀྱི་ཡོད། དེར་བརྟེན་སླད་ཕྱིན་ཡིད་གཟབ་ཆེན་པོ་དགོས་ཚུལ་ཞིབ་རྒྱས་ཞུས་རྗེས་དྲི་བ་དྲིས་ལན་གྲུབ་པ་དང་། མུ་མཐུད་ས་གནས་རྒྱུན་ལས་འོས་བསྡུ་བྱ་རྒྱུའི་ལས་རིམ་འགོ་འཛུགས་ཞུས།  འོས་བསྡུ་གྲུབ་རྗེས་རྒྱ་ནག་དམངས་གཙོའི་ཁ་ཕྱོགས་སུ་བསྒྱུར་རྒྱུའི་འབད་བརྩོན་གནང་མཁན་གྲགས་ཅན་རྒྱ་རིགས་ཝིན་ཅིན་ཧྲིན་དཔོན་འཁོར་རྣམས་ཆུ་སྒང་ཚོགས་གཙོ་གཙོས་དེར་འདུས་མི་མང་རྣམས་མཇལ་བཅར་དུ་ཆེད་ཕེབས་བྱུང་བ་ལྟར་ཕན་ཚུན་ངོ་སྤྲོད་དང་མཇལ་འཕྲད་ཞུས་རྗེས་གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་རྣམ་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཆུ་སྒང་ཚོགས་པའི་དར་ཆ་དང། ལོ་རྒྱུས་དེབ་ཕྲེང་ཁག  སྒྲིག་གཞི། རྩ་འཛིན་ཡིག་ཆ་ཁག ཆུ་སྒང་གསེར་གྱི་རྟགས་མ། ཨ་འབྲུག་མགོན་པོ་བཀྲིས་ཀྱི་སྐུ་དཔར་སོགས་རིམ་བཞིན་ངོ་སྤྲོད་དང་བཅས་ཏེ་རྩིས་སྤྲད་གནང་བ་དང་ཚང་མར་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་གྲུབ་རྗེས་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ། 

ཕྱི་ཟླ་ ༡༠ ཚེས་ ༢༥ སྔ་དྲོ་ནེའུ་ཡོག་ཆུ་སྒང་ཚོགས་གཙོ་དང། སྨར་ཁམས་བློ་བཟང་ཆོས་འཕེལ། ལི་ཐང་བསྟན་འཛིན་བཅས་ཀྱིས་གདན་ཞུས་ལྟར་སན་ཕ་རན་སིས་སི་ཀོའི་ནང་སྙན་གྲགས་ཆེ་བའི་ས་གནས་ཁག་ཏུ་སྔ་དྲོ་སྤྲོ་འཁྱམས་ཡུལ་སྐོར་དུ་ཕེབས་པ་དང་དགོང་མོ་ས་གནས་དེར་ཡོད་དམངས་གཙོ་དོན་གཉེར་ཅན་གྱི་རྒྱ་རིགས་ཁག་ཅིག་དང་། བོད་མི་ཁག་ཅིག་བཅས་ཚོགས་འདུ་བསྐོང་འཚོགས་ཞུས། བོད་དོན་ཐད་བགྲོ་གླེང་གཏམ་བཤད་ཞུས་པ་དང་རྗེས་སུ་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུའི་གཏན་ཁེལ་བྱས་ཡོད།
 

ཕྱི་ཟླ་ ༡༠ ཚེས་ ༢༦ ཞོགས་པ་ཆུ་ཚོད་ ༤ པ་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཝིན་ཅིན་ཧྲིན་དང།  ནེའུ་ཡོག་ཆུ་སྒང་ཚོགས་གཙོ། གསར་འགོད་པ། ཁ་ལི་ཕོ་ནིས་ཡའི་ཆུ་སྒང་ཚོགས་གཞོན་ལི་ཐང་བསྟན་འཛིན་སོགས་དང་ལྷན་དུ་ཚོགས་གཙོ་དགེ་བཤེས་གཡྲུང་རྒྱལ་མཚན་ los Angles ལོ་སན་ཇི་ལར་རྒྱ་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་ཆེད་ཕྱིན་སྐབས་རྒྱ་མིའི་གཞུང་ཚབ་མདུན་དུ་བོད་མིས་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་དང་། རྒྱ་བོད་དབྱིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་ནང་བོད་དོན་སྐོར་གཏམ་བཤད་སྤེལ་ཐུབ་པ་བྱུང་ཡོད་པ་རེད།

ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ Los Angles ཡོད་པའི་ཐེ་ཝན་ཚོགས་པའི་ཚོགས་ཁང་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཝིན་ཅིན་ཧྲིན་གཙོས་རྒྱ་རིགས་ཚོགས་པ་ཁག་བདུན་གྱི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ་དང། ས་གནས་དེར་བཞུགས་བཀའ་ཟུར་པདྨ་ཆོས་འབྱོར། སྤྱི་འཐུས་བསྟན་འཛིན་ཆོས་ལྡན། བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་འདུ་འཛོམས་གནང་ཡོད་པ་མ་ཟད། རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་འགོད་པ་དུ་མ་དང་བཅས་ཏེ་ཚོགས་འདུ་བསྐོང་སྟེ་རིམ་བཞིན་གཏམ་བཤད་གནང་བ་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་ཀྱང་བོད་དོན་གཏམ་བཤད་གནད་ལ་འཁེལ་བ་གསུང་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་གསལ་ལྟར་རེད་འདུག   དེ་བཞིན་རྒྱ་རིགས་ཚོགས་པ་ཁག་དང་ལྷན་དུ་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞིག་ཀྱང་བཙུགས་ཐུབ་པ་བྱུང་ཡོད། ཚོགས་འདུ་གྲུབ་རྗེས་བཀའ་ཟུར་པདྨ་ཆོས་འབྱོར་དང་ལྷན་དུ་བོད་དོན་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་བྱེད་ཕྱོགས་སྐོར་གོ་བསྡུར་དང་ནང་མོལ་ཞུས། ཕྱི་ཉིན་ཞོགས་པ་སྔ་མོ་ནས་ los Angles  ནས་ཐོན་ཏེ་ཡུལ་ལྗོངས་ཀྱི་མཛེས་སྡུག་ལ་བལྟ་བའི་ཆོག་མི་ཤེས་པ་ལྟ་བུའི་ལོངས་སྤྱོད་ལ་རོལ་བཞིན་སྣུམ་འཁོར་རང་བདག་ནང་དུ་འགྲུལ་བཞུད་བགྱིས་སྐབས་བབས་ཚུགས་ཁག་དང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁག་ཏུ་ལྷོད་ཡང་དལ་འགྲོས་ཀྱིས་བལྟད་མོ་མིག་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་བྱས། དགོང་མོ་ཆུ་ཚོད་ ༥ པ་ཙམདུ་ San Francisco རུ་འབྱོར།   

  ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒྱབ་ཆུ་ཚོད་ ༡།༢༠ ཐོག་ San Francisco ནས་གནམ་གྲུ་བརྒྱུད་ཆུ་ཚོད་ ༦ ཕྱིན་རྗེས་མཚན་མོ་ཆུ་ཚོད་ ༡༢།༥ ཐོག་ New York  གནམ་ཐང་དུ་འབྱོར་སྐབས་ནེའུ་ཡོག་ཆུ་སྒང་ཕྱི་དྲིལ་འགན་འཛིན་ཁྱུང་པོ་བ་གཡྲུང་བཀྲིས་ཕེབས་བསུ་བཅར་ཏེ་སྣེ་ལེན་གོ་སྒྲིག་གནང་འདུག
     ཕྱི་ཟླ་ ༡༡ ཚེས་ ༡ དང་ ༢ ཉིན་གཉིས་རིང་ཚོགས་འདུའི་སྐབས་བཅར་རྒྱུའི་དུས་ཁོམ་མེད་རིགས་རྣམས་ལ་དམིགས་བསལ་དུས་ཚོད་ཀྱི་གོ་སྐབས་ཕུལ་ཏེ་མཇལ་མོལ་ཞུས།
   ཕྱི་ཟླ་ ༡༡ ཚེས་ ༣  ཉིན་ནེའུ་དབྱིན་ལན་ཌི་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གདན་ཞུས་ལྟར་ནེའུ་ཡོག་ཆུ་སྒང་ཚོགས་གཙོ་དང།  ཕྱི་དྲིལ་འགན་འཛིན་གཉིས་དང་ལྷན་དུ་ཕེབས་བཀྲོལ་བརྒྱུད་ཞོགས་པ་ཆུ་ཚོད ༡༠ ཐོག་ནེའུ་ཡོག་ནས་ Misichsi ཕྱོགས་སུ་ཐོན། ཉིན་རྒྱབ་ཆུ་ཚོད་ ༣།༥༠  ཐོག་ས་གནས་སུ་འབྱོར་རྗེས་ New England ཆུ་སྒང་གཙོ་བསོད་ནམས་བླ་མ་དང་། ཁྱུང་པོ་སྐྱིད་སྡུག་གི་འཐུས་མི་རྣམ་པས་ཕེབས་བསུའི་སྣེ་ལེན་གོ་སྒྲིག་གནང་འདུག   དགོང་མོ་ཁྱུང་པོ་བདེ་དོན་ལྷན་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་སྐོར་བགྲོ་གླེང་དང་གོ་བསྡུར། ལམ་སྟོན་གནང་འོས་རིགས་ཆ་ཚང་ཞུས།
    ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ New England གཏན་སྡོད་མདོ་ཁམས་མི་མང་རྒྱས་འཛོམས་ཀྱི་ཚོགས་འདུའི་ནང་བརྗོད་བྱ་གོང་མཚུངས་ San Francisco ཚོགས་འདུའི་ནང་ཞུས་པ་ལྟར་དང་། དྲི་བར་དྲིས་ལན་གྲུབ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྒྲིག་གཞི་དང་ལོ་རྒྱུས། དར་ཆ། གལ་ཆེའི་ཡིག་ཁག་བཅས་རྩིས་སྤྲད་ཞུས་པ་དང་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ།
    ཕྱི་ཟླ་ ༡༡ ཚེས ༥ ཉིན་ས་གནས་ཆུ་སྒང་ཚོགས་གཙོས་གོ་སྒྲིག་གནང་བ་ལྟར་རི་ལུང་གྲགས་ཅན་དང། ཡུལ་སྐོར་སྤྲོ་འཆམ་ཕེབས་ཡུལ་ཁག་ལ་གདན་ཞུས་གནང་བ་ལྟར་ཆེད་བཅར་ཞུས།
    ཕྱི་ཟླ་ ༡༡ ཚེས ༥ ཉིན་ཞོགས་པ་སྔ་ཙམ་ནས་ནེའུ་ཡོག་ཆུ་སྒང་ཚོགས་གཙོ་དང། ཕྱི་དྲིལ་འགན་འཛིན། ནེའུ་དབྱིན་ལན་ཌི་ཆུ་སྒང་དྲུང་ཆེ་བསྟན་འཛིན་བྱམས་ཆེན་སོགས་དང་ལྷན་དུ་ Misichusi ནས་ཚོགས་གཙོ་བསོད་ནམས་བླ་མ་སོགས་ཀྱིས་ཕེབས་བསྐྱེལ་དང་བཅས་ New York ཕྱོགས་སུ་ཐོན།  ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ New York ས་གནས་སུ་འབྱོར་བ་དང་བོད་གཞུང་དོན་གཅོད་ཁང་དུ་ཆུ་སྒང་རྒྱུན་ལས་དང། སྐུ་ངོ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་དང་ལྷན་དུ་དུས་ཚོད་བཟོས་པ་ལྟར་མཇལ་འཕྲད་ཞུས། སྐབས་དེར་ཨ་རིའི་ས་གནས་ཁག་ཏུ་བོད་མིའི་དཀའ་ངལ་དང་། རང་དབང་དཔྱ་ཁྲལ་བསྡུ་འབུལ་བྱ་ཕྱོགས་དོན་ཁང་ནས་འགན་ཁུར་ཚད་ལྡན་མ་གནང་ཚེ་བསམ་ཚུལ་མི་མཐུན་པ་མང་པོ་ཡོད་གནས་ལ་དོན་གཅོད་ནས་ཐུགས་སྣང་དགོས་ལུགས་དང། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནད་དོན་དང་འབྲེལ་བའི་སྐོར་བཀའ་མོལ་སོགས་སྤྱི་པའི་བདེ་དོན་ཆེད་ནང་མོལ་ཞིབ་ལྷུག་ཞུས་པ་ལྟར་དོན་གཅོད་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་གནང་བཞིན་འདུག  དགོང་མོ New York མདོ་ཁམས་ཆུ་སྒང་ཚོགས་པའི་རྒྱུན་ལས་གསར་རྙིང་ལྷན་འཛོམས་ཀྱི་རྒྱུན་ལས་ཚོགས་འདུ་རྒྱས་འཛོམས་གནང་སྟེ་དེའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་པའི་ལས་དོན་གྲུབ་འབྲས་དང་དཀའ་ངལ། ད་ལྟ་བྱེད་བཞིན་པ། མ་འོངས་བྱེད་འཆར་དང་ས་གནས་རྒྱུན་ལས་ཁག་གིས་ཕྱར་གྲུ་མཉམ་འདེགས་དགོས་པ་མ་ཟད་ཁྲིམས་ལུགས་ལྟར་དབུས་སའི་སྒྲིག་འཛུགས་རྣམས་བྱ་སྤུ་ནོན་གྱི་ཚུལ་དུ་གནས་དགོས་ཚུལ། ནེའུ་ཡོག་ཆུ་སྒང་ཚོགས་པའི་ལས་ཀྱི་སྣེ་མོ་བ་དང་དབུས་ཀྱི་ལས་དོན་བྱེད་ཕྱོགས་བར་བར་ཁྱད་བཅས་དྭོགས་སེལ་དགོས་རིགས་དྲི་བར་དྲིས་ལན་གྱི་ལམ་ནས་བློ་ཡི་ངལ་བ་གསོ་བའི་གསོས་སུ་འབྱིན་ཐུབ་པ་དེ་འདྲ་གྱུར།  དེ་བཞིན་New York ཆུ་སྒང་ཚོགས་པས་མ་འོངས་ས་གནས་སུ་ལས་དོན་བྱེད་ཕྱོགས་དགོངས་འཆར་གནང་བ་རྣམས་ནས་ནེའུ་ཡོག་ཏུ་གཏན་འཇགས་ལས་ཁང་དང་ཚོགས་ཁང་སྤུས་གཟིགས་དགོས་སྐོར་སོགས་ཡར་རྒྱས་ཀྱི་གོང་བུར་བསྒྲུབ་རྒྱུར་ལམ་སྟོན་རོགས་འདེགས་ཞུ་བཞིན་པར་ང་ཚོའི་དགོངས་ཡུལ་དུ་འཇོག་དགོས་པ་ཞིག་ཡིན།
    ཕྱི་ཟླ་ ༡༡  ཚེས་ ༧ ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ནས་ Queens Palace ཚོགས་ཁང་ཆེན་མོའི་ནང་ New York ཏུ་གཏན་གཞི་བྱས་པའིི་ཁམས་རིགས་ཕོ་མོ་ཉིས་བརྒྱ་མ་ཟིན་ཙམ་རྒྱས་འཛོམས་ཐོག་བོད་བསྟན་པ་ཆབ་སྲིད་སྤྱི་དང། བྱེ་བྲག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ལས་རིམ་དང་། ལས་འགུལ། ལས་འཆར་སོགས་ཀྱི་གཙོས་གོང་ཞུས་ San Francisco རུ་ཞུས་པ་ལྟར་རྒྱས་འགྲེལ་དང་། དྲི་བར་དྲིས་ལན་གྱི་ལམ་ནས་སྐྱེ་བོ་བློ་དྭོགས་ཀྱིས་མནར་བ་རྣམས་ཡིད་ཀྱི་རྒུད་པ་ཞི་སྟེ་ངལ་གསོའི་ལམ་བཟང་རྙེད་པའི་གོ་སྐབས་བཟང་པོ་རུ་གྱུར།  ཚོགས་འདུ་གྲུབ་རྗེས་ New York ཏུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ Wang Jin དང་ལྷན་དུ་ཆབ་སྲིད་ཀྱི་བགྲོ་གླེང་དང།  ལས་དོན་ངོ་སྤྲོད།  མ་འོངས་འབྲེལ་ལམ་བྱེད་ཕྱོགས་ནང་བསྡུར་གྲུབ་རྗེས་ཁོང་གི་ཆུ་སྒང་དཔོན་འཁོར་རྣམས་ལ་གསོལ་ཚིགས་འདེགས་འབུལ་གནང་བ་ལྟར་དགོང་ཟས་མཉམ་རོལ་ཞུས།
    ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ Washington དུ་ New York ཆུ་སྒང་ཚོགས་གཙོ་དང།  ཕྱི་དྲིལ་འགན་འཛིན།  དེ་བཞིན་ washington  ཆུ་སྒང་ཚོགས་གཞོན་སོགས་ལྷན་དུ་ཕེབས་བཀྲོལ་བརྒྱུད་ཐོན་སོང་བ་ཡིན།
    ཕྱི་ཟླ་ ༡༡  ཚེས་ ༩ ཉིན་སྔ་དྲོ་ནས་ཆར་ལོ་སི་ས་ཁུལ་དུ་ཡོད་པའི་ཁམས་རིགས་ཚོར་མཇལ་འཕྲད་དང། ཆུ་སྒང་ཚོགས་པའི་ལས་དོན་ངོ་སྤྲོད་དང་མ་འོངས་བྱེད་ཕྱོགས་སོགས་ལམ་སྟོན་ཞུ་ཐུབ་པ་བྱུང།
    ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་ Washington ཁུལ་དུ་ཡོད་པའི་ཁམས་རིགས་ཚོ་དང་ལྷན་དུ་ཚོགས་འདུ་བྱས་ཏེ་ཆུ་སྒང་རྒྱུན་ལས་གསར་འཛུགས་བྱས་ཞུས་པ་དང་།  དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྒྲིག་གཞིའི་གཙོས་གསོལ་རས་བསྩལ་དགོས་རིགས་ཕུལ་བཞེས་མཛད།
    ཕྱི་ཟླ་ ༡༡  ཚེས་ ༡༡  ཉིན་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་གྲོས་ཚོགས་གོང་འོག་མཇལ་འཕྲད་དང་།  དེ་ནས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་དབུ་ཁྲིད་ལྕམ་རོ་བྷིན་ཡ་ཁ་ཊལ་དང་ལྷན་དུ་ཆུ་ཚོད་གཅིག་ཙམ་བོད་དོན་དང་ཡུ་གུར་གྱི་གནས་བབས་སོགས་བགྲོ་གླེང་གནང་བ་དང། ཁོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་རེ་བ་དང་ཡིད་ཆེས། མཛའ་འབྲེལ་ཆེན་པོ་ཡོད་པའི་གནད་དོན་སོགས་ནང་གནས་བགྲོ་གླེང་ཞིབ་རྒྱས་བྱུང་ཡོད་འདུག


    ཕྱི་ཟླ་ ༡༡ ཚེས ༡༣ ཉིན་ཞོགས་པ་གནམ་གཤིས་ནི་གྲངས་ངར་ཆེ་ལ་ཁ་ཆར་དྲག་ཏུ་འབབ་བཞིན་འདུག  ཕྱི་དྲོ་ Washington གནམ་ཐང་ནས་ Heagen བར་ཝ་ཤིང་ཀྲོན་ཆུ་སྒང་ཚོགས་གཞོན་དང་ New York ཆུ་སྒང་ཕྱི་དྲིལ་འགན་འཛིན་བཅས་ཀྱིས་ཕེབས་བསྐྱེལ་དང་བཅས་མཁའ་ཐོག་ནས་ Milweakee དང་།  དེ་ནས་ Minneapolis གནམ་ཐང་དུ་མཚན་མོ་ཆུ་ཚོད་ ༩།༡༠ ཐོག་འབྱོར་སྐབས་ Meanisota ཁམས་རིགས་མི་མང་གི་སྐུ་ཚབ་སྡེ་དགེ་ཁམས་ཕྲུག་གིས་ཕེབས་བསུའི་གདན་ཞུ་གནང་བ་སྟར་དགོང་མོ་ཁམས་ཕྲུག་ནང་དུ་བསྡད།   

 

ཕྱི་ཟླ་ ༡༡ ཚེས་ ༡༤  ཉིན་སྔ་དྲོ་ཁམས་རིགས་གཞོན་ནུ་ཕོ་མོ་མང་པོ་ཟུར་བཅར་གནང་སྟེ་ཕྱི་ནང་ཁོར་མོ་ཡུག་དང་། བོད་མིའི་བདེ་སྡུག་གནས་སྟངས་གང་གསུང་རྣམས་ཉན་པ་ཡིན།  ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ Minnisota བོད་རིགས་འཐུས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་གདན་ཞུས་ལྟར་ཆོལ་གསུམ་མི་མང་ ༢༠༠ ལྷག་ཙམ་ལ་བོད་མིའི་ལས་འགན་དང། མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་ཀྱི་གནད་དོན་དང་ལས་དོན་བྱེད་ཕྱོགས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཆབ་སྲིད་ཀྱི་གནས་བབས་དང་ལས་དོན་བྱེད་ཕྱོགས། ད་ལྟའི་ཆུ་སྒང་གི་ངོ་བོ་དང་གནས་བབས་བཅས་ཞིབ་ཕྲ་ཞུས་རྗེས་དུས་ཚོད་མང་ཆེ་བ་དྲི་བ་དྲིས་ལན་བྱས་ན་དགེ་ཕན་ཆེ་བར་སེམས་ཏེ་གོ་སྐབས་ཕུལ་བ་ལྟར་མཚན་མོ་ཆུ་ཚོད་ ༨།༣༠ བར་བགྲོ་གླེང་ལན་འདེབས། གསལ་བཤད་ཞུས། ཐོག་མར་ཚོགས་འདུའི་དབུ་འཛུགས་སྐབས་བོད་རིགས་འཐུས་ཚོགས་ཀྱི་ཚོགས་གཙོ་ཟུར་པས་ཁོ་བོའི་ངོ་སྤྲོད་དང་གཏམ་བཤད་གནང་བ་དང། དེ་ནས་བོད་རིགས་འཐུས་ཚོགས་ཀྱི་ཚོགས་གཙོས་ལས་བསྡོམས་དང་ས་གནས་ཀྱི་གནས་བབས་ངོ་སྤྲོད་གནང་ཡོད། ཚོགས་འདུའི་གཙོ་སྐྱོང་པ་བོད་རིགས་འཐུས་ཚོགས་ཀྱི་དྲུང་ཆེས་འགན་ཁུར་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
   

ཕྱི་ཟླ  ༡༡  ཚེས་ ༡༥  ཉིན་རྒྱབ་ཆུ་ཚོད་ ༢ པ་ཙམ་ནས་ཁམས་པའི་མི་མང་བརྒྱ་མ་ཟིན་ཙམ་འདུ་འཛོམས་གནང་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲིད་ཀྱི་བྱ་བ་སྤྱི་དང་།  བྱེ་བྲག་ལོ་རྒྱུས་བྱུང་རིམ་ནང་བདེ་སྡུག་འཕར་འབུར་ཇི་བྱུང་།   དེ་བཞིན་ད་ལྟའི་འཛིན་སྐྱོང་གི་གནས་བབས་བཅས་ངོ་སྤྲོད་ཞུས་གྲུབ་རྗེས་དྲི་བ་དྲིས་ལན་དང། དེ་བཞིན་དགའ་དད་སྤྲོ་གསུམ་གྱི་ཉིན་འཁྱོངས་འདས་པར་གྱུར། མི་མང་ཚོའི་སེམས་ཤུགས་དང་ལྷག་བསམ་ནི་གངས་རི་ལས་དཀར་བ་དང་།  རྒྱ་མཚོ་ལས་གཏིང་ཟབ་པ་ཡོད་པ་དང་། མ་འོངས་བསྟན་སྲིད་སླར་གསོའི་ཆེད་ས་གནས་སུ་བསྟན་སྲུང་དང་བླངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཤིག་གསར་འཛུགས་ཞུ་རྒྱུའི་གཏན་འབེབས་གནང་ཡོད་པ་མ་ཟད། ལས་དོན་མུ་མཐུད་མཇུག་སྐྱོང་རྒྱུན་འཁྱོངས་བྱ་རྒྱུའི་གཏན་ཁེལ་ཞུ་ཐུབ་པ་བྱུང་ཡོད། སྐབས་འདིའི་ཨ་རིར་གཞུང་དོན་ཕྱོགས་བསྐྱོད་ལམ་ལྷོང་གྲུབ་འབྲས་སོན་པ་བྱུང་སྟེ་ཕྱི་ཉིན་མཁའ་ལམ་ནས་ཨ་རི་མངའ་སྡེ་ཁོ་ལར་ར་ཌོར་ཕེབས་ཡོད་པ་དང་།  དེ་ནས་འདི་ཚེས་ ༢༠ ཉིན་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁ་དགེ་བཀྲ་ཤིས་ཀྱི་ངང་ནང་ཕྱིར་ཕེབས་གནང་ཡོད་པ་རེད།
    མཇུག་བསྡུ་བ།   ད་རེས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཨ་རི་རྒྱལ་ཁབ་ཀྱི་མངའ་སྡེ་ཁག་དྲུག་ཏུ་འཚམས་འདྲི་གཟིགས་སྐོར་ཞུས་སྐབས་ཁམས་རིགས་མི་མང་གཙོས་པའི་འབྲེལ་ཡོད་སེར་སྐྱ་ཚང་མས་ཡིད་སྨོན་དང། རྒྱབ་སྐྱོར་ཚད་མཐོན་པོའི་ཐོག་ཕེབས་བསུ་དང་གོ་སྒྲིག  ཉན་འཇོག  དེ་བཞིན་ New York གཙོས་པའི་ས་གནས་ཆུ་སྒང་སྒྲིག་འཛུགས་ཁག་གི་ལས་དོན་ཚག་ཚུད་གོ་སྒྲིག་གནང་བ་བཅས་ལ་བརྟེན་ནས་དབུས་སའི་དབུ་ཁྲིད་རྣམ་པ་དང། འགོ་མང་དབར་སྔར་ལྷག་འབྲེལ་ལམ་བཟང་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། དེ་མཚུངས་ཁམས་རིགས་ལྷག་བསམ་གཏོང་ཕོད་ཅན་དེ་དག་གིས་རམ་འདེགས་དང་མི་མང་གིས་རི་བོ་ལྟ་བུའི་རྒྱབ་གཉེར་ཆེན་པོ་ཡོད་སྟབས་ང་ཚོ་ལས་ཀྱི་སྣེ་མོ་བ་ཚོ་སེམས་ཤུགས་འཕར་མ་ཞིག་སྐྱེ་བའི་རྒྱུ་རྐྱེན་བཟང་པོ་རུ་གྱུར་ཡོད། སླད་ཕྱིན་ང་ཚོ་ལས་ཀྱི་སྣེ་མོ་བ་ཚོས་ལས་དོན་ཚགས་ཚུད་གནང་ཐུབ་པ་བྱུང་ཚེ་ང་ཚོའི་མི་མང་གི་རྒྱབ་སྐྱོར་ལ་དུས་ནམ་ཡང་འགྱུར་བ་མེད་ངེས་ལ་བརྟེན་དེ་དོན་དབུས་སའི་དབུ་ཁྲིད་རྣམ་པས་དམ་དོན་གནང་ཕྱོགས་ཡོད་པ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས།།