དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།68
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།300
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1192
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96085

Online (20 minutes ago): 6
Your IP: 38.107.179.236
,
Today: Feb 07, 2012

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དཔའ་བོའི་དམག་ འཐབ་ལོ་རྒྱུས། སྨད་ཆ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

༼26༽

༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་འཁོར་རྣམས་
བཙན་བྱོལ་དུ་ཕེབས་བསུ་ཞུ་རྒྱུའི་གོ་སྒྲིག
 

          ༥༩ ཟླ་     ༣    ཚེས་     ༡༠ ལ་ལྷ་སྡོད་ཆོལ་གསུམ་མི་མང་ནས་རང་དབང་སྒེར་ལང་གི་ལས་འགུལ་སྤེལ་པ་དང༌། ཟླ་བ་དེའི་ཚེས་ ༡༣ དང་ ༡༤ ནུབ་མོར་རྒྱ་མིའི་རླངས་འཁོར་ཆེ་བའི་གྲས་གཉིས་ཀྱི་ནང་ཚད་ལེན་འཕྲུལ་ཆས་གྱིས་ ནོར་བུ་གླིང་ཁ་དང༌། པོ་ཏཱ་ལ་བཅས་ལ་ས་བབ་ཚད་ལེན་ཀྱིས་མེ་སྒྱོགས་རྒྱག་རྒྱུའི་ཇུས་ངན་བཏིངས་བ་མ་ ཟད།
དེའི་དགོང་མོར་མེ་སྒྱོགས་ཐེངས་གཉིས་རྒྱབ་བྱུང་བར་མདེའུ་ཕོ་བྲང་བྱང་སྒོའི་ ཕྱི་ངོས་ཀྱི་ཆུ་འདམ་དུ་ལྷུངས་ཤིང༌། དེ་ནི་ཕལ་ཆེར་བོད་མི་དམངས་ལ་ཞེ་སྣང་སྐུལ་བ་དང༌། ཕྱོགས་གཅིག་ནས་ས་ཐག་རིང་ཐུང་ཚད་ལེན་བྱེད་པའང་ཡིན་སྲིད།
ཛ་དྲག་ཧ་ཅང་ཆེ་ བའི་གནས་ཚུལ་འོག་གསང་བའི་ཡི་གེ་ཞིག་འབྱོར་པ་དེའི་ནང༌། ལྷ་སའི་ཁུལ་གྱི་རྒྱ་མིའི་རྣམ་འགྱུར་ལ་བལྟས་ན་ཡག་རྟགས་མི་འདུག་པ་བོད་བསྟན་ སྲིད་དང་ྋགོང་ས་མཆོག་གི་སྐུ་ཕྱ་བཅས་ཀྱི་ཉེན་སྲུང་ཆེད་ཆུ་སྒང་དམག་སྒར་གྱིས་ སྔར་བས་གཟབ་ནན་བྱེད་དགོས་པའི་བླངས་བྱ་བཏོན་ཡོད་པ་རེད།
དེར་བརྟེན་རང་ཕྱོགས་ནས་གལ་སྲིད་ྋགོང་ས་མཆོག་ཉེན་ཡོལ་དུ་ཕེབས་དགོས་བྱུང་ན་ས་ གནད་ཆེ་ས་དེ་རྩེད་ཐང་ཡིན་པ་དང༌། དེ་དང་ཆུ་སྒང་དམག་སྒར་ལྟེ་བ་ཡོད་ས་ལྷ་རྒྱལ་རི་དབར་རྒྱང་ཐག་ཅུང་ཟད་རིང་བས།
དེ་ལས་ཡར་ཀླུང་ལ་སྤོས་ན་དགེ་མཚན་ཆེ་ཚུལ་ཐག་གཅོད་བྱུང་དོན་བཞིན་ཛ་དྲག་འ་ འུར་་ཐོག་ནས་དམག་སྒར་ལྟེ་བ་ལྷ་རྒྱལ་རི་ནས་ཡར་ཀླུང་ལ་སྤོས་ཏེ་ཕྱོགས་གཅིག་ནས་ ཉེར་མཁོ་བཅའ་དངོས་རྣམས་དབོར་འདྲེན་དང་          ཕྱོགས་གཅིག་ནས་དགྲ་འཁྲུགས་སྒུག་རའི་ས་གནད་ཁག་གྲ་སྒྲིག་ཨང་གསར་བྱས།
དམག་སྒར་ཡར་ཀླུང་དུ་སྤོ་སྐབས་ཀྱི་ཐོ་གཞུང་ཡིག་ཆ་ཁག་གཅིག་འདུག་པ་དེའི་ནང་འཁོད་གསལ།
༈ ས་ཕག་ཟླ་ ༢ ཚེས་ ༢༤ ལ། ལྷ་རྒྱ་རི་ཕོག་ཁང་ནས་ཡར་ལུང་དམག་སྒར་ལ་ཐུགས་མཁོ་སོང་གཞུང་བཀོད་པ། ༈ ས་ཕག་ཟླ་ ༢ ཚེས་ ༢༤ ལ། ལྷ་རྒྱ་རི་ཕོག་ཁང་ནས་ཡར་ལུང་དམག་སྒར་ལ་ཐུགས་མཁོ་འབུལ་ལམ་ཞུ་པའི་སོང་གཞུང་ བཀོད་པར། ལྷ་རྒྱ་རི་ཁོང་ལབ་པར་ཁལ་གདོང་ཤ་སྟོད་སྨད་བཅོ་རྒྱད་དང༌། བྲོལ་པ་གསུམ་ཅུ་སོ་གསུམ་དང༌། རྟིའུ་ར་ཁས་གདོང་ཤ་སྟོད་སྨད་བཞི།
བྲོལ་པ་གསུམ་གསར་ཐང་ཁས་གདོང་ཤ་སྟོད་སྨད་བཞི། བྲོལ་པ་གཉིས། སྒམ་ར་ཁས་གདོང་ཤ་སྟོད་སྨད་དྲུག བྲོལ་པ་བཅིུས། གཡར་པ་ཁས་གདོང་རྩམ་པ་རྒྱབ་ཉེར་བདུན་བཅས་སོང༌། རྒྱ་རི་ཁོང་བླ་སེང་ཁས་གདོང་ལ་རྩམ་རྒྱབ་ཉེར་དགུ་སོང༌། རྒྱ་རི་ཁོང་མེ་ཉག་འོག་ཁས་གདོང་རྩམ་རྒྱབ་ཉོར་བཞི་སོང༌། རྒྱ་རི་ཁོངས་བཟང་ཏུ་ཁས་གཡག་གདོང་རྩམ་དོ་དྲུག་དང༌། རྒྱབ་ཉོར་གཅིག
རྣམས་ཕྱུ་ཁལ་གདོང་རྒྱབ་ཉོར་གཉིས་དང་དོ་དྲུགག བསམ་འཕེལ་ཁལ་གདོང་ཉོར་གསུམ་དང། དོ་གཉིས། སལ་བཅན་ཁལ་གདོང་རྒྱབ་ཉེར་བདུན། ཨོ་པ་ཁལ་གདོང་རྒྱབ་ཉེར་ལྔ་དང་དོ་གཉིས། འཛམས་ཕྱུ་ཁལ་གདོང་རྒྱབ་ཉོར་གསུམ་དང་དོ་བཞི། བྱང་རྒྱུད་ཁལ་གདོང་རྒྱབ་ཉེར་གཉིས་དང་དོ་དྲུག རྒྱ་ཞབས་བྲག་པ་ཁལ་གདོང་རྒྱབ་ཉེར་གཉིས། སྐྱིད་ཡོན་ཁལ་གཡག་གདོང་རྒྱབ་ཉེར་གསུམ།
ཤག་ལྷོའི་ཁོང་ཨེ་ཆུང་འོག་ཁལ་གདོང་རྒྱབ་ཉེར་ཤུ་ཐམ་པ། དམར་པ་ཁལ་གདོང་མར་སྡང་དགུ། ལག་སྒམ་གཅིག་བཅས་གོང་ཚེས་ ༡༠ ཉིན་སོང༌། ཚེས་ ༢༢ ལ་ལྷ་རྒྱ་རི་བྲེལ་ཐོག་ཤ་སྟོད་སྨད་བཅུ་དྲུག་དང༌། ནང་ཆ་བྲོལ་པ་བཅིུས། ཆག་དོ་གཉིས། སྦ་པ་དྲེལ་ཐོག་ཤ་སྟོད་སྨད་འདེབས་ཉི་ཤུ་རྩ་གསུམ། ཁམས་བོག་དོ་གཅིག་བཅས་རྩིས་སྤྲོད་སོང༌། ཚེས་ ༢༧
ལ་ཤག་ལྷོའི་ཁོང་གྲ་དཀར་ཁལ་གདོང་མར་ལྡང་གསུམ་བཅུ་སོ་བཞི། ཤ་འདེབས་ཉི་ཤུ་ཐམ་པ། ཨ་ཁྲུག་ཚང་གྱི་དོ་གྲང་གསུམ་བཅུ་སོ་དྲུག་དང༌། སྟེང་རྩ་གཉིས། ཤག་བྱང་ཁལ་གདོང་མར་ལྡང་རྒྱད་བཅས་རྩིས་སྤྲོད་སོང༌། གོང་ཚེས་ ༢༨ ལ་གཉལ་ཕོག་ཁངདུ་རྒྱ་རི་ཁོང་གོང་ཁང་གདོང་བུ་རམ་གིས་སྤྲིན་གཉིས། གུར་དོ་བརྒྱ། གནམས་གྲུའི་གུར་གསུམ། རྟར་ཁ་དང་རྒྱུས་པ་དོ་གཅིག
ཇ་སྒམ་བཅུ་བཞི་བཅུ་གསུམ། ཐག་པ་དོ་༡ རྩག་ར་སོག་ཡོད་ཟིང་སྒམ་གཅིག ཡང་ལར་དང་ཡིད་རྩེ་ཡོད་སྒམ་གཅིག། ཤག་བྱམ་ཁོང་ཁལ་གདོང་གནམས་གྲུའི་གུར་རྒྱབ་ཉོར་གསུམ། ཤ་སྟོད་སྨད་བཞི། ཚའི་ལུ་དོ་བཞི། མར་བདུན་ལྡང་གཅིག གནམ་གྲུའི་གུར་དོ་གསུམ། ཐབ་ཚང་ཡོ་ཆས་དོ་གསུམ། ཁ་ཐག་ཡོད་པའི་སྒམ་གཅིག རྩ་རྩིས་ཡོད་ལག་སྒམ་གཅིག ཕུར་དོ་གཉིས བཟོ་ལ་ཆེུང་གཉིས།
བཟམས་ཆུང་གཅིག་བཅས་རྟགས་འབྱར་རྩིས་སྤྲོད་སོང༌། གོང་ཚེས་ ༢༩ ལ་རྒྱ་རི་ཁོང་བར་ཚིག་དང། ལྷ་ཡན་གཉིས་ཀྱི་ཁལ་གདོང་རྒྱ་གྲོ་ཞིབ་དོ་བཞི། རྩམ་རྒྱབ་ཉོར་གཅིག་དང་དོ་གཅིག ཤོག་གུ་དོ་གཉིས། བུ་རམ་ཉིས་སྤྲིན་དོ་གཅིག འོ་སྤྲིན་ཟིང་སྒམ་གཅིག ཇ་པར་རྟི་དོ་གཅིག གོང་ང་དོ་གཅིག མར་སྟང་བདུན། རྩམ་པ་དོ་བཅུ་ཐམ་པ། ཤ་སྟོད་སྨད་བཅུ་དྲུག་བཅས་རྟགས་འབྱར་རྩིས་སྤྲོད་སོང༌།
གོང་ཚེས་ ༢༨ ཉིན་རྒྱ་རི་ཁོང་མདའ་གཏུམ་ཁལ་གདོང་རྩམ་རྒྱབ་ཉོར་བདུན་རྟགས་འབྱར་རྩིས་སྤྲོད་ སོང༌། ཟླ་ ༣ ཚེས་ ༣ ཨེ་ཆུ་མདོ་གྱང་དུ་ལྷ་རྒྱ་རི་དྲེལ་ཐོག་ཕོག་ཁང་གྱི་མར་ལྟང་བཅོ་ལྔ། གུར་དོ་གཅིག ལྕག་སྒམ་གཅིག ལག་སྒམ་དོ་གཅིག ཕོག་ཁང་ཕྱག་མཛོད་ཀྱི་རྟགས་འཁོད་ཅེས་འཁོད་འདུག
   
(དངོས་སུ་ཆིབས་བསྒྱུར་གནང་ཕྱོགས་ཀྱི་བྱུང་རབས་ཟུར་ཙམ།)  སྐབས་དེར་ལྷ་ས་ཁུལ་དུ་བསྡད་ཡོད་པའི་བོད་མི་སེར་སྐྱ་ཆོལ་གསུམ་རིས་སུ་མ་ཆད་ པའི་བོད་མི་དམངས་ཚོས་གངས་ཅན་འགྲོ་བའི་བསོད་ནམས་ཀྱི་སྙིང་པོ་༧གོང་ས་སྐྱབས་ མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭ་འགན་སྲུང་ཐད།
དོ་བདག་སོ་སོས་རང་སྲོག་བློས་བཏང་གིས་རྒྱ་ལ་རྒོལ་འཛིང་བྱེད་རྒྱུ་མ་གཏོགས་ ཐབས་ལམ་གཞན་གང་ཡང་གཏན་འཁེལ་མི་ནུས་པའི་སྐབས་དེར། ང་ཕོད་ངག་དབང་འཇིགས་མེད་ཀྱིས་གོང་ས་མཆོག་ལ་ཞུ་ཡིག་གཅིག་འབྱོར་བ་དེའི་ནང་དུ། གལ་ཏེ་ལྷ་ས་ནས་བྲོས་བྱོལ་ཐུབ་པའི་དབང་དུ་བཏང་ནའང་འགྲོ་ཡུལ་གང་དུ་ཡོད་དམ། བོད་ཀྱི་མཐའ་མཚམས་ས་གནས་གང་ཞིག་བརྟན་སྲུང་བྱེད་ཐུབ།
གལ་སྲིད་བོད་ཀྱི་ས་མཚམས་བརྒལ་ན་ཕྱི་རྒྱལ་སུ་ཞིག་གི་འོག་ནས་སྐྱབས་གཅོལ་ཐུབ་ བམ། ལྷ་ས་བརྒལ་ནས་ཕེབས་ན་རྒྱ་དམག་གིས་གཏོར་བ་དང་མི་མང་ཁྲི་ཕྲག་མང་པོའི་ཚེ་སྲོག་ ལ་བར་ཆད་མི་ཡོང་ངམ། ཡང་ན་སྐུ་ཉིད་ཕེབས་པ་ཐོས་འཕྲལ་མི་དམངས་རྣམས་ཁ་འཐོར་ཡ་འཐོར་དུ་ཕྱིན་ཏེ་གང་ འཚམ་ཞིག་གི་ཚེ་སྲོག་སྐྱོབ་ནུས་པ་ཡོང་ངམ།
ཞེས་ལྕི་ཞིང་མཁྲེགས་པའི་དོགས་འདྲི་འགའ་ཞིག་བཀོད་ཡོད་པ་རེད། གོང་གསལ་དོགས་འདྲི་དེ་དག་ལ་ལག་བསྟར་གྱི་ལན་གསལ་གང་ཞིག་འདེབས་མིན་ནི་ཤིན་ཏུ་ དཀའ་མོད། དྲི་བ་དེ་དག་གི་སྙིང་དོན་གཅིག་ཏུ་སྤུངས་ན། ང་ཕོད་རང་ཉིད་གཅིག་པུའི་སྒེར་གྱི་སྲོག་རྩ་དང་བོད་རྒྱལ་ཁབ་ཀྱི་ལ་རྒྱ་གཉིས་ བར་ཀྱི་རིན་ཐང་ལྕི་ཡངས་འཇལ་སྟངས་ནོར་སོང་ནའང༌།
གཞི་རྩ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང༌། རང་གཞུང་ལ་དད་ལོག་དང་སྡང་ཟུག་མི་བྱེད་པར་ཡིད་ཆེས་ལྡན་པ་གཞིར་བྱས་ནས་དཔྱད་པ་ བྱེད་ན། ཕལ་ཆེར་༧སྐྱབསམགོན་རིན་པོ་ཆེ་ལྷ་ས་ནས་ལྐོག་བྲོས་བྱེད་དགོས་པ་དང༌། བོད་ཀྱི་མཐའ་མཚམས་གང་རུང་ཞིག་བཙན་བཟུང་བྱེད་དགོས་པའམ།
ཡང་ན་ཁྱིམ་མཚེས་རྒྱལ་ཁབ་གཅིག་ཏུ་སྐྱབས་བཅོལ་ཞུ་རྒྱུ་མ་གཏོགས་མུ་མཐུད་གྲོང་ ཁྱེར་ནང་བསྡད་ན་གྲོང་ཁྱེར་གཏོར་བ་དང་མི་མང་པོ་བསད་རྨས་ཡོང་རྒྱུ་གཏན་འཁེལ་བ། བཙན་བྱོལ་མི་མང་མང་དག་ཅིག་གི་གཅེས་སྲོག་སྐྱོབ་ཐུབ་པའི་སྔོན་བརྡ་ཞིག་ཡིན་ སྲིད་སྙམ།
གང་ལྟར་རྒྱལ་གཅེས་གཞུང་ཞབས་སྐུ་དྲག་དང་མི་མང་ཚོས་ཐབས་ལམ་གང་ཡང་མ་རྙེད་པའི་ སྐབས་དེར་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་ཡེ་ཤེས་སྤྱན་དཀྱུས་རིང་ པོས་མ་འོངས་མངོན་གཟིགས་ཀྱིས་ལྷ་ས་ནས་བྲོས་བྱོལ་ཕེབས་རྒྱུ་གཏན་འཁེལ་གནང༌། ༧གོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས། བཀའ་བློན་བཞི། གམ་གཅར་སྐུ་སྲུང་ལསབྱེད།
རྒྱལ་ཡུམ་ཆེན་མོ་སོགས་སྐུའི་ཉེ་འཁོར་ལྟོས་བཅས་ཡོངས་རྫོགས་གསང་བ་དམ་པོའི་ སྒོ་ནས་ཕོ་བྲང་ཕྱི་ལ་ཐོན་པ་དང༌། བཀའ་བློན་ཚོས་བཀའ་ཤག་དང་ཡིག་ཚང་གི་དམ་ཕྲུག་དང༌། ནོར་གླིང་དུ་ཡོད་པའི་གལ་ཆེའི་ཡིག་ཆ་རྣམས་འདེམས་སྒྲུག་གིས་ཁྱེར། ༧གོང་ས་མཆོག་ཕོ་བྲང་ནས་གསང་སྟབས་ཀྱིས་ཕྱོགས་ཕེབས་གནང་ཁར་ཕྱག་བྲིས་ཤིག་གནང་ ནས་བཞག་ཡོད་པ་དེའི་ནང༌།
རྒྱ་མིས་ཚུར་རྒོལ་མ་བྱས་ན་ཕར་རྒོལ་དཀྲོག་རྐྱེན་བྱེད་མི་ཉན།          ང་རང་ཉེན་ཡོལ་དུ་འགྲོ་དོན་ལྟར་ཉེན་ཁ་ལས་གྲོལ་བའི་ས་ཁུལ་དུ་སླེབས་པ་དང་ཞིབ་ ཆའི་གནས་ཚུལ་སྤེལ་ཆོག ཅེས་པའི་དོན་ཚན་གཉིས་འཁོད་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་ཕེབས་རྒྱུ་གསང་བ་དམ་དྲག་བྱེད་དགོས་པའི་རྒྱུ་མཚན་ནི། གཅིག་ནས་གཞུང་ཞབས་ནང་ཁུལ་རྒྱ་མིའི་ཕོགས་ཟོན་མང་པོ་ཡོད་པ་དང༌།
གཉིས་ནས་ནོར་གླིང་ཕོ་བྲང་གི་ལྕགས་རིའི་ཕྱི་རོལ་ཡོངས་སུ་དྭངས་བླངས་དམག་མི་ དང༌། དྭངས་བླངས་མི་མང་གིས་ཉིན་མཚན་སྦྲེལ་ནས་སྐོར་སྲུང་བྱེད་བཞིན་ཡོད་པས། གལ་ཏེ་གནས་ཚུལ་ཕྱི་གྱར་ཤོར་ན་མི་མང་ཚོ་འུར་ལངས་ནས་དགྲ་བོས་ཤེས་རྒྱུ་དང༌། མི་མང་ནང་རྒྱ་མིའི་སོ་ཉུལ་བ་ཡང་ཡོད་སྲིད་པས་དེ་ཚོས་རྒྱ་ཕྱོགས་ལ་བརྡ་ལན་ སྤྲད་རྒྱུའི་ཉེན་ཁ་ཡོད་པ་བཅས་རེད།
དེར་བརྟེན་༧གོང་ས་མཆོག་གིས་ཕྱོགས་གཅིག་ནས་ལྷ་སར་མོ་ལུང་ཞུས་གནང་བ་དང༌། གཉིས་ནས་རང་ཉིད་ཀྱིས་ཐུགས་དམ་བརྟག་འབེབས་གནང་བ། གསུམ་ནས་ཡུལ་དུས་གནས་བབ་ལ་བསམ་གཞིགས་ཞིབ་ཕྲ་གནང་ནས་རྡོག་ཐོན་མཛད་སྐབས་དམག་ མི་དཀྱུས་མའི་ཆས་བསྣབས། སྐུ་འཁོར་འགའ་ཞིག་སྔོན་དང་འགའ་ཞིག་རྒྱབ་ལ་ཡོང༌།
སྔོན་དུ་བརྫངས་པ་དེ་ཚོས་ནོར་གླིང་ཕོ་བྲང་གི་ལྕགས་རིའི་སྒོ་འགྲམ་གྱི་སྐུ་ སྲུང་དྭངས་བླངས་བོད་མི་རྣམས་ལ་ཕོ་བྲང་ནང་སྡོད་ཀྱི་དམག་མི་ལྟ་སྐོར་དང་སྐོར་ གཡེངས་ཕེབས་པའི་ཟོལ་གྱིས་སྔོན་དུ་ཕེབས། དེ་ནས་རིམ་པར་བཞིན་རྡོག་ཐོན་མཛད་དེ་སྐྱིད་ཆུའི་འགྲམ་དུ་ཕེབས།
དེ་གར་སྔ་ས་ནས་གསང་བའི་གྲ་སྒྲིག་བྱས་ཡོད་པ་ལྟར་གྲྭ་བཞི་མདའ་དཔོན་རྡོ་རྗེ་ དགྲ་འདུལ་གྱིས་བོད་དམག་བརྒྱ་ལྷག་གིས་སྔུན་བསུས་ཏེ་སྐྱིད་ཆུ་བརྒལ། དེ་ནུབ་གྲྭ་བཞི་དམག་སྒར་གྱི་དམག་མི་ཚོས་ཐག་ཉེའི་རྒྱ་མིའི་དམག་སྒར་ནས་རྒྱ་ དམག་འགའ་ཞིག་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་མཐོང་བ་དང༌།
བོད་དམག་འགའ་ཞིག་གིས་ཁ་སྔ་ལག་མགྱོགས་བྱས་ཏེ་མེ་མདའ་བསྟུད་མར་བརྒྱབ་པའི་སྐད་ སྒྲས་དེ་ནུབ་ཀྱི་ཁུ་སིམ་མེར་གནས་པའི་མཚན་ལྗོངས་ཀྱི་ལྷིངས་འཇགས་ཡོངས་སུ་ དཀྲོགས། ༧གོང་ས་ཆེན་པོ་སྟོན་འཁོར་ནས་རེ་ཞིག་རྒྱུ་མཚན་གང་ཡིན་མ་ཤེས་པར་དངངས་སྐྲག་ སྐྱེས་དགོས་པ་བཟོས། དེར་ཡོད་རྒྱ་དམག་ཚོས་བསམ་པར།
སྐྱིད་ཆུའི་གཙང་འགྲམ་དུ་བསྟན་སྲུང་དྭངས་བླངས་དམག་མི་ཡོད་པར་ཤེས་པ་དང༌། ཡང་སྙིང་མེ་མདའ་རྒྱག་མཁན་སུ་ཡིན་ངོ་ཐག་མི་ཆོད་པ་དང༌། ཁམས་དམག་གི་གྲངས་འབོར་དང་གོ་མཚོན་བཟང་ངན་སོགས་ཀྱི་ཆ་རྒྱུས་མེད་པ་དང༌། ལྷག་པར་དེ་ནུབ་ཛ་དྲག་གི་གནས་ཚུལ་དམིགས་བསལ་བ་གང་ཞིག་ཡོད་པའི་སྐོར་མི་ཤེས་ པས།
ཁོང་ཚོའི་མུན་ནག་ནང་ཁམས་དམག་དང་འཐབ་འཁྲུག་བྱེད་རྒྱུའི་བློ་སྟོབས་མ་སྐྱེས་ནས་ཕྱིར་ལོག་བྱས།
          གནས་ཚུལ་འདི་༧གོང་ས་མཆོག་གི་མཛད་རྣམ་ལས་༼༢༥༢༽གྲྭ་བཞི་མདའ་དཔོན་རྡོ་རྗེ་དགྲ་ འདུལ་ནས་བོད་དམག་བརྒྱ་སྐོར་ཞིག་ཁྲིད་དེ་ནོར་གླིང་གི་ལྷོ་ཤར་ས་གནས་གཙང་ཆུ་ བརྒལ་བགྲོད་བདེ་བའི་ཕྱོགས་སུ་སྔོན་ཐོན་བྱས། འཆར་གཞི་འདིའི་ཐོག་མའི་ཆར་ཡང་གནས་ཚུལ་སྡུག་པོ་ཞིག་འབྱུང་ཉེན་བྱུང་འདུག
ཁོང་ཚོས་མ་ལེ་ཕྱེད་ཙམ་ས་ཡང་མ་བགྲོད་པར་རྒྱ་དམག་འགའ་ཞིག་ས་གནས་དེ་རང་དུ་ འགྲོ་བ་མཐོང་འདུག་ཕྲལ་མེ་མདའ་ལྔ་ཙམ་འཕངས་འདུག་ཅིང༌། དེ་ནི་གློ་བུར་གྱི་བསམ་སྤྱོད་ཅིག་ཡིན་པས་དེ་གས་སྲུང་སྐྱོབ་ཐོབ། རྒྱ་མིས་གཙང་པོའི་ཉེ་འགྲམ་དུ་གོ་མཚོན་ཅན་གྱི་ཁམས་པ་ཡོད་པ་ཤེས་ཀྱི་ཡོད་པ་ དང༌།
མུན་ནག་ནང་ཚོ་ཁག་དེ་དག་གི་རིགས་གང་ཡིན་དང་ཆེ་ཆུང་ཇི་བཞིན་མ་རྟོགས་པར་རྒྱ་ མི་ཉེ་འགྲམ་གྱི་རང་སྒར་དུ་ཕྱི་ལོག་བྱས་ཚོད་འདུག ཅེས་གསུངས་ཡོད་པ་རེད། ཐེངས་འདིའི་༧གོང་ས་མཆོག་ཕོ་བྲང་ནས་ཕྱོགས་ཕེབས་མཛད་པའི་སྐབས་རྒྱུན་ལྡན་དང་ འདྲ་བའི་ཕེབས་བསུའི་གོ་སྒྲིག་གང་ཡང་མེད་པར་ཁུ་སིམ་མེར་ཕེབས་དགོས་བྱུང་བ་ནི་ ཅི་འདྲའི་ཡིད་ཕམ་དགོས་པ་ཞིག་མ་ཡིན་ནམ།
འོན་ཀྱང་ད་ཐེངས་འདི་ཉིད་མཛད་སྒོ་མེད་པའི་ཕྱོགས་ཕེབས་ཐེངས་དང་པོ་དེ་མ་ཡིན་ ཏེ། ད་སྔོན་སྤྱི་ལོ་ ༡༩༥༠ རྒྱ་དམག་གིས་ཆབ་མདོར་བཙན་འཛུལ་བྱེད་སྐབས་ཀྱང་ཕེབས་བསུའི་མཛད་སྒོ་མེད་པར་ ཕྱོགས་ཕེབས་ཐེངས་གཅིག་གནང་མྱོང༌། ཕྱོགས་ཕེབས་མཛད་སྒོ་མེད་པར་མཚན་མོར་ལྐོག་ཏུ་ཕེབས་དགོས་བྱུང་བ་འདི་ནི་ལོ་ རྒྱུས་ཐོག་བཞག་པའི་ཡིད་སྐྱོའི་གནས་ཚུལ་ཐབས་སྡུག་ཅིག་ཡིན་ལ།
༧གོང་ས་མཆོག་གིས་ཀྱང༌། མཛད་སྒོའི་རྟེན་འབྲེལ་མེད་པར་ནོར་གླིང་ནས་ཕྱི་སྐྱོད་དེ་ལྟར་བྱེད་པ་ནི་དེ་ སྔོན་ཁོ་བོའི་མི་ཚེའི་ནང་ཐེངས་གཅིག་ལས་བྱུང་མེད་ཅིང༌། དེ་ནི་ལོ་དགུའི་གོང་གྲོ་མོར་སྐྱོད་སྐབས་དེ་ཡིན། རྒྱལ་སྒོ་དེའི་འོག་ཏུ་ང་ཚོ་འབྱོར་སྐབས་མུན་ནག་ནང་འོག་ཏུ་ཧ་ཅང་གསལ་པོ་རང་ མིན་པར་སྒོ་སྲུང་མི་མང་ཚོ་ཁག་དེ་དག་ངས་མཐོང་བྱུང་ཡང༌།
ཁོང་ཚོ་སུས་ཀྱང་ཕྲན་དམག་དཀྱུས་ཉམ་ཆུང་ལྟ་བུ་དེ་ལ་དོ་སྣང་བྱུང་མ་སོང་ཞིང༌། ངས་མུན་ནག་ནང་འགོག་རྐྱེན་གང་ཡང་མེད་པའི་ལམ་ཕྱོགས་དེར་སྣང་མེད་དུ་ཕྱིན་པ་ ཡིན། ཞེས་ཐུགས་སྐྱོ་བའི་སྒོ་ནས་གསུངས་ཡོད།
 
          དུས་ཀྱིས་རྒུད་པའི་མཐའ་དམག་དམར་པོའི་འོག།
          གངས་ཅན་ལྷ་གཅིག་ཕྱག་ན་པདྨོའི་སྡེ།།
          ཐུན་གསུམ་མཚན་མོར་བསྟན་སྲིད་སླར་གསོའི་ཆེད།།
          མུན་ཁྲོད་ཉེན་ཡོལ་ཕེབས་འདི་མི་སྐྱོ་འམ།།

 

༼27༽

ར་སྨད་གྲུ་ཁའི་ཕེབས་བསུ།

 
མདོ་ ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་གྱི་དམག་སྤྱི་ལས་ཁུངས་ཀྱིས་ དེ་སྔོན་ནས། གོང་དཀར་རྫོང་ཁོངས་སྤྱི་དང༌། ལྷག་དོན་ར་མ་སྒང་དུ་རྒྱ་རྒོལ་ས་སྲུང་དུ་བཏང་བའི་ཆབ་མདོ་དམག་སྤྱི་བྱང་རི་ལྷ་ རྒྱལ། སྡེ་དགེ་དམག་སྤྱི་ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌། ལི་ཐང་བརྒྱ་དཔོན་ཀུན་དགའ་བསམ་གཏན།
དཀར་མཛེས་གཙང་ཁ་ཚང་ས་འདུ་བརྒྱ་དཔོན་བསྟན་པ་དར་རྒྱས་བཅས་ཀྱིས་སྣེ་འཁྲིད་པའི་ དྭངས་བླང་དམག་མི་བརྒྱ་ལྷག་ཙམ་ར་མ་སྒང་དུ་འགྲོ་སྡོད་བྱས་ཡོད་པའི་མུར། རྒྱ་ནག་པེ་ཅིན་དུ་མི་ལོ་ལྔ་ལ་སློབ་སྦྱོང་བྱས་པའི་གཞོན་ནུ་ཤེས་ཡོན་ཅན་རྒྱལ་ གཅེས་དཔའ་བོ་རྩེ་དྲུང་བློ་བཟང་ཡེ་ཤེས། དེ་གར་གསང་བའི་ཡིག་འཕྲིན་དང་གནས་འཕྲིན་ཡོད་སྐོར་གསུང་བཤད་གནང་ཏེ།
༧གོང་ས་མཆོག་ཕྱོགས་ཕེབས་གནང་རྒྱུ་གཏན་འཁེལ་བྱུང་བ་མ་ཟད། ར་མ་གྲུ་ཁ་ནས་ཕེབས་རྒྱུ་ཐག་བཅད་བྱུང་བས་ཕྱི་ནང་གཉིས་ཀ་ལ་གསང་བ་དམ་དྲག་དང་ གྲ་སྒྲིག་སྤུས་དག མི་རྟ་ཧྲག་བསྒྲུགས་ཀྱིས་ཁས་ལེན་དོན་བཅུག་ནས་དེ་ནུབ་ར་མ་གྲུ་ཁར་ཕེབས་བསུ་ བཅར་དགོས་པའི་བཀའ་མོལ་བྱུང༌། དམག་སྤྱི་དང་བརྒྱ་དཔོན་ཚོས་སྔོན་ལ་རང་སྲོག་བློས་བཏང་གི་དམ་བཅའ་བཞག
དེ་ནས་དམག་དམངས་བྱིངས་ལ་དེ་ནུབ་རྒྱ་ཕྱོགས་ནས་དམག་མི་འཕོན་ཆེན་པོ་ཞིག་ར་མ་ གྲུ་ཁ་ནས་རྩེད་ཐང་དུ་ཤར་བསྐྱོད་བྱེད་གཏན་འཁེལ་བའི་གསང་ཉུལ་གྱི་སྐད་ཆ་འབྱོར་ བྱུང་བས་གྲུ་སོ་སྲུང་མཁན་རང་སྲོག་བློས་བཏང་གི་ཁས་ལེན་དོན་མཁན་ཡོད་ན་མགྱོགས་ པ་དོན་ཤོག དེ་ཡང་མི་ཧྲག་རྟ་ཧྲག་གོ་མཚོན་སྤུས་དག་ངེས་པར་དུ་དགོས། ཞེས་པའི་ཁྱབ་བསྒྲགས་སྤེལ།
དམག་ཤོག་དེའི་ནང་ནས་རྟ་དང་གོ་མཚོན་སྤུས་དག་དེ་ཙམ་མེད་པའི་རིགས་ཀྱི་དམག་མི་ ཁ་ཤས་ཕུད། དེ་མིན་གཙང་ཁ་བསྟན་པ་དར་རྒྱས་ཀྱི་སྤུན་མཆེད་ཚེ་དཔག་སོགས་གཅིག་རྗེས་གཉིས་ མཐུད་ཀྱིས་ཁས་ལེན་དོན་པས། བར་མཚམས་ཤིག་ནས་ཁས་ལེན་ནང་ཁུལ་ང་འགྲོ་ཁོ་འགྲོའི་རྩོད་པ་ཤོར་ཏེ་ཤོ་འཕེན་ རྒྱན་རྒྱག་བྱས་ནས་དམག་མི་སུམ་ཅུ་འདེམས་བསྒྲུགས་བྱས།
དེ་བྱིངས་གོང་དཀར་གྱི་དམག་སྒར་དུ་སྒར་གཞིས་བཟུང་ནས་སྡོད། གོང་གསལ་འགོ་དམག་བཞིས་སྣེ་འཁྲིད་པའི་ཁས་ལེན་པ་སུམ་ཅུ་ར་མ་གྲུ་སོ་ཁར་སླེབས་ ཚར་རྗེས་གཞི་ནས་གྲོང་ཁྱེར་ལྷ་སའི་ནང་ཟིང་ལོང་གི་ཉེན་ཁ་ཆེས་ཆེར་ཡོད་སྟབས་༧ གོང་ས་མཆོག་ལྐོག་ཏུ་བྲོལ་བྱོལ་ལ་ཕེབས་ཀྱི་ཡོད་པ་དང༌།
དོ་ནུབ་ར་མ་གྲུ་ཁར་འབྱོར་རྒྱུ་ལགས་པས་ཕྱོགས་གཅིག་ནས་ང་ཚོས་ཕེབས་བསུ་ཞུ་ རྒྱུ་དང༌། ཕྱོགས་གཅིག་ནས་རྒྱ་དམག་གིས་གསང་བ་ཤེས་ཏེ་ར་མདའ་འདྲ་སླེབས་ན་འཆི་བ་སྲོག་ལ་ མི་ལྟ་བའི་ཐོག་ནས་གདོང་ལེན་དང་འགོག་རྒོལ་དགོས་པའི་གནས་ཚུལ་དངོས་གནས་ཁྱབ་ བསྒྲགས་དང་དམག་བཀོད་གནང༌། མུ་མཐུད་གྲ་སྒྲིག་བྱས་ནས་སྡོད་པའི་མཚན་མོ་དེ་རང་བོད་ཟླ་ ༢ ཚེས་ ༨ སྤྱི་ཟླ་ ༣ ཚེས་ ༡༧
ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡོངས་འཛིན་རྣམ་གཉིས་དང་བཅས་པའི་སྟོན་ འཁོར་རྣམས་ར་མ་གྲུ་ཁར་ཀོ་གྲུའི་ཐོག་ནས་གཙང་ཆུ་བརྒལ་བ་དང༌། གཙང་ཁ་བསྟན་པ་དར་རྒྱས་དང༌། ལི་ཐང་ཀུན་དགའ་བསམ་གཏན། སྡེ་དགེ་ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌། རྩེ་དྲུང་བློ་བཟང་ཡེ་ཤེས་གཙོས་རང་དམག་ཁས་ལེན་སུམ་ཅུས་ཕེབས་བསུའི་སྣེ་ལེན་ ཞུས་པ་དང༌། ཁ་བཏགས་བཏང་ལེན་སོགས་བྱས།
དེ་ནུབ་༧གོང་ས་མཆོག་ཀོ་གྲུའི་ཐོག་ཆུ་ཚུར་ཁར་ཕེབས་འབྱོར་གྲུབ་དུས་གཙང་ཁ་ བསྟན་པ་དར་རྒྱས་ཀྱིས་༧གོང་ས་མཆོག་གི་ཕྱག་ནས་འཇུས་ཏེ་ཀོ་གྲུ་ནས་ཆུ་འགྲམ་དུ་ གདན་འདྲེན་ཞུས་པ་དང༌། ༧གོང་ས་མཆོག་གིས་ཁྱེད་རང་ཕ་ཡུལ་གང་ནས་ཡིན། མིང་ག་རེ་ཟེར་གྱི་ཡོད་ཅེས་བཀའ་འདྲི་གནང་བ་དང༌། ང་ཕ་ཡུལ་ཏྲེ་ཧོར་དཀར་མཛེས་ནས་ཡིན། མིང་ལ་བསྟན་པ་དར་རྒྱས་ཟེར།
ཞེས་ཞུས་པས་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་ཐུགས་དགྱེས་ཚོར་ཆེན་པོས་ཡ་རྟེན་འབྲེལ་ཡག་བྱུང་ཞེས་བཀའ་བསྩལ།
          རྩེ་དྲུང་བློ་བཟང་ཡེ་ཤེས་ལགས་གྲུ་ཁ་ནས་སླར་ཡང་ལྷ་སར་གནས་ཚུལ་གསང་འཕྲིན་ སྐྱེལ་མཁན་ནོར་གླིང་དུ་ཕར་མངགས་པ་ལྟར་བསྐྱོད་དེ་ཁོང་བོད་ཟླ་ ༢ ཚེས་ ༡༠ ཉིན་ལྷ་ས་ཟིང་འཁྲུག་ལང་བའི་ནང་དུ་འཆི་བ་སྲོག་ལ་མི་འཛེམས་པའི་སྒོ་ནས་རྒྱ་དང་ འཐབ་རྒོལ་དྲག་པོ་བྱས་མཐར་རང་སྲོག་བློས་བཏང་གནང་འདུག
དེའི་སྐོར་༧གོང་ས་ མཆོག་གི་མཛད་རྣམ་དུ། ང་ཚོས་ཀོ་བའི་ཐོག་གཙང་ཆུ་བརྒལ་བསྐྱོད་བྱས་པའི་གཙང་ཆུའི་ཕ་རོལ་དུ་འབྱོར་ སྐབས་སྐྱེད་མ་སོགས་དེར་ངལ་གསོ་ཡིན་བསྡད་ཚོད། ཡོངས་འཛིན་རྣམ་པ་དང༌། བཀའ་བློན་སོགས་ཀྱང་གང་མགྱོགས་ཕེབས་འབྱོར་བྱུང༌། ཁོང་རྣམས་ནི་ནོར་གླིང་ནས་རླངས་འཁོར་ཆེན་པོ་རས་ཀྱིས་བཀབ་པ་ཞིག་ནང་གབ་ནས་ གཞུང་ལམ་དང༌། ཞབས་ཐང་གིས་ཕེབས།
ཆུ་ཁར་ཀུན་དགའ་བསམ་གཏན་དང༌། བསྟན་པ་དར་རྒྱས། ལོ་ན་ཉི་ཤུ་སོན་པའི་གཞོན་ནུ་སྙིང་སྟོབས་ཅན་དབང་ཕྱུག་ཚེ་རིང་ཟེར་བ་བཅས་འགོ་ འཁྲིད་གསུམ་དང༌། ཁམས་དམག་སུམ་ཅུ་སྐོར་ནས་ང་ཚོ་སྒུག་སྡོད་བྱས་འདུག་ཅིང༌། བློ་བཟང་ཡེ་ཤེས་ཀྱང་དེར་འདུག འདི་ནི་པེ་ཅིང་དུ་སློབ་སྦྱོང་བྱས་པའི་བོད་ཀྱི་གཞོན་ནུའི་གྲས་ཡིན་ཞིང༌།
ལོ་ལྔ་ཙམ་རྒྱ་ནག་ཏུ་སྡོད་ཡུན་རིང་རྒྱ་མིའི་ལྟ་སྤྱོད་སྦྱངས་ཏེ་ལྟ་སྤྱོད་དེ་ དག་ཤེས་པའི་སྒོ་ནས་དེ་ཉིད་འགོག་པར་བྱེད་པའི་བློ་དང་ལྡན་པའི་གཞོན་ནུ་སྙིང་ སྟོབས་རྨད་དུ་བྱུང་བ་ཞིག་ཡིན། ཉིན་གཉིས་ཀྱི་རྗེས་དམག་ཟིང་སྐབས་ཁོང་འདས་གྲོངས་སུ་གྱུར་འདུག འགོ་འཁྲིད་དེ་དག་གིས་ཁ་བཏག་གཏོང་ལེན་བྱས་ཤིང༌།
ཁོང་ཚོས་ཧ་ཅང་ཉེན་ཆེའི་གནས་ཚུལ་འདི་འདྲའི་སྐབས་ཉེན་སྲུང་ཐུབ་པའི་གྲྭ་སྒྲིག་གང་ཟབ་བྱས་འདུག ཞེས་གསུངས་འདུག
          དེ་ནས་བཟུང་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་མ་འཁོད་ཀྱི་བར་དུ་མདོ་ཁམས་ཆུ་ བཞི་སྒང་དྲུག་བསྟན་སྲུང་དྭངས་བླང་དམག་གིས་གཅིག་སྣེ་གཅིག་མཐུད་ཀྱིས་ཕེབས་ བསུའི་རྟ་རགས་བསྒྲིགས་ཏེ་དར་ཆ་འཁྱེར་ནས་སྐུའི་ཉེན་སྲུང་ཞུ་སྒོ་གང་རྒྱས་ཞུས།
དེའི་སྐོར་༧གོང་ས་མཆོག་གི་སྐུ་ཚེ་ལོ་རྒྱུས་ཧྲག་བསྡུས་ནང༌། ནོར་གླིང་ནས་ཆིབས་བསྒྱུར་མ་གནང་གོང་ལ་གྲྭ་གཞི་དམག་སྒར་གྱི་མདའ་དཔོན་བཀྲ་ ཤིས་དཔལ་ར་བ་སོགས་འགོ་དམག་ཚོ་བྱ་སྐྱག་དཀར་པོའི་རི་རྒྱུད་དང༌། རྭ་སྒང་གྲུ་ཁའི་སྲུང་བྱར་ཆུ་ཕ་རིར་བཏང་སྟེ་གྲ་སྒྲིག་ཨང་བསར་བྱས་ནས་བསྡད་པ་ དང༌།
དེ་རྗེས་༧གོང་ས་མཆོག་ནོར་གླིང་ནས་ར་སྒང་གྲུ་ཁ་བརྒྱུད་ཆིབས་བསྒྱུར་གནང་སྟེ་ མཐའ་མ་འདི་ཕྱོགས་རྒྱ་གར་གྱི་ས་མཚམས་ལ་ཆིབས་བསྒྱུར་མ་གྲུབ་བར་གྱི་སྐུའི་ཉེན་ སྲུང་ཞུ་མཁན་གོང་གསལ་སྐུ་སྲུང་དམག་མི་དང༌། གྲྭ་བཞི་དམག་མི། དོ་པོ་དབོར་མཁན་གྲ་པ་ཚོ་བཅས་ཡོད་པའི་ཐོག རྭ་སྒང་གྲུ་ཁར་ཆུ་བཞི་སྒང་དྲུག་ཁོངས་ཀུན་དགའ་བསམ་གཏན་དང༌། བསྟན་པ་དར་རྒྱས།
གཞུང་ཞབས་བློ་བཟང་ཡེ་ཤེས་སོགས་ཀྱང་ཡོད་ཅིང༌། དེ་ཁོངས་ནས་བློ་བཟང་ཡེ་ཤེས་སྐབས་དེར་ནོར་གླིང་དུ་ཕར་གཏོང་གནང་མཛད་དེ་དམག་ སར་གྲོངས་པ་རེད། དེ་ནས་ལྷོ་ཁ་འཕྱོངས་རྒྱས་ལ་མ་ཕེབས་བར་དུ་ཆུ་བཞི་སྒང་དྲུག་ནས་རྟ་རགས་ བསྒྲིགས་ཏེ་དར་ཆ་འཁྱེར་ནས་༧སྐུའི་ཉེན་སྲུང་ཞུ་སྒོ་རྒྱས་ཐག་ཆོད་ཞུས་སོང༌།༼༧༩ ནས་ ༨༠༽ཞེས་དང༌། 
          སྐུ་སྲུང་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲིས་ཀྱི་མི་ཚེ་བྱུང་བ་བརྗོད་པའི་ཤོག་ གྲངས་ ༢༩༤ ནང༌། ༧གོང་ས་མཆོག་དང༌། སྤྱི་ཁྱབ་མཁན་པོ་དགའ་བྲང༌། མཁན་མགྲོན་ཕ་ལྷ།  ཁོ་བོ་བཅས་ལྷན་བཅར་གྱིས་ཕེབས་ཀོའི་ནང་སྐྱིད་ཆུ་ཕ་ཁར་གདན་འདྲེན་ཞུས་པ་དང༌།  ཆིབས་ཞབས་བྱིངས་རྣམས་གྲུ་ནང་དུ་ཆུ་ཕ་ཁར་ཕེབས།
༧གོང་ས་མཆོག་སྐྱིད་ཆུའི་ལྷོ་ངོས་སུ་ཞབས་སོར་འཁོད་འཕྲལ་བསྟན་སྲུང་དམག་སྒར་ གྱི་ཏྲེ་ཧོར་བསྟན་པ་དར་རྒྱས་ཅན་ནས་ཕེབས་བསུ་མཇལ་དར་དུ་བཅར་བ་༧གོང་ས་མཆོག་ ནས་ཁྱོད་ཀྱི་མིང་ལ་གང་ཟེར་ཞེས་བཀའ་འདྲི་གནང་བར་ཁོ་པས་བསྟན་པ་དར་རྒྱས་ཡིན་ ཞེས་ཞུས་པར་བརྟེན་རྟེན་འབྲེལ་ཡག་པོ་བྱུང་ཞེས་བཀའ་བསྩལ་ཞེས་འཁོད་འདུག ཞེས་བཀོད་ཡོད་པ་རེད།
          བསྟན་སྲུང་དྭངས་བླང་དམག་གི་སྲུང་སྐྱོབ་ཀྱིས་ར་མ་གྲུ་ཁ་ནས་མུ་མཐུད་དེ་མཚན་ འགྲོས་བྱས་ཏེ་ཚེ་སྨོན་གླིང་བླ་བྲང་གི་འཛིན་ཁོངས་གཞིས་ཀ་རྣམ་རྒྱལ་སྒང་དུ་ཆུ་ ཚོད་གཅིག་ལྷག་སྐུ་ངལ་གསོས། ནམ་གསལ་བ་དང་མཉམ་དུ་ཕེབས་བསྐྱོད་མཛད་པས་གཞིས་ཀ་དེའི་སོ་ནམ་པའི་མི་དམངས་ཚོས་ དཔྱིད་ལས་བྱེད་བཞིན་ཡོད་པ་དང༌། སྐུ་འཁོར་ཕེབས་བསྐྱོད་མཛད་པ་མཐོང་ནའང༌།
དེ་སྔོན་ནས་ཆུ་བཞི་སྒང་དྲུག་གི་རྟ་དམག་མང་པོ་རྒྱུན་དུ་ཕན་ཚུན་འགྲོ་བསྐྱོད་ བྱེད་བཞིན་ཡོད་སྟབས་ཆུ་བཞི་སྒང་དྲུག་གི་དམག་མི་ཡིན་ཤག་མ་གཏོགས། ༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་བཙན་བྱོལ་དུ་ཕེབས་ཀྱིན་ཡོད་པའི་དོགས་འཆར་ སུ་ལའང་མ་བྱུང༌། ཟླ་བ་དེའི་བོད་ཚེས་ ༩ དང་སྤྱི་ཚེས་ ༡༨
ཉིན་བྱེ་ལའི་རི་གཤམ་དུ་ཕེབས་སྐབས་སྟག་བྲག་ཛ་སག་བསྟན་པ་མཐར་ཕྱིན་གྱིས་༧གོང་ ས་མཆོག་ལ་ཆིབས་དྲེལ་ཞིག་དང་གཟིམ་ཆས། ཤ་དང་རྩམ་པ་བཅས་འབུལ་ལམ་བྱས།
ཡང་དེ་སྔོན་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནོར་གླིང་ཆིབས་རའི་ནང་ཆིབས་ གཡོག་ལོ་མང་པོ་སྡོད་མྱོང་བའི་མི་རྒན་བཀྲིས་ནོར་བུ་ཟེར་བ་ཞིག་གིས་ཆིབས་རྟ་ དཀར་པོ་ཞིག་ཕུལ་བར་ཐུགས་གཉེས་པོར་གནང་བར་མ་ཟད་དེར་ཡོད་ཀུན་གྱིས་བཀྲིས་པའི་ རྟེན་འབྲེལ་དུ་རྩིས།
ལུམ་པ་ལ་རྒྱུད་ནས་ཕེབས་བསུ་ཞུས་པ་དང་ལ་མོ་དེའི་རྩེར་སླེབས་པ་དང་༧གོང་ས་ མཆོག་གིས་ཞལ་ལྷ་སར་ཕྱོགས་གཟིགས་ནས་ཐུགས་སྨོན་རྒྱ་ཆེར་གནང། དེ་ཕྱོགས་བྱེ་མ་དང་བྲག་གཡང་གི་རི་གཟར་ནས་སྐབས་རེར་འབྲེད་བརྡར་ཤོར་བ་དང༌། སྐབས་རེར་རིལ་བ་སོགས་ཀྱིས་རི་བཟར་དེ་ནས་གདན་འདྲེན་ཞུས་ཏེ་ཉིན་ཕྱེད་ཡོལ་བ་ དང་བན་རྩ་གྲུ་ཁ་ལ་ཕེབས།
ར་མ་གྲུ་ཁ་ནས་ཡོང་བའི་ཆུ་སྒང་འགོ་དམག་ཁག་གཅིག་སླར་ཕྱིར་བསྐྱོད་བྱས་ཏེ་ར་མ་ གྲུ་སོར་སྔར་བཞིན་བསྡད་ནས་རྗེས་དེད་རྒྱ་དམག་སླེབས་ན་ཁ་གཏད་ཀྱི་དམག་འཐབ་ བྱེད་ཆོག་ཆོག་བྱས་ནས་སྒུག
 དེའི་སྐོར་༧གོང་ས་མཆོག་གི་མཛད་རྣམ་དུ། འདི་ནས་དབང་ཕྱུག་ཚེ་རིང་གིས་རང་འོག་བསྟན་སྲུང་དམག་བཞི་བརྒྱ་སྐོར་མཉམ་ཁྲིད་ ཀྱིས་གཙང་པོའི་ཕར་ཕྱོགས་སྙེ་ཐང་བརྒྱུད་དགྲ་ཟླ་འགོག་སྲུང་ཆེད་ཐོན་བསྐྱོད་ བྱས་ཤིང༌། ཁམས་རིགས་བརྒྱ་ཕྲག་གཉིས་གསུམ་ཙམ་ལ་ང་ཚོའི་བགྲོད་ལམ་སྲུང་སྐྱོབ་བྱེད་ཕྱོགས་ བཀོད་མངགས་བྱས། ཞེས་གསུངས་ཡོད་པ་རེད།
 
མཚན་ནག་མུན་པའི་སྨག་རུམ་འཐུག་པོའི་ཁྲོད།།
ལྷོ་ལམ་ར་སྨད་གཙང་པོའི་གྲུ་ཁ་ནས།།
གླིང་གི་དཔའ་ཐུལ་འདྲ་བའི་དཔའ་བོ་ཚོས།།
ཕེབས་གསུ་བྱས་པའི་གཏམ་བརྒྱུད་འདི་ནས་བཞག།

༼28༽

སྐུ་ཕྱྭའི་སྲུང་དམག་བཀོད་སྒྲིག་གསར་སྣོན།

 
རྒྱ་ དམར་གུང་ཁྲན་གྱིས་བོད་རྒྱལ་ཁབ་ཀྱི་བདག་དབང་ཡོངས་སུ་རྫོགས་པ་བཙན་བཟུང་བྱས་ ཐོག་ཆིངས་ཡིག་དོན་ཚན་༡༧གྱི་འབྲུ་དོན་ལའང་བརྩི་མེད་བདོག་རོལ་གཏོང་རྒྱུར་ངེས་ ཏེ། བོད་ཆོས་སྲིད་ཀྱི་མངའ་བདག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་རང་གི་རྒྱལ་ སའི་རྩེ་ཕོ་བྲང་པོ་ཏཱ་ལ་དང༌། ནོར་གླིང་ཕོ་བྲང་དུའང་བཞུགས་རྒྱུའི་གོ་སྐབས་བྲལ་བ་བཟོས་སྟབས།
མཐའ་མར་བོད་ཀྱི་ལྷོ་ཁའི་ཕྱོགས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་ བླངས་དམག་གི་སྒྲིག་འཛུགས་ཡོད་པའི་ཆ་ནས་རབ་ན་བོད་ཀྱི་ལྷོ་ཕྱོགས་ས་གནས་ཤིག་ ཏུ་གནས་སྐབས་ཀྱི་བཞུགས་གནས་བྱུང་ན་དང༌། དེ་མིན་ཁྱིམ་མཚེས་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་ཇི་འགྱུར་གཟིགས་ དཔྱད་མཛད་རྒྱུའི་ཐུགས་བཞེད་ལྟར། བོད་ཀྱི་རྗེ་བློན་སྟོན་འཁོར་ཉུང་བསྡུས་དང༌།
བོད་ཀྱི་དམག་སྒར་ཁག་གི་དམག་མི་བཅས་གསང་སྟབས་ཀྱིས་ལྷ་སའི་སྐྱིད་ཆུའི་ར་མ་ གྲུ་ཁ་བརྒྱུད་ཆིབས་བསྒྱུར་གནང་རྒྱུའི་གསང་འཕྲིན་ཆེད་འབྱོར་བྱུང་དོན་བཞིན་ གོང་དཀར་དུ་ཡོད་པའི་ཆུ་སྒང་དམག་ཁོངས་ནས་ར་མ་གྲུ་ཁར་ཆིབས་བསུར་བཅར་བ་དང༌། གལ་ཏེ་དགོས་གལ་བྱུང་ན།
ཆིབས་ལམ་གཙང་སེལ་གྱི་འགན་འཁུར་བསམ་ཕུགས་སུ་ཡོད་པ་ལྟར་སྐབས་སུ་བབས་པའི་ སྐུའི་སྲུང་བྱ་ཞུ་རྒྱུའི་འགན་འཁུར་བཀོད་སྒྲིག་དམིགས་བསལ་དུ་སྒྲུབ་ཕྱོགས་ཡར་ ཀླུང་ཕོ་བྲང་ནས་བཀོད་ཁྱབ་བཏང་བ་ནི།
༧གོང་ས་མཆོག་སྟོན་འཁོར་བན་རྩེ་གྲུ་ཁ་ནས་ལྕེ་སྡེ་ཞོལ་ནས་བྲ་ནང་བརྒྱུད་ཡར་ ཀླུང་འཕྱོངས་རྒྱས་ཕྱོགས་ནས་རིམ་ཕེབས་གནང་རྒྱུར་བརྟེན་ལྷོ་ཁ་གོང་དཀར་ཕྱོགས་ སུ་ཡོད་པའི་དམག་སྒར་ནས་སྡེ་དགེ་དམག་སྤྱི་དབང་ཕྱུག་ཚེ་རིང་དང༌། ཨ་མདོ་བླ་བྲང་བ་སྐལ་བཟང་ནེ་ཙོ་ཅན་གྱི་རང་འོག་དམག་མི་བཞི་བརྒྱ་སྐོར་ཡར་ཀླུང་ གཙང་པོའི་ཕར་ཕྱོགས་དང༌།
སྐྱིད་ཆུ་ར་མ་གྲུ་ཁའི་ཕྱོགས་ནས་རྗེས་འདེད་རྒྱ་དམག་འགོག་ཆེད་དུ་རང་དམག་རྣམས་ཕྱིར་བསྐྱོད་བྱས།
དེ་ བཞིན་ཡར་ཀླུང་གཙང་པོའི་ཕར་ཕྱོགས་པད་བདེ་ཁུལ་ཉ་སོག་གྲུ་ཁ་སོགས་ནས་རྒྱ་དམག་ འགོག་བརྒོལ་ཆེད་སྒ་པ་དམག་སྤྱི་བུ་བཀྲ་ཡག་དང༌། རྒྱལ་རོང་ལྕོག་རྩེ་བ་བརྒྱ་དཔོན་ཡར་འཕེལ་ཅན་དམག་ཁག་གཅིག་སྲུང་བྱར་བཞག
ཡང་ ཨ་མདོ་དམག་སྤྱི་ཁྲ་མོ་དང༌། འདན་མ་བརྒྱ་དཔོན་རྡོབ་རྡོབ་དང༌། སྨར་ཁམས་བརྒྱ་དཔོན་དགེ་འདུན་བྱང་ཆུབ་ཅན་དམག་ཁག་གཅིག་སྣ་དཀར་རྫོང་དང༌། སྟག་ལུང་ཁུལ། ཁ་རོ་ལ་ཕྱོགས་ནས་རྒྱ་དམག་འགོག་རྒོལ་ཆེད་བཞག
ཡང་སྨར་ཁམས་ བརྒྱ་དཔོན་ཆོས་མཛད་དང༌། སྒ་པ་བརྒྱ་དཔོན་གཡང་ཚེ་རིང༌། གུ་ཤི་འཇམ་དགའ་ཅན་དམག་ཁག་གཅིག་ལྕགས་ཟམ་གྲུ་ཁ་དང༌། གོམ་པ་ལ་ཕྱོགས་སུ་ཡར་ཀླུང་གཙང་པོ་ཕར་ཕྱོགས་ཆུ་ཤུལ་ཕྱོགས་ནས་རྒྱ་དམག་འགོག་ རྒོལ་ཆེད་དུ་བཞག
ལྷ་ས་ཤོར་བའི་རྗེས་སུ་ནོར་གླིང་ནས་ཡོང་བ་སྡེ་དགེ་འཇུ་ ཆེན་ཐུབ་བསྟན་དང༌། དིལ་མགོ་ཚེ་དབང༌། སྔོན་ཡོད་སྡེ་དགེ་བརྒྱ་དཔོན་འཇུ་ཆེན་བསོད་ནམས་ཕུན་ཚོགས་དང༌། པད་མ་དམ་ཆོས། གོ་འཇོ་རྡོ་རྗེ། རྟའུ་དབང་ཕྱུག་ཅན་དཔུང་དམག་ཁག་གཅིག་གོང་དཀར་དམག་སྒར་ནས་ལྕགས་ཟམ་ཁ་བརྒྱུད་ ཡར་ཀླུང་གཙང་པོ་ཕར་ཕྱོགས་བཟད་ནང་ཟེར་བའི་ལུང་པར་སྟོད་ལུང་དང༌།
ཆུ་ཤུལ་ཕྱོགས་སུ་ལྷ་ས་ནས་ཡོང་བའི་རྒྱ་དམག་འགོག་རྒོལ་ཆེད་དུ་བཞག
ཆབ་ མདོ་དམག་སྤྱི་བྱང་རི་ལྷ་རྒྱལ་དང༌། གོ་འཇོ་རྒྱ་དཔོན་ཅན་དམག་ཁག་གཅིག་གོང་དཀར་དམག་སྒར་ཨ་མར་བསྡད་དེ་ལྷ་སའི་ སྐྱིད་ཆུ་དང༌། ཡར་ཀླུང་གཙང་པོ་གཉིས་འདུས་པའི་གཤམ་འོག་སྲིན་པོ་རིའི་གྲོང་པའི་ཕྱོགས་ཡས་མས་ ནས་ལྷོ་ཁའི་ཕྱོགས་སུ་ཡོང་མཁན་གྱི་གྲུ་ལམ་དགག་པ་སོགས་ཀྱི་ཆེད་དུ་གནས།
ཡང་ ལི་ཐང་བརྒྱ་དཔོན་བླ་མ་བརྒྱུད་པ་ཅན་དང༌། སྡེ་དགེ་ཨ་བ་མགོན་ཆུང་ཅན། ཆ་ཕྲེང་བརྒྱ་དཔོན་ཀོ་བ་རྒྱལ་མཚན་གྱི་དམག་ཤོག་བཅས་ནས་བན་རྩེ་གྲུ་ཁ་དང༌། ལྕེ་སྡེ་ཞོལ། བྲ་ཕྱི་ནང་བཅས་ཀྱི་ས་གནད་ཁག་སྲུང་བྱ་བྱས།
ལི་ཐང་བ་རུ་དཔོན་ ཀུན་དགའ་བསམ་གཏན་ཅན་ཧྲག་བསྡུས་ཤིག་མཚོ་སྣ་བར་༧གོང་ས་མཆོག་ཕེབས་བསྐྱེལ་དུ་ བཅར་བ་དང༌། གཙང་ཁ་ཚང་བསྟན་པ་དར་རྒྱས་ཅན་ཆོས་ལྡན་དགོན་བར་དུ་ཕེབས་བསྐྱེལ་དུ་བཅར་ཏེ་ཡུལ་ བུད་སྣེ་བསུ་དང༌། རྒྱ་དམག་འགོག་རྒོལ་ཆེད་དུ་ཕྱིར་ལོག
བྲག་གཡབ་བརྒྱ་དཔོན་ ངག་དབང་བསྟན་པ་ཅན་རྟ་དམག་བརྒྱ་སྐོར་དང༌། འཇོལ་པ་ཨ་འཛིན། དར་དགོན་རྡོ་རྗེ་རྣམ་རྒྱལ། ཞི་ཚེ་བ་གཡང་རྡོ་དང༌། ཡ་སྐྱབས་ཅན་ཡོད་པའི་རྟ་དམག་བརྒྱ་ཕྲག་ཁ་ཤས་ཕྱོགས་བསྒོས་ཀྱིས་འཕྱོངས་རྒྱས་ ཁུལ་དང༌། གྲ་ནང་སོགས་ཕེབས་ལམ་གང་འཁེལ་གྱི་ཕྱོགས་གང་སར་རྒྱངས་སྲུང་འགན་འཁུར་སྤྲད་དེ་ བཏང༌།
ལྷ་ས་ནོར་གླིང་ནས་ཡོང་བའི་དཀར་མཛེས་དགེ་ལུ་པད་མ་རྣམ་རྒྱལ། ཝུའུ་ཀྲོང་ཆོས་མཛད་དང༌། རྒྱལ་མཚན་ཅན་གྱི་དམག་ཤོག་ཀྱང་དེ་ཕྱོགས་ནས་རིམ་བསྐྱོད་བྱས།
དེ་བཞིན་ལི་ ཐང་ཨ་ལོ་ཟླ་བ་དང༌། བྲག་གཡབ་ཨ་ཕྲུག་བླ་མ་ཅན་དམག་ཤོག་ཁག་གསུམ་བསམ་ཡས་ཕྱོགས་སྟོད་སྨད་དང༌། དགའ་ལྡན་ཕྱོགས་ནས་བླ་སྤྲུལ་དགེ་འདུན་སེར་སྐྱ་བྲོས་བྱོལ་འོང་མཁན་སྣེ་བསུ་ སྲུང་བྱ་བཅས་ཀྱི་ཆེད་དུ་གནས།
རྒྱལ་ཐང་མཁར་ཆེན་ཕྱག་མཛོད་དང༌། ཀླུ་སྒྲུབ་ཕྱག་མཛོད། འབའ་ལ་ཁ་ཕྱག་མཛོད། གླིང་ཚང་སྡེ་པ་ཡར་གླིང་དབང་རྒྱལ་ཅན་དམག་ཤོག་ཁག་གསུམ་འོན་མངའ་རིས་གྲྭ་ཚང་གི་ ཕྱོགས་སུ་རྒྱ་དམག་འགོག་རྒོལ་ཆེད་དུ་བཏང༌།
ཨ་མདོ་སྦྱིན་པ་རྒྱ་མཚོ་དང༌། སྨར་ཁམས་གཙོ་འཛིན་ཕ་བློ་ཚེ། ཆབ་མདོ་བློ་ཉི་ཅན༌། རྒྱལ་རོང་བརྒྱ་དཔོན་ལྷ་རྒྱལ་ཅན་གྱི་རང་འོག་དམག་དཔུང་ཁག་གཅིག་ཡར་ཀླུང་ནས་ ཟངས་རི་མཁར་མར་དང༌། ཀླུ་ཁང་གྲུ་ཁ། གདན་ས་མཐིལ་ཕྱོགས་སུ་རྒྱ་དམག་འགོག་སྲུང་ཆེད་དུ་བསྐྱོད།
འོལ་ཁའི་ཕྱོགས་ སུ་དར་དགོན་དམག་སྤྱི་གསེ་གསེ་དང༌། གོ་འཇོ་ཆོས་གྲུབ་དོན་འགྲུབ་ཕུན་ཚོགས། ཆོས་གྲུབ་དོན་ལྷ། ལམ་བྲག་ཕྱག་མཛོད། དྲུང་སར་ཆོས་མཛད། ཆ་ཕྲེང་འགྱུར་མེད་ཅན་གྱི་དམག་ཤོག་རྒྱ་དམག་འགོག་རྒོལ་ཆེད་དུ་དམག་སྒར་བཏབ།
རྩེ་ ཐང་གུང་པོ་རི་འོག་ཏུ་གནས་པའི་རྒྱ་དམག་རྣམས་ཕྱིར་ཐོན་མི་ཐུབ་པའི་འགོག་སྲུང་ ཆེད་བྲག་མགོ་བ་བརྒྱ་དཔོན་རྩེ་ཉ་དང༌། རྟའུ་མཁས་གྲུབ་སྤུན། ཨ་མདོ་བིས་མདོ་བསོད་ནམས་རྒྱལ།༼པཎ་ཆེན་རིན་པོ་ཆེའི་ཁུ་བོ་༽ ཉག་རོང་སྐལ་བཟང་རྡོ་རྗེ། ཆ་ཕྲེང་ངག་དབང༌། ཆ་ཕྲེང་སྟོབས་རྒྱལ། དར་དགོན་དཔལ་ཆེན། སྒ་པ་བརྒྱ་དཔོན་བསོད་ནམས། སྒ་པ་འོ་རྫོང་བེ་རྐྱང་རིག་འཛིན་ཚེ་དབང༌།
རྒྱལ་ཐང་བརྒྱ་དཔོན་ཀུན་བཟང༌། ལི་ཐང་ཆོས་འཕགས། སྨར་ཁམས་དམག་སྤྱི་བསྟན་འཕེལ་སོགས་རྩེ་ཐང་རྒྱའི་དམག་སྒར་གཏོར་རྒོལ་བྱེད་པའི་ ཁས་ལེན་པ་རྣམས་བཅས་ཀྱིས་སྔར་ལས་ལྷག་པའི་དཔའ་སྙིང་བསྐྱེད་དེ་རྩེ་ཐང་གྲོང་པ་ དང༌། རྩེ་ཐང་གི་རི་རྩེ། ཁྲ་འབྲུག སྣེ་གདོང་རྫོང་འོག་བཅས་ནས་ཨ་ལོང་ལྟར་བསྐོར་ནས་བསྡད།
ཡར་ཀླུང་ཕོ་བྲང་གི་ གཡས་གཡོན་དུ་སྒ་པ་དམག་སྤྱི་ཚེ་རྒྱལ། གཙོ་འཛིན་གྲའུ་དཔོན་རིན་ཆེན་ཚེ་རིང༌། གཙོ་འཛིན་གླིང་ཚང་སྲས་འཇིགས་མེད། གཙོ་འཛིན་ཆ་ཕྲེང་སྲས་དགེ་སློང༌། གཙོ་འཛིན་གྲས་གཙང་པ་སྤེལ་ཟུར་རྡོ་རྗེ་ནོར་བུ་ཅན་དམག་ཤོག་འགའ་ཤས་ཡོད་པ་ནས་ གྲའུ་དཔོན་དང༌། དགའ་ལྡན་དམག་སྤྱི་རྒན་བུ་རྡིས་ཅན་གྱི་དམག་ཤོག་དེ་རྗེས་ཨ་འབྲུག་འགོ་དམག་བསུ་ རུ་བཏང༌།
འབའ་པ་དམག་སྤྱི་རྒན་ཨ་ལེགས་དང༌། དཀར་མཛེས་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ། བྲག་གཡབ་བརྒྱ་དཔོན་འཆི་མེད། ལི་ཐང་དབྲ་ཕྲུག་ངག་དབང༌། སྨར་ཁམས་བྱང་ཆུབ་སྦྱིན་པ། ཆབ་མདོ་དམག་སྤྱི་པད་མ་དབང་འདུས་ཅན་སྔོན་དུ་བཏང་བའི་དམག་ཤོག་༧གོང་ས་མཆོག་ མཚོ་སྣ་བར་ཕེབས་བསྐྱེལ་དུ་བཏང༌།
ཡང་བྱང་བསྐྱོད་ཨ་འབྲུག་འགོ་དམག་དང་ཁ་ མཐོར་གྱིས་ལྕགས་ར་སྤེན་འབར་ཕྱོགས་སུ་མར་འགྲོ་མ་ཐུབ་སྟེ། བྱང་བརྒྱུད་ནས་ཡར་འགྲོ་དགོས་གྱུར་པའི་རྒྱལ་རོང་དམག་སྤྱི་ཤེས་རབ་ཀྱི་རང་འོག་ དམག་ཤོག་དང༌། བྲག་མགོ་བརྒྱ་དཔོན་གཡུ་རྡོ།
དར་དགོན་བརྒྱ་དཔོན་རྟ་སོ་ཆོས་མཛོད་ཅན་གྱི་དམག་ཤོག་བྱང་ཕྱོགས་ནས་བསྐོར་ཏེ་ཉ་ སོག་གྲུ་ཁ་བརྒྱུད་གོང་དཀར་དམག་སྒར་དུ་༧གོང་ས་མཆོག་ཆིབས་བསྒྱུར་གྲུབ་རྗེས་ སུ་འབྱོར་སྟབས། བཀའ་བསྡུར་གྱིས་ཁོང་ཚོའི་འདོད་པ་ལྟར་རྩེ་ཐང་ཁུལ་དུ་དམག་སྣོན་ཆེད་བསྐྱོད་ གཏན་འཁེལ་བ་ལྟར་ཕྱིན་རྗེས་རྒྱལ་རོང་དམག་སྤྱི་ཤེས་རབ་རྩེ་ཐང་ནས་དམག་འཐབ་ སྐབས་སྲོག་སྐྱོན་ཤོར།
ཡང་ལྷོ་བྲག་དུ་བ་རྫོང་དང༌། སེང་གེ་རྫོང་བཅས་སུ་ཡོད་པའི་མི་ཉག་གཙོ་འཛིན་ཡོན་ཏན་དང༌། ཨ་མདོ་བླ་བྲང་པ་ལེགས་བཤད་ཅན་གྱི་དམག་ཤོག་ཁ་ཤས་ཡོད་ནའང༌། སྐབས་དེར་ལྷོ་བྲག་ཁུལ་དུ་རྒྱ་དམག་རིགས་མེད་པར་བཟོས་གྲུབ་པ་དང༌། ལྷོ་བྲག་ནི་འབྲུག་གི་ས་མཚམས་དང་ཉེ་ཞིང༌།
ཕེབས་རྗེས་དེད་མཁན་རྒྱ་དམག་ལམ་སེང་ཡོང་ཐུབ་པའི་ས་ཁུལ་མིན་སྟབས་ལྷ་ས་ཕྱོགས་ ནས་རྒྱ་དམག་ཡོང་མཁན་འགོག་བརྒོལ་བྱ་རྒྱུ་གལ་ཆེ་རྩིས་ཏེ་ལྷོ་བྲག་ནས་ཡར་འབྲོག་ ཁུལ་བརྒྱུད་གམ་པ་ལ་ནས་ལྕགས་ཟམ་ཁ་དང༌། གོང་དཀར་དམག་སྒར་བཅས་སུ་སྲུང་དམག་འཕར་སྣོན་དུ་འབྱོར་བསྡད་བྱས།
གོང་གསལ་ ཡར་ཀླུང་ཕོ་བྲང་དུ་ཨེ་ལྷ་རྒྱལ་རི་ནས་དམག་སྒར་ཨ་མ་སྤོ་ཤུགས་ཟིན་ཡོད་པའི་ ཁོངས་འབའ་པ་རྒན་ཡེ་ཤེས། སྐྱབས་མགོན་ཕྱག་མཛོད། ཚ་རོང་དམ་པ་བློ་གྲོས་ཅན་སོགས་ཀྱི་འགན་འཁུར་བྱ་རྒྱུར་གཙོ་གནད་ཆེ་ཤོས་དེ་༧ གོང་ས་མཆོག་ཕེབས་རྗེས་སུ་རྒྱ་དམག་ཡོང་དྭོགས་ཡོད་པ་འགོག་ཐབས་བྱ་རྒྱུ་ངོས་ འཛིན་གྱིས་མཐའ་ཁུལ་སྲུང་དམག་འཇོག་ཐབས་གོང་གསལ་ལྟར་བྱས་པ་དང༌།
༧གོང་ས་མཆོག་དངོས་སུ་ཕེབས་པའི་ཉེ་སྐོར་གཡས་གཡོན་རྒྱབ་མདུན་རྣམས་ལའང་སྐུ་ སྲུང་དུ་རང་དམག་ཧྲག་བསྡུས་ཉུང་ཤས་ཁག་བསྒོས་ཀྱིས་བཏང་བ་ལྟར། མཚོ་སྣའི་ས་མཚམས་སྤྱ་འུག་ལེགས་པོ་ཞེས་པར་རྒྱ་གར་གཞུང་གིས་སྣེ་བསུ་འབྱོར་ མཚམས་བར་ཕེབས་བསྐྱེལ་ཞུས།
སྨད་ཕྱོགས་དྭགས་པོའི་ས་མཚམས་ཁག་ནས་རྒྱ་དམག་ ཡོང་ལམ་རིང་ནའང་བརྟན་ཆའི་ཆེད་ཀོང་པོའི་དམག་སྤྱི་འགོ་ཁྲིད་དྲི་མེད་སྟེང་མཁར་ པད་མ་ཀུན་བཟང་དང༌། བདེ་སྐྱིད་ཁང་སར་པད་མ་ཚེ་དབང༌། ཉིང་ཁྲི་དབང་ར་དབང་རྒྱལ། དྲི་མེད་སྟེང་མཁར་ཐུབ་བསྟན་དར་རྒྱས། ཉིང་ཁྲི་དབང་ར་ལྷ་དབང་ཚེ་རིང༌། གྲ་མདའ་དབང་ཕྱུག ཕན་དཀར་ཕུན་ཚོགས། བྲས་ཁང་དབང་ཕྱུག
གང་དཀར་ཚེ་དབང་ཅན་གྱི་རང་འོག་དམག་ཤོག་ཁག་དང༌། ལྕང་ར་ཚེ་དབང༌། གནས་བར་ཚེ་རིང་དཔལ་ལྡན། ཆུ་འཁོར་སངས་རྒྱས། སྡེ་དགེ་དམག་སྤྱི་ཕུ་མ་རིན་རྣམ། གནས་ར་དགེ་ལེགས། སྤམ་ཁ་མགོན་པོ། འབའ་ཆུང་ཐུབ་སྟོབས་མགོན་པོ།
བུ་ཡེ་རྣམ་རྒྱལ་སོགས་ཀྱི་དམག་ཤོག་ཁག་བཅས་ནས་དོ་འཁུར་ཆེན་པོས་རྒྱ་དམག་འགོག་ རྒོལ་གྱི་འགན་ལེན་བྱས་པ་བཅས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་ དམག་གི་སྒྲིག་འཛུགས་འདིས་བསྟན་དགྲ་རྒྱ་དམར་གུང་ཁྲན་རིང་ལུགས་ཀྱིས་བོད་རྒྱལ་ ཁབ་ཀྱི་བསྟན་སྲིད་དབང་ལུང་ཡོངས་རྫོགས་བཙན་བཟུང་བྱས་པ་བོད་ནས་མཐར་སྤྲོད་ཐུབ་ པ་ཞིག་མ་བྱུང་བ་དེ་ལྟར་ནའང༌།
བོད་བསྟན་སྲིད་ཡོངས་ཀྱི་བདག་པོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ སྲུང་སྐྱོབ་དང་འབྲེལ་རྒྱ་གར་འཕགས་ཡུལ་ཞབས་སོར་བདེ་འཁོད་ཐུབ་པའི་འགན་འཁུར་ཆ་ ཚང་སྒྲུབ་ཐུབ་པ་འདི་ནི། ཆོས་ཕྱོགས་ནས་བཤད་ན། སངས་རྒྱས་ཀྱི་བསྟན་པ་མི་ཉམས་པའི་གཞི་རྩ་ཚུགས་པ་དང༌།
དམག་འཐབ་རིམ་པའི་འོག་གི་ཚེ་སྲོག་ཤོར་བ་རྣམས་ཐ་མར་གྱུར་ནའང་འཁོར་བ་མཐའ་ཅན་ཐར་པའི་ས་བོན་དམ་པར་གྱུར་ཡོད།
          སྲིད་ཕྱོགས་ནས་བཤད་ན། བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་ཏེ་རྒྱ་དམར་གུང་ཁྲན་གྱིས་བོད་ཀྱི་ཆོས་སྲིད་ཁ་ ནས་ཟས་ཏེ་མིད་པར་སོང་ན་ཡང༌། གྲོད་ཁོག་ནང་མི་ཞུ་བར་མི་རབས་རིམ་བརྒྱུད་དུ་ཆབ་སྲིད་འཐབ་རྩོད་ཀྱི་རང་བཞིན་ དུ་གྱུར་ཐུབ་པ་བྱུང་ཡོད།
ད་དུང་དེ་ལས་གསལ་ཙམ་ཞུས་ན།
བསྟན་དགྲ་རྒྱ་དམར་གྱིས་ཁམས་ཤར་ཕྱོགས་ནས་འགོ་བཙུགས་ཏེ་བོད་ཡོངས་སུ་དར་ཁྱབ་ བྱུང་བའི་སངས་རྒྱས་ཀྱི་བསྟན་པ་དེ་འཛིན་དང་བཅས་པ་རིམ་བཞིན་རྩ་གཏོར་བྱས་བཞིན་ པ་ནས་མཐའ་མའི་དུས་ཚོད་འདི་འདྲར་སླེབས་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁ་ཡར་ ཀླུང་གཙང་པོའི་གཡས་ཕྱོགས་ཐམས་ཅད་སྔ་ལོ་ནས་རྒྱ་དམག་མེཐ་པར་བཟོས་ཏེ་ས་གཙང་དུ་ གྱུར་ཡོད་པ་དང༌།
འདི་ལོ་བོད་ཀྱི་རྒྱལ་ས་ལྷ་སར་དམག་འཁྲུག་ལང་སྟབས་ལྷག་པར་དུ་ས་གནད་གང་སར་ དྭངས་བླངས་དམག་གིས་སྲུང་བྱ་བྱས་ཡོད་པར་བརྟེན་༧གོང་ས་མཆོག་བློན་འཁོར་ལྷོ་ ཁའི་ཕྱོགས་ཀྱི་ཕེབས་ལམ་རིམ་བརྒྱུད་ཀྱིས་བསྟན་སྲུང་དམག་གིས་ཕེབས་བསུ་ཕེབས་ བསྐྱེལ་གྱི་ཐོག་ནས་རྒྱ་གར་འཕགས་ཡུལ་དུ་ཆིབས་བསྒྱུར་ཟིན་རྗེས་སུ་རང་རེ་བོད་ ཀྱི་སེར་སྐྱ་སྤྱི་དང༌།
ལྷག་པར་དུ་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་དང་དགེ་འདུན་གྱི་སྡེ་བཅས་ རང་གནས་སུ་སྡོད་རེ་བྲལ་ཏེ་རྒྱ་དམར་དམག་གི་འཚེ་བའི་འོག་ནས་རང་སྲོག་ཐར་རེ་ཙམ་ གྱིས་བྲོས་བྱོལ་དུ་ཡོང་མཁན་རྣམས་ལ་སྣེ་བསུ་སྲུང་སྐྱོབ་ཞུས་པའི་དབང་གིས་ལྷ་ ས་སོགས་ཀྱི་ཕྱོགས་ནས་ཡར་ཀླུང་གཙང་པོ་བརྒལ་ཐུབ་ཙམ་བྱུང་མཚམས་བློ་ལྷོད་ཤར་སེ་ བྲོས་ཕེབས་ཆོག་པ་བྱུང་བ་ནི།
འཛམ་གླིང་ཀུན་གསལ་དུ་གྱུར་ཡོད་པའི་གནས་ཚུལ་དངོས་ལས་ད་དུང་ཞིབ་ཙམ་ཞུས་ན། སྟོད་ལུང་མཚུར་ཕུ་ནས་དཔལ་རྒྱལ་དབང་སྐར་མ་པ་མཆོག་སྟོན་འཁོར་སྔ་རྗེས་གསུམ། ལྷ་ས་ནས་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་བདག་ཆེན་ཡུམ་སྲས་སྟོན་འཁོར། ཁམས་ཤར་ཕྱོགས་སྡེ་དགེ་དཔལ་སྤུངས་ཏཱ་ཡི་སི་ཏུ་རིན་པོ་ཆེ་དང༌། དཔལ་སྤུངས་ཀོང་སྤྲུལ་རིན་པོ་ཆེ། དཔལ་སྤུངས་དབོན་རྒན།
ཡོང་དགེ་མི་འགྱུར་རྡོ་རྗེ་བཅས་སྐུ་འཁོར། འདན་དིལ་མགོ་མཁྱེན་རྩེ་རིན་པོ་ཆེ་སྐུ་འཁོར། སྒ་བན་ཆེན་སངས་རྒྱས་སྙན་པ་རིན་པོ་ཆེ་དང༌། ཁྲ་འགུ་རིན་པོ་ཆེ། ཁྲ་ལེབ་སྐྱབས་མགོན། སྤྲུལ་སྐུ་བསྟན་དགའ་རིན་པོ་ཆེ་སྐུ་འཁོར་བཅས་དང༌། སྡེ་དགེ་སྤམ་མདའ་མཁན་པོ། ནང་ཆེན་ཟུར་མོང་དྲུང་པ། ཚ་བ་ཨ་ཀོང་སྤྲུལ་སྐུ། རི་པ་ཨ་འཛིན་རིན་པོ་ཆེ་སྐུ་མཆེད། འབོམ་འབུམ་སྤྲུལ་སྐུ།
འགག་བླ་ཁྲི་པ། ནང་ཆེན་རྫ་སྲིབ་སྤྲུལ་སྐུ། རི་བོ་ཆེ་ཆགས་མེད་རིན་པོ་ཆེ། རི་ཆེ་རྗེ་དྲུང་སྤྲུལ་སྐུ། སྤུ་བོ་ཞྭ་སྒམ་སྤྲུལ་སྐུ། སྒ་ར་ཉག་རོང་ཐ་སྐྱབས་མགོན་གཙོས་སྤྲུལ་སྐུ་བཞི། ཀོང་པོ་བཀྲས་རབ་བླ་མ་བློ་བརྟན་ཅན། སྒ་ཨ་ཁྲོ་སྤྲུལ་སྐུ། སྒ་ཁྲི་འདུ་སྤྲུལ་སྐུ། སྒ་ཨ་༔དབྱངས་སྤྲུལ་སྐུ། སྡེ་དགེ་དཔལ་ཡུལ་གྲུབ་དབང་པད་མ་ནོར་བུ་རིན་པོ་ཆེ།
སྡེ་དགེ་སྒ་རྗེ་ཁམས་གཞུང་སྤྲུལ་སྐུ། སྡེ་དགེ་ཀ༔ཐོག་ཞིང་སྐྱོང་སྤྲུལ་སྐུ་དང༌། དབོན་པོ་སྤྲུལ་སྐུ། སྡེ་དགེ་རྫོང་སར་གདོང་སྣ་སྤྲུལ་སྐུ། སྒ་འཁོར་འཇོད་སྤྲུལ་སྐུ། སྡེ་དགེ་འཛི་སྒར་ཐུགས་སྲས་རིན་པོ་ཆེ། སྡེ་དགེ་དཔལ་ཡུལ་རྫོང་ནང་རིན་པོ་ཆེ།
སྨིན་གླིང་ཁྲི་ཆེན་བཅས་སྟོན་འཁོར་རྒྱས་བསྡུས་སྣ་ཚོགས་ཀྱིས་ཕེབས་པ་རྣམས་ཁམས་ ནས་རིམ་བཞིན་ཡུལ་བྱོལ་དུ་ཡོང་བས་མང་ཆེ་བར་རྒྱ་གར་ས་མཚམས་བར་ཆིབས་རྟ་དྲེལ་ བཅས་མང་ཙམ་ཡོད་ཅིང༌། ཁོང་རྣམ་པ་ཚང་མས་ཡར་ཀླུང་གཙང་པོ་བརྒལ་ཐུབ་ཙམ་བྱུང་ན་ཐུགས་ལྷོད་པོའི་ཐོག་ རིམ་བཞིན་རྒྱ་གར་ནང་ཕེབས་ཐུབ་པ་བྱུང་ཡོད།
ཡང་དེ་མཚུངས་སུ་བོད་ཀྱི་རྒྱལ་ ས་ལྷ་སར་རྒྱ་དམག་གིས་དྲག་རྒོལ་བྱས་པའི་ཉིན་ནས་བཟུང་ཉིན་མཚན་འཁོར་ཡུག་ཏུ་ གདན་ས་ཆེན་པོ་སེ་ར་དང༌། འབྲས་སྤུངས། རྒྱུད་སྟོད་དང༌། རྒྱུད་སྨད། རྩེ་རྣམ་རྒྱལ་གྲྭ་ཚང་རྣམས་ཀྱིས་གཙོས་ཉེ་སྐོར་གྱི་དགོན་ཁག་རྣམས་ཀྱི་དགེ་ འདུན་འདུས་ཚོགས་ནས་ཕྱོགས་ཕེབས་ཐུབ་ཚོད་ཆུ་ཤུལ་བརྒྱུད་ནས་ཡར་ཀླུང་གཙང་པོ་ བརྒལ་བ་དང༌།
གྲུ་པ་རྣམས་ཀྱིས་ཉིན་མཚན་འཁོར་ཡུག་ཏུ་བསྐྱེལ་སྒྲོལ་ཞུས་ཤིང༌། འབྲོག་རི་བ་དགེ་ལྡན་གྱི་དགེ་འདུན་འདུས་མང་རྣམས་ནི་དགའ་ལྡན་རྒྱ་མ་ལ་དང༌། བསམ་ཡས་རྒོད་དཀར་ལ་བཅས་བརྒལ་བགྲོད་ཀྱིས་བསམ་ཡས་ཕྱོགས་ནས་གཙང་པོ་བརྒལ་བགྲོད་ གནང༌། ཡང་མང་པོ་ཞིག་ནི།
ལྷ་སའི་ཕྱོགས་ནས་འཕན་པོ་བརྒྱུད་སྟག་རྩེ་རྫོང་འོག་ནས་བསྐོར་ཏེ་དགའ་ལྡན་ ཕྱོགས་ནས་རིམ་ཕེབས་མཛད་པ་བཅས་གདན་ས་ཁག་གི་དགེ་འདུན་པ་ཕལ་ཆེ་བ་ཆོས་གོས་རྣམ་ གསུམ་རྒྱབ་ཏུ་བསྣམས་ནས་ཞབས་ཐང་དུ་ཕེབས་ཀྱི་ཡོད།
འོན་ཀྱང་མདོ་ཁམས་ཆུ་བཞི་ སྒང་དྲུག་གིས་ནི། རྒྱའི་དམག་དཔུང་འགོག་ཐབས་དང༌། གསོལ་ཆས་འདྲ་འབུལ་གང་ཐུབ་ཙམ་ཞུས་པ་ལས་ཆིབས་རྟ་དྲེལ་སོགས་ཀྱི་སྣེ་བསུ་ཞུ་ ཐུབ་པ་བྱུང་མེད།
རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་ཆེན་ཡོངས་འཛིན་ རྣམ་གཉིས་ནས་མཚོན་སྐབས་དེའི། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ། སེ་རའི་རྒན་བློ་བཟང་དབང་ཕྱུག ཏྲེ་ཧོར་བཀའ་འགྱུར་པོ་ཆེ། རྟའུ་སྤངས་སྣང་རིན་པོ་ཆེ། ཤག་སྐོར་མཁན་པོ་རྒན་ཉི་མ། རྒན་པད་མ་རྒྱལ་མཚན། རྒྱ་གར་དུ་ཕེབས་རྗེས་ཀྱི་དགའ་ལྡན་ཁྲི་རབས་དགུ་བཅུ་གོ་བདུན་པ་དང༌། ཁྲི་རབས་གོ་བརྒྱད་པ།
ཁྲི་རབས་གོ་དགུ་པ། ཁྲི་རབས་བརྒྱ་པ། ཁྲི་རབས་བརྒྱ་དང་གཅིག་བཅས་དང༌། སྦག་ས་ཆོས་སྒར་ནས་བཟུང་གདན་ས་གསུམ་དང༌། རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་རབས། སེར་བྱེས་རྒན་ལེགས་ལྡན། སེར་བྱེས་རྒན་དོན་སྟོབས། བློ་གླིང་རྒན་ཉི་མ། སྒོ་མང་མཁན་པོ་རྒན་ཉི་མ། དགའ་ལྡན་ཤར་བྱང་གི་མཁན་པོ་བཅས་མཚན་བཀོད་ཐུབ་པ་མི་ཐུབ་པ་རྣམ་པ།
གཞན་ཡང་ བྲག་གཡབ་བློ་ལྡན་ཤེས་རབ། འདན་མ་བློ་ཆོས་རིན་པོ་ཆེ། མདོ་སྨད་སྟོང་སྐོར་རིན་པོ་ཆེ། རྨེ་འོ་ཀིར་ཏི་རིན་པོ་ཆེ། ཨ་མཆོག་སྤྲུལ་སྐུ། དགའ་ལྡན་བླ་ཏི་རིན་པོ་ཆེ། ཆབ་མདོ་རྒྱ་ར་སྤྲུལ་སྐུ་དང༌། ཀུན་རྡོར་སྤྲུལ་སྐུ། སེར་བྱེས་མཁར་ནང་སོ་སྤྲུལ་སྐུ་འཇམ་དབྱངས། ལྡི་ཐང་ཁྲོམ་ཐོག་སྤྲུལ་སྐུ། མཁར་ནང་སོ་མཁན་སྤྲུལ་སོགས་དང༌།
གཞན་ཡང་གདན་ས་ཁག་གི་མཁན་པོ་མཁན་ཟུར། དགེ་བཤེས་སོགས་གོང་རིམ་དག་དང༌། དགེ་འདུན་བྱིངས་བཅས་ཞབས་ཐང་དུ་ཉིན་མཚན་བར་མེད་ལྟ་བུར་ཕེབས་པར།
རྒྱ་དམར་དམག་དཔུང་གི་བཙན་དྲག་ལ་འཇིགས་མི་དགོས་པའི་འོག་ནས་༧གོང་ས་མཆོག་གི་ ཕེབས་རྗེས་སུ་རྒྱ་གར་འཕགས་ཡུལ་དུ་ཕེབས་ཐུབ་རེའི་ངང་སྐུ་ངལ་ལྷུར་ལེན་གྱིས་ སངས་རྒྱས་ཀྱི་བསྟན་པ་བློས་མི་ཐོང་བའི་སྒོ་ནས་བླ་སྤྲུལ་དགེ་འདུན་བརྒྱ་ཕྲག་ དང་སྟོང་ཕྲག་བྱས་ཏེ་ཆོས་གོས་རྣམ་གསུམ་རྒྱབ་ལ་བསྣམས་པ་དང༌། ཆབ་བླུག་མདུན་དུ་བཏགས།
སོག་ལྷམ་སྣ་གཉིས་ཅན་རྐང་ལ་གྱོན་ཏེ་ཕེབས་པའི་སྐབས་རེ་ཤས་ཙམ་ལ་མ་གཏོགས་ཆིབས་ རྟ་ཕུལ་བ་སོགས་ཞུ་མི་ཐུབ་པའི་དུས་སུ་སླེབས་དུས་ཅི་མི་རུང་འདི་ལྟ་བུའི་དུས་ ངན་བསམ་སྟེ་མིག་ཆུ་དབང་མེད་དུ་ཤོར་བའི་རང་བཞིན་དུ་གྱུར།
གོང་གསལ་མཚན་འཁོད་རྣམས་མ་ཡིན་པར་ལྷོ་ཁ་ནས་ཕེབས་པའི་བླ་སྤྲུལ་དགེ་འདུན་ཇི་སྙིད་ཡོད་པ་ནི་གཞིར་བཅས་ཀྱང་མཚན་སྨོས་ཞུ་མ་ཐུབ།
ཕོ་རྒོད་དཔའ་བོ་སྟོང་གི་རུ་སྣེ་ནས།།
རེས་མེད་སྐྱེས་ཆེན་བརྒྱ་ཕྲག་གདན་དྲངས་པས།།
དེང་སང་ཤར་ནུབ་འཛམ་གླིང་ཟླུམ་པོའི་ཁྱོན།།
ལུང་རྟོགས་རྒྱལ་བསྟན་ཉི་མའི་འོད་བཞིན་གསལ།།
 

༼29༽

དམག་བཀོད་ལྟར་བན་རྩེ་གྲུ་ཁ་ནས་ཕེབས་བསུ་ཞུས་སྐོར།

 
ཕེབས་ བསུའི་ཆེད་དམག་སྒར་ལྟེ་བ་ནས་གོང་གསལ་ས་གནས་དེ་དག་ཏུ་ཤར་བསྐྱོད་བྱེད་པའི་ལམ་ བར་གྲ་ནང་དུ་ལོ་རྒྱུས་ཐོག་སྙན་གྲགས་ནམ་ཡང་བསུབ་ཏུ་མེད་པའི་རྒྱ་རྒོལ་དམག་ འཐབ་དྲག་པོ་བྱས་པས་རང་ཁོངས་དྭངས་བླང་དམག་དཔུང་དང༌། ས་ཁུལ་དེའི་རྒྱལ་གཅེས་ལྷག་བསམ་ཅན་གྱི་ཡུལ་དམག
དད་ལྡན་མི་དམངས་མང་པོ་བཅས་མཉམ་དུ་༧གོང་ས་མཆོག་ཕེབས་རྒྱུའི་གསང་བའི་གནས་ཚུལ་ ཤེས་མ་ཐག་བན་རྩ་གྲུ་ཁར་ཕེབས་བསུར་བཅར་ནས་ལྷ་བསངས་ཀྱི་སྤྲིན་པས་གནམ་སྔོན་ སྒྲིབ་བཞིན་སྒུག་སྡོད་བྱས། ཉིན་ཕྱེད་ཡོལ་ནས་༧གོང་ས་མཆོག་སྟོན་འཁོར་དང་བཅས་པ་བན་རྩེ་གཙང་ཆུ་ནང་ཀོ་གྲུ་ ལ་བཞུགས་ནས་ཕེབས་པ་དང༌།
དེ་ཉིན་རླུང་འཚུབ་ཆེ་ཙམ་བྱུང་ཡང་སྐྱོན་ཆ་མེད་པར་གཙང་ཆུ་དེ་ཉིད་བདེ་བླག་ཏུ་ བརྒལ། རང་ཁོངས་དྭངས་བླང་དམག་དཔོན་ཚོས་མཇལ་དར་སྒྲོན་པ་དང༌། ད་ཕན་རྒྱ་རྒོལ་དམག་འཐབ་བྱས་ལུགས་དང༌། གོང་གསལ་ས་གནས་དེ་དག་གཙང་སྲུང་བྱས་ལུགས། དེ་བཞིན་ད་དུང་ལྷོ་ཁུལ་གཞིས་ཁག་ཡོངས་རྫོགས་རང་ཁོངས་དྭངས་བླངས་དམག་མི་དཔུང་ ཚོ་གང་སར་བཀྲམ་ཡོད་ལུགས་བཅས་ཀྱི་སྙན་ཞུ་ཕུལ་ནས།
ར་ས་གནས་དེ་དག་ནས་རྗེས་དེད་རྒྱ་དམག་ཡོང་ན་འགོག་རྒོལ་དམག་འཐབ་བྱེད་ཆེད་སྔར་ བཞིན་སྒུག་སྡོད་བྱས། རང་ཁོངས་དྭངས་བླང་དམག་མི་དང༌། ས་ཁུལ་དེའི་ཡུལ་དམག་དང་མི་དམངས་བྱིངས་ཀྱིས་༧སྐྱབས་མགོན་རིན་པོ་ཆེ་ཞལ་མཇལ་ བས་དགའ་བ་དང༌།
ཕྱོགས་གཅིག་ནས་བསྟན་དགྲ་རྒྱ་དམར་གྱིས་བཙན་འཛུལ་བྱས་ཏེ་༧གོང་ས་ཐམས་ཅན་མཁྱེན་ པ་བྲོས་བྱོལ་དུ་ཕེབས་དགོས་པ་འདི་འདྲ་ཐབས་སྐྱོ་བ་བསམ་ནས་ཡིད་སྐྱོ་བའི་མིག་ ཆུ་གཏོང་བ་དང༌། འགའ་ཞིག་ཁོང་ཁྲོ་ལངས་ནས་གལ་སྲིད་རྒྱ་དམག་རྗེས་དེད་སླེབས་ན་ང་ཚོ་ཤི་སོང་ན་མ་ གཏོགས་ཕྱི་ཀྱེད་རྟ་རྔ་ཙམ་མི་བྱེད་ཅེས་མནའ་སྐྱེལ་མཁན་ཡང་བྱུང༌།
          བན་རྩེ་གྲུ་ཁའི་ཕེབས་བསུའི་ཐད་༧གོང་ས་མཆོག་གི་མཛད་རྣམ་དུ། གཙང་ཆུའི་ཕ་རོལ་ཏུ་སྐྱིད་གཤོངས་ཟེར་བའི་གྲོང་གསེབ་ཆུང་ངུ་ཞིག་འདུག གྲུ་ཁ་དེར་ངང་ཙམ་སྒུག་སྡོད་བྱེད་དགོས་བྱུང་ཞིང༌། སྐབས་དེར་གནམ་གཤིས་ཇེ་ལེགས་སུ་གྱུར།
དྭངས་ཤིང་སྔོ་ལ་རླུང་གིས་བསྐྱོད་པའི་ཆུ་རིས་ཁྲིལ་ལེ་ལེ་གཡོ་བའི་ཆུ་ཆེན་ དེའི་ཕ་ཁར་མི་མང་པོ་ཞིག་ནག་ཕུང་ངེར་་ཚོ་བསུ་སྒུག་བྱེད་ཅིང་འདུག་པ་མཐོང༌། དེ་ནས་ང་ཚོ་གྲུར་ཞུགས་ཏེ་ཁད་ཉེ་སར་འབྱོར་སྐབས་མི་ཕུངས་དེ་གྲས་སུ་ཁམས་དམག་ དང༌། གྲོང་གསེབ་པ་གྱོན་གོས་ལྭ་བ་དཀར་པོ་དང༌། རྒྱ་ཚོས་ཅན་ལ་དཔུང་རྟགས་སེར་པོ་རྒྱབ་པ་མང་པོ་འདུག
དེ་ཚོ་ནི་རང་འགུལ་དྭངས་བླངས་དམག་སྦྱོང་ཁོངས་ཞུགས་པའི་གྲས་ཡིན་འདུག ཁོ་བོ་ཅག་གྲུ་ནས་ཐོན་སྐབས་མི་མང་དེ་ཚོས་གང་ཅིའི་གནས་ཚུལ་ཡིད་ལ་བརྣག་སྟེ་ཧ་ ཅང་བློ་སེམས་སྐྱོ་བའི་རྣམ་འགྱུར་སྟོན་ཅིང༌། ང་ཚོ་རྟ་ཞོན་ཏེ་བསྐྱོད་སྐབས་དེར་ལྷོ་ཁུལ་གྱི་གྲོང་གསེབ་མཐོང་བ་ཐོག་མ་ཡིན་པ་ དང༌།
མིང་ལ་ཡང་སྐྱིད་གཤོངས་སུ་འབོད་པ་དེས་ཡིད་སྐྱོའི་སྣོན་མ་ལྟ་བུར་གྱུར་སྟབས་ང་ ཚོས་མྱུར་དུ་ཕྱིན་པ་ཡིན། ཁོ་བོའི་བསམ་པར་སྐྱིད་གཤོངས་ཀྱི་གྲོང་གསེབ་དེར་དུས་རབས་མང་པོའི་རིང་ཞི་བ་ དང༌། མཛའ་མཐུན་དུ་ཅི་བདེར་འཚོ་བ་དེ་དག་ད་ཆ་འཇིགས་སྐྲག་དང་ཉེན་ཁའི་ནང་ཚུད་བཞིན་ ཡོད་པར་བསམ། འོན་ཏེ། སེར་སྐྱ་མཆོག་དམན་ཕོ་མོ་རྒན་བྱིས་ཚང་མ་བློ་སྤོབས་དང༌།
སེམས་ཤུགས་ནི་སྟོར་བཤིགས་མི་ཐུབ་པ་ལྟ་བུ་འདུག ངས་རེ་འདུན་བྱས་མིན་ལ་མ་ལྟོས་པར་རང་སྲོག་བློས་བཏང་གིས་བསྟན་སྲིད་སྲུང་ སྐྱོབ་བྱེད་རྒྱུ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད།་༼༢༦༢ ནས་༢༦༣༽ ཅེས་གསུངས་ཡོད་པ་རེད།
          དེ་ནུབ་༧གོང་ས་མཆོག་སྟོན་འཁོར་སྲུང་དམག་དང་བཅས་པ་ཤར་བསྐྱོད་ཀྱི་ར་སྨད་ལ་ འབྱོར་བ་དང་སྐྱིད་གཤོངས་ར་སྨད་དགོན་དུ་བཞུགས་ཞག་མཛད། ས་གནས་དེར་སྔོན་དང་མི་འདྲ་བ་དགྲ་ཕྱོགས་ལ་དེ་ཙམ་གྱི་དངངས་སྐྲག་ཆེན་པོ་བྱེད་ མི་དགོས་ཏེ་རྒྱ་དམག་རྗེས་དེད་སླེབས་ན། ར་མ་གྲུ་ཁ་དང༌། རྣམ་རྒྱལ་སྒང༌། བན་རྩེ་གྲུ་སོ་བཅས་ལམ་འཕྲང་འཁེལ་ཞིང༌།
གོང་གསལ་ས་གནས་དེ་དག་ལ་བསྟན་སྲུང་དྭངས་བླངས་དམག་གིས་བཙན་ས་བཟུང་ནས་ཡོད་པ་ དང༌། དེ་བཞིན་ཉེ་འགྲམ་གོང་དཀར་རྫོང་སོགས་མདོར་ན་ལྷོ་ཁ་ཁུལ་ཡོངས་རྫོགས་ལ་དྭངས་ བླངས་དམག་དཔུང་མང་མཐའ་ལྔ་བརྒྱ་ལྷག་དང་ཉུང་མཐར་བརྒྱ་ལྷག་རེ་ཡོད་པས། སྐུ་ཕྱྭ་ལ་ད་སྔོན་ལས་ཉེན་ཁ་ཆུང་དུ་ཕྱིན་པ་རེད།
          འདིའི་སྐོར་སྟག་ལྷ་མདའ་དཔོན་གྱི་མི་ཚེ་བྱུང་བ་བརྗོད་པ་ཞེས་པའི་དེབ་དེའི་ ནང༌། ར་མ་སྒང་གྲུ་ཁ་དང༌། རྣམ་རྒྱལ་སྒང༌། བན་ཙ་གྲུ་ཁ་སོ་སོར་བསྟན་སྲུང་དམག་ཡོད་པ་མ་ཟད། ལྷོ་ཁའི་ཁྱོན་ཡོངས་ཀྱི་ས་ཁུལ་ཁག་ལ་བསྟན་སྲུང་དམག་གི་ཤུགས་ནུས་ཀྱིས་ཁྱབ་ཡོད་ པ་དང༌། དེའི་ཉེ་འགྲམ་གོང་དཀར་རྫོང་དུ་བསྟན་སྲུང་དམག་འབོར་ཆེན་ཡོད་ཟེར་ཞིང༌།
ཉིན་འདི་ནས་བཟུང་སྐུ་ཕྱྭའི་ཉེན་སྲུང་གི་ལས་འགན་འཁུར་ཕྱོགས་ཐད་ནང་འཁོར་དང༌། བར་འཁོར། ཕྱི་འཁོར་བཅས་ཁག་གསུམ་དུ་བགོས་ཏེ་ནང་འཁོར་དུ་སྐུ་སྲུང་དམག་སྒར་གྱི་འགོ་དམག་ ཚོས་སྔར་བཞིན་ཉེན་སྲུང་ཞུས་པ་དང༌། བར་འཁོར་དུ་ཁ་དང་འགོ་དམག་རྣམས་ཀྱིས་སྲུང་ཆ་ཞུས་པ།
ཕྱི་འཁོར་དུ་བསྟན་སྲུང་དམག་གིས་བསྐོར་ནས་སྲུང་བྱ་ཞུས་པ་བཅས་ལ་བརྟེན་སྐུ་ ཕྱྭའི་ཉེན་ཁ་ཕྲན་བུ་ཡོལ་བ་ལྟ་བུ་བྱུང་སྟེ་དེའི་དགོང་དྲོ་ཚང་མ་ཐུགས་བདེའི་ ངང་ནས་སྐུ་ངལ་ལེགས་པོ་ཞིག་གསོ་རྒྱུ་བྱུང༌། ༼༢༩༩ ནས་ ༣༠༠༽ཞེས་བཀོད་ཡོད་པ་རེད།
          ར་སྨད་དགོན་དུ་དེ་ནུབ་༧གོང་ས་མཆོག་གིས་དབུས་རང་གཞུང་བཀའ་བློན་སྣེའུ་ཤར་ཐུབ་ བསྟན་ཐར་པ་དང༌། ཟུར་ཁང་དབང་ཆེན་དགེ་ལེགས། གཡུ་ཐོག་བཀྲིས་དོན་འགྲུབ་གསུམ་དང༌། ཛ་སྲག་ཀུན་བདེ་གླིང་པ་འོད་ཟེར་རྒྱ་མཚོ། ཕ་ལྷ་མགྲོན་གཉེར་ཐུབ་བསྟན་འོད་ལྡན་སོགས་བཀའ་གྲོས་བྱས་ཏེ།
༧གོང་ས་མཆོག་གི་མཚན་ཐོག་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ད་རེས་གློ་ བུར་རྐྱེན་ངན་གྱིས་ལྷ་ལྡན་དང་ཁ་བྲལ་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བས་སྐུ་ ཉིད་ཀྱིས་བོད་ཀྱི་བསྟན་སྲིད་ལ་ཕན་གྲོགས་གང་ནུས་སྐྱབས་འཇུག་གནང་དགོས་པའི་ ཚུལ་གྱི་སྦུག་དམ་འབྱར་མའི་ཕྱག་བྲིས་དང༌།
བཀའ་ཤག་གི་མིང་ཐོག་ནས་༧གོང་ས་མཆོག་གིས་གཞུང་ལུགས་རབ་འབྱམས་སྨྲ་བའི་ལྷ་རམ་ གྱི་མཚན་བཏགས་བཞེས་པ་དང༌། གདན་གསུམ་གཙོས་པའི་དབུས་ཁུལ་ཆོས་སྡེ་ཁག་ལ་མང་ཇ་དང་སྐུ་འགྱེད་གྲ་རྒྱས་བྱས་ ཟིན་ནའང་དུས་འགྱུར་དང་རྐྱེན་ངན་གྱི་དབང་གིས་བཀྲིས་ལྷུན་པོའི་ཆོས་སྡེ་ལ་ གཏོང་སྒོའི་དུས་ཚོད་མ་བྱུང་བས།
ད་ལན་ཅིས་ཀྱང་མང་ཇ་དང་སྐུ་འགྱེད་དགོས་ལུགས་འཁོད་པའི་ཡི་གེ་དང་ཊཾ་རྡོ་ ༥༠༠༠ ཐམ་པ་བཏང་གནང་མཛད། དེ་བཞིན་བོད་ཀྱི་ང་ཕོད་ངག་དབང་འཇིགས་མེད་དང༌། བསམ་ཕོ་ཚེ་དབང་རིན་འཛིན་གཉིས་ལ།
ངེད་ཅག་རང་དབང་གི་དོན་དུ་བསམ་ཕྱོགས་གཅིག་མཐུན་ཡིན་སྟབས་རྣམ་གཉིས་ནས་རང་ གཞུང་དགའ་ལྡན་ཕོ་བྲང་གི་རྒྱལ་བསྟན་ཆབ་སྲིད་དང་རྒྱ་ཆེ་མི་དམངས་ཀྱི་བདེ་དོན་ དུ་གྲོགས་ཕན་གང་ཐུབ་གནང་དགོས་པའི་བཀའ་ཡིག་ཕྱག་བྲིས་ཆེད་བཏང་མཛད། ད་དུང་ཕྱོགས་གཅིག་ནས་ལྷོ་ཁུལ་རེ་ཞིག་གཏན་སྡོད་བྱེད་རྒྱུ་དང༌། ཡང་ན་ཐད་ཀར་རྒྱ་གར་བྲོས་བྱོལ་དུ་འགྲོ་རྒྱུ་གང་དྲག་གི་བཀའ་གྲོས་བྱས།
          ཕྱོགས་གཅིག་ནས་བཀའ་ཤག་གི་མཚན་ཐོག་ནས་དེ་གོང་དུ་དིང་རིར་བཅའ་སྡོད་བྱེད་པའི་ ཅ་དང་དམག་དཔུང་རྒྱལ་རྩེར་ས་སྲུང་དུ་འགྲོ་ནས་རྒྱ་རྒོལ་དགྲ་འཐབ་ཀྱི་གྲ་སྒྲིག་ བརྟན་པོ་དགོས་པ་དང༌། གཞིས་རྩེར་བཅའ་སྡོད་ག་དང་དམག་དཔུང་དང༌།
རྒྱལ་རྩེ་བཅའ་སྡོད་ང་དང་དམག་དཔུང་རྣམས་ཐད་ཀར་ལྷ་སར་ཡོང་ནས་ལྷ་སྡོད་རྒྱ་དམག་ གིས་ག་དུས་ཚུར་རྒོལ་བྱེད་བྱུང་ན་ཕར་ལན་སློག་རྒྱུའི་གྲ་སྒྲིག་ཨང་གསར་དགོས་པ། བྱང་སྤྱིར་བྱང་རྒྱུད་འགྲོ་ལམ་ཁག་དང་ཁ་པར་ལྕགས་སྐུད་གཅོད་པ་སོགས་རྒྱ་དམག་ གིས་ཚུར་རྒོལ་བྱུང་ན་འགོག་སྲུང་བྱེད་རྒྱུ་དང༌། བྱང་བརྒྱུད་འདམ་གཞུང་ཁུལ་གྱི་གནམ་གྲུ་འབབ་ཚུགས་གཏོར་བའམ།
ཡང་ན་འབབ་ཐང་བཟུང་ཐབས་བྱེད་རྒྱུ་བཅས་ཀྱི་བཀའ་རྒྱ་ཕྱག་བྲིས་དམ་འབྱར་བཅས་ཁག་ སོ་སོར་བང་ཆེན་མངགས་པ་ལྟར། གོང་གསལ་ཕྱག་བྲིས་ནང་འཁོད་ལྟར་གྱི་བོད་དམག་རྣམས་ལྷ་སར་ཤར་བསྐྱོད་བྱས་ཐོག་ ལྷ་སའི་ཟིངས་འཁྲུག་ནང་རང་ཕྱོགས་ཀྱི་གོ་མཚོན་ཐོག་ནས་རྒྱ་ལ་འཐབ་རྒོལ་བྱེད་ མཁན་ཆུ་སྒང་དྭངས་བླང་དམག་ཁག་གཅིག་དང༌།
བོད་དམག་ཁག་གཅིག་གིས་རྒྱ་དམག་གི་བཙན་རྫོང་ཡང་འགའ་ཞིག་གཏོར་བ་དང་རྒྱ་དམག་ ཀྱང་གང་མང་བསད་ཡོད། དེ་དག་ལས་གཞུང་དམག་དང་བསྟན་སྲུང་མང་ཆེ་བ་ནི་ལྷ་སའི་ཟིང་འཁྲུག་གི་གཡུལ་ས་དེ་ ག་རང་དང༌། དེ་བཞིན་ཡར་ཀླུང་གཙང་པོ་སོགས་སུ་དཔའ་བོའི་གཟི་བརྗིད་ཀྱི་དཔང་རྟགས་ཟུངས་ཁྲག་ གིས་བྲིས་ཏེ་རང་སྲོག་བློས་བཏང་གནང་ཡོད་པ་རེད།
གཡུལ་འགྱེད་དེའི་ནང་ནས་ཤི་རྐྱེན་མ་བྱུང་བའི་དཔའ་བོ་ཁག་གཅིག་ནས་མུ་འཐུད་རྒྱ་ དང་རྒོལ་འཛིང་གིས་ལྷ་ས་ནས་འཕགས་ཡུལ་བར་གྱི་ས་ཚུགས་ངེས་མེད་དུ་རང་སྲོག་བློས་ བཏང་ཡོད་པ་དང་དཔའ་མཛངས་བརྟུལ་ཕོད་ལྡན་པའི་མི་རྒན་རེ་གཉིས་ནི་འཕགས་ཡུལ་དུ་ སླེབས་ཏེ་ད་ལྟ་ཡང་འཚོ་བཞུགས་ཡོད།
          དེ་ནས་༧གོང་ས་མཆོག་སྟོན་འཁོར་ར་སྨད་དགོན་ནས་ཉིན་ཕྱེད་ཡོལ་ཙམ་ལ་ཕེབས་ཐོན་ གནང༌། ཉེ་འགྲམ་ཕན་ཚུན་གྱི་དད་ལྡན་མང་ཚོགས་ཀྱིས་༧གོང་ས་མཆོག་ཕྱོགས་ཕེབས་མཛད་པའི་ གནས་ཚུལ་གོ་ཐོས་བྱུང་བ་དང་བསངས་དུད་དང་ཁ་བཏགས་ཀྱིས་ཕེབས་བསུ་ཞུས་ནའང༌།
༧གོང་ས་མཆོག་གིས་ན་གཟའ་ཕྱུ་པ་ཆེན་པོ་ཞིག་མནབས་ཡོད་སྟབས་མི་དམངས་བྱིངས་ཀྱིས་ ༧གོང་ས་མཆོག་སྐུ་དངོས་གང་ཡིན་ངོ་ཐག་མ་ཆོད། བར་སྐབས་དེར་ཆིབས་ཞབས་སུ་གཅར་ནས་སྲུང་སྐྱོབ་ཞུ་མཁན་བོད་དམག་ཉིས་བརྒྱ་དང༌། བསྟན་སྲུང་དྭངས་བླང་དམག་མི་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གིས་ཕེབས་ལམ་སྲུང་ སྐྱོབ་གྲ་རྒྱས་བྱས།
དེ་ཉིན་རྒྱང་ཐག་རིང་པོ་རང་དུ་མ་ཕེབས་པར་ལྕེ་བདེ་ཞོལ་གྱི་རྡོ་ཕུད་ཆོས་འཁོར་ དགོན་གྱིས་ཕེབས་བསུ་བྱས་ཤིང་དེ་གར་བཞུགས་ཞག་མཛད། ཕྱི་ཉིན་མུ་མཐུད་ནས་ཤར་ཕེབས་མཛད་དེ་གྲ་ནང་དགོན་དུ་བཞུགས་ཞག་མཛད་འཆར་བྱས་ ཀྱང༌། ས་ཁུལ་དེར་རྒྱ་ཕྱོགས་ནས་ད་སྔོན་དངུལ་ཕོག་སྤྲོད་པ་སོགས་ཀྱི་བསླུ་བྲིད་ལ་ བརྟེན་ནས་ཡིད་ཆེས་བྱེད་ཐབས་མེད་པས་དགོན་པ་དེར་བཞུགས་ཞག་མ་གནང་བར།
རྒྱངས་གྲགས་འགའ་ཞིག་བརྒལ་ནས་དེ་ནུབ་རྒྱང་སྒོ་རྒྱལ་བཟང་ཟེར་བའི་གྲོང་ཚོ་ཆུང་ ཆུང་ཞིག་ཏུ་མི་ཚང་ཧ་ཅང་ཞན་པོ་ཞིག་གི་ནང་དུ་བཞུགས་ཞག་མཛད་དགོས་བྱུང༌། ཡོངས་འཛིན་རྣམ་གཉིས་སོགས་སྔོན་དུ་ཕེབས་པའི་སྟོན་འཁོར་ཁག་གཅིག སྨིན་གླིང་གཅུང་རིན་པོ་ཆེས་སྨིན་གླིང་དགོན་དུ་གདན་འདྲེན་ཞུས་ཏེ། རྒྱལ་ཡུམ་ཆེན་མོ་སོགས་བྱ་ཡུལ་དུ་སྟག་རྩེ་སྒེར་གཞིས་སུ་བཞུགས་ཞག་མཛད།
          སྐབས་དེར་རང་ཕྱོགས་རྩེད་ཐང་དམག་སྒར་དུ་༧གོང་ས་མཆོག་ལྷོ་ཁུལ་ནས་བྲོས་བྱོལ་ དུ་ཕེབས་ཀྱིན་ཡོད་པའི་གསང་འཕྲིན་འབྱོར་མ་ཐག་དམག་སྒར་ཨ་མ་ནས་རྩེད་ཐང་བཅའ་ སྡོད་འབའ་པ་དམག་སྤྱི་ཨ་ལེགས་དང༌། ལི་ཐང་དམག་སྤྱི་དབྲ་ཕྲུག་ངག་དབང༌། ས་འདུ་དམག་སྤྱི་གཤོངས་གཉེར་བསོད་ནམས་དབང་རྒྱལ། ལི་ཐང་ཨ་ལོ་ཟླ་བ།
བྲག་གཡབ་འཆི་མེད་སོགས་རྟ་དམག་སུམ་ཅུ་བཏང་སྟེ་རང་འོག་བརྒྱ་དཔོན་ཚོ་ལ་ས་སྲུང་ བརྟན་པོ་དགོས་པའི་མངགས་ཆ་བྱས་ནས་ཕེབས་བསུ་ལ་གཅར། ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྟོན་འཁོར་རྣམས་མཇལ་བ་དང་གུས་ཕྱག་བཅས་མཎྜལ་ རྟེན་གསུམ་འབུལ་འདེགས་བྱས། ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་རྒྱ་དམག་གི་དྲག་གནོན་འོག་མ་ཚུད་པར་བྲོས་ བྱོལ་དུ་ཕེབས་ཐུབ་པར་དགའ་བསུ་དང༌།
ས་ཁུལ་དེ་དག་ལ་རྒྱ་དམག་མཐོང་རྒྱུ་མེད་པར་བཟོས་ཡོད་ལུགས་དང༌། རྩེད་ཐང་རྒྱ་དམག་ལྷག་མ་འགའ་ཞིག་ཡོད་ཀྱང་ཉིན་མོར་འགྲོ་རྒྱུ་ཅུང་ཟད་དཀའ་བ་མ་ གཏོགས་མཚན་མོར་ཤར་བསྐྱོད་ཆོག་པས་ཐུགས་བློ་བདེ་བ་གནང་ཆོག་པའི་ཞུ་བ་ཕུལ་བས་ རྒྱལ་དབང་ཐམས་ཅད་མཁྱེན་པས་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་ཡང་ཡང་གནང༌།
ཕ་ལྷ་མགྲོན་གཉེར་ཆེན་པོའི་རྒྱུད་ནས་༧གོང་ས་མཆོག་གིས་དམག་སྤྱི་ཚོར་འཇིགས་ བྱེད་མ་ཧེ་ཆ་ཚང་རེ་གནང༌། གཞུང་དམག་དང་བསྟན་སྲུང་དྭངས་བླང་དམག་མི་རྣམས་ཀྱིས་སོ་སྲུང་སོགས་དམ་དྲག་བྱས།
          དེའི་ཕྱི་ཉིན་ཤར་བསྐྱོད་མཛད་དེ་སྤྱན་གཡས་དགོན་དུ་བཞུགས་ཞག་མཛད། སྐབས་དེར་ལྷ་ས་ཟིངས་འཁྲུགས་ལངས་ནས་ཤི་བསད་རྨས་གསུམ་གྱིས་གྲོང་ཁྱེར་ལྷ་ས་ནི་ ས་སྟེང་གི་དམྱལ་ཁམས་ལྟ་བུར་གྱུར་བའི་གནས་ཚུལ་ཐབས་སྡུག་བྱུང་བ་རྣམས་ཨ་རིའི་ གསང་བའི་ལས་བྱེད་པ་ལི་ཐང་ཨ་ཐར་ནོར་བུ་དང༌།
ལི་ཐང་བློ་ཚེ་གཉིས་ཀྱིས་ཏར་འཕྲིན་ཐོག་ནས་ཨ་རི་གསང་བའི་ལས་ཁུངས་ལ་གནས་ཚུལ་ ཞུས་པ་ལྟར། ཨ་རིས་རྒྱལ་སྤྱིའི་རླུང་འཕྲིན་ཐོག་ནས་བོད་ཀྱི་རྒྱལ་ས་ལྷ་ས་ལ་རྒྱ་དམག་གིས་ དྲག་གནོན་གྱི་བོད་མི་ཁྲི་ཕྲག་མང་པོ་དམར་བསད་བཏང་བ་དང༌། ཏཱ་ལའི་བླ་མ་བྲོས་བྱོལ་དུ་ཕེབས་ནས་ད་ཆར་འདི་ཡོད་ངེས་འཛིན་བྱེད་ཐབས་མེད་པའི་ གསལ་བསྒྲགས་བྱས།
གོང་གསལ་གནས་ཚུལ་དེ་ཚོ་སྦི་སྦི་སི་རླུང་འཕྲིན་ནས་བསྒྲགས་པའི་གནས་ཚུལ་༧གོང་ས་མཆོག་སྟོན་འཁོར་གྱིས་གསན་པ་དང་ཐུགས་ཕམ་ཚད་མེད་གནང༌།
          ཕྱི་ཉིན་ཞོགས་པ་ཆུ་ཚོད་ ༨ པའི་ཐོག་སྤྱན་གཡས་དགོན་གྱི་རྟེན་གཙོ་ཁག་ལ་མཇལ་ཁ་དང་མཆོད་སྤྲིན་བསྟབ་ཅིང་ དགེ་འདུན་རྣམས་ལ་བརྙེན་བཀུར་དང་ཐུག་སྨོན་རྒྱ་ཆེར་གནང་སྟེ་ཆིབས་ཕེབས་གནང་ བའི་ལམ་བར་དུ། རྩིས་དཔོན་རྣམ་གླིང་པ་དཔལ་འབྱོར་འཇིགས་མེད་དང༌། མཁན་ཆུང་ཐུབ་བསྟན་བསམ་མཆོག ལྷོ་སྤྱི་ལས་ཚབ་འབྱོར་རྒྱས་སོགས་ཕེབས་བསུར་བཅར་སྟེ་སྣེ་ལེན་ཞུས།
རྩིས་དཔོན་རྣམ་གླིང་པ་ནི་སྤྱི་ལོ་ ༡༩༥༨ ཟླ་ ༨ ཚེས་ ༤ ལ་ལྷ་ས་ནས་རྒྱ་དམག་གི་གནོན་ཤུགས་འོག་རང་གཞུང་བཀའ་ཤག་རྣམ་པས་ཨ་འབྲུག་མགོན་ པོ་བཀྲ་ཤིས་ཀྱིས་བཙུགས་པའི་ཆུ་སྒང་སྒྲིག་འཛུགས་འཐོར་ཞིག་གཏོང་དགོས་པའི་ སྐོར་གྱི་བཀའ་རྒྱ་སྦུག་དམ་འབྱར་མ་ཅན་སྐྱེལ་མཁན་དང༌།
ཆུ་སྒང་འགོ་གཙོ་ཁག་ལ་དེ་དོན་སློབ་གསོ་རྒྱག་མཁན་དུ་གཏོང་བའི་ཁུལ་གྱིས་དོན་ལ་ ཆུ་སྒང་དང་ནང་མོལ་གྱིས་གོ་སྡུར་བྱེད་མཁན་མངགས་པ་ལྟར་ཁོང་ཡང་བཟའ་ཟླ་བུ་ཕྲུག་ དང་བཅས་པ་བློས་བཏང་ནས་ལྷོ་ཁུལ་དུ་ཕེབས་པ་ནས་ཕྱི་ལོག་མ་བྱས་པར་སྡོད་པ་ཞིག་ ཡིན་ཞིང༌། དེའི་སྐོར་ཁོང་གིས་བརྩམས་པའི་མི་ཚེ་ལོ་རྒྱུས་དང་འབྲེལ་ཡོད་སྣ་ཚོགས་ཞེས་པའི་ དེབ་དེའི་ནང༌།
དྭངས་བླང་དམག་སྒར་བཙུགས་པ་ཞེས་པའི་ལེ་ཚན་དེར། འདས་ལོ་ ༡༩༥༤ ནས་བཟུང་མདོ་སྨད་ཨ་མདོ་དང༌། མདོ་སྟོད་ཁམས་ལི་ཐང༌། སྡེ་དགེ་ཁུལ་རྒྱ་དམར་ནས་དགོན་པ་མང་པོ་གཏོར། མི་མང་ལ་དྲག་གནོན་བཙན་དབང་ཚད་མེད་ཀྱིས་བཅོས་བསྒྱུར་བྱས་པས་ཁམས་ཁུལ་མི་མང་ ནས་ངོ་རྒོལ་ཟིང་འཁྲུག་ལངས་པ་དང༌། སྔོན་དུ་མི་མང་གིས་ཞི་བའི་ཐོག་ནས་བདེ་སྡུག་སྔ་ཕྱི་བརྗོད་པར་བདག་མེད་ཐོག
ལྷ་སའི་ཁུལ་དུ་རྒྱ་རིགས་འཁྱམ་པོ་རྣམས་འཇུ་བཟུང་གིས་རང་ཡུལ་དུ་ཕྱིར་སློག་བཏང་མཇུག མདོ་སྟོད་དང༌།
མདོ་སྨད་ཀྱི་མི་རྣམས་རང་ཡུལ་སོ་སོར་གཏོང་རྒྱུའི་སྦིར་གླེང་བྱུང་བས་ཁམས་ རིགས་རྣམས་རང་བཞིན་སྡོད་བློས་མ་བཟོད་པར་ལྷོ་ཁར་བསྐྱོད་ནས་གྲི་གུ་ཐང་ཞེས་པར་ འཛོམས་ཐོག་དབུས་གཙང་མི་མང་གིས་རྒྱབ་སྐྱོར་དང་བཅས་བསྟན་སྲུང་དྭངས་བླང་དམག་ སྒར་ཆགས་ནས་ལྷོ་ཁ་རྩེད་ཐང་དུ་ཡོད་པའི་རྒྱ་མིའི་དམག་སྒར་གྱིས་གཙོས་ས་གནས་གང་ སར་འཇབ་དམག་གིས་རྒྱ་མིར་ངོ་རྒོལ་འཐབ་འཛིངས
་ཀྱི་འགོ་བཙུགས་པ་རེད།
          དྭངས་བླང་དམག་གི་འགོ་འཁྲིད་ཨ་འབྲུག་མགོན་པོ་བཀྲ་ཤིས་ཐོག་མར་ལྷ་ས་ནས་མ་ཐོན་ གོང་ཁམས་རིགས་བསྡུ་རུབ་ཚོགས་འཛོམས་ཀྱིས་གྲོས་བསྡུར་བྱེད་སྐབས་ནས་བཟུང་ང་ཡང་ ཚོགས་པ་དེའི་གྲོས་ཁོངས་ལ་ཡོད། རྗེས་སུ་རྒྱ་དཔོན་ཀྲང་ཅིན་ཨུ་ཅན་ནས་ང་དང་ཁམས་པ་དྭངས་བླང་དམག་སྒར་འབྲེལ་བ་ ཡོད་པ་དེ་ཤེས་ནས་སྲོག་ལ་ཐུག་པའི་ཉེན་ཀ་ཇི་སྙེད་བྱུང་ཡང༌།
ཡ་མཚན་པ་ཞིག་ལ་དྭངས་བླང་དམག་ལ་འཇབ་དམག་མཚམས་འཇོག་དགོས་པའི་འཆིང་མོལ་བྱེད་ པར་ང་མིང་སྨོས་ཀྱིས་གཏོང་གནང་དགོས་རྒྱུ་ཞེས་བཀའ་ཤག་བརྒྱུད་༧གོང་ས་ཆེན་པོར་ ལྷ་སྡོད་རྒྱ་དཔོན་ཁག་ནས་ནན་ཞུས་འདུག་པར་བརྟེན་ང་དང༌། རྩེ་སྐོར་ཐུབ་བསྟན་བསམ་མཆོག གདན་ས་གསུམ་གྱི་འཐུས་མི་བཅས་བཀའ་འབྲེལ་ལྷོ་ཁར་བསྐྱོད་པ་ཡིན།
ང་ལ་ལམ་བར་ལྐོག་གསོད་གཏོང་བའི་ཉེན་ཀ་ཡོད་སྟབས་བཟའ་ཟླ་བུ་ཕྲུག་མཉམ་ཁྲིད་མ་ ནུས་པར་བློས་བཏང་སྟེ་ལྷ་སར་འཇོག་དགོས་བྱུང༌། ང་ཚོར་བཀའ་ཤག་གི་བཀའ་རྒྱ་ཞིག་འཁྱེར་རྒྱུ་ཡོད་རུང་དེའི་བརྗོད་དོན་རྣམས་རྒྱ་ མིའི་བཟོས་པ་ཤ་སྟག་རེད། ལྷ་ས་ནས་ཐོན་སྐབས་ནས་ཕྱིར་ལོག་བྱ་རྒྱུའི་བསམ་པ་མེད་ཀྱང༌། ངའི་བཟའ་ཟླར་ཤོད་ནུས་མ་བྱུང༌།
དེ་ནས་དྭངས་བླང་དམག་སྒར་ལ་བསྡད་པ་ཡིན། དེ་དུས་ངའི་བཟའ་ཟླས་ལྷ་སར་ཕྱིར་ལོག་དགོས་རྒྱུའི་ཡི་གེ་ཡང་ཡང་འབྱོར་བྱུང་ཡང་ བཟའ་ཟླ་བུ་ཕྲུག་བློས་བཏང་མི་བྱེད་མཐུ་མེད་བྱུང༌། འདས་ལོ༌། ༡༩༥༩ ལྷ་སའི་ཟིང་འཁྲུག་བྱུང་ནས་༧གོང་ས་མཆོག་སྟོན་འཁོར་ཧྲག་བསྡུས་དང༌།
བཀའ་ཤག་བཅས་རྒྱ་དམག་གིས་མཐའ་བསྐོར་བའི་དཀྱྀལ་ནས་བྲོས་ཐར་གྱིས་ལྷོ་ཁར་ཕེབས་ ཡོད་པ་ཐོས་འཕྲལ་༧གོང་ས་མཆོག་མཇལ་སར་བསྐྱོད་པ་ཡིན། ༧གོང་ས་མཆོག་འཕྱོང་རྒྱས་སུ་ཕེབས་ཉིན་ཕེབས་ལམ་དུ་གསེར་ཞལ་དངོས་མཇལ་བྱུང་བས་ ངའི་ཚེ་འདིར་དགའ་སྐྱིད་ཀྱི་ཚོར་བ་དེ་དུས་ལས་ཆེ་བ་ཡོང་མ་མྱོང་ཞིང༌།
བློ་བདེ་བག་ཕེབས་ཀྱིས་ང་ཚོར་མཐའ་མའི་རྒྱལ་ཁ་ལོན་པའི་གདེངས་ཚོད་ཀྱང་བྱུང༌། རང་གི་བཟའ་ཟླ་བུ་ཕྲུག་ལུས་པའི་སེམས་སྡུག་དེ་ཡལ་སོང༌། ༧གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་ནས་ད་དུང་ཟླ་བ་གཉིས་ཙམ་ལྷོ་ཁར་ བསྡད་པ་ཡིན།
འདི་སྐོར་མཚོན་ན་རང་གི་མི་ཚེ་གཅིག་རིང་བོད་ཀྱི་བསྟན་སྲིད་མི་མང་དང་བཅས་པའི་ དོན་དུ་རང་ནུས་ལྷག་བསམ་གཡོ་མེད་ཞུས་རུང་སྤྱི་མཐུན་ལས་ལམ་གཞན་པས་བསམས་པ་དོན་ དུ་མ་འཁེལ་བས་ད་ནི་ཞིབ་ཏུ་བཤད་རུང་དགོས་པ་ཆེར་མེད།
གཙོ་བོར་དོན་གྱི་བདག་པོ་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཆོས་ཀློང་ ཆེན་པོར་མངའ་བ་བཞིན་ཐུགས་བརྩེའི་གཟིགས་པ་བླ་ན་མེད་པས་དུས་ད་ལྟའང་སྐྱོང་ བཞིན་པ་ཡིན་ལ་རང་ཉིད་ལྟོས་པར་བཅས་པ་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་བར་ཐེ་ ཚོམ་ཕྲ་མོ་ཙམ་མེད་དོ།།
 
གོང་དུ་བརྗོད་པ་ལྟར་༧གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་ཟིན་ནས་ཟླ་བ་གཉིས་ ཙམ་རིང་དྭངས་བླང་དམག་སྒར་དུ་བསྡད་པ་ཡིན།རྒྱ་མིས་དམག་དཔུང་ཁྲི་ཕྲག་མང་པོ་ ཕྱོགས་མཐའ་བསྐོར་ནས་བཏང་བས་མང་སྣེ་ཉུང་གིས་མ་བརྟན་པར་ལྷོ་ཁའི་ས་གནས་རིམ་ ཤོར་ངང་ཨ་འབྲུག་མགོན་པོ་བཀྲ་ཤིས་དམག་བཅས་བྱང་བརྒྱུད་ནས་གཡུལ་རྒྱལ་ལྷུན་ རྩེར་མ་འབྱོར་བར་སྒུག་སྡོད་བྱས་པ་ཡིན།ས་གནས་དེ་ན
ི་ངོ་མ་རྒྱ་ཆེ་ཞིང་མཚོ་ སྣ་ནས་ཉིན་གསུམ་ཙམ་ནང་ཚུད་རྒྱ་དམག་དང་ཤིན་ཏུ་ཐག་ཉེའི་ཉེན་འགན་ཤིན་ཏུ་ཆེ་ ཡང༌།ངའི་ཕྱག་སྦྲེལ་ཐུབ་བསྟན་བསམ་མཆོག་གིས་ཀྱང་སྔོན་དུ་ཕེབས་རྩིས་མ་གནང་བར་ ཐུགས་བློས་བཏང་ནས་མཉམ་དུ་བཞུགས་སོང༌།ཨ་འབྲུག་གཡུལ་རྒྱལ་ལྷུན་རྩེར་འབྱོར་ ཡང༌།ང་ཚོའི་དམག་མང་བ་ས་གནས་རྒྱ་ཆེར་ཁ་འཐོར་ཟིན་ཅིང༌།ཨ་འབྲུག་འགོ་དམག་བཞི་ བརྒྱ་སྐོར་ལས་མེད།དེར་
ཡང་རྫས་མདེལ་ཉུང་ངུ་ལས་མེད་པས་ང་གཉིས་གྲོས་བསྡུར་ གྱིས་ས་འཕྲོས་འཐེན་རྒྱུ་བྱས།རྒྱ་གར་དུ་ཡོང་སའི་མཚོ་སྣ་ས་ཤོར་ཟིན་པས་དབྱར་ དུས་ཟླ་༥།༦ནང་འགྲོ་ཡུལ་མཐོ་ལུང་ལ་ཞེས་པ་དེ་དུས་གངས་ཀྱི་ཉེན་ཁ་འདུག་ཀྱང༌། སྦྱོར་ར་འགྲོ་མགོན་སྤྲུལ་སྐུ་རིན་པོ་ཆེས་རོགས་རམ་དང་བཅས་གངས་ལ་དེར་ང་དང་ ཕྱག་སྦྲེལ་གཉིས་མཉམ་དུ་ཡོང་ནས་གངས་ལ་གཤག་པ་ཡིན།ཉིན་ཞག་གསུམ་གངས་དཀྱིལ་
དུ་ ལུས།གངས་མཐོ་སར་མཐོ་ཚད་ཙམ་འདུག་ཀྱང་མཐར་ལམ་དོད་ནས་ང་ཚོའི་འགོ་དམག་དང༌།མི་ མང་བཅས་ཆིག་ཁྲི་ཙམ་དགྲ་བོའི་ཁ་ནང་ནས་ཐར་སོང༌།དེ་ནས་མོན་རྟ་དབང་དུ་མ་འབྱོར་ བར་ལམ་བར་ང་ཚོའི་ལྟོ་ཆད་ནས་དཀའ་ངལ་ཆེ་ཙམ་བྱུང༌།རྟ་དབང་དུ་འབྱོར་ནས་རྒྱ་གར་ གཞུང་གིས་སྐྱོབ་གསོ་གནང་བས་འཆི་གསོས་ཀྱི་སྨན་ལྟ་བུའི་འཚོ་བ་ཐ་ཞན་མིན་ཙམ་ བྱུང༌།
 
གོང་དུ་བརྗོད་པ་ལྟར་ང་ཐོག་མར་ལྷ་ས་ནས་ཡོང་དུས་དམག་ས་རང་དུ་སྡོད་རྩིས་ཡིན་ རུང་བཟའ་ཟླར་དོགས་པ་བྱུང་དྭོགས་ཀྱིས་གསེར་དངུལ་དང༌།དངོས་པོ་གནད་ཆེ་གང་ཡང་ ཁྱེར་མེད།རྟ་དྲེལ་དང༌།ང་ངོ་གཡོག་བདུན་ལ་མེ་མདའ་རིང་ཐུང་ཡག་པོ་ཡོད།རྫས་མདེལ་ ཡང་གང་འཚམས་ཡོད།རྟ་དབང་དུ་འབྱོར་ནས་མེ་མདེལ་རྣམས་ཁྲིམས་སྲོལ་ལྟར་རྒྱ་གར་ གཞུང་ལ་རྩིས་འབུལ་ཞུས།རྟ་དྲེལ་རྣམས་ཤ་ཤེད་ཞ
ན་པས་སྒོར་བདུན་སྟོང་ཙམ་ སྤྲད་པར་སྒོར་བརྒྱ་ཙམ་ལ་རྒྱག་དགོས་བྱུང་བས་དེ་ནས་བཟུང་སྤྲང་པོ་ཀེར་ལངས་ཞིག་ ཏུ་གྱུར།འོན་ཀྱང་༧གོང་ས་ཆེན་པོའི་ཐུགས་རྗེའི་བྱིན་མཐུས་དེང་སྐབས་འཚོ་གོས་ འགྲིགས་ཙམ་གྱིས་དཀའ་ངལ་མེད་ཙམ་དུ་གནས།༼༩༤ནས་༩༩༽ཞེས་གསུངས་ཡོད་པ་རེད།
 
གོང་གསལ་གནས་ཚུལ་དེ་དག་༧གོང་ས་མཆོག་གི་མཛད་རྣམ་དུ།༼༢༦༥ནས་༢༦༦༽དེ་ནས་ང་ཚོ་ སྤྱན་ཡས་སུ་བདེ་འབྱོར་བྱུང༌།ཉིན་རེ་ཟུང་སྔོན་ནས་ངོས་ཀྱི་སྐྱེད་མ་དང༌།གཅེན་ མོའི་ལྟོས་བཅས་ཚོ་ཁག་དེ་མྱུར་མགྱོགས་བགྲོད་སྟབས་བདེ་ཆེད་ངའི་གཅུང་པོ་དེ་ང་ ཚོའི་འགྲུལ་ཚོའི་ནང་ཞུགས་ཤིང༌།ཁོང་ཚོ་ཁམས་པ་ཚོ་ཆུང་གཅིག་དང་མཉམ་དུ་ཉིན་ ཚུགས་གཅིག་གི་སྔོན་ལ་བསྐྱོད་དེ་ཁོ་བོ་ཅག་རྗེ
ས་སུ་མ་གཏོགས་ཐུགས་འཕྲད་མ་ བྱུང༌།སྐྱེད་མ་ངོ་ལྟོས་བཅས་ཉེན་ཁ་ཆུང་དུ་ཕྱིན་པ་དེས་སེམས་འཁུར་ཆ་ཤས་གཅིག་ ཡང་དུ་སོང༌།ང་ཚོར་སྐམ་གློག་གི་རླུང་འཕྲིན་ཉན་སྒམ་ཆུང་ངུ་ཞིག་མཉམ་འཁུར་ཡོད་ པ་དེར་འཛམ་གླིང་ཡང་ཐོག་སྒང་གི་དུས་ཀྱི་འཕོ་འགྱུར་དེ་དག་གི་གནས་ཚུལ་ཤེས་ རྟོགས་དོ་སྣང་ཇི་བྱེད་ནུབ་རེ་བཞིན་གང་ཐུབ་ཉན་གྱི་ཡོད།ཕལ་ཆེར་སྤྱན་གཡས་སུ་ སྡོད་འཁེལ་ནུབ་མོ་ལ
ྷ་སའི་སྐོར་ཞིག་ཐོག་མར་གོ་ཐོས་བྱུང་བ་དེ་ནི་ཨ་རིའི་ རྒྱང་སྒྲག་ནས་ཡིན་ཚོད།དེའི་ནང་ལྷ་སར་ཟིང་འཁྲུག་བྱུང་ལུགས་དང༌།ངོས་གར་ཡོད་ མི་འདུག་སོགས་བཤད་སོང༌།དེ་ནུབ་སྤྱན་གཡས་དགོན་ཆུང་ངུ་བསྡད་པ་ཡིན་ཡང༌།ཚང་མས་ སློབ་སྟོན་དུ་ད་དུང་ཉིན་ཚུགས་གཅིག་ཕྱིན་ན་ལེགས་ཚུལ་ཟེར་ཞིང༌།འཕྱོངས་རྒྱས་ རི་བོ་བདེ་ཆེན་ས་ཁུལ་ཆེ་བས་ཡས་མས་འཇབ་དམག་འགོ་འཁྲིད་ཚོར་སློབ་སྟོ
ན་ བྱེད་ཕྱོགས་བདེ་བ་ཡོད་ལུགས་ཟེར་བར་བརྟེན་ང་ཚོས་ཆུ་ཚོད་བརྒྱད་རིང་རྟ་ཐོག་ཏུ་ བསྐྱོད་ན་ཡང༌།ས་གནས་སུ་མ་འབྱོར་གོང་ང་ཚོའི་འཆར་གཞིར་འཁྲུག་རྐྱེན་ཆེན་པོ་ བྱུང༌།དེ་གང་ཡིན་ཟེར་ན།ལྷ་སར་བྱུང་བའི་གསར་འགྱུར་རྣམས་ང་ཚོར་ཐད་ཀར་འབྱོར་ བྱུང༌།སྤྱན་གཡས་ནས་ང་ཚོ་ཐོན་ཏེ་ལམ་ཕྱེད་མཚམས་སུ་རྟ་པ་འགའ་ཤས་ཡོང་གི་འདུག་པ་ ཁོང་ཚོ་ཉེ་སར་འབྱོར་སྐབས་དེའི་ནང་རྩིས་
དཔོན་རྣམ་སྲས་གླིང་པ་འདུགཁོང་ནི་ ཟླ་བ་བདུན་ཙམ་གྱི་གོང་བཀའ་ཤག་གིས་ཁམས་རིགས་ཚོར་ངོ་རྒོལ་མཚམས་འཇོག་དགོས་པའི་ སློབ་སྟོན་ཆེད་བཏང་བ་ལྷ་སར་ཕྱི་ལོག་མ་ཐུབ་ཅིང༌།འཕྲད་མ་ཉིད་དུ་རྒྱ་དམག་གི་ གནས་ལུགས་དང༌།འཇབ་དམག་གིས་འཐབ་འཛིངས་བྱས་ལུགས་སྐོར་དང༌།རྗེས་ཡོང་སྔོན་རྩིས་ འཆར་སྒོ་བཅས་ཞིབ་ཙམ་གླེང་མོལ་བྱུང༌།ཞེས་གསུངས་འདུག
 
   སྟོང་གསུམ་གསེར་དུ་བསྒྱུར་ཡང་མི་ཁུག་པའི།།
          ཕྱག་ན་པདྨོའི་ཕེབས་ལམ་སྔོན་བསུའི་ཆེད།།
          རི་ཁྲི་ཆུ་སྟོང་བརྒལ་ཡང་མི་ཞུམ་པའི།།
          དཔའ་བོ་དེ་ཚོའི་མཛད་རྗེས་མི་དྲན་སུ།།

༼30༽

འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་དུ་ཕེབས་བསུ་ཞུས་པ།

 
 བོད་ ཟླ་ ༢ ཚེས་ ༡༤ སྤྱི་ཟླ་ ༣ ཚེས་ ༢༣ ཉིན་སྤྱན་ཡས་ནས་༧གོང་ས་མཆོག་སྟོན་འཁོར་རྣམས་གཞུང་དམག་དང་རང་ཕྱོགས་དང་བླངས་ དམག་དཔུང་ཚོས་སྲུང་སྐྱོབ་ཐོག་མུ་མཐུད་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་དུ་ གཏད་ནས་བཤར། འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་དུ་མ་སླེབས་གོང་ལྷོ་ཁུལ་ཆུ་སྒང་དམག་སྒར་ ལྟེ་བ་ནས། དམག་སྤྱི་ལས་ཁུངས་སུ་སྡོད་མཁན་གཙོ་འཛིན་དང༌།
དམག་སྤྱི་ཡོངས་རྫོགས་ཕེབས་བསུར་བཅར་ཏེ་གུས་ཕྱག་ཞུས་ནས་མཇལ་དར་ཕུལ།
༧ གོང་ས་ཆེན་པོ་མཇལ་ཁ་གྲུབ་ནས་བཙན་བྱོལ་དུ་ཕེབས་ཐུབ་ཡོད་པའི་བཀའ་ཤག་རྣམ་པར་ མཇལ་འཕྲད་དང་སྦྲགས་དེ་སྔོན་ཛ་སག་སྨོན་གླིང་དང༌། གདན་ས་གསུམ་གྱི་འཐུས་མའི་ལྷན་འཛོམས་ཐོག་ནས་ལོག་སྤྱོད་པ་དང་ཇག་པ་ཞེས་པའི་ངན་ མིང་འདོགས་ཏེ་ཁྱེད་ཚོ་མདོ་ཁམས་ལུང་ཚན་གང་ཞིག་གི་མི་ཁོངས་ཡིན་ན་ཁོངས་དེར་ ཕྱིར་ལོག་བྱས་ན་ཉེས་པ་རྩད་བཅོད་མེད་ལུགས་དང༌།
གལ་སྲིད་དམག་སྒར་སྔར་བཞིན་ཆགས་ནས་ཡུལ་མིའི་རྒྱུ་ནོར་འཕྲོག་བཅོམ་དང༌། བཙན་གཡེམ། ཀྲུང་དབྱངས་ཀྱི་བཀའ་ལ་རྩིས་མེད་བཏང་བ། བོད་རྒྱའི་མཐུན་ལམ་དང་བདེ་འཇགས་ལ་གནོད་པ་བྱེད་ན་རང་དགའ་བཞག་ཐབས་མེད་པས།
བོད་དམག་བཏང་ནས་རྩ་གཏོར་གཏང་རྒྱུ་ཡིན་པའི་ཉེན་བརྡ་སྔ་ཕྱིར་གཏོང་བ་རྣམས་གནས་ སྐབས་བོད་རྒྱའི་བདེ་འཇགས་ཆེད་རྒྱ་ཕྱོགས་ལ་བསྟུན་ཐབས་ཀྱི་ཕྱི་ཚུལ་མཁས་པ་མི་ བྱེད་ཀ་མེད་ལས། ནང་དོན་གྱི་དམིགས་ཡུལ་གཅིག་ལུགས་སོགས་ཀྱི་གསལ་བཤད་དང༌། དེ་སྔོན་བཀའ་རྒྱ་དེ་དག་ལ་བློ་ཕམ་དང་ལྟ་ཕྱོགས་གནང་མི་ཉན་པའི་སློབ་གསོ་གནང༌།
རང་ཕྱོགས་དམག་སྤྱི་ཚོས་དེ་སྔོན་ཆུ་སྒང་དམག་དཔུང་གི་གྲངས་འབོར་ཧ་ཅང་མང་བ་དང་ གོ་ལག་གི་ཆ་རྐྱེན་ཧ་ཅང་ཞན་པས། རང་གཞུང་གིས་གོ་མཛོད་ནས་མདའ་རྫས་རོགས་རམ་དགོས་ལུགས་ཀྱི་སྙན་ཞུ་རིམ་པར་ཇི་ ཙམ་ཕུལ་ནའང་དེ་ལན་མ་བྱུང་བའི་བྱས་ཡུས་བགྲངས་པར།
བཀའ་ཤག་ཚོས་སྐབས་དེ་དུས་རང་གཞུང་མཐོ་རིམ་མི་སྣ་མང་པོ་ཞིག་རྒྱ་ཕྱོགས་ལ་ཡིད་ ཆེས་བློ་འགེལ་བྱེད་ཀྱིན་ཡོད་སྟབས་གྲོས་ཚོགས་ནས་གསང་བའི་གྲོས་མོལ་བྱེད་ཐབས་ མེད་པ་དང༌།
ལྷ་སར་རྒྱ་དམག་ཁྲི་ཕྲག་མང་པོ་སྡེབ་འཛོམས་བྱས་ནས་བསྡད་ཡོད་སྟབས་ཐབས་མཁས་པ་མ་ བྱས་ན་ལྷ་སར་གློ་བུར་དམག་འཁྲུག་ལང་རྒྱུའི་ཉེན་ཁ་ཡོད་པ་བཅས་ལ་བརྟེན་ནས་རང་ གཞུང་གྲོས་ཚོགས་ཐོག་ནས་ཐག་བཅད་བྱེད་ཐབས་མེད་ནའང༌། ཕ་ལྷ་མགྲོན་གཉེར་དང༌། ཀུན་བདེ་གླིང་ཛ་སག་སོགས་ཀྱིས་གསང་སྟབས་ཀྱིས་ཨ་འབྲུག་མགོན་པོ་བཀྲིས་མཆོག་ལ་ ཤངས་དགའ་ལྡན་ཆོས་འཁོར་གླིང་དང༌།
ཚ་བ་དཔའ་ཤོད་ཁུལ་གྱི་གོ་མཚོན་རྣམས་ཕྱི་ཚུལ་ལ་དྲག་ཤུགས་ཀྱི་སྒོ་ནས་བླངས་པའི་ ཚུལ་གྱིས་ལེན་དགོས་པའི་བཀའ་འཁྲོལ་གནང་ཡོད་ལུགས་ཀྱི་གསང་བའི་གནས་ཚུལ་རྣམས་ གསལ་བཤད་གནང༌།
རྩིས་དཔོན་རྣམ་སྲས་གླིང་པ་དཔལ་འབྱོར་འཇིགས་མེད་ཀྱིས་དེ་ སྔོན་ཁོང་གིས་ལྷོ་སྡོད་ཆུ་སྒང་དམག་མི་བྱང་དུ་བསྐྱོད་རྒྱུ་དང༌། ལྷོ་ཁུལ་ཡུལ་དམག་བསྡུ་བསྐང་གི་འགོ་འཛིན་རྣམ་གླིང་པ་རང་གིས་མཛད་རྒྱུ་བཅས་ ཀྱི་གྲོས་འཆར་བཏོན་པ་དང༌། རང་ཉིད་ཨ་འབྲུག་མགོན་པོ་བཀྲིས་ཀྱི་གྲོགས་པོ་ནང་ཚགས་ཀྱིས་ཆུ་སྒང་ལ་ལངས་ ཕྱོགས་དང༌།
གཅིག་གྱུར་རྒྱ་དམར་ལ་ངོ་ལོག་བྱེད་མཁན་ཞིག་ཡིན་ཀྱང་ལྷོ་སྡོད་ཆུ་སྒང་འགོ་ འཛིན་ཚོས་དེ་དུས་དབང་ཆ་གནང་མ་བྱུང་ཞེས་གསུངས་པ་དང༌། ཆུ་སྒང་དམག་སྤྱི་ཚོས་ད་སྔོན་རང་གཞུང་གི་བཀའ་རྒྱ་སྔ་ཕྱི་འབྱོར་བ་ཁག་ཏུ་རྩིས་ དཔོན་རྣམ་གླིང་པའི་མིང་རྟགས་ཡོད་པ་དེས་དོགས་ཟོན་བྱུང་བ་དང་ཡིད་ཆེད་མེད་པར་ ཆགས་ཡོད་སྟབས་གནས་ཚུལ་དེའི་སྐོར་ཡང་སྐྱར་ལབ་གླེང་བྱས་པས།
ཕ་ལྷ་མགྲོན་གཉེར་ཆེན་པོས་རྩིས་དཔོན་རྣམ་གླིང་པ་ཁོང་རྒྱ་ལ་མཐའ་གཅིག་ཏུ་ངོ་ རྒོལ་བྱེད་མཁན་འཁྲུལ་མེད་གཅིག་ཡིན་པ་དང༌། ད་སྔོན་བཀའ་རྒྱ་ཕྱག་བྲིས་ཐོག་གི་མིང་རྟགས་ནི་ཁ་གཡར་ཙམ་ཡིན་པའི་གསལ་བཤད་དང་ ངོ་སྤྲོད་གནང་བས་གཞི་ནས་ཕན་ཚུན་ཡིད་ཆེས་བློ་འགེལ་དང་མཛའ་བརྩེ་མཐུན་ལམ་བརྟན་ པོར་ཆགས།
          དེ་ནས་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་གིས། ཆུ་སྒང་འགོ་དམག་ཡོངས་ནས་བོད་བསྟན་སྲིད་ཀྱི་དོན་དུ་དཀའ་ངལ་བཟོད་གསན་དང༌། རང་སྲོག་བློས་བཏང་གིས་ལས་དོན་ལྷོད་མེད་བསྒྲུབ་པའི་འབྲས་བུ་ལྷོ་ལམ་གཙང་སེལ་ ཐོག་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཕེབས་ལམ་བདེ་བ་བྱུང་བའི་བྱས་རྗེས་འདི་ ལས་ལྷག་པ་བསྟན་སྲིད་ཀྱི་ཞལ་འདེབས་སྒྲུབ་རྒྱུ་ཡོད་པ་མ་རེད།
ང་ཚོས་དུས་ནམ་ཡང་བརྗེད་རྒྱུ་མ་རེད་གསུངས།
          སླར་ཡང་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་མཇལ་ཕྱག་ཞུས་པ་དང༌། ༧གོང་ས་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོས་དེ་སྔོན་ཁྱེད་ཚོས་དཀའ་ངལ་གཟོད་སྲན་ གྱིས་ལས་དོན་སྒྲུབ་པ་གང་ལེགས་བྱུང་ཡོད་ལུགས་ཀྱི་བཀའ་བཟང་སྤྱི་བོའི་རྒྱན་དུ་ གནང་བར། མ་ཟད་འཇིགས་བྱེད་མ་ཧེ་དོ་བོ་གཅིག་གསོལ་རས་སྩལ་བ་དང༌། ངོས་རང་གནས་སྐབས་དེར་སྡོད་ན་ཕན་ཐོགས་མེད་ཚུལ་དང༌།
སྲུང་དམག་མང་པོ་མཉམ་དུ་འགྲོ་ན་དེ་ཙམ་ཕན་པ་མེད་ཅིང༌། དེ་བས་སྲུང་དམག་རྣམས་ཕྱོགས་གཅིག་ཏུ་མ་སྡོད་པར་ཕན་ཚུན་ཁག་བགོས་ཀྱིས་ས་སྲུང་ དམ་དོན་དགོས་པའི་བཀའ་སློབ་གནང༌། རྩེད་ཐང་དང་གོང་དཀར་སོགས་ནས་༧གོང་ས་མཆོག་ཕེབས་སྐྱེལ་དུ་གཅར་བའི་བསྟན་སྲུང་ དྭངས་བླང་དམག་མི་རྣམས་གཤམ་འོག་གི་གྲོང་སྡེ་ཁག་ཏུ་གནས་ཚང་གཡར་ནས་བསྡད༌།
          ཕྱི་ཉིན་ལི་ཐང་དབྲ་ཕྲུག་ངག་དབང་དང༌། གཤོང་གཉེར་བསོད་ནམས་དབང་རྒྱལ། རྟའུ་མཁས་གྲུབ་སོགས་རང་དམག་ཁག་རྣམས་ལ། ཕ་ལྷ་མགྲོན་གཉེར་ཆེན་པོ་ཐུབ་བསྟན་འོད་ལྡན་གྱིས་ཁྱེད་ཚོ་རྒྱལ་དབང་རིན་པོ་ཆེ་ དང་མཉམ་དུ་འགྲོ་ན་ད་དུང་རྒྱ་དམག་གི་རྗེས་དེད་བྱེད་རྒྱུའི་ཉེན་ཁ་ལས་གྲོལ་ མེད་སྟབས་འགན་ཟིན་གྱི་མ་རེད།
ཁྱེད་ཚོ་ཐད་ཀར་ཕེབས་ནས་རྩེད་ཐང་གི་རྒྱ་དམག་རྣམས་ཕྱིར་མི་ཤོར་བར་བྱེད་དགོས། དང་པོ་རྒྱལ་བ་རིན་པོ་ཆེ་མཇལ་བཅར་ཞུས། དེ་ནས་ཕྱིར་རྩེད་ཐང་དམག་སྒར་དུ་སོང་ནས་རྒྱ་དམག་ལ་གདོང་ལེན་བྱེད་དགོས་ཞེས་ མངགས་པ་ལྟར། ཁོང་ཚོས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཇལ་བཅར་ཞུས་པ་དང༌། ༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་ཁྱེད་ཚོ་དམག་སྒར་དུ་ཕྱིར་ལོག་ན་ དགའ།
རྩེད་ཐང་གི་རྒྱ་དམག་ཕྱི་ལ་མི་ཤོར་བར་གྱིས། འོན་ཀྱང་གླེན་རྟགས་བསྟན་ནས་འཛིང་མོ་བྱེད་མི་ཉན། ཐབས་མཁས་པ་གྱིས། སེམས་ཁྲལ་བྱེད་མི་དགོས། རྗེས་མ་ང་ཚོ་སླར་ཡང་ཐུག་གི་རེད། ཅེས་གསུངས།          གོང་གསལ་དཔོན་དམག་ཁག་གཅིག་རྩེད་ཐང་དུ་བསྐྱོད་ནས་རྒྱ་དང་རྒོལ་འཛིངས་ཇི་ལྟར་ བྱས་པའི་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ།།
          དེ་དག་གི་སྐོར་༧གོང་ས་མཆོག་གི་མཛད་རྣམ་དུ། ངེད་རྣམས་འཕྱངས་རྒྱས་རི་བོ་བདེ་ཆེན་ནས་མ་ཐོན་གོང་བསྟན་སྲུང་འཇབ་དམག་གི་འགོ་ བྱེད་འགའ་ཤས་ཐུག་འཕྲད་ཀྱིས་གླེང་མོལ་བྱུང་དོན། ཁོང་ཚོས་རྒྱལ་བསྟན། ཆབ་སྲིད།
སྐྱེ་འགྲོའི་རང་དབང་གི་དོན་དུ་རང་སྲོག་འདོར་ནུས་ཀྱི་དྲག་པོའི་ངོ་རྒོལ་མུ་ མཐུད་ཀྱིས་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་འོས་པར་མཐོང་ཞིང༌། ཁོང་ཚོའི་དཔའ་ངར་དང༌། སྙིང་སྟོབས། ངོས་རང་སྲུང་སྐྱོབ་བྱས་པ་བཅས་ལ་ཐུགས་རྗེ་ཆེ་བརྗོད་པ་མ་ཟད། དེ་སྔོན་གཞུང་གི་བཀའ་རྒྱ་ཁག་ནང་ཁོང་ཚོར་ལོག་སྤྱོད་པ་དང༌།
ཇག་པ་ཞེས་མིང་འབོད་བྱས་པ་དེ་དག་ཀྱང་རྒྱ་མིའི་བཀོད་དབང་དུ་གྱུར་པར་སེམས་ འཛིན་མི་འོས་པའི་གནས་ལུགས་ཀྱང་ཞོར་འཕྲོས་སུ་བརྗོད་པ་ཡིན། དེ་སྐབས་ཁོང་ཚོས་རང་གི་ཕ་ཁྱིམ་དུ།
ཞི་དུལ་དལ་སྐྱིད་ཀྱི་འཚོ་བ་སོགས་ཞི་བདེར་སྤྱོད་པའི་ཕན་ཚུན་ཚང་མ་རྒྱ་མིར་ངོ་ རྒོལ་གྱི་ཆེད་དུ་བློས་བཏང་ཟིན་པར་བརྟེན་ཁོ་བོས་ངོ་རྒོལ་ཟིང་འཁྲུག་མ་བྱེད་ ཅེས་སློབ་སྟོན་བྱ་རྒྱུ་དུས་ལས་ཡོལ་ཞིང༌། ཁོང་རང་ཚོས་ཀྱང་མུ་མཐུད་དུ་དམག་འཐབ་བྱ་རྒྱུ་ཁོ་ན་མ་གཏོགས་ཐབས་གཞན་མེད་པར་ མཐོང་ན་ཡང༌།
ཁོང་ཚོའི་གནས་ཡུལ་རི་བརྒྱུད་ཁག་རང་སྲུང་མི་བྱེད་མཐུ་མེད་མ་གཏོགས། དེ་མིན་ཕར་རྒོལ་དམག་ཟིང་མ་བྱས་ན་ལེགས་པའི་སློབ་སྟོན་བྱས་ཤིང༌། ལྷ་ས་ནས་གོ་ཐོས་ཀྱི་གནས་ཚུལ་ནང་རྒྱ་མིས་ཁམས་དམག་གང་ཡོད་ཀྱི་རི་ཁུལ་དུ་དམག་ འཐབ་བྱེད་འཆར་ཡོད་འདུག་གཤིས། ཁོ་བོ་ལམ་བགྲོད་ཀྱི་ཉེན་སྐྱོབ་ཟིན་འཕྲལ་རང་ས་སྲུང་འགོག་ཆེད་ཕྱིར་ལོག་བྱས་ ལེགས་ཞེས་བརྗོད་རྒྱུ་བྱུང༌།༼༢༧༠ ནས
༢༧༡༽ཞེས་གསུངས་ཡོད་པ་རེད། བོད་ཟླ་ ༢ ཚེས་ ༡༥ ཉིན་སྔ་དྲོ་ཚོུད་ ༡༡ ཙམ་ལ་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་ནས་གདོང་དཀར་ལ་རྒྱུད་དེ་ཡར་སྟོད་ཐོས་ བསམ་དར་རྒྱས་དགོན་དུ་ཕེབས་ནས་དེ་གར་བཞུགས་ཞག་མཛད། སྐབས་དེར་ཆུ་སྒང་དམག་སྤྱི་འབའ་པ་ཡེ་ཤེས་དང་གཙོ་འཛིན་གྲའུ་དཔོན་རིན་ཆེན་ཚེ་ རིང་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལ་ཕྱག་ཕུལ་པས་ཐུགས་དགྱེས་ཚོར་ཆེན་པོ་གནང།
དེ་ནས་ཕ་ལྷ་མགྲོན་གཉེར་ཆེན་པོ་དང་མཇལ་འཕྲོད་ཐོག་ཁོང་གིས། ༧རྒྱལ་དབང་རིན་པོ་ཆེ་ཕྱི་རྒྱལ་དུ་ཕེབས་ཐུབ་མིན་ད་ལྟ་གཏན་འཁེལ་རྩ་བ་ནས་མེད་ སྟབས་ས་ཆ་གནད་གལ་ཆེ་རིགས་རྣམས་ལ་ས་སྲུང་དང་རྗེས་དེད་རྒྱ་དམག་འདྲ་སླེབས་ བྱུང་ན་འགོག་རྒོལ་དམག་འཐབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ལུགས་གསུངས་པར།
ཆུ་སྒང་གཙོ་འཛིན་གཉིས་ཀྱིས་༧གོང་ས་མཆོག་རྒྱ་གར་དུ་ཕེབས་འཆར་ཡོད་ཤག་དང་ཕེབས་ འཐུས་ཆོག་ཤག་ཡིན་ཡང༌། དེ་འདྲའི་འཆར་གཞི་གང་ཡང་མེད་པར་ཤེས་རྟོགས་བྱུང་རྗེས་སེམས་ཚབ་སྔར་བས་ཆེ་བ་ བྱུང་ནས་རང་སྐྱོང་རྒྱ་རྒོལ་གྱི་ལས་འགུལ་ཐད་ཉེ་འཁྲིས་སུ་བསྟན་སྲུང་དྭངས་བླང་ དམག་མི་དམིགས་བསལ་སྐུ་སྲུང་བཞག་མི་དགོས་པ།
ནོར་བུ་རང་ལག་ཡོད་དུས་སྲུང་སྐྱོབ་ཐུབ་པ་དགོས་རྒྱུ་བཅས་ཀྱི་གསང་བའི་གྲོས་ མོལ་གནང་བ་ལ་ཆུ་སྒང་འགན་འཛིན་གཉིས་ཡ་ཀླུང་ཕོ་བྲང་དུ་ཕྱིར་ཡོང་ནས་ཆུ་སྒང་ མགོ་གཙོ་ཚོ་དང་གོ་བསྡུར་གྱིས་ས་མདོ་ཁག་ལ་སྲུང་དམག་སྡོད་རྒྱུ་དང༌། རྗེས་དེད་རྒྱ་དམག་ལ་རྒོལ་རྡུང་བྱེད་རྒྱུའི་མོས་མཐུན་བྱས་པར་མ་ཟད། དེ་དོན་ལག་བསྟར་གྱིས་ལྕེ་བདེ་ཞོལ་དང༌། གོང་དཀར།
གྲ་ནང་སོགས་སུ་ས་སྲུང་དམག་དཔུང་སྔོན་ཡོད་ཐོག་དམག་སྣོན་བཏང༌། ༧གོང་ས་མཆོག་གི་སྐུའི་ཉེ་འཁྲིས་སུ་ཆུ་སྒང་དམག་མི་དམིགས་བསལ་སྐུ་སྲུང་མ་ སྡོད་ན་ང་ཚོ་བསྟན་སྲུང་དྭངས་བླང་དམག་གིས་འགན་མི་ཟིན་པས་ཅིས་ཀྱང་བཞག་དགོས་ པའི་དགོངས་འཆར་བཏོན་པ་ལྟར་ཐག་གཅོད་བྱུང་ཏེ་དབུས་ཆུ་སྒང་དམག་སྤྱི་ཁང་ནས་གཏན་ འབེབས་བྱས་པ་ལྟར།
ཁ་དང་འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲིས་དང༌། ཡ་དང་སྨར་ཁམས་དམག་སྤྱི་བསྟན་འཕེལ་གཉིས་ཀྱིས་སྣེ་འཁྲིད་པའི་རྟ་དམག་ཧྲག་ སྒྲུག་བརྒྱ་དང་སུམ་ཅུ་བཀོད་མངགས་བྱས། དེ་ནས་བཟུང་༧གོང་ས་མཆོག་མཚོ་སྣའི་ཁོངས་ལེགས་པོ་ཟེར་བར་རྒྱ་གར་གྱི་སྣེ་བསུ་ མ་སླེབས་བར་དུ་བསྟན་སྲུང་དྭངས་བླང་དམག་མི་དེ་དག་གིས་སྲུང་སྐྱོབ་བྱས་ནས་ ཕྱིན།
 
          འཕྱོངས་རྒྱས་དགོན་དུ་ྋགོང་སའི་ཞབས་སོར་འཁོད།།
          རྒྱལ་གཅེས་གཞུང་གི་སྐུ་དྲག་རྣམ་པ་དང༌།།
          བསྟན་སྲུང་དྭངས་བླང་དཔའ་བོ་མཉམ་འཛོམས་ཀྱིས།།
          ཕྱི་འདེད་དགྲ་དཔུང་འགོག་པའི་འཆར་འགོད་བྱས།།

 

 

༼31༽

ཨ་རི་གསང་བའི་ལས་བྱེད་ཨ་ཐར་དང་བློ་ཚེ་གཉིས་ཀྱིས་༧གོང་ས་

མཆོག་ལ་མཇལ་ཁ་དང་ལས་འགུལ་ཇི་ལྟར་བྱས་པ།

 
          ཕྱི་ཉིན་བོད་ཟླ་ ༢ ཚེས་ ༡༦ ལ་ཡར་ཀླུང་ཁུལ་གྱི་ཡར་སྟོད་བྲག་ལྷ་ཞེས་པའི་རི་བོ་མཐོན་པོ་དེ་བརྒལ་ནས་ཕེབས་ འཐོན་མཛད་པ་དང༌། ཨ་རི་གསང་བའི་ལས་བྱེད་ཨ་ཐར་དང་བློ་ཚེ་གཉིས་ཀྱིས་མཇལ་ཕྱག་དང་གནས་ཚུལ་ཞུ་བ་ ཕུལ། དེའི་སྐོར་ལི་ཐང་ཨ་ཐར་ནོར་བུའི་མི་ཚེ་ལོ་རྒྱུས་ནང༌།
ལྷ་ས་ནོར་གླིང་ཕོ་བྲང་ནས་མགྲོན་ཆེ་ཕ་ལྷ་བའི་བཀའ་ཡིག་ཕེབས་དགོངས་སུ་༧གོང་ས་ མཆོག་ལྷོ་ཁ་ཕྱོགས་ལ་ཕེབས་རྩིས་ཡོད་པས་ཕྱི་རྒྱལ་ལ་འབྲེལ་བ་ཞུ་དགོས་ལུགས་དང༌། ངེད་གཉིས་ལྷ་ས་དང་ཐག་ཉེ་བ་ཞིག་ལ་འཕྲལ་བཅར་དགོས་ལུགས་ཀྱི་བཀའ་ཡིག་གཉལ་ལྷུན་ རྩེ་རྫོང་དུ་ཉིན་མ་སྔ་རྗེས་སུ་མཐུད་མཐུད་མར་འབྱོར་བས།
ངོས་གཉིས་གྲོས་བསྡུར་གྱིས་ནམ་རྒྱུན་ལྟར་ན་ཉིན་ཞག་དྲུག་གི་ལམ་བར་ཡང༌། ༧གོང་ས་མཆོག་གི་སྐུ་ཕྱ་སོགས་ཀྱི་ཉེན་ཁར་བརྟེན་ཉིན་མཚན་བསྒྲིལ་ཏེ་ལྷུན་རྩེ་ རྫོང་ནས། ཤོག་བུ་ལ། དེ་ནས་དབུས་ཆུ་མདོ་རྒྱང་དུ་འབྱོར། དེ་ནས་ཡར་སྟོན་བྲག་ལ་བརྒྱབ་ནས། ཡར་ལུང་ཕུ་ནས་བློ་ཚེ་ལ་དམག་རྫས་རྟ་དྲེལ་དང་བཅས་པ་མཉམ་དེད་ཀྱིས་རྗེས་སུ་ ཡོང༌།
ཕྲན་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ཉེ་འགྲམ་དུ་འབྱོར་སྐབས་༧གོང་ས་མཆོག་སྐུ་ འཁོར་མཇལ་འཕྲད་བྱུང༌། ཡར་ལུང་ཕོ་བྲང་དུ་བསྐྱོད་དེ་ཆུ་སྒང་ལ་གོ་ལག་མེད་པའི་དམག་ཧྲག་བསྡུས་མི་གྲངས་ བརྒྱ་དང་ལྔ་བཅུ་གཏོང་དགོས་ལུགས་ཀྱི་བཀའ་མོལ་ཞུ་རྒྱུ་བྱས། བློ་ཚེ་ནས་གོ་ལག་རྣམས་ཚུར་འཁྱེར་ཏེ་ཡོང་རྒྱུའི་འཆར་གཞི་བཟོས་ཟིན་མཚམས།
ཕྲན་མཉམ་ཏར་ཆས་དང་སྦྲགས་མི་གྲངས་བདུན་བཅས་ཐོན་བསྐྱོད་སྐབས་ཡར་སྟོད་བྲག་ལར་ འབྱོར་དུས་རྒྱལ་ཡུམ་ཆེན་མོས་གཙོས་ཡབ་གཞིས་སྐུ་འཁོར་དང༌། ཡོངས་འཛིན་རྣམ་གཉིས་གཙོས་སྐུ་འཁོར་ཁག་གཅིག་ཞབས་བཅགས་བཀྲིན་ཆེ་བྱུང་བ་རྣམས་ ནས་ཁྱེད་ཚོ་སུ་ཡིན་གར་འགྲོ་ཞེས་བཀའ་འདྲི་གནང་བྱུང་བས་ང་ཚོ་གཉལ་ནང་ས་སྲུང་ ཡིན་ཚུལ་དང༌།
༧གོང་ས་མཆོག་ཕེབས་བསུར་ཡོང་དགོས་ཆུ་སྒང་ལས་ཁུངས་ནས་གནས་ཚུལ་འབྱོར་དོན་ལྟར་ ཕེབས་བསུར་བཅར་མི་ཡིན་ཚུལ་ཞུས། དེ་ནས་རིམ་བསྐྱོད་སྐབས་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ལ་འགོ་ཞིག་ལ་༧གོང་ས་ མཆོག་འཇལ་འཕྲད་བྱུང་སྐབས་༧གོང་ས་མཆོག་ནས་ཁྱེད་ཚོ་སུ་ཡིན་གར་འགྲོ་ཞེས་བཀའ་ འདྲི་གནང་བྱུང་བས།
ང་ཚོ་ཨ་འབྲུག་ཚང་གི་སྐོར་སྲུང་ཡིན་ཚུལ་ལས་ཏར་ཁང་ལས་འཛིན་ཡིན་ཚུལ་ཞུ་སྟབས་ བདེ་མིན་གྱིས་༧གོང་ས་མཆོག་དོ་ནུབ་བཞུགས་ཞག་གནང་སར་སྐུ་བཅར་གྱིས་གནས་ཚུལ་ཞུ་ རྒྱུ་ཡོད་ཚུལ་ཞུས་པས། ༧གོང་ས་མཆོག་ནས་མགྲོན་ཆེ་ཕ་ལྷ་རྗེས་སུ་ཡོད་པས་དེ་མདུན་བཀའ་མོལ་ཞུ་འཐུས་ཆོག་ ལུགས་གསུངས་སྟབས། ཕལ་ཆེར་ཏར་ཁང་ལས་བྱེད་ཡིན་པ་མཁྱེན་སོང༌།
དེས་ན་ང་ཚོས་མགྲོན་ཆེ་ཕེབས་སྒུག་ཞུ་སྐབས་གང་འཚམ་ཞིག་ནས་ས་དབང་ཟུར་ཁང་དང༌། མགྲོན་ཆེ་སོགས་ཕེབས་འབྱོར་བྱུང་བསྟུན་ལམ་སེང་ཕྲན་ངོ་ཤེས་ཏེ་མགྲོན་ཆེ་ནས་ས་ དབང་ཟུར་ཁང་གཙོས་ཁྱེད་རྣམས་སྔོན་ཙམ་ཕེབས་རོགས། ངེད་གཉིས་ཕྲན་བུའི་བཀའ་མོལ་ཡོད་ལུགས་གསུང་སོང་བས། མི་ཚང་མས་ཇི་ཡིན་ནམ་བསམ་པའི་དྭོགས་སྐྱེས་བྱུང་སོང༌།
དེ་ནས་མགྲོན་ཆེ་མཆོག་ནས་ཁྱེད་རང་གཉིས་འདི་གར་འབྱོར་བར་ངས་འཚམས་འདྲི་བཀྲིས་ བདེ་ལེགས་ཡོད། དོ་ནུབ་བཞུགས་ཞག་གནང་སར་རང་གཉིས་ཞིེ་ལྷོད་ཀྱིས་སྐད་ཆ་དགོས་ལུགས་གསུང་དོན་ ལྟར་ཡོངས་འཛིན་གླིང་རིན་པོ་ཆེའི་གཞིས་དགོན་ཆོས་སྡེ་དགོན་དུ་བཞུགས་ཞག་གནང་ སོང་བས། ཕྲན་ངོ་བཅར་གྱིས་ལོ་རྒྱུས་ཆ་ཚང་ཞུས།
མགྲོན་ཆེ་མཆོག་ནས་ཕྱི་ཉིན་ཁྱེད་རང་༧གོང་ས་མཆོག་མཇལ་བཅར་དགོས་ལུགས་ཀྱིས་བཀའ་ ཕེབས་བྱུང༌། དེའི་དགོང་མོར་ཨ་རིར་༧གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་བྲོས་བྱོལ་དུ་ཕེབས་ དགོས་བྱུང་ཚུལ་དང༌། མགྲོན་ཆེ་ཕ་ལྷ་དང་གནས་ལུགས་རོབ་ཙམ་བཀའ་མོལ་བྱུང་བ་ལས་ཞིབ་ཕྲ་ད་ལྟ་བྱུང་མ་ སོང༌། རིམ་པས་བཀའ་མོལ་ཞུས་ཏེ་གནས་ཚུལ་འབུལ་འཐུས་ཞེས་ཏར་བཏང༌།
ཚུར་ལམ་སེང་ཏར་ལན་དུ་ཁྱེད་རང་ནས་ལས་དོན་ཡག་པོ་བྱུང་འདུག་བཀྲིས་བདེ་ལེགས་ ཡོད། ༧གོང་ས་མཆོག་ལ་བཀྲིས་བདེ་ལེགས་ཞུ་དགོས་གསལ་བ་རྣམས་མགྲོན་ཆེ་མཆོག་ལ་ཞུས་པས་ ཁྱེད་རང་སྐུ་མདུན་མཇལ་བཅར་སྐབས་ངག་ཐོག་ནས་ཞུ་དགོས་བསུངས།
དེ་ནས་༧གོང་ས་མཆོག་མཇལ་བཅར་གྱིས་ལོ་རྒྱུས་ཆ་ཚང་ཞུས་པ་མ་ཟད་༧གོང་ས་མཆོག་གི་ ཆིབས་ཞབས་སུ་བཅར་ཏེ་བསྐྱོད་མུས་སྐབས་ཕྲན་གྱི་རོགས་བློ་ཚེ་ནས་རྟ་དྲེལ་དེད་ དེ་ཡོང་བ་རྒྱང་ཤེལ་ནས་མཐོང༌། སྐབས་དེར་ཡར་སྟོད་བྲག་ལའི་ལ་འགོར་བཀའ་བློན་ཁ་ཤས་དང་སྐུ་འཁོར་ལྷན་རྒྱས་སྐུ་ ངལ་གསོ་སྐབས་བཀའ་མོལ་ཞིབ་ཕྲ་གནང་སོང༌།
མགྲོན་ཆེ་ནས་ས་དབང་ཟུར་ཁང་དང་ཤག་ཟུར་བཅས་ལ་ཕྲན་གྱི་ལོ་རྒྱུས་ངོ་སྤྲོད་གནང་སོང༌། ༼༡༦ ནས་ ༡༧༽ ཞེས་བཀོད་ཡོད་པ་རེད།
          ད་སྔོན་ཨ་ཐར་ཁོང་གཉིས་ཀྱི་རྒྱུད་ནས་ཨ་རི་གསང་བའི་ལས་ཁུངས་ཀྱིས་གནམ་ཐོག་ནས་ གཡུག་པའི་གོ་མཚོན་རོགས་རམ་ཐེངས་གཉིས་པའི་མདའ་རྫས་རྣམས་༧གོང་ས་མཆོག་གི་སྐུ་ སྲུང་ཆུ་སྒང་དང་བླང་དམག་གི་གཙོ་འཛིན་འབའ་པ་ཕྱག་མཛོད་བཀྲིས་དང༌།
སྨར་ཁམས་དམག་སྤྱི་བསྟན་འཕེལ་གཉིས་ཀྱི་འོག་དམག་མི་བརྒྱ་དང་སུམ་ཅུ་བཏང་བ་ རྣམས་ལ་སྔོན་ནས་རོགས་རམ་གྱི་གོ་ལག་འབྱོར་བ་དེ་དག་རིང་མདའ་རེ་དང༌། མདེལ་གྲངས་གཅིག་བརྒྱ། ཐུང་མདའ་ཀྲེང་གན་རེ་དང་མདེའུ་སུམ་བརྒྱ་རེ་བཅས་བགོས་བཀྲམ་བྱས། མེ་སྒྱོགས་ཨང་ལྔ་བཅུ་ང་བདུན་ཅན་གཉིས་ཡོད་ཁོངས་ནས་གཅིག་དམག་སྒར་ཨ་མར་སྐྱེལ་ བར་བཏང༌།
གཅིག་ཕེབས་ཞབས་བ་རྣམས་ཀྱི་མཉམ་འཁུར་རྒྱུའི་འཆར་གཞི་བཟོས།
དེ་ ནུབ།ཨེ་ཆུ་མདོ་རྒྱང་གི་མི་ལུས་ལེན་པ་ལས།། རྩྭ་ཆུ་འཛོམས་པའི་དུདའགྲོ་ཡིན་ན་དགའ། །ཞེས་གྲགས་པའི་ས་གནས་དེར་སྟོན་འཁོར་རྣམས་བཞུགས་ཞག་མཛད་དགོས་བྱུང༌། དེ་ནུབ་ལི་ཐང་ཨ་ཐར་ནོར་བུ་དང༌། ལི་ཐང་བློ་ཚེ་གཉིས་ལ་དམིགས་བསལ་མཇལ་ཁ་གནང་བ་དང༌།
དེ་སྔོན་ལྷ་སར་ཡོང་དུས་ནས་མཇལ་ཁ་ཞུ་རྩིས་བྱས་ཀྱང་སྐབས་དེར་རྒྱ་ཕྱོགས་ནས་ ཤེས་ཚོར་ཡོང་རྒྱུའི་ཉེན་ཁ་ལ་བརྟེན་ནས་མཇལ་ཁའི་གོ་སྐབས་མ་རག་པར་ལུས་སོང་ཡང༌། སྔར་ཕྱིར་རང་སྲོག་བློས་བཏང་གིས་བསྟན་སྲིད་ལ་ཕན་པའི་ལས་འགུལ་སྤེལ་ཚུལ་རྣམས་ ཞུས་པ་དང་འབྲེལ་ཕ་ལྷ་མགྲོན་གཉེར་ཆེན་པོའི་རྒྱུད་ནས་ཕན་ཚུན་གསང་འཕྲིན་རིམ་ རྒྱུད་བྱས་པ་དང༌།
༧གོང་ས་མཆོག་གི་ཕེབས་ལམ་ཐད། ཧ་ཅང་ཛ་དྲག་གི་གནས་ཚུལ་ལ་ཐུག་ཡོད་སྟབས་ཉིན་བསྐྱོད་མཚན་འགྲོས་ཀྱིས་ཡོང་ནས་༧ གོང་ས་མཆོག་ལ་མཇལ་གཅར་དུ་སླེབས་ཚུལ་སོགས་ཀྱི་ཞུ་བ་ཕུལ།
ལི་ཐང་ཨ་ཐར་ནོར་བུས་ཨ་རི་གསང་བའི་ལས་ཁུངས་ལ་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་ པ་སྟོན་འཁོར་དང་བཅས་པ་སྐུ་ཕྱཱ་ལ་གནོད་པ་མེད་པར་ལྷོ་ཁའི་ཁུལ་དུ་ཕེབས་འབྱོར་ གྲུབ་ལུགས་ཀྱི་ཏར་འཕྲིན་བཏང་བ་དང༌། དེའི་ལན་དུ་ཨ་རི་གསང་བའི་ལས་ཁུངས་ནས་༧གོང་ས་མཆོག་ལྷ་ས་ནས་བྲོས་བྱོལ་དུ་ ཕེབས་ཐུབ་ཡོད་པར་དགའ་བསུ་དང༌།
དེའི་ཐད་མཐུན་གྱུར་རོགས་རམ་གང་དགོས་གཙང་ཞུ་ཆོག་པའི་ཁས་ལན་བྱས། དེ་དང་ཆབས་གཅིག་རླུང་འཕྲིན་ཐོག་ནས་༧གོང་ས་མཆོག་བྲོས་བྱོལ་དུ་ཕེབས་ནས་ལྷོ་ ཁར་ཞབས་འཁོད་ཟིན་པའི་གཏམ་འཛམ་གླིང་གང་སར་སྒྲོག་པར་བྱས།
          ཡང་༧གོང་ས་མཆོག་གི་བཀའ་སློབ་ཕྱིར་ཕེབས་གནང་དོན། རྒྱ་གར་དུ་ཕེབས་ཆོག་པའི་ལམ་ཡིག་ཞུ་རྒྱུའི་སྐོར་ཇི་དགའ་དང༌། གལ་སྲིད་རྒྱ་གར་སྲིད་གཞུང་གིས་༧གོང་ས་མཆོག་རྒྱ་གར་ལ་ཕེབས་རྒྱུར་ངོས་ལེན་མ་ གནང་ན་ཨ་རིས་དེའི་ཐད་རོགས་རམ་གནང་ཕྱོགས་ཇི་ཡོད་སོགས་ཀྱི་བཀའ་འདྲི་གནང་དགོས་ ཕེབས་དོན་བཞིན་ཏར་ཐོག་ནས་ཨ་རི་གསང་བའི་ལས་ཁུངས་ལ་ཞུས་པས།
༧གོང་ས་མཆོག་རྒྱ་གར་དུ་ཕེབས་རྒྱུར་རྒྱ་གར་སྲིད་གཞུང་གིས་དགའ་བསུ་ཞུ་རྒྱུའི་ ཡིད་ཆེས་ཡོད། ཨ་རི་སྲིད་གཞུང་ནས་ཀྱང་འདིའི་ཐད་རྒྱ་གར་ལ་རེ་བ་ཞུ་ཆོག གལ་སྲིད་གནས་སྐབས་རིང་རྒྱ་གར་སྲིད་གཞུང་གིས་ཁས་ལེན་མ་བྱས་ན་༧གོང་ས་མཆོག་དེ་ གའི་ས་བཙན་ཞིག་ཏུ་བཞུགས་ན་ཨ་རིས་འདིས་ནས་སྲུང་དམག་བཏང་རྒྱུ་དང༌།
ཡང་ན་ཐད་འཕུར་གནམ་གྲུ་བཏང་ནས་ཨ་རིར་གདན་འདྲེན་ཞུ་ཆོག་པའི་བླངས་བྱ་གཏོན། གོང་གསལ་ཏར་ལན་དེ་དག་ལི་ཐང་ཨ་ཐར་ནོར་བུས་མགྲོན་ཆེ་བརྒྱུད་སྙན་ཞུ་ཕུལ་བས་ ཐུགས་ཧ་ཅང་མཉེས་པོ་གནང༌།
          ༧གོང་ས་མཆོག་གི་མཛད་རྣམ་གསར་བརྩམས་ནང༌། ཕྲན་ཨེ་ཆུ་མདོ་རྒྱང་དུ་འབྱོར་སྐབས་ཕྱི་རྒྱལ་གྲོགས་པོ་འགའ་ཞིག་ནས་འཚམས་འདྲི་ འབྱོར་བྱུང༌། གསུངས་འདུག་པ་དེ་ཨ་རི་ནས་ཕྲན་གཉིས་བརྒྱུད་ཏར་འཕྲིན་འབྱོར་བ་དེ་ཡིན་འདུག་ བསམས། ཞེས་བྲིས་ཡོད་པ་རེད།
          གནས་ཚུལ་དེའི་སྐོར་༧གོང་ས་མཆོག་གི་མཛད་རྣམ་རྙིང་པ་ལས། ཕྱི་རྒྱལ་དུ་ཡོད་པའི་ངའི་མཛའ་གྲོགས་ཚོར་ལྷ་སའི་ཟིང་འཁྲུག་ལ་བློ་གཡེངས་ཡོད་ པ་དང༌། ངའི་གནས་ཚུལ་ཇི་བྱས་ཤེས་འདོད་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང༌། ང་ཚོས་ངལ་ཚེགས་དང་བཅས་བཙན་བྱོལ་དུ་ཡོང་པའི་གནས་ལུགས་འཛམ་གླིང་གསར་འགྱུར་ མདུན་ཤོག་ཐོག་ཐོན་བཞིན་ཡོད་པ་དང༌། ཐག་རིང་ཨ་རི་དང༌།
ཡོ་རོབ་ཁུལ་གྱི་མི་ཚོས་ཀྱང་ངེད་ལ་ཤ་ཚ་སེམས་འཁུར་ཆེན་པོ་དེ་འདྲ་བྱེད་ཀྱི་ ཡོད་པ་ང་ཚོའི་ལམ་གྲོགས་སུར་ཡང་མནོ་བསམ་འཁོར་མ་བྱུང༌། གལ་ཏེ་དེ་སྐོར་ང་ཚོས་ཤེས་ན་ཡང་སུ་ཞིག་དང་མཉམ་དུ་འབྲེལ་བ་བྱེད་ཐབས་མེད་སྟབས་ བྱ་ཐབས་གང་ཡང་མེད།
 ཞེས་གསུངས་ཡོད་པ་རེད། གནས་ཚུལ་འདི་ཚོ་དེ་དུས་གསང་བ་ཡིན་སྟབས་༧གོང་ས་མཆོག་གི་མཛད་རྣམ་ལས་ཕྱི་རྒྱལ་ དུ་ཡོད་པའི་ངའི་མཛའ་གྲོགས་ཚོ་ཞེས་པ་ལས་ཁ་གསལ་དེ་ཙམ་བཀོད་མེད་པ་རེད། དུས་ཕྱེས་ཨ་རིའི་གསང་བའི་ལས་ཁུངས་ནས་བཏོན་པའི་ཆུ་སྒང་ལོ་རྒྱུས་ནང་གནས་ཚུལ་ ཇི་བྱུང་གསལ་བཤད་ཞིབ་པར་གནང་འདུག ཕྱི་ཉིན་བོད་ཟླ་ ༢ ཚེས་ ༡༧
ལ་མུ་མཐུད་ནས་ཕེབས་ཏེ་ཤོ་བོ་རྟ་ལ་བརྒལ་ནས་མཁར་སྟེང་དགོན་པར་བཞུགས་བཞག་མཛད།
 
          གར་བཏང་གོ་ཆོད་གར་བཟི་བློ་ཚེ་དང༌།།
          ཨ་རེ་ཁམས་ཕྲུག་ཨ་ཐར་ནོར་བུ་གཉིས།།
          ཕྱག་ན་པདྨོའི་དྲུང་ནས་ཕྱག་དབང་ཞུས།།
          བཀའ་བཟང་བཀའ་བཞིན་སྒྲུབ་པའི་དམ་བཅའ་ཕུལ།             

༼32༽
གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་ཕེབས་ནས་སྲིད་གཞུང་
གསར་པའི་མཛད་སྒོ་ཚུགས་པ།

 
          མཁར་སྟེང་དགོན་ནས་བོད་ཟླ་ ༢  ཚེས་ ༡༨ ལ་ཆིབས་བསྒྱུར་གནང་ནས་བཀའ་ཤིས་སྒང་ཞེས་པ་དེར་སླེབས་པ་དང༌། གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་སྡོད་པའི་རྩེ་དྲུང་ངག་དབང་ཆོས་བཟང་དང༌། ཤོད་དྲུང་ཚེ་བརྟན་འབྱོར་རྒྱས། གཉལ་དྲེའུ་ལྷས་སྤྲུལ་སྐུ་སོགས་ས་གནས་དེར་ཡོད་ཀྱི་བླ་དཔོན་མི་དཔོན་ཚོས་སྣེ་ འཁྲིད་དེ།
སེར་སྐྱ་མི་དམངས་བརྒྱ་ཕྲག་མང་པོས་ཕེབས་བསུའི་མཆོད་སྤྲིན་རྒྱ་ཆེར་བསྟར་ནས་ བསུ་བར་ཞུས། གཡུལ་རྒྱལ་ལྷུན་རྩེ་ཕོ་བྲང་གི་ཡང་ཐོག་གཟིམ་ཆུང་ཀུན་དགའ་འོད་སྣང་དུ་༧གོང་ས་ མཆོག་བཞུགས་གདན་འཇགས་ཤིང་སྐུ་འཁོར་རྣམས་ངལ་བསོ་མཛད།
          དེ་ནས་རྫོང་གི་ཚོམས་ཆེན་དུ་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ མཆོག་དབུ་བཞུགས་ཐོག་བཙན་བྱོལ་དུ་ཐར་ཡོད་པའི་རང་གཞུང་བཀའ་ཤག་སྣེ་ཟུར་གཡུ་ གསུམ་དང་ཕ་ལྷ་མགྲོན་གཉེར་སོགས་གཞུང་ཞབས་མཐོ་གྲས་ཁག་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླང་དམག་གི་དེར་ཡོད་དམག་སྤྱི་ཁག་ དང་དམག་དམངས། ས་ཁུལ་དེའི་སེར་སྐྱ་མི་དམངས་ཚོགས་འཛོམས་ཐོག
བོད་ཀྱི་སྲིད་གཞུང་ལ་རྒྱ་ནག་གིས་བཙན་འཛུལ་བྱས་རྐྱེན་རེ་ཞིག་བོད་ཀྱི་རྒྱལ་ས་ ལྷ་སར་སྲིད་གཞུང་གནས་ཐུབ་ཐབས་མ་བྱུང་སྟེ། དེའི་ཚབ་ཏུ་རེ་ཞིག་བོད་ཀྱི་སྲིད་གཞུང་ལྷུན་རྩེར་སྤོ་རྒྱུའི་ཁྱབ་བསྒྲགས་དང་ མཛད་སྒོ་སྟབས་བདེ་ཞིག་གནང་མཐར།
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླང་དམག་གིས་རུ་སྣེ་དྲངས་ཏེ་སྐུའི་ ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་ འདེགས་འབུལ་དང་འབྲེལ་བསྟན་སྲུང་དྭངས་བླང་དམག་གིས་དངོས་པོའི་རྣམ་གྲངས་བརྒྱ་ དང་བཅུ་གཅིག་གི་འབུལ་ཚན་ཕུལ་ཏེ་༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ རེ་སྨོན་ཞུ་བ་དང་འབྲེལ།
བསྟན་སྲུང་དྭངས་བླངས་དམག་མི་ཚོས་ཁ་ཞེ་གཉིས་མེད་ཀྱི་རྒྱལ་བའི་སྐུ་ཕྱྭ་དང༌། སངས་རྒྱས་བསྟན་པའི་དོན་དུ་སྔར་ལྟར་རང་སྲོག་བློས་བཏང་ཞུ་རྒྱུའི་དམ་བཅའ་ཕུལ། ཆུ་སྒང་དམག་མི་ཚོ་ལ་ཨ་རི་གསང་བའི་ལས་ཁུངས་ནས་ཐོབ་པའི་རོགས་རམ་གྱི་གོ་མཚོན་ དང༌།
རྒྱ་དམག་གི་ལག་ནས་བཙན་འཕྲོག་བྱས་པའི་མཚོན་ཆའི་རིགས་ཆེ་ཆུང་རྣམས་གྲངས་འདྲ་མིན་རྣམས་སྤྱན་བསྟར་གྱི་གཟིགས་འབུལ་ཞུས།
          སྲིད་གཞུང་གསར་འཛུགས་གནང་བའི་ཚོགས་ཆེན་གྱི་མཛད་སྒོ་དེའི་ཐོག་༧གོང་ས་མཆོག་ ནས་རྒྱ་གུང་ཁྲན་གྱིས་སྔ་ཕྱི་བར་དུ་བོད་ལ་ཐུབ་ཚོད་དང་བརྙས་བཅོས་བྱས་ལུགས།
རང་གཞུང་གི་ངོས་ནས་བོད་རྒྱ་གཉིས་ཀར་ཞི་བདེ་བག་ཕེབས་ཡོང་རྒྱུ་ཁོ་ནར་བསམ་ནས་ ད་བར་རྒྱ་ནག་ལ་བསྟུན་མཁས་ཀྱིས་མེ་མདའི་ཁ་ནས་བཙན་དབང་གིས་བཞག་པའི་གྲོས་མཐུན་ དོན་ཚན་བཅུ་བདུན་ལ་བརྩི་སྲུང་ལྷོད་མེད་བྱས་ཀྱང་རྒྱ་ཕྱོགས་ནས་གྲོས་མཐུན་ལས་ བརྒལ་བའི་བཅོས་བསྒྱུར་དང༌།
ལྷག་པར་ཉེ་ཆར་རྒྱལ་ས་ལྷ་སར་དྲག་པོའི་དམག་མི་ཁྲི་ཁྲག་མང་པོས་དུས་རབས་ཀྱི་ མཚོན་ཆ་འདྲ་མིན་བེད་སྤྱོད་བཏང་ནས་དྲག་གནོན་བྱས་པ་དང༌། པོ་ཏཱ་ལ་དང༌། ནོར་གླིང༌། དེ་བཞིན་གདན་ས་གསུམ་སོགས་ལ་མེ་སྒྱོགས་གྲངས་མེད་རྒྱག་ནས་གཏོར་བ་དང༌།
གྲོང་ཁྱེར་ལྷ་སའི་ནང་མི་དམངས་ཁྲི་ཁྲག་མང་པོ་བསད་རྨས་བཏང་བ་སོགས་མདོར་ན་ལོ་ རྒྱུས་ཐོག་གྲག་ཐབས་མེད་པའི་རྨ་ཁ་ཆེན་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བྱས་ནས་ གྲོས་མཐུན་དོན་ཚན་བཅུ་བདུན་ལ་རྩིས་མེད་བཏང་སོང༌། ང་ཚོས་ད་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་ནམ་ཡང་བྱེད་རྒྱུ་མིན།
བོད་འདི་བཞིན་སྔ་མོ་ནས་ལོ་རྒྱུས་ཀྱི་བདེན་དཔང་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་བསྙོན་མེད་ཅིག་ཡིན་པ་སོགས་ཀྱི་བཀའ་སློབ་དང༌།
ཡང་རང་རེ་བོད་ཀྱི་སྲིད་གཞུང་ལ་ཛ་དྲག་དང་གཉན་འཕྲང་འདི་འདྲ་ཛ་དྲག་སླེབས་པའི་ སྐབས་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཅན་གྱིས་བཙུགས་པའི་མདོ་ཁམས་ཆུ་བཞི་སྒང་ དྲུག་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་ དུ་རང་སྲོག་བློས་བཏང་གིས་རྒྱ་དམག་དང་འཐབ་རྒོལ་དུ་མ་བྱས་པ་དང༌།
ལྷོ་ལམ་གཙང་སེལ་བྱུང་བ་བཅས་ཀྱི་ལྷག་བསམ་དང་སེམས་ཤུགས། སྙིང་སྟོབས་དང་བྱས་རྗེས་བཅས་ལ་ངོས་ནས་བསྔགས་བརྗོད་ཡོད་ཅེས་དང༌།
ཡང་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླང་དམག་མི་ཡོངས་ཀྱི་སྤྱི་འདོམས་དམག་ སྤྱི་ཨ་འབྲུག་མགོན་པོ་བཀྲིས་ནས་རྒྱལ་བསྟན་ཆབ་སྲིད་ཀྱི་ལ་རྒྱ་སྙིང་དབུས་སུ་ བཅངས་ཏེ་ལྷག་བསམ་རྣམ་དག་གི་ཐོག་ནས་ཞི་དྲག་ལས་འགུལ་འདྲ་མིན་སྤེལ་བའི་བྱས་ རྗེས་ལ་བསྔགས་བརྗོད་དང་འབྲེལ་དམག་སྤྱི་ཛ་སག་གི་གོ་གནས་གནང་རྒྱུ་བཅས་ཀྱི་ བཀའ་བཟང་ཡོངས་ཁྱབ་གསལ་བསྒྲགས་མཛད།
          མཛད་སྒོ་གྲུབ་པ་དང༌། ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་གཞིས་ ལུས་བོད་གངས་ཅན་པའི་ཉམ་ཐག་འགྲོ་བ་རྣམས་ལ་ཐུགས་རྗེ་དྲན་སྐུལ་གནང་བའི་ནང་མོལ་ གྱི་ཕྱག་བྲིས་ཤིག་དང༌།
དེ་བཞིན་བྱང་བསྐྱོད་ཨ་འབྲུག་མགོན་པོ་བཀྲིས་ལ་སྔ་ཕྱིའི་བྱས་རྗེས་རྣམས་ལ་ བསྔགས་བརྗོད་དང་འབྲེལ་བོད་རྒྱལ་ཡོངས་ཀྱི་དམག་སྤྱི་ཛ་སག་གི་གོ་གནས་གནང་བའི་ དམ་འབྱར་ཕྱག་བྲིས་དང༌། མྱུར་བར་ལྷོ་ཁུལ་དུ་ཤར་བསྐྱོད་དགོས་པ་བཅས་ཀྱི་བཀའ་བཟང་བསྩལ་ཐོག་ཁུངས་སོ་ སོར་བང་ཆེན་བཏང༌།
 ལྷུན་རྩེ་ས་ཁུལ་གྱི་མི་དམངས་ཚོར། རྒྱ་དམག་གིས་རྒྱལ་ས་ལྷ་ས་བཙན་གནོན་བྱས་ཚུལ་དང༌། ད་ཆ་ལྷོ་ཁ་ཁུལ་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་སྲིད་གཞུང་གནས་སྤོས་གནང་ཟིན་པ་ དང༌། སྲིད་གཞུང་གི་བྱེད་སྒོའི་རྩ་ཚིག་རྣམས་རེ་རེ་བཞིན་སྒྲོག་སྦྱངས་དང༌། འདྲ་བཤུས་ས་ཁུལ་ཁག་སོ་སོའི་འགོ་པའི་རྒྱུད་ནས་ཁྱབ་བསྒྲགས་གནང་རྒྱུའི་བཀའ་ རྒྱ་སྩལ།
 དེ་ཉིན་མཛད་སྒོའི་སྐབས་རྟེན་འབྲེལ་མཚོན་སླད་བསྟན་སྲུང་དྭངས་བླངས་དམག་ཁོངས་ཀྱི་ཨ་རི་གསང་བའི་ལས་བྱེད་པ་ལི་ཐང་ཨ་ཐར་ནོར་བུ་དང༌།
ལི་ཐང་བློ་ཚེ་གཉིས་ཀྱིས་གོང་སའི་བཀའ་འཁྲོལ་བཞིན་གཟིངས་བསྟོད་ཀྱི་མེ་སྒྱོགས་ ཐེངས་གསུམ་འཕངས་པའི་ལྡིར་སྒྲ་དང་མཉམ་དུ་ནམ་མཁའ་ནས་ཀྱང་འབྲུག་གི་སྒྲ་ཆེན་པོ་ ཞིག་གྲགས་པས་སེར་སྐྱ་མི་དམངས་ཚང་མས་མ་འོངས་རང་བཙན་མྱུར་བ་ལེན་རྒྱུའི་དགྲ་ ཤུགས་ཆེན་པོ་རྒྱག་ཐུབ་རྒྱུའི་རྟེན་འབྲེལ་ལ་རྩིས་ནས་ཀི་སྲྭོ་ལྷ་རྒྱལ་གྱི་ འབད་བ་ཆེས་ཆེར་བྱས།
 དེ་ནས་༧གོང་ས་མཆོག་སྟོན་འཁོར་རྣམས་ཕེབས་བཞུགས་གང་ དགའ་དང༌། གལ་སྲིད་ཕེབས་དབང་དུ་བཏང་ན་ཕེབས་ལམ་གང་འོས་སོགས་ཀྱི་བཀའ་གྲོས་གནང༌། ཉེ་སྔོན་ཨ་རི་ནས་བོད་དང་ས་འདྲེས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་ཡོང་ཆོག་པའི་ རེ་སྐུལ་ཞུ་རྒྱུ་དང༌།
དེའི་ཐད་ད་དུང་ཨ་རིའི་ངོས་ནས་རོགས་རམ་གང་དགོས་ཞུ་ཆོག་པའི་བླངས་བྱ་བཏོན་པ་ བཅས་ལ་དེ་དོན་ཡོང་ཆེད་༧གོང་སའི་བཀའ་འཁྲོལ་བཞིན་ལི་ཐང་ཨ་ཐར་ནོར་བུ་ནས་ཏར་ ཐོག་ནས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ལྷུན་རྩེ་ལ་ཕེབས་ཟིན་ཅིང༌། དེ་གར་སྲིད་གཞུང་གནས་སྤོའི་མཛད་སྒོ་གྲུབ་ཚུལ་དང༌། འདི་ནས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་ཕེབས་བཞུགས་གང་བྱས་ཐོག
ཨ་རིས་རྒྱབ་སྐྱོར་དང་རོགས་རམ་ཇི་འདྲ་གནང་འཆར་ཡོད་པའི་སྐོར་ནན་ཏན་དུ་དྲིས་ པའི་ཏར་ལན་དུ། སྲིད་གཞུང་གསར་འཛུགས་གནང་བར་དགའ་བསུ་དང་༧གོང་ས་མཆོག་ཕེབས་བཞུགས་གང་གནང་ནའང་ ཞབས་ཞུ་གང་དགོས་ཨ་རིའི་སྲིད་གཞུང་གིས་བརྒྱ་ཆ་བརྒྱ་ཐམ་པ་ཞུ་ཆོག་པ་དང༌། ལར་ནས་བོད་གཞུང་གི་ངོས་ནས་ད་ཆ་ཕེབས་བཞུགས་ཀྱི་འཆར་གཞི་གང་ཡོད་དང༌།
གལ་སྲིད་འདི་ནས་ཨ་རིའི་དམག་མི་སྐུ་སྲུང་དུ་བཏང་དགོས་ནའང་ཁར་ཐུག་ཐད་འཕུར་ གནམ་གྲུའི་ཐོག་ནས་གཏོང་ཆོག་པ་བཅས་ཀྱི་ལན་འབྱོར། ལི་ཐང་ཨ་ཐར་ནོར་བུས་གནས་ཚུལ་ཏར་ལན་དེའི་སྐོར་ཕ་ལྷ་མགྲོན་གཉེར་ཆེན་པོ་ལ་ཞུས་ པས། ཕ་ལྷས་ང་ཚོ་འུ་ཐུག་འདྲ་བྱུང་ན་ཨ་རི་ནས་ཐད་འཕུར་གནམ་གྲུ་འདྲ་གཏོང་མིན་དང༌། གནམ་གྲུ་བབས་སའི་ས་ཆ་ཡོད་མེད་གསུངས་སྐབས།
ཨ་ཐར་ནོར་བུ་ནས་ཞུས་དོན་གནམ་གྲུ་བབས་ས་དང༌། མི་གཡུག་ས་ཁག་གཉིས་སྔོན་ནས་ལྟས་ཟིན་ཡོད་རུང༌། ཁྱེད་རྣམ་པས་ད་བར་འདི་བྱེད་འདི་མིན་གྱི་བཀའ་གསལ་ཐག་གཅོད་ངེས་ཏན་ཞིག་མེད་ སྟབས་ད་བར་དོན་གསལ་ངེས་པ་ཞིག་བྱུང་མེད། དེར་བརྟེན་ད་རེས་ལྷན་རྒྱས་ཚང་མ་སྐུ་བཞུགས་ཡོད་ཐོག་ཐག་གཅོད་འཆར་གཞི་ངེས་ཏན་ ཞིག་གནང་ན།
ཨ་རིས་དུས་རྟག་ཏུ་འཆར་གཞི་ཇི་ཡོད་ལ་རོགས་རམ་གང་ནུས་ཞུས་ཆོག་ཅེས་བརྗོད་ཀྱི་ ཡོད་ལུགས་ཞུས། སྐབས་དེར་དོན་དངོས་ཐོག་༧གོང་ས་མཆོག་སྟོན་འཁོར་རྣམས་ལྷུན་རྩེ་རྫོང་རང་དུ་ཞག་ བཞུགས་མཛད་རྒྱུ་མ་ཟད། ད་དུང་མུ་མཐུད་ནས་ལྷུན་རྩེ་རྫོང་བཟུང་སྡོད་བྱེད་རྒྱུའི་རེ་བ་ཡོད་པ་མ་གཏོགས་ མཐའ་གཅིག་ཏུ་རྒྱ་གར་ལ་ཕེབས་རྒྱུའི་འཆར་གཞི་དམིགས་བསལ་གང་ཡང་མི་འདུག
དེ་ཉིན་ལྷ་ས་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་འགའ་ཞིག་ལྷུན་རྩེར་འབྱོར་ནས་ ལྷ་ས་དྲག་གནོན་བྱས་པ་དང༌། ད་དུང་མུ་མཐུད་ནས་རྒྱ་དམག་ཁྲི་ཁྲག་མང་པོ་ཕྱོགས་གང་ས་ནས་རྗེས་དེད་དཔུང་འཇུག་ ཡོང་གི་ཡོད་པའི་གནས་ཚུལ་གསལ་བཤད་བྱུང་བ་དང༌། གཞི་ནས་ལྷུན་རྩེར་སྡོད་བློས་མི་བཟོད་པ་དང༌། རྒྱ་གར་རང་དུ་ཕེབས་རྒྱུ་ཐག་གཙང་མར་བཅད་ནས།
གོང་སའི་བཀའ་འཁྲོལ་བཞིན་ལི་ཐང་ཨ་ཐར་ནོར་བུས་ཏར་ཐོག་ནས་ཨ་རི་གསང་བའི་ལས་ ཁུངས་ལ། རྒྱ་དམག་གིས་མུ་མཐུད་རྗེས་དེད་བྱེད་ཀྱིན་ཡོད་ལུགས་དང༌། ཏཱ་ལའི་བླ་མ་འདི་ཁུལ་བཞུགས་བློས་མི་བཟོད་པས་སྐུ་འཁོར་ཧྲག་བསྡུས་དང་སྐུ་ སྲུང་བཅས་རྒྱ་གར་དུ་ཕེབས་བསྐྱོད་ཆོག་པའི་ཏར་འཕྲིན་བཏང༌།
ཨ་རིའི་སྲིད་གཞུང་གིས་རྒྱ་གར་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ལ་ཏཱ་ལའི་ བླ་མ་ཕེབས་ཕྱོགས་སྐོར་ཏར་འཕྲིན་བཏང༌། ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་རྒྱ་གར་གཞུང་ལ་གནས་ལུགས་བཤད།
 རྒྱ་ གར་གཞུང་གིས་དེ་དོན་ལྟར་གོ་སྒྲིག་ཆ་ཚང་ཞུ་རྒྱུའི་ལན་གསལ་གནང༌། ཏཱ་ལའི་བླ་མ་སྐུ་འཁོར་དེར་ཡོད་རྣམས་ཚོགས་འདུ་ལྷན་འཛོམས་ཐོག་མཚོ་སྣ་རྒྱུད་ མོན་ཏཱ་དབང་ནས་རྒྱ་གར་དུ་ཕེབས་གཏན་འཁེལ། ཕྱི་ཉིན་བོད་ཟླ་ ༢ ཚེས་ ༡༩ ལ་མུ་མཐུད་ཕེབས་བསྐྱོད་མཛད་ཅིང༌། དེ་ནས་སྦྱོར་ར་བར་ལམ་ཐག་ཧ་ཅང་རིང་བ་དང༌།
ཕྱོགས་གཅིག་ནས་རྗེས་དེད་རྒྱ་དམག་གིས་གློ་བུར་བཙན་རྒོལ་བྱེད་རྒྱུའི་ཉེན་ཁ་ ཡོད་པ་དང༌། ཕྱོགས་གཅིག་ནས་ཕེབས་ལམ་ཧ་ཅང་སྡུག་པས་འགྱོགས་པོར་འགྲོ་ཐབས་མེད་པ་དང༌། ད་དུང་རི་ཀླུང་ཡོངས་རྫོགས་ཁ་བས་བཀབ་སྟེ་མིག་ཤེལ་མེད་མཁན་ཚོས་རང་གིས་སྐྲས་ མིག་སྒྲིབ་ཐབས་བྱེད་པ་དང༌།
ལ་ལས་རས་ནག་པོས་མིག་ཡོལ་བྱེད་པ་སོགས་གང་དྲག་གིས་ཤར་བསྐྱོད་བྱས་ཏེ་གླག་རྒོད་ ལ་རྩེ་བརྒལ་ནས་སྦྱོར་ར་ཞེས་པའི་གྲོང་སྡེ་ཆུང་ཆུང་དེར་འབྱོར། ས་ཁུལ་དེ་གའི་ཡུལ་མི་ཚོས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་དེ་ནུབ་༧གོང་ས་མཆོག་ སྟོན་འཁོར་སྦྱོར་ར་དགོན་པར་བཞུགས་ཞག་མཛད།
      ཕྱི་ཉིན་ བོད་ཟླ་ ༢ ཚེས་ ༢༠ ལ་སྦྱོར་ར་ནས་ཆིབས་ཐོན་གྱིས་ཤར་བསྐྱོད་མཛད། ས་ཁུལ་དེའི་རི་ཀླུང་ཡོངས་རྫོགས་ཁ་བས་བཀབ་ནས་གྲང་ལྷགས་ཀྱིས་མདུན་བསྐྱོད་དཀའ་ བར་བྱས། འོན་ཀྱང་དུས་ཚོད་གཉན་འཕྲང་ལ་འཁེལ་ཡོད་སྟབས་མུ་མཐུད་ནས་ཕེབས་བསྐྱོད་གནང༌། དཀར་པོ་ལ་ཞེས་པའི་རི་བོ་དེ་བརྒལ་ནས་གངས་དཀྱིལ་ཞིག་ཏུ་ཕེབས་པ་དང༌། ནམ་མཁའ་ནས་ལས་རྟགས་དང༌།
ཁ་བྱང་གང་ཡང་མི་གསལ་བའི་གནམ་གྲུ་ཞིག་ཤིན་ཏུ་དམའ་བོས་ལྡིར་སྐོར་བྱེད་ནས་ འཕུར་བྱུང་བ་དང༌། ཨ་རིའི་སྲུང་སྐྱོབ་ཀྱི་གནམ་གྲུ་དང༌། རྒྱ་མིའི་རྗེས་འདེད་ཀྱི་གནམ་གྲུ་གང་ཞིག་ཡིན་པའི་ཐག་གཅོད་མ་ནུས་པར་སྐུ་འཁོར་ ཡོངས་རྫོགས་ཚབ་ཚུབ་ཏུ་གྱུར་ཏེ་རྟ་ལས་བབ་ནས། ལ་ལ་བྲག་གསེབ་དང༌། ལ་ལ་ཤིང་གསེབ་སོགས་སུ་འཛུལ་ནས་གབ་ཡིབས་བྱས།
 ཆུ་སྒང་བསྟན་སྲུང་དྭངས་བླང་ དམག་མི་ཚོས་ཕྱི་ཀྱེད་དང་ཐེ་ཚོམ་སྤུ་རྩེ་ཙམ་ཡང་མེད་པར་གནམ་གྲུ་དེ་ལ་གཏད་ནས་ སོ་སོས་མེ་མདའ་རྒྱག་གྲབས་བྱས། ༧གོང་ས་མཆོག་གིས་ཐོལ་བྱུང་དུ་མེ་མདའ་རྒྱག་མི་ཉན། ཚུར་རྒོལ་བྱེད་མ་བྱུང་ན་ང་ཚོ་ཁུ་སིམ་མེར་སྡོད་དགོས་ཅེས་གསུངས་པ་དང་གཞི་ནས་ བསྟན་སྲུང་དྭངས་བླང་དམག་མི་ཚོ་རང་སར་འཇབ་ཡིབས་བྱས་ནས་བསྡད།
སྟབས་ལེགས་པ་ཞིག་ལ་གནམ་གྲུ་དེས་སྐྱར་དུ་ལྡིང་བསྐོར་མ་རྒྱག་པར་ཐད་ཀར་བྱང་ཤར་ ཀྱི་ཕྱོགས་སུ་འཕུར་སོང༌། གོང་གསལ་གནམ་གྲུ་དེ་ཉིད་ད་ལྟའི་བར་རྒྱལ་ཁབ་སུའི་ཡིན་པ་དང༌། ལས་འགུལ་གང་ཞིག་གི་ཆེད་ཡིན་པ་སུས་ཀྱང་གསལ་པོ་ཤེས་མེད། དེ་ཉིན་༧གོང་ས་མཆོག་ཕེབས་ལམ་དུ་འཇིགས་དངངས་ཙམ་མ་གཏོགས་སྐུ་འཁོར་སྲུང་དམག་ དང་བཅས་པར་འགལ་རྐྱེན་གང་ཡང་མ་བྱུང༌།
སྦྱོར་ར་དགོན་ནས་ཆིབས་བསྒྱུར་མཛད་པ་ནས་བཟུང་ལི་ཐང་ཨ་ཐར་ནོར་བུ་དང༌། བློ་ཚེ་གཉིས་ཏར་འཕྲིན་ཡོ་ཆས་ཆ་འགྲིགས་ཀྱིས་གོང་ས་མཆོག་དང་རྒྱ་གར་ས་མཚམས་བར་ ལྷན་བཅར་ཞུས་མཉམ་བསྐྱོད་ཐོག་ཨ་རི་གསང་བའི་ལས་ཁུངས་དང་ཕན་ཚུན་གནས་ཚུལ་གཏང་ ལེན་གྱི་ཞབས་ཞུ་གང་ནུས་ཞུས། དེ་ནུབ་མཚོ་སྣ་ཁུལ་གྱི་གོ་བོ་ལ་མོ་བརྒལ་ནས་མཚོ་སྣ་དགོན་དུ་ཕེབས།
     མཚོ་སྣ་རྫོང་ཁུལ་གྱི་མི་དམངས་ཚོས་ཕེབས་བསུ་གྲ་རྒྱས་བྱས་ཏེ་མཚོ་སྣ་དགོན་པའི་ རྩེ་གཟིམས་ཆུང་དུ་གདན་འདྲེན་ཞུས། ས་གནས་དེར་ཉེ་སྔོན་ལྷ་ས་དྲག་གནོན་བྱེད་དུས་བྲོས་བྱོལ་དུ་ཤར་བསྐྱོད་བྱས་པའི་ བོད་གཞུང་གི་སྐུ་དྲག་འགའ་ཞིག་དང༌། བྲག་གཡབ་ཆེ་ཚང་བློ་ལྡན་ཤེས་རབ་སོགས་ཀྱང་ཕེབས་གྲུབ་པ་ནས་༧གོང་ས་མཆོག་ལ་མཇལ་ ཕྱག་ཞུས།
          དེའི་ཕྱི་ཉིན་བོད་ཟླ་   ༢   ཚེས་   ༢༡   ལ་ཆིབས་ཕེབས་ཀྱིས་མཚོ་སྣའི་མངའ་ཁོངས་མང་མང་དུ་ཞབས་སོར་འཁོད། ཨ་རི་གསང་བའི་ལས་ཁུངས་ནས་རྒྱ་གར་གཞུང་ལ་འབྲེལ་མཐུད་བྱས་དོན་བཞིན་གོང་གསལ་ ལྟར།
རྒྱ་གར་གཞུང་གིས་ཨ་རིའི་གཞུང་ཚབ་བརྒྱུད་ཨ་རིའི་གཞུང་ལ་ཏཱ་ལའི་བླ་མ་སྣེ་བསུ་ ཞུ་སྟངས་སྐོར་ཏར་འཕྲིན་བཏང་དོན་ལྟར་ཨ་རིའི་གསང་ལས་ཀྱིས་ལི་ཐང་ཨ་ཐར་ནོར་བུ་ ལ་རྒྱ་གར་སྲིད་བློན་ནཻ་ཧ་རུ་མཆོག་གིས་་༧གོང་ས་མཆོག་སྟོན་འཁོར་རྒྱ་གར་དུ་ ཕེབས་ཆོག་པར་མ་ཟད། དགའ་བསུ་དང༌།
འཚམས་འདྲི་ཞུ་ཆེད་འཕགས་བོད་ས་མཚམས་ཆུ་དང་མོ་ཞེས་པར་རྒྱ་གར་སྲིད་གཞུང་གིས་ ཕེབས་བསུ་སྒྲ་སྒྲིག་ཨང་གསར་བྱེད་ཀྱི་ཡོད་པའི་བཀའ་ལན་ཏར་འཕྲིན་འབྱོར། གཏམ་བཟང་དེ་ཉིད་ཏར་ཐོག་ནས་ཐོས་པ་དང་ཕ་ལྷ་མགྲོན་གཉེར་བརྒྱུད་༧གོང་ས་མཆོག་ལ་ སྙན་ཞུ་ཞུས། དེ་ཉིན་ྋགོང་ས་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོས། ཆུ་བཞི་སྒང་དྲུག་གི་དངས་དམག་འགོ་དམག་ཁྱོན་བསྡོམས་ཐུན་མོང་ལ།
བོད་དངུལ་ལྔ་ཁྲི་ཐམ་པ་དང་ཆབས་གཅིག་བསྔགས་བརྗོད་བཀའ་ཤོག་ཤིག་གནང་པ་དེའི་ནང༌།
 ཆུ་བཞི་སྒང་དྲུག་གི་དམག་དཔུང་འགོ་འདོམས་ཐུན་མོང་ལ་སྤྲོད།
ཆེད་ དོན། ད་ལམ་རྒྱ་བོད་ས་མཚམས་བར་ཆུ་བཞི་སྒང་དྲུག་གི་དམག་དཔུང་ཁོངས་ནས། འདི་གའི་ཕེབས་སྒྲོལ་ལམ་སྲུང་ཞབས་ཞུ་བར་བཅར་རིགས་འགོ་དམག་རྣམས་ནས་ཕེབས་ བགྲོད་བདེ་ལྡན་གྱིས་སྲི་ཞུ་ཟབ་འབུངས་ལེགས་འགྲུབ་ཞུས་སོང་བའི་ཐོག
ཕེབས་སྒྲོལ་འགོ་དམག་རྣམས་ཀྱང་དཀའ་ངལ་ཆེ་ཙམ་བྱུང་སོང་བས་འདི་ནས་ཤོག་དངུལ་ སྲང་ལྔ་ཁྲི་ཐམ་པ་རས་བསྒྲིལ་སྦུག་དམ་འབྱར་མ་ཟུར་བསྲིངས་སོང་དོན། ཁྱོད་རང་འགོ་འདོམ་ཐུན་མོང་ནས་ལམ་སྲུང་ཞབས་ཞུ་འགོ་དམག་རྣམས་ལ། མོས་སྙོམས་ཆ་གསེས་ཀྱིས་ངོ་མ་སོ་སོའི་ལག་ཏུ་འཕྲལ་འཕྲོད་འཐུས་ཚང་ཡོང་བ་གྱིས། ལེགས་སོ་བཞུགས་སྒར་ནས། ས་ཕག་ཟླ་ ༢ ཚེས་ ༢༡ བཟང་པོར་བྲིས།
ཞེས་འཁོད་ཡོད་པ་རེད།འདིའི་སྐོར་ལན་ཚན་རྗེས་མ་ཨ་ཐར་ནོར་བུའི་ལོ་རྒྱུས་ཟུར་དུ་ཕྱུང་པ་ལས་ཀྱང་ཕྱོགས་ཙམ་གསལ་བས་དེར་གཟིགས་དགོས།
          ཕྱི་ཉིན་བོད་ཟླ་ ༢ ཚེས་ ༢༢་ ལ་མང་མང་ནས་ཤར་ཕེབས་མཛད་ཅིང་སྐབས་དེར་༧གོང་ས་མཆོག་སྐུ་ཁམས་ཅུང་ཟད་མི་བདེ་ བས་གསོལ་སྨན་དྲངས་བ་དང༌། གཡག་ལ་ཞོན་ནས་ཕེབས་བསྐྱོད་མཛད། རང་གཞུང་སྐུ་འཁོར་རྣམ་པའི་ལམ་གྲོན་དངུལ་དངོས་སོགས་ཀྱི་ཆ་རྐྱེན་ཅི་ཡང་གྲ་ སྒྲིག་གནང་ལོང་བྱུང་མེད་སྟབས། ལི་ཐང་ཨ་ཐར་ནོར་བུ་དང༌།
བློ་ཚེ་གཉིས་ལ་ཏར་འཕྲིན་ཐད་ཀྱི་འགྲོ་གྲོན་གཏོང་ཆེད་ཧིན་སྒོར་ཉིས་འབུམ་གསང་ ལས་ནས་སྤྲོད་ཡོད་པ་འདི་༧གོང་ས་མཆོག་སྟོན་འཁོར་ལ་ཕྱག་སྣེ་འགྲོ་གྲོན་དུ་འབུལ་ ན་འགྲིགས་མིན་གྱི་ཏར་འཕྲིན་གཏོང་བས། ཨ་རི་གསང་བའི་ལས་ཁུངས་ནས་དེ་དོན་ཆོག་པར་མ་ཟད་དགའ་བསུ་ཡོད་པ་དང༌། ཕྱི་ཆད་ཁྱེད་རང་གཉིས་ལ་དངུལ་གྱི་ཐབས་ཆག་བྱུང་ན་ཏར་ཐོག་ནས་ལན་གཏོང་རྒྱུ་དང༌།
གསང་བའི་གནམ་གྲུ་བབ་ས་གཏན་འཁེལ་བྱུང་ན་ན་དངུལ་གྱི་རོགས་རམ་ལས་སླ་པོའི་ངང་ ནས་བྱེད་ཆོག་པའི་ཏར་ལན་འབྱོར། ཨ་རི་གསང་བའི་ལས་ཁུངས་ཀྱི་བཀའ་འཁྲོལ་བྱུང་སྟབས། ལི་ཐང་བློ་ཚེ་དང༌། ཨ་ཐར་གཉིས་ས་དབང་ཟུར་ཁང་དབང་ཆེན་དགེ་ལེགས་དང༌། ས་དབང་བཤད་ཟུར། སྐུ་སྲུང་མདའ་དཔོན། སྐུ་ངོ་དགའ་བྲང༌། མགྲོན་ཆེ་ཕ་ལྷ། སྣེའུ་ཤར་ཐུབ་བསྟན་ཐར་པ།
སྟག་བྲག་ཛ་སག་སོགས་བཞུགས་སར་བཅར་ཏེ་༧གོང་གསལ་ཧིན་སྒོར་ཉིས་འབུམ་གཙང་འབུལ་ ཞུས། ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་མཚན་མོར་དེར་ཁོང་གཉིས་ལ་མཇལ་ཁ་གནང་བ་དང༌། ད་ལན་ཆུ་བཞི་སྒང་དྲུག་ནས་གང་ཅིའི་ཐད་གྲ་སྒྲིག་འཐུས་ཚང་བྱས་པར་བཀྲིས་བདེ་ ལེགས་ཡོད། ཁྱེད་གཉིས་མི་སྒེར་མི་དཀྱུས་ཤིག་ཡིན་རུང༌། བོད་སྤྱི་པའི་ཐོག་འདི་ལྟ་བུའི་ཞབས་སྤྱི་ཞུས་པར་ཐུགས་རྗེ་ཆེ།
ཕྱིན་ཆད་ཀྱང་ལྷག་བསམ་རྣམ་དག་གིས་སེམས་ཤུགས་མ་ཆགས་པར་བོད་བསྟན་སྲིད་ལ་ཞབས་ ཞུ་གང་ཐུབ་ཐུབ་ཞུ་དགོས། མ་འོངས་པར་བོད་གངས་ཅན་གྱི་ཞིང་དུ་མཉམ་འཛོམས་དང་ཞི་བདེ་ལྷིངས་འཇགས་ཡོང་བའི་ སྐབས་ངས་རྩ་བ་ནས་བརྗེད་མི་ཡོངས་ཞེས་གསུངས་ནས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཕྱག་ཕྲེང་རྡོག་རེ་དང༌། འཇིགས་བྱེད་མ་ཧེ་ཆ་ཚང་རེ་དང་སྲུང་འདུད་རེ།
ཏར་ཁང་སྲུང་སྐྱོབ་བྱེད་མཁན་ཆུ་སྒང་དམག་མི་སུམ་ཅུ་སོ་ལྔ་ལ་འཇིགས་བྱེད་མ་ཧེ་ ཆ་ཚང་རེ་དང་སྲུང་འདུད་རེ་བཅས་གནང༌། མང་མང་ནས་ཕེབས་ཐོན་གནང་ཁར། སྐུ་སྲུང་དུ་ཡོད་པ་ཁ་དང་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་དང༌། ཀ་དང་སྐུ་སྲུང་བརྒྱ་དཔོན་བློ་བཟང་བཀྲིས་གཙོས་གཞུང་དམག་ལྔ་བཅུ་དང༌། འབའ་པ་ཕྱག་མཛོད་བཀྲིས་དང༌།
སྨར་ཁམས་བསྟན་འཕེལ་གཙོས་བསྟན་སྲུང་དྭངས་བླངས་དམག་ཁོངས་ནས་སྐུ་སྲུང་དམག་མི་ བརྒྱ་དང་སུམ་ཅུ་ཡོད་པ་བཅས། རྗེས་འདེད་རྒྱ་དམག་གནམ་ཐོག་ནས་ཉེ་སར་གཡུག་ དྭོགས་དང་བཙན་ས་ཁག་རྒྱ་ལག་ཏུ་ཤོར་རྒྱུའི་ཉེན་འགོག་ཆེད་ལྷུན་རྩེ་དང༌།
མཚོ་སྣ་ཁུལ་ཁག་ཏུ་ཕྱི་ལོག་གཏོང་གཏན་འཁེལ་བ་ལྟར་༧གོང་ས་མཆོག་ལ་མཇལ་ཕྱག་ཞུས་ རྗེས་གོང་རིམ་གྱི་བཀོད་འདོམས་ལྟར་ཕྱི་བསྐྱོད་བྱས་ཐོག་རྗེས་མར་རྒྱ་དམག་གིས་ རྗེས་འདེད་དམག་དཔུང་ཚོ་དང་འཆི་བ་སྲོག་བརྡོས་ཀྱི་རྒོལ་འཛིངས་རབ་དང་རིམ་པར་ བྱས་ནས་མང་ཆེ་བ་ནི་གཡུལ་སར་འདས་གྲོངས་སོང་ཞིང་དམག་འཐབ་ཁྲོད་ནས་ཤི་འཛིངས་ ཐེངས་མང་བྱས་ཀྱང་འཆི་རྐྱེན་མ་བྱུང་བའི་དཔའ་
བོ་ཉུང་ཤས་ཤིག་འཕགས་ཡུལ་དུ་ད་ལྟ་ཡང་འཚོ་བཞིན་ཡོད་པ་ལགས་སོ།
       གོང་གསལ་ཨ་རི་གསང་བའི་ལས་ཁུངས་ཀྱིས་ཆུ་སྒང་དམག་ཁོངས་ཨ་ཐར་ནོར་བུ་དང༌། བློ་ཚེ་གཉིས་ལ་ཏར་འཕྲིན་བཏང་ལན་གྱི་ལོ་རྒྱུས་འདིའི་ཐོག་ནས། གཅིག་ན་༧གོང་ས་མཆོག་རྒྱ་གར་དུ་ཕེབས་རྒྱུ་གཏན་འཁེལ་བྱུང་བའི་ལན་བརྡ་འཕྲོད་པ་ དང༌། གཉིས་ན་ཕེབས་ལམ་ཐོག་གལ་སྲིད་རྒྱ་དམག་མྱུར་བསྐྱོད་ཀྱིས་འགོག་རྒོལ་བྱུང་ན་ཨ་ རིས་ཐད་ཀར་སྐུ་སྲུང་གཏང་རྒྱུ།
གསུམ་ན་རྒྱ་གར་སྲིད་གཞུང་ལ་ཨ་རིའི་ངོས་ནས་ཞུ་སྐུལ་གནང་བ་བཅས་ཀྱི་ཐག་གཅོད་ གསལ་པོ་བྱུང་བས། རང་ཕྱོགས་ནས་༧གོང་ས་མཆོག་གི་སྐུ་ཕྱའི་ཉེན་འགན་སྲུང་སྐྱོབ་ཀྱི་ཆ་རྐྱེན་འཕར་ བསྣོན་བྱུང་བ་དང༌། མ་འོངས་པའི་མདུན་ལྗོངས་ལ་བསྐྱར་དུ་རེ་བ་དང་འཆར་འགོད་བྱེད་རྒྱུའི་གདེང་ཚོད་ རྙེད་པ་བཅས་གསལ་པོ་མཚོན་ཡོད་ཅིང༌།
གནས་ཚུལ་ལོ་རྒྱུས་འདི་དག་ནི་ཨ་རི་གསང་བའི་ལས་ཁུངས་ནས་བཏོན་པའི་དེབ་དེའི་ནང་ གསལ་པོར་བཀོད་འདུག་ལ། ལི་ཐང་ཨ་ཐར་ནོར་བུ་དང༌། ལི་ཐང་བློ་ཚེ་གཉིས་ཀྱི་སོ་སོའི་མི་ཚེའི་ལོ་རྒྱུས་ནང་དུའང་གསལ་པོར་བཀོད་ཡོད་ པ་རེད། ང་ཚོས་ཉེ་རབས་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཐེངས་གཅིག་གཟིགས་ནས། དོན་དངོས་ཀྱི་གནས་ལུགས་ལ་ཆེ་ཆུང་དང་ལྕི་ཡང་གི་དབྱེ་ཐག་གཅོད་དགོས།
ང་ཚོས་གྲིབ་གཟུགས་དང་གདོན་འདྲེ་ནོར་ནས། ཡིག་དྲུག་གི་གྲངས་ཀ་བགྲངས་ན་ཡང་གནས་ལུགས་ལ་འགྱུར་བ་འགྲོ་མི་ཐུབ། རྟོག་གེ་དང་ཚན་རིག་གིས་ཇི་ཙམ་བརྟག་ཀྱང་གསེར་དང་ར་གན་གྱི་རིན་ཐང་གོ་ལྡོག་ ཐེབས་མི་སྲིད།
སྐྱེ་བོ་འགའ་རེའི་ལོ་རྒྱུས་དང་དེབ་ཐེར་གྱི་ཐུར་འོག་ཏུ་བདེན་དོན་དངོས་བྱུང་ རྣམས་ཀྱི་ཁ་སྲུབ་ཇི་ཙམ་བྱས་ཀྱང་ལོ་རྒྱུས་དང་དེབ་ཐེར་བརྫུན་བཟོ་བྱེད་མཁན་རང་ ཉིད་ཀྱི་རིན་ཐང་ལ་ཆག་གྲུམ་བཏང་བ་ལས། དངོས་བྱུང་གི་ལོ་རྒྱུས་དུས་ནམ་ཡང་ནག་གསུབ་གཏོང་མི་ཐུབ།
          ལྷུན་རྩེ་རྫོང་དུ་སྲིད་གཞུང་གསར་པ་བཙུགས།།
          བཀྲ་ཤིས་མཛད་སྒོ་སྤེལ་བའི་དུས་སྟོན་སྐབས།།
          རང་བྱུང་འབྱུང་བའི་ཀློང་ནས་འབྲུག་སྒྲ་སྡིར།།
          རང་དབང་བསྐྱར་གསོ་ཐུབ་པའི་རྟེན་འབྲེལ་འགྲིགས།         


༼33༽

ྋགོང་ས་མཆོག་སྟོན་འཁོར་ཆིབས་བསྒྱུར་སྐོར་གྱི་གནས་ཚུལ་ལི་ཐང་ཨ་ཐར་ནོར་བུའི་ལོ་རྒྱུས་ལས་ཟུར་དུ་ཕྱུང་བ།

 
 ལྷ་ ས་ནོར་གླིང་ཕོ་བྲང་ནས་མགྲོན་ཆེ་ཕ་ལྷ་བའི་བཀའ་ཡིག་ཕེབས་དགོངས་སུ་༧གོང་ས་ མཆོག་ལྷོ་ཁ་ཕྱོགས་སུ་ཕེབས་རྩིས་ཡོད་པས་ཕྱི་རྒྱལ་ལ་འབྲེལ་བ་ཞུ་དགོས་ལུགས་ དང༌།
ངེད་གཉིས་ལྷ་ས་དང་ཐག་ཉེ་བ་ཞིག་ལ་འཕྲལ་བཅར་དགོས་ལུགས་ཀྱི་བཀའ་ཡིག་གཉལ་ལྷུན་ རྩེ་རྫོང་དུ་ཉིན་མ་སྔ་རྗེས་སུ་བསྟུད་བསྟུད་མར་འབྱོར་བས་ངོས་གཉིས་གྲོས་ བསྡུར་གྱིས་ནམ་རྒྱུན་ལྟར་ན་ཉིན་ཞག་དྲུག་གི་ལམ་བར་ཡང༌། ༧གོང་ས་མཆོག་གི་སྐུ་ཕྱ་སོགས་ཀྱི་ཉེན་ཁར་བརྟེན་ཉིན་མཚན་བསྒྲིལ་ཏེ་ལྷུན་རྩེ་ རྫོང་ནས། ཤོག་བུ་ལ། དེ་ནས་ཨེ་ཆུ་མདོ་རྒྱང་དུ་འབྱོར།
དེ་ནས་ཡར་སྟོད་བྲག་ལ་བརྒྱབ་སྟེ། ཡར་ལུང་ཕུ་ནས་བློ་ཚེ་ལ་དམག་རྫས་རྟ་དྲེལ་དང་བཅས་པ་མཉམ་དེད་ཀྱིས་རྗེས་སུ་ ཡོང༌། ཕྲན་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ཉེ་འགྲམ་དུ་འབྱོར་སྐབས་༧གོང་ས་མཆོག་སྐུ་ འཁོར་མཇལ་འཕྲད་བྱུང༌། ཡར་ལུང་ཕོ་བྲང་དུ་བསྐྱོད་དེ་ཆུ་སྒང་ལ་གོ་ལག་མེད་པའི་དམག་ཧྲག་བསྡུས་མི་གྲངས་ བརྒྱ་དང་ལྔ་བཅུ་གཏོང་དགོས་ལུགས་ཀྱི་བཀའ་མོལ་ཞུ་རྒྱུ་བྱས།
བློ་ཚེ་ནས་གོ་ལག་རྣམས་ཚུར་འཁྱེར་ཏེ་ཡོང་རྒྱུའི་འཆར་གཞི་བཟོས་ཟིན་མཚམས་ཕྲན་ མཉམ་ཏར་ཆས་དང་སྦྲགས་མི་གྲངས་བདུན་བཅས་ཐོན་བསྐྱོད་སྐབས་ཡར་སྟོད་བྲག་ལར་ འབྱོར་དུས་རྒྱལ་ཡུམ་ཆེན་མོས་གཙོས་ཡབ་གཞིས་སྐུ་འཁོར་དང༌།
ཡོངས་འཛིན་རྣམ་གཉིས་གཙོས་སྐུ་འཁོར་ཁག་གཅིག་ཞབས་བཅགས་བཀྲིན་ཆེ་བྱུང་བ་རྣམས་ ནས་ཁྱེད་ཚོ་སུ་ཡིན་གར་འགྲོ་ཞེས་བཀའ་འདྲི་གནང་བྱུང་བས་ང་ཚོ་གཉལ་ནང་ས་སྲུང་ ཡིན་ཚུལ་དང༌། ༧གོང་ས་མཆོག་ཕེབས་བསུར་ཡོང་དགོས་ཆུ་སྒང་ལས་ཁུངས་ནས། གནས་ཚུལ་འབྱོར་དོན་ལྟར་ཕེབས་བསུར་བཅར་མི་ཡིན་ཚུལ་ཞུས།
དེ་ནས་རིམ་བསྐྱོད་སྐབས་འཕྱོངས་རྒྱས་རི་བོ་བདེ་ཆེན་ལ་འགོར་༧གོང་ས་མཆོག་འཇལ་ འཕྲད་བྱུང་སྐབས། ༧གོང་ས་མཆོག་ནས་ཁྱེད་ཚོ་སུ་ཡིན་གར་འགྲོ་ཞེས་བཀའ་འདྲི་གནང་བྱུང་བས་ང་ཚོ་ཨ་ འབྲུག་ཚང་གི་སྐོར་སྲུང་ཡིན་ཚུལ་ལས། ཏར་ཁང་ལས་འཛིན་ཡིན་ཚུལ་ཞུ་སྟབས་བདེ་མིན་གྱིས། ༧གོང་ས་མཆོག་དོ་ནུབ་བཞུགས་བཞག་གནང་སར་སྐུ་བཅར་གྱིས་གནས་ཚུལ་ཞུ་རྒྱུ་ཡོད་ ཚུལ་ཞུས་པས།
༧གོང་ས་མཆོག་ནས་མགྲོན་ཆེ་ཕ་ལྷ་རྗེས་སུ་ཡོད་པས་དེ་མདུན་བཀའ་མོལ་ཞུ་འཐུས་ཆོག་ ལུགས་གསུངས་སྟབས་ཕལ་ཆེར་ཏར་ཁང་ལས་བྱེད་ཡིན་པ་མཁྱེན་སོང༌། དེས་ན་ང་ཚོས་མགྲོན་ཆེ་ཕེབས་སྒུག་ཞུ་སྐབས་གང་འཚམས་ཞིག་ནས་ས་དབང་ཟུར་ཁང་དང༌། མགྲོན་ཆེ་སོགས་ཕེབས་འབྱོར་བྱུང་བསྟུན་ལམ་སེང་ཕྲན་ངོ་ཤེས་ཏེ། མགྲོན་ཆེ་ནས་ས་དབང་ཟུར་ཁང་གཙོས་ཁྱེད་རྣམས་སྔོན་ཙམ་ཕེབས་རོགས།
ངེད་གཉིས་ཕྲན་བུའི་བཀའ་མོལ་ཡོད་ལུགས་གསུང་སོང་བས། མི་ཚང་མ་ཇི་ཡིན་ནམ་བསམ་པའི་དོགས་སྐྱེས་བྱུང་སོང༌། དེ་ནས་མགྲོན་ཆེ་མཆོག་ནས་ཁྱེད་རང་གཉིས་འདི་གར་འབྱོར་བར་ངས་འཚམས་འདྲིས་བཀྲིས་ བདེ་ལེགས་ཡོད།
དེ་ནུབ་བཞུགས་ཞག་གནང་སར་རང་གཉིས་ཞིབ་ལྷོད་ཀྱིས་སྐད་ཆ་དགོས་ལུགས་གསུང་དོན་ ལྟར་ཡོངས་འཛིན་གླིང་རིན་པོ་ཆེའི་གཞིས་དགོ་ཆོས་སྡེ་དགོན་དུ་བཞུགས་ཞག་གནང་ སོང་བས་ཕྲན་ངོ་བཅར་གྱིས་ལོ་རྒྱུས་ཆ་ཚང་ཞུས། མགྲོན་ཆེ་མཆོག་ནས་ཕྱི་ཉིན་ཁྱེད་རང་༧གོང་ས་མཆོག་མཇལ་བཅར་དགོས་ལུགས་ཀྱིས་བཀའ་ ཕེབས་བྱུང༌།
དེའི་དགོང་མོར་ཨ་རིར་༧གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་བྲོས་བྱོལ་དུ་ཕེབས་ དགོས་བྱུང་ཚུལ་དང༌། མགྲོན་ཆེ་ཕ་ལྷ་དང་གནས་ལུགས་རོབ་ཙམ་བཀའ་མོལ་བྱུང་བ་ལས་ཞིབ་ཁྲ་ད་ལྟ་བྱུང་མ་ སོང་རིམ་པས་བཀའ་མོལ་ཞུས་ཏེ་གནས་ཚུལ་འབུལ་འཐུས་ཞེས་ཏར་བཏང༌། ཚུར་ལམ་སེང་ཏར་ལན་དུ་ཁྱེད་རང་ནས་ལས་དོན་ཡག་པོ་བྱུང་འདུག་བཀྲིས་བདེ་ལེགས་ ཡོད།
༧གོང་ས་མཆོག་ལ་བཀྲིས་བདེ་ལེགས་ཞུ་དགོས་གསལ་བ་རྣམས་མགྲོན་ཆེ་མཆོག་ལ་ཞུས་པ་ ཁྱེད་རང་སྐུ་མདུན་མཇལ་བཅར་སྐབས་ངག་ཐོག་ནས་ཞུ་དགོས་གསུངས། དེ་ནས་༧གོང་ས་མཆོག་མཇལ་བཅར་གྱིས་ལོ་རྒྱུས་ཆ་ཚང་ཞུས་པ་མ་ཟད་༧གོང་ས་མཆོག་གི་ ཆིབས་ཞབས་སུ་བཅར་ཏེ་བསྐྱོད་མུས་སྐབས་ཕྲན་གྱི་རོགས་བློ་ཚེ་ནས་རྟ་དྲེལ་དེད་ དེ་ཡོང་བ་རྒྱང་ཤེལ་ནས་མཐོང༌།
སྐབས་དེར་ཡར་སྟོད་བྲག་ལའི་ལ་འགོར་བཀའ་བློན་ཁ་ཤས་དང་སྐུ་འཁོར་ལྷན་རྒྱས་སྐུ་ ངལ་གསོ་སྐབས་བཀའ་མོལ་ཞིབ་ཁྲ་གནང་སོང༌། མགྲོན་ཆེ་ནས་ས་དབང་ཟུར་ཁང་དང་ཁ་ཟུར་བཅས་ལ་ཕྲན་གྱི་ལོ་རྒྱུས་ངོ་སྤྲོད་གནང་ སོང༌། དེ་མཚམས་སྔོན་ནས་རོགས་རམ་གྱི་གོ་ལག་རྣམས་རང་དམག་བརྒྱ་དང་ལྔ་བཅུ་ལ་རིང་མདའ་ རེ་དང༌། མདེལ་གྲངས་གཅིག་བརྒྱ།
ཐུང་མདའ་ཅིན་གན་རེ་དང་མདེའུ་སུམ་བརྒྱ་རེ་བཅས་བགོས་བཀྲམ་བྱས། མེ་སྒྱོགས་ཨང་ལྔ་བཅུ་ང་བདུན་ཅན་གཉིས་ཡོད་ཁོངས་ནས་གཅིག་དམག་སྒར་ཨ་མ་ལ་ བསྐྱེལ་སར་བཏང༌། གཅིག་ཕེབས་ཞབས་མཉམ་དུ་འཁུར་རྒྱུའི་འཆར་གཞི་བཟོས། དེ་ཉིན་ཨེ་ཆུ་མདོ་རྒྱང་དུ་༧གོང་ས་མཆོག་ནས་ཕྲན་གཉིས་ཆེད་འགུགས་ཀྱིས་བཀའ་ སློབ་གནང་དོན།
ཁྱེད་རང་གཉིས་ལྷ་སར་འབྱོར་བ་ཤེས་རྟོགས་བྱུང་ཡང་གང་ཅིའི་ཐད་ངོ་ཐུག་མ་བྱུང་ བར་ཁྱེད་གཉིས་བློ་ཕམ་མ་བྱེད། ཁྱེད་གཉིས་འགྲོ་སྡོད་སྐོར་མགྲོན་ཆེ་དང་བཀའ་མོལ་ཡང་སེ་བྱུང༌། ཁྱེད་གཉིས་ཀྱི་ཏར་འཕྲིན་གཏོང་ཆས་ཇི་ཡོད་ཅེས་གསུངས་བྱུང་ཡང་དེ་གར་མི་མང་པོ་ ཡོད་སྟབས་སྤྱན་བསྟར་ཞུ་སྟབས་མ་བདེ་བས་ཏར་ཆས་ཆ་ཚང་ས་འོག་ཏུ་སྦས་གསང་ཡོད་ཚུལ་ ཞུས།
ཨ་རིར་འབྲེལ་བ་ཞུ་དགོས་རྣམས་བཀའ་སློབ་གནང་ཚེ་ལམ་སེང་ཐུབ་ངེས་ཞུས་པར་༧གོང་ས་ མཆོག་ནས་དེ་ག་རང་རེད། འོ་ན་ལག་ཆ་རྣམས་འཁྱེར་ཤོག་གསུངས་མཚམས་བློ་ཚེ་ནས་གོ་ལག་སྤྱན་ཞུ་ཕུལ། ཨ་ཐར་ནས་ལམ་སེང་ཨ་རིར་གནས་ཚུལ་ཏར་འཕྲིན་གཏོང་སར་སོང༌། ཨ་རི་ནས་ལམ་སེང་ཏར་ལན་དུ་༧གོང་ས་མཆོག་ལ་བཀྲིས་བདེ་ལེགས་གསལ་དོན་ལྟར་ལོ་ རྒྱུས་ཆ་ཚང་ཞུས།
༧གོང་ས་མཆོག་ནས་མཛད་རྣམ་གསར་བརྩམས་ནང་ཕྲན་ཨེ་ཆུ་མདོ་རྒྱང་དུ་འབྱོར་སྐབས་ ཕྱི་རྒྱལ་གྲོགས་པོ་འགའ་ཞིག་ནས་འཚམས་འདྲིས་འབྱོར་བྱུང་གསུངས་འདུག་པ་དེ་ཨ་རི་ ནས་ཕྲན་གཉིས་བརྒྱུད་ཏར་འཕྲིན་འབྱོར་བ་དེ་ཡིན་འདུག་བསམས། དེ་ནས་སང་སྔ་བར་ཨེ་ཆུ་མདོ་རྒྱང་ནས་ཕེབས་ཐོན་གྱིས་ཤོག་བུ་ལ་རྒྱབ་སྟེ་ཤོག་ བུའི་ནུབ་ཏུ་དགོན་པ་ཞིག་ཏུ་སྐུ་འཁོར་ལྷན་རྒྱས་བཞུགས་ཞག་གནང༌།
དེ་ནས་ཕེབས་ཐོན་གྱིས་གཉལ་ལྷུན་རྩེ་རྫོང་དུ་ཕེབས། དེ་སྐབས་མགྲོན་ཆེ་མཆོག་ནས་གཉལ་ལྷུན་རྩེ་རྫོང་དུ་བསྐྱོད་དེ་གྲོས་བསྡུར་གྱིས་ ཨ་རིའི་གཞུང་ལ་ཞུ་ཕྱོགས་ཇི་དགོས་བལྟ་རྒྱུ་ཡིན་ཚུལ་གསུངས། དེ་ནས་ ༡༩༥༩ ཟླ་ ༣ ་ཚེས་ ༢༥ ཉིན་གཉལ་ལྷུན་རྩེ་རྫོང་དུ་བོད་གཞུང་གསར་འཛུགས་དང་འབྲེལ། བོད་ལྗོངས་ཡོངས་ལ་ཡོངས་ཁྱབ་དྲིལ་བསྒྲགས་ཀྱིས་བཀའ་རྒྱ་སྤེལ།
ཆེ་བསྟོད་ཆེད་བློ་ཚེས་མེ་སྒྱོགས་གསུམ་རྒྱབ། ཨ་ཐར་ནས་གནས་ལུགས་རྣམས་ཨ་རིར་ཏར་འཕྲིན་བཏང༌། ལམ་སེང་ཏར་ལན་དུ་༧གོང་ས་མཆོག་ནས་བོད་གཞུང་གསར་འཛུགས་གནང་བར་བཀྲིས་བདེ་ལེགས་ དང༌། ཞབས་ཞུ་ཇི་དགོས་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ཚུལ་གསུངས་པ་སོགས་ཞུས། དེ་གར་ཁྱེད་ཚོའི་འཆར་གཞི་ཇི་ཡོད།
འདི་ནས་སྐུ་སྲུང་གཏོང་དགོས་ཡོད་ཀྱང་གཏོང་འཐུས་ཆོག་ལུགས་སོགས་གསུངས་པ་མགྲོན་ཆེ་མཆོག་ལ་ཞུས།
 ༧ གོང་ས་མཆོག་དང་སྐུ་འཁོར་ལྷན་རྒྱས་གནས་སྐབས་རིང་གཉལ་ལྷུན་རྩེ་རྫོང་དུ་བཞུགས་ ཞག་གནང་རྒྱུའི་གོང་བཀོད་འཆར་གཞི་ཡོད་ཀྱང་ལྷ་ས་ནས་བྲོས་བྱོལ་ཡོང་བའི་མི་ཁ་ ཤས་ཀྱི་ངག་ལམ་དུ། བསྟན་དགྲ་རྒྱ་དམར་ནས་རྩེ་ཕོ་བྲང་དང༌།
ནོར་གླིང་གཙོས་པའི་ས་གནས་འདྲ་མིན་ཐོག་མེ་སྒྱོགས་ཀྱིས་བསྟོར་སྐྱོན་ཧ་ཅང་ཆེ་ བ་བཟོས་ཚུལ་སྙན་སེང་ཞུས་འདུག་པས་བོད་གཞུང་ཚོགས་འདུ་ཞིག་གནང་སྟེ་༧གོང་ས་ མཆོག་འདི་གར་བཞུགས་བློས་བཟོད་མིན་གྱིས་རྒྱ་གར་དུ་ཕེབས་རྒྱུའི་ཐུགས་གཏན་ འཁེལ་སོང་བས་ཨ་རི་ནས་རྒྱ་གར་གཞུང་ལ་སྐུ་འཁོར་ཧྲག་བསྡུས་ཤིག་ཡོང་འཐུས་ཆོག་ པའི་བཀའ་མོལ་གནང་རོགས་ཞེས་པའི་ཏར་འཕྲིན་ལམ་སེང་
འབུལ་དགོས་དང༌། དེ་མཚུངས་རྒྱ་གར་ས་མཚམས་སུ་མི་ཞིག་གཏོང་དགོས་སོགས་བཀའ་ཕེབས་བྱུང་བར་རྒྱལ་ དོན་མཆོག་ནས་དཔར་ཁང་ལས་བྱེད་གཏོང་གནང་མཛད་སྐབས་བྱང་ཆུབ་སྦྱིན་པ་དང༌། ལྕང་ར་ལེགས་བཤད་གཉིས་ཚུར་ཡོང་སྐབས་མོན་རྟ་དབང་བརྒྱུད་ཡོང་ཡོད་སྟབས་ས་རྒྱུས་ ཡོད་ངེས་དང་ལག་འཁྱེར་ཡང་ཡོད་ལུགས་ཞུས་པས་དེ་གཉིས་གཏོང་གནང་མཛད་དགོས་དང༌།
ཨ་རི་ལ་འབྲེལ་བ་ཞུ་ཕྱོགས་སྐོར་ཞལ་ནས་གསུངས་པ་མ་ཡིན་པར་ཡིག་ཐོག་ཏུ་གནང་དགོས་ སོགས་ཞུས་དོན་ལྟར་གནང་བའི་ནང་འཁོད་དོན། ༧གོང་ས་མཆོག་འདི་ཁུལ་བཞུགས་བློས་བཟོད་མིན་གྱིས་སྐུ་འཁོར་ཧྲག་བསུས་ཤིག་རྒྱ་ གར་དུ་བཅར་འཐུས་ཆོག་པ་དང༌། ཀ་སྦུག་ཏུ་བཅའ་བཞུགས་རྒྱལ་དོན་བཅས་ལ་གནས་ལུགས་གོ་བསྡུར་ཡོད་པ་ཞེས་གསལ་དོན་ ལྟར་ལམ་སེང་ཏར་བཏང༌།
ཨ་རིས་ལམ་སེང་ཏར་ལན་འབྱོར་བའི་ནང་དེ་དོན་ཞུ་འཐུས་ཆོག་ལུགས་བརྗོད་འདུག་པས་ ལོ་རྒྱུས་རྣམས་མགྲོན་ཆེ་མཆོག་ལ་ཞུས། དེ་ནས་སང་སྔ་བར་༧གོང་ས་མཆོག་ཕེབས་ཐོན་གནང་སྐབས་ཏར་ཁང་ཡང་མཉམ་བཅར་གྱིས་གཉལ་ གྱི་ལ་འགོར་འབྱོར་མཚམས་ཏར་ཞིག་བཏང༌། དེ་དགོང་གཉལ་སྦྱོ་ར་དགོན་དུ་བཞུགས་ཞག་གནང༌།
སང་ཉིན་གཉལ་སྦྱོ་ར་ལ་འགོར་སྤང་གཞུང་ཞིག་ཡོད་ས་ནས་ཕེབས་སྐབས་བྱ་ཡུལ་ཕྱོགས་ ནས་གནམ་གྲུ་ཞིག་བྱུང་འཕྲལ་ཕྲན་གྱི་རོགས་བློ་ཚེ་ནས་མི་ཤིན་གྷན་གྲ་སྒྲིག་ བྱེད་སོང་ཡང་གནམ་གྲུ་དེ་རྒྱ་གར་ཕྱོགས་སུ་འགྲོ་སོང་བས་རྒྱ་གར་གྱི་མིན་ནམ་ བསམ་པ་བྱུང༌། དེ་ནས་རིམ་བསྐྱོད་ཀྱིས་ཕྱི་དྲོ་ཞིག་ཏུ་མཚོ་སྣར་འབྱོར་ཏེ་མཚོ་སྣ་དགོན་དུ་ བཞུགས་ཞག་གནང༌།
མཚོ་སྣ་དང་མང་མང་དབར་ལ་ཞིག་ཡོད་པ་དེ་མཐུར་གཟར་ཆེ་སྟབས་༧གོང་ས་མཆོག་ནས་ཆིབས་ གཡག་སྣ་ལོ་ཞིག་ཐོག་ཕེབས། དེ་ནུབ་མང་མང་ཞེས་པའི་ས་གནས་སུ་བཞུགས་ཞག་གནང་སྐབས་ཕྲན་ནས་མགྲོན་ཆེ་མཆོག་ལ་ བཀའ་འདྲི་ཞུས་དོན།
༧གོང་ས་མཆོག་གི་གཙོས་སྐུ་འཁོར་རྣམས་རྒྱ་གར་དུ་ཕེབས་དགོས་སྟབས་བོད་གཞུང་ནང་ མཛོད་ནས་གསེར་དངུལ་དང་ཕ་ལམ་སོགས་བསྣམ་རྒྱུ་ཡོད་དམ་ཞུས་པས་གསེར་དངུལ་ཕ་ལམ་ སོགས་ཕར་བཞག་གོ་ལག་ཀྱང་བཏོན་ས་རག་མེད། བོད་ཀྱི་ཤོག་དངུལ་དང༌། ཊམ་དཀར་ཕྲན་བུ་མཉམ་འཁྱེར་ཡོད་ལུགས་གསུང་སྐབས།
ཕྲན་ནས་གསང་བའི་ལས་དོན་དུ་ཏར་ཁང་གི་འགྲོ་གྲོན་གཏོང་བྱེད་རྒྱ་གར་སྒོར་མོ་ ཉིས་འབུམ་ཙམ་ཞིག་ཡོད་པས། ངེད་གཉིས་ནས་ཨ་རི་ལ་དངུལ་འབུལ་རྩིས་ཡོད་ལུགས་ཏར་ཞིག་གཏང་གི་ཡིན། ཞེས་ཞུས་ཏེ་ཨ་རི་ལ་ཏར་བཏང་བའི་ལན་དུ་༧གོང་ས་མཆོག་ལ་གང་དགོས་འབུལ་ལམ་ཞུས་ དང༌། ཁྱེད་གཉིས་ལ་དགོས་འཁོ་རིགས་བྱུང་ཚེ་ཆེད་མངགས་གནམ་གྲུ་གཏོང་འཐུས་ཆོག་ལུགས་ གསལ་སྟབས།
གོང་དངུལ་རྣམས་མགྲོན་ཆེ་མདུན་འབུལ་ལམ་ཞུས་རུང་ཁྱེད་རང་གཉིས་ནས་པད་ཤག་གང་དུ་ འབུལ་ལམ་ཡོད་པ་གསུང་དོན་ལྟར་ངོ་བཅར་ཞུ་སྐབས་བཤད་ཟུར་ས་དབང༌། ས་དབང་དབང་ཆེན་དགེ་ལེགས། སྐུ་སྲུང་མདའ་དཔོན། སྐུ་ངོ་དགའ་བྲང༌། མགྲོན་ཆེ་ཕ་ལྷ། སྣེའུ་ཤར་ཐུབ་བསྟན་ཐར་པ།
སྟག་བྲག་ཛ་སག་སོགས་བཞུགས་མདུན་དུ་གོང་གསལ་སྒོར་ཉིས་འབུམ་རྩིས་འབུལ་ཞུས་ ཁོངས་ནས་ཡོངས་འཛིན་རྣམ་གཉིས་ལ་སྒོར་ཁྲི་རེ་དང་སེར་སྨད་དང༌། རྒྱུད་སྨད་མཁན་པོ་རྣམ་གཉིས་ལ་སྟོང་ལྔ་རེ་གནང༌། དེ་མཚམས་ཁོང་རྣམས་ནས་རྒྱ་གར་སྒོར་མོ་དང༌།
བོད་དངུལ་རྣམས་འཛར་རྩིས་གནང་སྟེ་བོད་དངུལ་རྟ་སྒྲོ་དོ་བསྐུར་གནང་མཛད་འདུག་ པས་ཕྲན་མགྲོན་ཆེ་མདུན་བཅར་ཏེ་དངུལ་བརྗེ་ཚབ་གནང་དགོས་མེད། ཨ་རི་ནས་བཀའ་འཁྲོལ་ཡོད་པ་ཞིག་རེད་ཞུས་ཀྱང་བོད་དངུལ་གཞུང་ནས་བསྣམས་ཚེ་བེད་ སྤྱོད་མེད་ངེས་ལ་འདི་གར་བཞག་ན་ཕན་ཐོགས་ཡོང་ངེས་གསུང་བ་དེ་དོན་ཞུས།
དེ་མཚམས་༧གོང་ས་མཆོག་ཞལ་མཇལ་ཤོག་ཟེར་བའི་བཀའ་བཟང་སྤྱི་ཐོབ་སྐབས་ཕྲན་གཉིས་ གཙོས་ཏར་ཁང་གི་འགོ་མང་ཡོངས་རྫོགས་བཅར་འཐུས་ཞུས་ཀྱང་མགྲོན་ཆེ་མཆོག་ནས་སྔ་ འཕྲོས་ཁྱེད་རང་གཉིས་ལ་༧གོང་ས་མཆོག་ནས་བཀའ་སློབ་གནང་གི་རེད་བཞུགས་ཁང་ཆུང་ བའི་དཀའ་ངལ་ཡོད་ལུགས་གསུངས་དོན་བཞིན། གུས་གཉིས་སྐུ་བཅར་སྐབས་༧གོང་ས་མཆོག་ནས་བཀའ་སློབ་ཕེབས་དོན་དུ།
ད་ལན་ཁྱེད་གཉིས་དང་ཆུ་བཞི་སྒང་དྲུག་ནས་གང་ཅིའི་ཐད་གྲ་སྒྲིག་འཐུས་ཚང་བྱུང་ བར་བཀྲིས་བདེ་ལེགས་ཡོད། ཁྱེད་གཉིས་མི་སེར་མི་ཀྱུས་ཤིག་ཡིན་རུང༌། བོད་སྤྱི་པའི་ཐོག་འདི་ལྟ་བུའི་ཞབས་སྤྱི་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། སླད་ཀྱང་ལྷག་བསམ་རྣམ་དག་གིས་སེམས་ཤུགས་མ་ཆགས་པར་ཞབས་ཕྱི་གང་ཐུབ་ཐུབ་ཞུ་ དགོས།
མ་འོངས་པར་བོད་གངས་ཅན་ལྗོངས་ལ་མཉམ་འཛོམས་བྱུང་སྐབས་ངས་རྩ་བ་ནས་བརྗེད་མི་ ཡོང་ཞེས་བཀའ་བཟང་ཕེབས་བསྟུན་ཕྲན་གཉིས་ལ་༧རྒྱལ་དབང་སྐུ་གོང་མའི་ཕྱག་ཕྲེང་ རྡོག་རེ་དང༌། འཇིགས་བྱེད་མ་ཧེ་ཆ་ཚང་རེ། དེ་བྱིངས་ཏར་ཁང་སྲུང་སྐྱོབ་རང་དམག་སུམ་ཅུ་སོ་ལྔ་ལ། འཇིགས་བྱེད་མ་ཧེ་ཆ་ཚང་རེ་དང་སྲུང་མདུད་བཅས་གསོལ་རས་གནང༌། ཅེས་གསལ་ཡོད་ཅིང༌། འདི་ལས་ད་དུང་ཁ་གསལ་བ་ནི།
ཨ་རི་གསང་བའི་ལས་ཁུངས་ནས་གཏོན་པའི་དེབ་དེའི་ནང་འཁོད་འདུག   ལས་ཀྱང༌། ལམ་འཕྲང་དཀའ་ངལ་ཅན་ལ་རྟ་ཐོག་ཏུ་ཉིན་གཉིས་བགྲོད་དེ་བོད་མི་སྡོད་ཡུལ་ས་གནས་ མང་མང་ཟེར་བར་འབྱོར།
དེར་སྔོན་དུ་བཏང་བའི་ལས་བྱེད་པ་གཅིག་ང་ཚོ་སྒུག་སྡོད་བྱས་འདུག་པ་དེ་ནས་ང་ཚོ་ རྒྱ་གར་ནང་བསྐྱོད་འཐུས་རྒྱ་གར་གཞུང་གི་བཀའ་འཁྲོལ་བྱུང་བའི་གསར་འགྱུར་བཟང་ པོ་གོ་ཞིང༌། རྒྱ་གར་གྱི་དཔོན་རིགས་ཡོད་པའི་ས་སྣེ་དང་པོ་ཆུ་དྭངས་མོར་ང་ཚོའི་དོན་དུ་གྲྭ་ སྒྲིག་བྱེད་པ་ཡང་ཁོང་ནས་མཐོང་ཐོས་ཡོད་པ་རེད། དེའི་ནུབ་མོ་ང་ཚོ་བློ་དལ་བ་བྱུང༌།
ད་ཕན་ང་ཚོས་དགོང་ལྟར་ཕྱི་གོས་ཙམ་མ་གཏོགས་གྱོན་ཆས་མ་ཕུད་པར་ཉལ་བ་ཡིན། མང་མང་ནི་བོད་ཀྱི་ས་སྣེ་ཞིག་ཡིན་ཞིང༌། དེ་ལ་བགྲོད་ལམ་གཅིག་ལས་མེད་པ་དེར་ཁམས་པ་དང༌། དམག་མི་བརྒྱ་ཕྲག་འགའ་ཤས་ནས་སྲུང་འགོག་གི་གྲ་སྒྲིག་གང་ཐུབ་ཡོད་པར་བརྟེན། ང་ཚོར་རྒྱ་མིས་གནམ་ཐོག་ནས་འབོམ་མདེལ་མ་འཕངས་ན། གློ་བུར་དུ་ང་ཚོ་འཛིན་བཟུང་དང༌། བགྲོད་ལམ་འགོག་ཐབས་མེད།
ས་གནས་དེར་གནམ་གཤིས་སྡུག་ཤོས་ཤིག་བྱུང༌། ཞེས་དང༌།
          ཕྱི་ཉིན་སྔ་དྲོ་ཡང་ངོས་ནད་མནར་གྱིས་རྟ་བཞོན་མི་ཐུབ་ཀྱང༌། རྒྱབ་སྲུང་ཁམས་པ་དང༌། དམག་མི་ཚོའི་འགན་འཁུར་ཡང་དུ་གཏོང་དགོས་པར་བསམས་ནས་ཐོན་རྒྱུ་བྱས། ཐོན་ཁར་ཕྱིར་ལོག་བྱེད་མཁན་ཚོར་མཇལ་ཁ་དང༌། སྲུང་དངོས་སྤྲོད་དེ་ཁོང་ཚོས་བསྟན་སྲིད་མི་དམངས་ཀྱི་བདེ་དོན་དུ་བསམ་པའི་ སྙིང་སྟོབས་ལ་ཡི་རངས་ཤིང༌།
དགྲ་ཕྱོགས་སུ་རང་སྲོག་ཁ་ཙམ་མིན་པར་བློས་བཏང་གིས་བསྐྱོད་རྒྱུར་ཡིད་སྐྱོ་བ་ དང༌། དེ་ཉིན་རང་བོད་ས་བརྒལ་ནས་གཞན་ཡུལ་དུ་འགྲོ་རྒྱུ་ཡིན་པ་བློ་ཤིན་ཏུ་འཕྲེང་བ་ ཞིག་གི་ངང་དུ་སྡོད་ཞག་དང་ཐོན་བསྐྱོད་བྱས། ངའི་རྗེས་འབྲངས་ཚོས་ཁོ་བོའི་ལུས་ཁམས་དང་བསྟུན་ཏེ་མཛོ་ཞིག་ཐོག་བསྐྱོན་བྱུང་ བ་དེ་ནི་སེམས་ཅན་དལ་པོ་དང༌། གོམ་བགྲོད་བྱེད་སྟངས་ཟོ་བོ་ཞིག་འདུག
ང་ཚོའི་སྔར་གྱི་འགྲུལ་ལུགས་ལྟར་མཛོ་སྟེང་ཞོན་ཏེ་རང་ཡུལ་ནས་ཐོན་པ་ཡིན། ཞེས་གསུངས་འདུག
          ཨ་འབྲུག་དཔའ་བོའི་གསང་བའི་བཀའ་ལུང་བཞིན།།
          ཨ་རིའི་གསང་བའི་ལས་ཁུངས་ལ་གཏུགས་པའི།།
          ཨ་རེ་ཁམས་པའི་རྒྱལ་སྲུང་དགྲ་འཐབ་སྐབས།།
          ཨ་ཐར་ནོར་བུ་ནོར་བུ་དངོས་འདྲ་དྲན།།

༼34༽
བྱང་བསྐྱོད་ཨ་འབྲུག་དམག་དཔུང་གདན་ཞུས་ཀྱིས་ལྷ་རྒྱལ་
རིར་དམག་སྒར་ཨ་མ་དང་ལྷན་འཛོམས་བྱུང་བ།

 
          གོང་གསལ་ལྷུན་རྩེ་རྫོང་དུ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་བོད་ཀྱི་སྲིད་ གཞུང་ལྷུན་རྩེ་གནས་སྤོས་ཀྱི་ཁྱབ་བསྒྲགས་མཛད་སྒོ་གནང་བ་དང་འབྲེལ། བསྟན་སྲུང་དྭངས་བླང་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་ཨ་འབྲུག་མགོན་པོ་བཀྲིས་ལ། བོད་རྒྱལ་ཡོངས་དམག་སྤྱི་ཛ་སག་གི་གོ་གནས་གཟེངས་རྟགས་ཀྱི་བཀའ་ཡིག་གནང་བར་མ་ ཟད།
ཁོང་གིས་སྣེ་འཁྲིད་པའི་བྱང་བསྐྱོད་ཆུ་སྒང་དམག་དཔུང་ཅི་མགྱོག་གིས་ལྷོ་ཁུལ་ དུ་ཕྱིར་བསྐྱོད་དགོས་པའི་བཀའ་མངགས་གནང༌། ལྷོ་ཁུལ་ཡོད་པའི་ཆུ་སྒང་དམག་སྒར་ཨ་མའི་འགན་འཛིན་ལྷན་འཛོམས་ཐོག་བཀའ་བསྡུར་ གནང་སྟེ། ལྷ་སའི་ཕྱོགས་གང་ས་ནས་བྲོས་བྱོལ་དུ་ཡོང་བཞིན་པའི་སེར་སྐྱ་མི་དམངས་ཚོའི་ ཁྲོད་ ནས་ལོ་ན་གཞོན་པ་དང༌།
གོ་ལག་ཡོད་རིགས་རྣམས་ཟུར་འདོན་གྱིས་ཆུ་སྒང་དམག་ཁོངས་སུ་འཇུག་རྒྱུ་བྱས། སྐབས་དེ་འདྲ་ཞིག་ཏུ་རྩིས་དཔོན་རྣམ་གླིང་པ་དང༌། མཁན་མཆུང་བསམ་མཆོག ལྷོ་ཁའི་གཙོ་དྲག་དནང་འདུས་རྡོ་རྗེ། ཆུ་སྒང་གཙོ་འཛིན་རྣམ་པར་བཅས་ཀྱིས་ཁྲ་འབྲུག་ལྷ་ཁང་ནང་དུ་རྟེན་གསུམ་འདེགས་ འབུལ་དང་འབྲེལ། ལྷུན་རྩེ་རྫོང་དུ་གཞུང་གསར་འཛུགས་ལ་དགའ་བསུའི་རྟེན་འབྲེལ་མཛད་སྒོ་ཞིག་ཀྱང་ ཞུས།
༧གོང་ས་མཆོག་གི་བཀའ་མངགས་བཞིན་བྱང་བསྐྱོད་ཨ་འབྲུག་གོ་དམག་རྣམས་ ལྷོ་ཁུལ་དུ་ཕེབས་བསུའི་སྣེ་ལེན་ཞུ་མཁན་གཙོ་འཛིན་གཅིག་དང་དམག་སྤྱི་གཉིས་ཀྱི་ དཔུང་དམག་ཤར་བསྐྱོད་བྱེད་རྒྱུ་ཐག་བཅད་བྱུང༌། ཚོགས་འཛོམས་དེའི་ནང་གི་འགན་འཛིན་ཀུན་གྱི་དགོངས་འཆར་གཅིག་མཐུན་གྱིས་སྒ་བ་ གཙོ་འཛིན་གྲའུ་དཔོན་རིན་ཆེན་ཚེ་རིང་དང༌།
སྒ་པ་དམག་སྤྱི་ཚེ་རྒྱལ་གཉིས་ཀྱིས་སྣེ་འཁྲིད་པའི་སྒ་པ་རུ་ཤོག་གི་དྭངས་བླངས་ དམག་མི་ ༡༥༠ དང༌། དགའ་ལྡན་དམག་སྤྱི་རྒན་བུ་སྡུག་སོགས་ཀྱིས་སྣེ་འཁྲིད་པའི་དགའ་ལྡན་རུ་ཤོག་གི་ གྲྭ་དམག་ ༦༠ མི་ཧྲག་གོ་མཚོན་ཆ་འགྲིགས་ཐོག་དམིགས་བསལ་མེ་སྒྱོགས་འཕྲེལ་སྒྱོགས་གཅིག་ཁྱེར་ ཏེ་ས་ཕག་ཟླ་བ་ ༢ ཚེས་ ༢༣ ཉིན་དམག་སྒར་ནས་ལྷ་སའི་ཕྱོགས་སུ་ཕྱིར་བསྐྱོད་བྱས།
ཀླུ་གོང་གྲུ་ཁར་སླེབས་པ་དང་གྲུ་ཁ་གོང་འོག་ཡོངས་རྫོགས་ནས་བཙན་བྱོལ་དུ་ཡོང་ མཁན་སྐྱ་སེར་མི་དམངས་སྟོང་ཕྲག་མང་པོ་འཚང་ཀའི་ངང་ཡོང་གི་ཡོད་ཅིང༌། ལྷ་སའི་ཕྱོགས་སུ་ཕྱིར་བསྐྱོད་བྱེད་མཁན་ཆུ་སྒང་འགོ་དམག་ཁག་གཅིག་པོ་དེ་ལས་ གཞན་སུ་ཡང་མེད་པས་ཀོ་གྲུ་ཐོབ་རྩོད་མི་དགོས་པར་ཆུ་ཕར་ཁར་འབྱོར།
ལམ་བར་ནས་བྲོས་བྱོལ་ཡོང་མཁན་ཁྲོད་སྒ་བ་མི་རྟ་གོ་ཧྲག་ཅན་ཐུག་ཚད་གཙོ་འཛིན་ གྲའུ་དཔོན་གྱིས་ཕྱིར་འཁྲིད་བྱས་པས་སྒ་པ་རུ་ཤོག་གི་དཔུང་དམག་ཉིས་བརྒྱ་ཙམ་ འཕར། ཆུ་སྒང་དཔུང་ཁག་དེ་དག་ཀླུ་ཁང་གྲུ་བརྒལ་ནས་ཟངས་རིར་སླེབས་པ་དང༌། བྲོས་བྱོལ་དུ་ཡོང་མཁན་དགའ་ལྡན་ཕ་ར་རིན་པོ་ཆེ་ལ་མཇལ་ཁ་བྱས་ཏེ།
བྱང་བསྐྱོད་ཨ་འབྲུག་འགོ་དམག་ཕེབས་བསུ་འགྲོ་སའི་ལམ་སྣེ་གང་ཞིག་བཟུང་ན་བཟང་ ངོ་ཡོད་པའི་མོ་ལུང་ཞུས་པས། འོལ་ཁ་འགྲོ་སའི་ལམ་སྣེ་བཟུང་ནས་འགྲོ་ན་བཟང་ངོ་ཡོད་པར་མ་ཟད་དགྲ་མེད་ལྷིངས་ འཇགས་ཐོག་བསམ་དོན་ཡིད་བཞིན་འགྲུབ་པའི་བཀའ་ལུང་ཕྱིར་ཕེབས་གནང༌། འགོ་དམག་རྣམས་མུ་མཐུད་འོལ་ཁ་ཕྱོགས་སུ་ཤར་བསྐྱོད་བྱེད་རྒྱུ་ཐག་བཅད་ཐོག
དེ་ནུབ་ཆུ་སྒང་ཕོག་ཁང་གོ་འཇོ་དོན་གྲུབ་ཕུན་ཚོགས་ཡོད་སར་ཞག་བསྡད་བྱས། དེར་ཡོད་ཆུ་སྒང་དམག་མི་ཚོ་ལ། གཙོ་འཛིན་གྲའུ་དཔོན་གྱིས་མདེའུ་བརྒྱ་དང་ལྔ་བཅུ་རེ་སྤྲད། བོད་ཟླ་ ༢ ཚེས་ ༢༩ ཉིན་འོལ་ཁར་བསྡད་དེ། མེ་མདའ་དང༌། མེ་སྒྱོགས་ཚོད་ལྟ་བྱས། དེ་ནས་རང་དམག་རྣམས་འོལ་ཁའི་ཕྱོགས་སུ་རིམ་གྱིས་ཐོན་པའི་ལམ་བར་དུ།
ཆུ་སྒང་སྤྱི་ཁྱབ་བཀོད་འདོམས་པ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་སྨར་ཁམས་བྱང་ ཆུབ་རྒྱལ་མཚན་དང༌། རོགས་པ་བཅས་ལྷོ་ཁ་དམག་སྒར་ཨ་མར་བང་ཆེན་བཏང་བ་དང་ཐུག་འཕྲད་བྱུང་ཡང་ དེའི་ཕྱི་ཉིན་ཞོགས་པ་དམག་བརྡ་བཏང་བ་དང༌། སྒ་བ་དམག་སྤྱི་ཚེ་རྒྱལ་གྱིས་དམག་གི་རུ་དམར་བསྒྲེངས་ནས་དམག་སྣ་ཁྲིད། དགའ་ལྡན་དམག་སྤྱི་དགེ་བུ་སྡིག་གིས་རུ་མཇུག་བསྒྲིལ་ཏེ་གཤར།
གང་ཙམ་སླེབས་པ་དང་སྒ་པ་གཉིས་དང་ཐུག་བྱུང་བར་སུ་ཡིན་པ་དང་ནང་ནས་ཕེབས་པའི་ སྐོར་དྲིས་ཀྱང༌། རེ་ཞིག་དྲང་པོ་བཤད་མ་བྱུང༌། ཁྱོད་ཚོ་གང་དུ་འགྲོ་བ་ཡིན་ཞེས་དྲིས་བྱུང་བས་ཨ་འབྲུག་ཚང་ཕེབས་བསུར་འགྲོ་བ་ ཡིན་ལབ། གཞི་ནས་ཁོང་གཉིས་ཀྱིས་ལག་སྣེ་བ་རང་ནས་ཕེབས་ན་ཨ་འབྲུག་དམག་དཔུང་ཐུག་འཕྲོད་ ཡོངས་ཐུབ་ཟེར་ནས་སོང༌།
ཁོང་གཉིས་ནི་དེ་སྔོན་ལྷ་ས་ནས་ངོ་ཤེས་པའི་སྨར་ཁམས་པ་ཚང་པ་ཞིག་ཡོད་པ་དེ་རེད་ འདུག །དེ་ནས་ལ་ཆེན་པོ་ཞིག་འདུག་པ་དེའི་ལ་རྩེ་མ་སླེབས་ཙམ་ན་སྒ་པ་ཚེ་རྒྱལ་གྱིས་མ་ གིན་ཞིང་ར་ནང་མི་ཁ་ཤས་ཤོག་མཐོང་རྒྱུ་འདུག་པ་འདི་ཚོ་ཨ་འབྲུག་ཚང་ལུང་དམག་འདྲ་ བོ་འདུག་ཟེར་བ་ལྟར།
ངོས་རང་དཔོན་འཁོར་ལྔ་ཙམ་དེར་སོང་བས་ཁྱབ་ཨ་འབྲུག་མགོན་པོ་བཀྲ་ཤིས་རང་རེད་ འདུག་པས་གཞིས་ཐོས་མཉམ་འཛོམས་ཀྱི་དགའ་སྐྱོ་ཟུང་འབྲེད་དང་ངང་ཡུད་ཙམ་ལུས། དེ་ནས་དམག་དམངས་བཅས་གཟི་བརྗིད་མངོན་པར་མཐོ་བའི་ངང་འོལ་ཁ་ཞོལ་དུ་ཕེབས་པ་དང། ཕོག་ཁང་དུ་གཞི་བྱེས་དབུ་འཛིན་རྣམས་གྲོས་བསྡུར་ཐོག
བྱང་ནས་ཕེབས་པའི་དམག་བྱིངས་རྣམས་ཀླུ་གོང་གྲུ་ཁ་ཕྱོགས་སུ་བཏང༌། །དམག་སྤྱི་ ཚེ་རྒྱལ་གཙོས་རྟ་དམག་ཁག་གཅིག་ཟངས་རི་ཕྱོགས་རྒྱུད་ནས་བཏང༌། བརྒྱ་དཔོན་ཕྱག་མཛོད་བཀྲ་ཤིས་རྒྱལ་མཚན་སོགས་ཁག་གཅིག་གིས་གྲོང་ཆུང་དེའི་ནང་ གི་གྲུ་པ་ཡོངས་རྫོགས་བསྡུད་རུབ་བྱས།
དགའ་ལྡན་དགེ་བུ་སྡིག་གིས་སྲུང་སྐྱོབ་དང་བཅས་ཨ་འབྲུག་དཔོན་འཁོར་དང་གོ་མཛོད་ ཅ་ལག་རྣམས་གྲུ་ཐོག་ནས་གཙང་ཆུའི་ཕ་རོལ་དུ་བསྒྲལ་ཏེ་གྲོང་སྡེ་ཞིག་གི་ནང་དུ་ བསྡད་ཞག་བྱས། ངོས་གྲའུར་དཔོན་ཨ་འབྲུག་སར་སོང་ནས་གཞི་བྱེས་གཉིས་ཀྱིས་དམག་འཐབ་ཇི་བྱས་གནས་ ཚུལ་ཕར་ཚུན་གསལ་བཤད་ཞུས། སང་སྔ་དྲོ་ཐོ་ན་ལ་མོ་རྒྱབ་ནས་མར་ཙམ་སླེབས་པ་དང༌།
སྐུ་ངོ་རྣམ་གླིང་པའི་གཞི་ཀ་ཞིག་འདུག་པ་དེར་ལྷ་རྒྱལ་རི་ནས་ཆུ་སྒང་དམག་སྤྱི་ བློ་བཟང་སྙན་གྲགས་གཙོས་འགོ་དམག་ཁག་གཅིག་ཕེབས་བསུར་ཡོང་ནས་གྲ་སྒྲིག་བྱས་འདུག དེ་ནས་ཨ་འབྲུག་གཙོས་བྱང་བསྐྱོད་མགོ་དམག་ཧྲག་བསྡུས་དང་གོ་མཛོད་བཅས་བོད་ཟླ་༣་ ཚེས་༡་ཉིན་ལྷ་རྒྱལ་རིར་བདེ་བླག་ཏུ་ཐོན་ཞེས་བྲིས་ཡོད་པ་རེད།
          སྐབས་དེར་མོན་རྟ་དབང་ནས་དཀའ་ཤག་གིས་ལེགས་གསོལ་འཚམ་འཕྲིན་གྱི་བཀའ་ཡིག་ཕྱག་ བྲིས་ཤིག་འབྱོར་བྱུང་བ་དེའི་ནང་འདི་ལྟར་འཁོད་ཡོད་པ་རེད།
བསྟན་སྲུང་དྭངས་ བླང་དམག་སྒར་གྱི་ཞི་དྲག་འགོ་གཙོ་ཐོུང་ལ། ཐོ་དོན། ཁྱོད་རང་ཞི་དྲག་འགོ་གཙོ་ཐུན་མོང་ནས་བཏང་གནས། འདིར་ས་ཕག་ཟླ་ ༢ ཚེས་ ༢༥ ཉིན་འབྱོར་གསལ་༧སྙན་ཞུས་དོན་འབྲེལ་བཞིན། སྔོན་ཆུ་བཞི་སྒང་དྲུག་གི་དམག་དཔུང་འགོ་འདོམས་ཐུན་མོང་ནས་ཞུ་གསལ། ༧གོང་ས་༧སྐྱབས་མགོན་ཆེན་པའི་བོད་དང་རྒྱ་གར་གྱི་ས་མཚམས་བཙན་ས་ཞིག་ལ་བཞུགས་ འཇགས་ཡོང་བ་ཞིག་ལས།
ཕྱི་རྒྱལ་ས་ཐོག་ཏུ་ཆིབས་བསྒྱུར་བསྐྱང་ཐལ་མི་འབྱུང་བ་ནན་ཞུས་ལྟར། ལྷན་བཅར་སྐུ་སྲུང་ཞབས་ཞུ་འགོ་བྱེད་འབའ་པ་ཕྱག་མཛོད། སྨར་ཁམས་བསྟན་འཕེལ་གཉིས་ནས་ཀྱང༌། ཕྱོགས་མཚུངས་ཞུ་ནན་ཅི་ཆེར་ཞུས་སོང་ཡང༌། ད་ལམ་གྱི་གནས་གསལ་༧གོང་ས་སྐྱབས་མགོན་ཆེན་པོ་ཆིབས་ཞབས་བཏེགས་རྗེས་ལྷ་ལྡན་ རྒྱལ་ཁབ་ནས་གཞུང་ཞབས། གདན་སའི་བླ་གྲྭ། མི་དམངས༌།
དམག་བཅས་དེར་ཕྱོགས་རིམ་འབྱོར་གྱི་བརྗོད་གསལ། རྒྱ་དམར་ནས་ཁྲིམས་མེད་བཙན་གནོན་ཚོད་མེད་ཀྱིས་ཕོ་བྲང་ཡས་མས་དང༌། གཙུག་ལག་ཁང༌། འབྲས་སེར་གཙོས་དགོན་ཁག རི་ཁྲོད་ཁག གྲོང་ཁྱེར་སོགས་གང་སར་མེ་སྒྱོགས་གྲངས་མེད་རྒྱབ་པ། ཟླ་ ༢ ཚེས་ ༡༣།༡༤ ཉིན་སྟོད་ལུང༌། འཕན་པོ།
སེ་ར་བཅས་ལ་གནམ་ཐོག་ནས་འབོམས་སོགས་གང་བྱུང་འཕངས་ཏེ་མི་དམངས་བྱིང་པ་ཡན་ཆད་ གྲངས་ལས་འདས་པ་བསད་རྨས་ཀྱིས་རང་ཕྱོགས་ནས་ས་ཐོག་ཏུ་རྒྱ་དམར་མིག་མཐོང་མེད་པས་ རྒོལ་འཛིངས་བྱ་ཡུལ་མེད་པར་ཚང་མ་ས་ཤོར་ཟིན་ལུགས། དེ་ཕྱོགས་ཡས་མས་སུ་བསྐྱོད་འབྱོར་གཞུང་ཞབས་དང༌།
དམག་སོགས་ཚང་མ་ལྷོ་ཁུལ་ས་གནས་སོ་སོར་བཀག་བསྐྱིལ་གྱིས་དཔུང་ཡ་ནོན་ངེས་ལྷོ་ ཁུལ་ས་སྲུང་སོགས་ཞུ་སྒོ་ལྷོད་མེད་ཉིན་མཚན་ཞུས་མུས། ཡར་འབྲོག་དང༌། དྭགས་ཀོང་ཡུལ་ད་ལྟའི་ཆར་རྒྱ་དམག་མཐོང་ཐོས་བྱུང་མེད་པ་བཅས་བསོ་འོག་ཉིན་མཚན་ ལྷོད་མེད་ཞུས་ལུགས་དེ་གནད་རྣམས་བློ་ངེས་བྱུང་དོན་དམག་མཁོའི་འཕྲུལ་ཆས་མེ་ མདེལ་ཆེ་ཆུང་སོགས་ས་མཚམས་ཐབས་ཤེས་དཀའ་ཞིང༌།
ལྷག་པར་འདི་མུས་བོད་སྤྱི་དོན་རླབས་ཆེན་འགྲུབ་དཀའ་བསྟན་སྲིད་སྐྱེ་འགྲོ་སྤྱི་ དོན་རླབས་ཆེན་འགྲུབ་དཀའ་བསྟན་ཉིད་སྐྱེ་འགྲོ་སྤྱི་རླབས་སུ་ཆེ་ཁྱད་རྒྱ་གར་ས་ ཐོག་ཏུ་གདན་ཞུ་མི་བྱ་མཐུ་མེད་བྱུང་སོང་ཞིང༌།
ཕྱོགས་མཚུངས་རང་ཕྱོགས་ཞི་དྲག་འགོ་དམག་ཚང་མ་བསྟན་དོན་དམ་ཚིག་ཟོང་ཁ་གཅིག་ བསྒྲིག་ཐོག་ནས་མི་འགྲོས་ཚབས་ཆེར་མ་སོང་བའི་ས་སྲུང་མཁྲེག་བརྟན་གལ་ཐུབ་དགོས་ རྒྱུ།
ཡང་བསྟན་དགྲ་རྒྱ་དམར་འདི་བཞིན་ཁྲིམས་མེད་ལུགས་འགལ་ཁོ་ནར་བརྟེན་གནམ་ཐོག་ནས་ འབམ་སོགས་གང་བྱུང་རྒྱབ་ཚེ་དཔའ་ངར་ཇི་ལྟར་བྱས་རུང་རང་ཕྱོགས་ཀྱི་ལུས་སྲོག་ ཕུལ་དགོས་སོགས་ཆུད་ཟོས་རྩ་བརླག་ཏུ་ལས་མ་མཆིས་སྟབས་སྔ་འཕྲོས་དམག་དཔུང་འགྲོ་ ལྡོག་གི་བྱུས་ལ་མཁས་པའི་སྤྱིར་འཐེན་བྱེད་ཕྱོགས་ཐོག་ནས་གཞུང་ཞབས། གདན་སའི་བླ་ལས་གནད་ཆེ།
ཁྱོད་ཚོ་འགོ་བྱེད་བཅས་རང་ས་བུང་མེད་བརྟན་ཟིན་གྱི་རེ་ཞིག་བྲོས་བྱོལ་མི་བྱ་ཐེུད་ཤར་ན་ངོས་སྦྱོར་ཁ་གྲངས་ ༢༠ ཟུར་ཡོད་ལྟར་གྱི་ཐོག
དམག་བྱིང་གནས་སྐབས་སྲོག་གཡོལ་དགོས་རིགས་བཅས་ཀྱང་ཉམས་ཆུང་ཁྲིམས་མཐུན་ཐོག་གོ་ ལག་ས་མཚམས་སུ་རྩིས་འབུལ་ཞུས་ན་བཀག་མེད་བྲོས་བསྐྱོད་ཆོག་པ་ས་མཚམས་རྒྱ་གར་ གཞུང་གི་དཔོན་རིགས་ལ་བཀའ་མོལ་ཞུས་ཟིན་པས་ནང་དོན་སྙིང་བཅངས་ཀྱིས་ཕྱི་དྲགས་ མེད་པའི་བློ་རྩལ་ཟབ་འབུང་དགོས་རྒྱུ་བཅས་དེ་དོན་ཨ་འབྲུག་མགོན་བཀྲར་ཡང་འདི་ ཐོག་ནས་ནང་བསྡུར་དགོས་རྒྱུ་བཅས་ཡིད་འདོམས་ག
ྱིས། རྟ་དབང་བཞུགས་སྒར་འདབས་འབྲེལ་བཀའ་ཤག་ནས། ས་ཕག་ཟླ་ ༢ ཚེས་ ༢༩ ལ།
ཞེས་ འཁོད་ཡོད་པ་རེད།           ལྷ་རྒྱལ་རིར་ཆུ་སྒང་དམག་སྒར་དུ་ཡོད་པའི་ལྷོ་བྱང་དཔུང་ཁག་གཉིས་ཀའི་འགན་འཛིན་ རྣམས་མཉམ་འཛོམས་ཐོག ད་སྔོན་དཔུང་ཁག་སོ་སོས་རྒྱ་དང་གདོང་གཏུགས་ཀྱིས་དམག་འཐབ་ཇི་བྱས་དང་རྒྱལ་དབང་ ཐམས་ཅད་མཁྱེན་པ་སྟོན་འཁོར་རྣམས་ཕེབས་ལམ་གཙང་སེལ་ཐོག་ཕེབས་བསུ་དང་ཕེབས་ བསྐྱེལ་གྱི་བཀོད་སྒྲིག་ཇི་བྱས་སྐོར་སོགས་འཕྲོས་གླེང་གནང་མཐར།
སྤྱི་ཁྱབ་བཀོད་འདོམས་པ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་ལྷོ་ཁུལ་རྫོང་གཞིས་ དང་བཙན་ས་ཁག་ཏུ་སྔར་ཡོད་ས་སྲུང་ཐོག་དཔུང་སྣོན་དང༌། དཔུང་རྗེས་འདེད་རྒྱ་དམག་ལ་མུ་འཐུད་ནས་གདོང་ལེན་བྱེད་དགོས་པའི་དགོངས་འཆར་ བཏོན་པ་ལྟར། དམག་དཔོན་ལྷན་འཛོམས་ཐོག་མོས་མཐུན་དང་ཐག་བཅད་བྱས།
དེ་ནས་གཉེན་དུ་ཡོད་པའི་ཨ་རིའི་གསང་བའི་ཏར་འཕྲིན་ལས་བྱེད་པ་ཨ་ཐར་ནོར་བུ་དང་ བློ་ཚེ་གཉིས་ལྷ་རྒྱ་རི་དམག་སྒར་ཨ་མའི་ནང་བྱང་བསྐྱོད་ཨ་འབྲུག་འགོ་དམག་རྣམས་ ཕེབས་འབྱོར་གྲུབ་པས། ཕན་ཚུན་མཇལ་འཕྲོད་དགོས་པའི་གསང་བའི་བང་ཆེན་བརྫངས། ཨ་ཐར་དང་བློ་ཚེ་གཉིས་ལྷ་རྒྱ་རི་དམག་སྒར་ལྟེ་བའི་ནང་འབྱོར་བ་དང༌།
ཨ་འབྲུག་མགོན་པོ་བཀྲིས་མཆོག་དང་ཕན་ཚུན་མཇལ་ཐོག་དགའ་ཚོར་ཆེན་པོས་འཚམ་འདྲ་དང་ འབྲེལ། ད་སྔོན་ཁོང་གཉིས་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ལ། བསྟན་སྲུང་དྭངས་བླང་དམག་གི་གྲངས་འབོར་དང་གོ་མཚོན་གྱི་གནས་བབས། དེ་བཞིན་རྒྱ་དམག་གི་སྟོབས་ཤུགས་སོགས་རྒྱུ་མཚན་དང་གནས་ལུགས་གསལ་བཤད་རབ་དང་ རིམ་པ་མང་པོས་གོ་མཚོན་རོགས་རམ་ཞུས་པས།
ཨ་རི་གསང་བའི་ལས་ཁུངས་ནས་སྔོན་འགྲོའི་བླང་བྱ་འགའ་ཞིག་དང་འབྲེལ། དེ་དོན་རོགས་རམ་ཆོག་པའི་ཁས་ལེན་གནང་ཏེ། གོ་མཚོན་གཡུག་ས་གཏན་འབེབས་ལྟར་སྔ་ཕྱིར་གནམ་ཐོག་ནས་གོ་མཚོན་ཐེངས་གཉིས་གཡུག་ པའི་གོ་གྲངས་ཐོ་ཡིག་སྙན་སྒྲོན་ཐོག ད་དུང་མུ་འཐུད་ནས་གོ་མཚོན་གྱི་རོགས་རམ་གནང་གཏན་འཁེལ་ནའང༌།
གོ་མཚོན་གནམ་འབེབས་བྱེད་ས་ས་ཁུལ་དུ་མ་སྔ་ཕྱི་གཏན་འབེབས་ཀྱིས་རང་ཕྱོགས་དམག་ མིས་སྲུང་སྐྱོབ་དང་གྲ་སྒྲིག་བྱས་ཀྱང༌། རྒྱལ་ས་ལྷ་སར་ཟིང་འཁྲུགས་ལངས་བ་ནས་རྒྱ་དམག་ཧ་ཅང་མང་པོ་༧གོང་ས་མཆོག་གི་ཕེབས་ ལམ་རྗེས་བསྙབས་ཀྱིས་ལུད་བྱུང་བས་ད་སྔོན་གཏན་འབེབས་ཟིན་པའི་ས་ཁུལ་རྣམས་སུ་ གོ་མཚོན་གཡགས་ལོང་མ་བྱུང་གོང་མུ་མཐུད་ནས་ས་ཤོར་སོང་བས་ལམ་ལྷོངས་མ་བྱུང་ཡང༌།
ད་དུང་ང་ཚོས་ས་བཙན་ཆུ་བཙན་གཏན་བཟུང་ཐོག་རྒྱ་འགོག་ལས་འགུལ་མུ་མཐུད་ནས་སྤེལ་ རྒྱུ་དང་གོ་མཚོན་གཡུག་སའི་ས་ཁུལ་གཏན་འཁེལ་བྱེད་ཐུབ་ན། དེ་དོན་ཨ་རི་གསང་བའི་ལས་ཁུངས་ལ་ཏར་ཐོག་གསང་འཕྲིན་སྐྱེལ་བ་ཙམ་གྱིས་གོ་མཚོན་ རོགས་རམ་གནང་མིན་ཐེ་ཚོམ་མི་དགོས་པའི་གནས་ཚུལ་སྙན་འབུལ་ཞུས།
དམག་སྒར་ལས་ཁུངས་ཨ་མའི་ནང་ཆུ་སྒང་འགན་འཛིན་ལྷན་འཛོམས་ཐོག་རྒྱ་རྒོལ་བོད་ སྐྱོབ་ཀྱི་དྲག་པའི་ལས་འགུལ་མུ་འཐུད་ནས་སྤེལ་ཏེ་བོད་ཀྱི་ས་བཙན་གང་ཞིག་བཟུང་ ནས་ཨ་རིའི་གོ་མཚོན་རོགས་རམ་དང་ད་ཡོད་ཆུ་སྒང་དམག་མིའི་ཐོག་བཙན་བྱོལ་དུ་ཡོང་ མཁན་གྲས་ནས་ལོ་གཞོན་གོ་ཧྲག་ཅན་རྣམས་ལ་སློབ་གསོ་གཏོང་ནས་ཆུ་སྒང་དམག་ཁོངས་སུ་ འཛུལ་འཇུག་རྒྱུ།
༧རྒྱལ་དབང་ཐམས་ཅད་མཁྱེན་པ་སྟོན་འཁོར་རྒྱ་གར་ཕེབས་གྲུབ་པ་དང་བོད་ཀྱི་རྒྱལ་ས་ ལྷ་ས་ནི་རྒྱ་དམག་གིས་ཡོངས་ས་ཟུང་ཚར་བས། ད་ནི་སྔོན་མ་བཞིན་ཞི་འཇམ་བསྟུན་མཁས་བྱེད་རྒྱུའི་དུས་ཚོད་རྫོགས་ཚར་བས་ཆུ་ སྒང་འགོ་དམག་སྡེབས་རུབ་ཀྱིས་རྒྱལ་ས་ལྷ་སའི་བར་དཔུང་འཇུག་བྱེད་རྒྱུའི་གྲོས་ འཆར་བྱུང༌།
དེ་དོན་གནས་ཁག་གཞན་དུ་ཡོད་པའི་དམག་སྤྱི་ཁག་ལ་ཆུ་སྒང་དམག་སྒར་ཨ་མའི་ནང་ནས་ བང་ཆེན་བཏང་ཟིན་ཀྱང་སྐབས་དེར་རིས་མེད་ཆོས་ལུགས་ཁག་གི་བླ་སྤྲུལ་དགེ་བཤེས་ དང༌། དགེ་འདུན་པ། གཞུང་ཞབས་སེར་སྐྱ་གྲངས་ལས་འདས་པ་ཉིན་རེ་ནས་ཉིན་རེར་བཙན་བྱོལ་དུ་ཡོང་མཁན་མང་ དུ་འགྲོ་བ་བཞིན་ཡོད་པར་མ་ཟད།
དེ་དག་གི་ནང་ནས་གནད་ཡོད་མི་སྣ་མང་པོས་༧གོང་ས་མཆོག་ནི་རྟ་ནས་ཕེབས་འཐོན་ཟིན་ པ་རེད། གནས་སྐབས་རྒྱ་དམག་གི་དཔུང་ཤུགས་དང་དམག་འབོར་མདའ་རྫས། དམག་ཇུས་སོགས་གང་ས་ཅི་ཐད་ནས་རྒྱལ་ས་ལྷ་ས་ཕྱིར་འཕྲོག་བྱེད་རྒྱུ་ཤིན་ཏུ་ཁག་ པོ་ཡིན་པས་ཆུ་སྒང་འགོ་དམག་རྣམས་ལྷ་སར་དཔུང་འཇུག་བྱེད་རྒྱུ་དགེ་མཚན་མེད་པར་ མ་ཟད།
གལ་སྲིད་དཔུང་འཇུག་བྱེད་པའི་དབང་དུ་བཏང་ནའང་མི་བསད་རྟ་འགྱེལ་གྱི་གྱོང་ཁ་དང་ རྒྱ་དམག་བརྒྱ་སྐོར་སྟོང་སྐོར་ཙམ་བསད་པའི་མི་སྡིག་ཙམ་མ་གཏོགས་གཞན་བསྟན་སྲིད་ ལ་ཕན་པའི་ལས་འགུལ་འགྲུབ་རྒྱུ་ཁག་པོ་ཡིན་ལུགས་བཤད་པ་རྣམས་ལ་རྒྱུ་མཚན་དང་གནས་ ལུགས་མེད་པ་མིན་པས་ཆུ་སྒང་འགོ་དམག་སྡེབ་རུབ་ཀྱིས་ལྷ་ས་དཔུང་འཇུག་བྱེད་རྒྱུ་ ཕྱི་བཤོལ་བྱས།
སྔར་བཞིན་མུ་འཐུད་ནས་ཕྱི་འདེད་རྒྱ་དམག་ལ་བཀག་འགོག་གིས་གདོང་ལེན་བྱེད་རྒྱུ་ དང༌། ཕྱོགས་གཅིག་ནང་བཙན་བྱོལ་དུ་ཡོང་མཁན་བོད་རིགས་སེར་སྐྱ་རྣམས་ལ་རོགས་སྐྱོབ་ བྱེད་རྒྱུ་བྱས་ཏེ་རྩེད་ཐང་དང་ཀླུ་ཁང་གྲུ་ཁ། ཡར་འབྲོག་ཁུལ། ལྕེ་ལྡེ་ཞོལ། གྲ་ཕྱི་ནང༌། མཚོ་སྣ་སོགས་དམ་འཛིན་གྱིས་རྒྱ་རྒོལ་བྱེད་རྒྱུའི་གཏན་འཁེལ་བྱས།
 
          བྱང་བསྐྱོད་ཨ་འབྲུག་དཔའ་བོའི་དཔུང་སྡེ་དང༌།།
          ལྷོ་ཕྱོགས་དམག་སྒར་ཨ་མའི་མགོ་འཛིན་ཚོ།།
          ལྷ་རྒྱལ་རི་ལ་མཉམ་དུ་འཛོམས་པ་དང༌།།
          ཕྱི་འདེད་རྒྱ་དམག་འགོག་པའི་ལས་འགུལ་སྤེལ།།

 

                                      ༼35༽

    ཕྱིར་འདེད་རྒྱ་དམག་དང་མཐའ་མཇུག་གི་དམག་འཐབ་རིམ་པར་བྱས་པ།

 

          ༧གོང་ས་མཆོག་ལྷོ་ཁུལ་དུ་ཞབས་སོར་འཁོད་པའི་གནས་ཚུལ་རྒྱ་དམག་གིས་ཤེས་གསལ་ བྱུང་བ་དང༌། གློ་བུར་ཆབ་མདོ་དང༌། པྲ་མོག ཀོང་པོ། ཤོ་ལྷོ་སོགས་སུ་བཀྲམ་ནས་ཡོད་པའི་དམག་དཔུང་རྣམས་གཅིག་ཏུ་བསྒྲིལ་ཏེ་ལྷ་ས་དང༌། རྩེད་ཐང་རྒྱུད་ལྷོ་ཁའི་ཕྱོགས་སུ་མུ་མཐུད་ནས་དཔུང་འཇུག་ཐོག་སྐྱ་སེར་དང༌།
ཕོ་མོ་རྒན་བྱིས་ཁྱད་པ་མེད་པར་རྒྱ་མིའི་བསླུ་ཁྲིད་ཀྱི་དངུལ་ཕོགས་ཟ་མཁན་ཉུང་ ཤས་ཕུད། དེ་བྱིངས་མཐོང་ཚད་བསད་རྐྱང་བྱས་ཏེ། ཕྱོགས་གང་ས་ནས་རྒྱ་དམག་གྲོག་ཚང་བརྡོལ་བ་ལྟར་ལུད་ཡོང༌། དེ་ནི་གནས་ཚུལ་འདིའི་སྐོར་ཀྲུང་དབྱངས་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་བོད་དམག་ ཁུལ་ཁང་གིས་གློག་འཕྲིན་བཏང་བའི་ལན་དུ།
ཏཱ་ལའི་བླ་མ་བྲོས་བྱོལ་དུ་སོང་བ་དེའི་རྒྱབ་ཏུ་བཙན་རྒྱལ་རིང་ལུགས་ཀྱི་ངན་ སྐུལ་ཡོད་མེད་ཞིབ་འཇུག་དང༌། ཁོ་པ་ཕྱི་རྒྱལ་དུ་འགྲོ་རྩིས་དང༌། ཡང་ན་བོད་ཀྱི་ས་ཁུལ་གང་ཞིག་ཏུ་གབ་ཡིབས་བྱེད་འཆར་ཡོད་པར་བརྟགས་ནས། གང་ལྟར་དམག་གི་དྲ་རྒྱའི་འོག་ནས་མི་ཤོར་བར་འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་ བཀྲམ་པ་ལྟར། ལྷ་སྡོད་རྒྱ་དམག་གི་ཅུན་ཀྲང་ཀྲང་གོ་ཧྭ་དང༌།
ལས་རོགས་ཐང་ཀོན་སོན། ཀྲང་ཅི་ཨུ་བཅས་ཀྱིས་ཛ་དྲག་འ་འུབ་མི་འདུམ་པའི་གནས་སྟངས་འོག་བོད་ས་སྟོད་སྨད་ ཀྱི་རྒྱ་དམག་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས་ལྷོ་ཁའི་ཕྱོགས་སུ་དཔུང་བསྐྱོད་ རྩ་འཛུགས་ཀྱིས་དམག་བཀོད་བྱས་པ་དེ་རེད།
རང་ཕྱོགས་གཞུང་དང་ཆུ་སྒང་དམག་དཔུང་གི་འཆར་གཞི་ལའང་༧གོང་ས་མཆོག་བྲོས་བྱོལ་ ཏུ་ཕེབས་པའི་གནས་ཚུལ་འདི་རྒྱ་ཕྱོགས་ནས་ཤེས་མ་ཐག་ཏུ་དྲག་པོའི་དམག་གི་ནུས་ ཤུགས་ཡོད་རྒུ་སྤྱད་དེ་རྗེས་འདེད་ཡོང་རྒྱུ་ཐེ་ཚོམ་མི་དགོས་པ་ཚོད་དཔག་བྱས་ཏེ། དེའི་གདོང་ལེན་དུ་ཆུ་སྒང་དམག་དཔུང་ཁག་གིས་སྔར་བས་དམ་འཛིན་ཐོག ད་དུང་སྐབས་དང་དུས་ལ་བསྟུན་ནས་བཙན་ས་བཟུང་སྟངས།
དགྲ་བོ་ལ་རྒོལ་འཛིངས་བྱེད་སྟངས་སྐོར་ལ་སྔར་བས་གཟབ་ནན་བྱེད་པ་བཤད་མ་དགོས་པ་རེད།
          དེ་ཡང་ལྷོ་ཁ་རྫོང་ཁག་དང་ས་ཁུལ་ཁག་དུ་མ་ནས་ཉིན་མཚན་སྦྲེལ་ཏེ་སྔ་ཕྱིར་དཔུང་ འཇུག་བྱེད་མཁན་རྒྱ་དམག་ལ་གདོང་ལེན་གཡུལ་འཐབ་ཀྱི་རླུང་རླབས་ཧ་ཅང་འཚུབ་པོ་ བྱས་བའི་ཁྲོད་ནས།
          བསམ་ཡས་ཀྱི་མཐའ་མཇུག་གི་དམག་འཁྲུག་བྱས་སྟངས་ནི་ཟླ་ ༣ ཚེས་ ༢༢ རྒྱལ་ས་ལྷ་ས་དགྲ་ལག་ཏུ་ཤོར་བ་དང་ཟླ་ ༣ ཚེས་ ༢༤ ཉིན་རྒྱ་དམག་སྟོང་ཕྲག་མང་པོ་བསམ་ཡས་ཁུལ་དུ་དཔུང་འཇུག་བྱས། རང་ཕྱོགས་བསམ་ཡས་ཁུལ་སྡོད་ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ་དང༌།
དར་དགོན་དམག་སྤྱི་གསེ་གསེ་གཉིས་ཀྱིས་སྣེ་འཁྲིད་པའི་རང་དམག་བརྒྱ་ཕྲག་ཁ་ཤས་ ཀྱིས་དེ་སྔོན་ས་ཁུལ་དེའི་རྒྱ་མིའི་ལས་བྱེད་དང་རྒྱ་དམག་སོགས་མཐར་བསྐྲད་བཏང་ ནས། ས་གནས་དེ་ཁུལ་དགྲ་མེད་ལྷིང་འཇགས་བྱས་པར་མ་ཟད། བར་ལམ་ཞིག་ནས་ལི་ཐང་ཨ་ལོ་ཟླ་བས། མདའ་འཕྲིན་ཞིག་ལྷ་ས་ཁུལ་དུ་སྤྲིངས་པ་དེའི་ནང༌།
ཉིན་བདུན་གྱི་ནང་ཚན་བསམ་ཡས་དངས་བླངས་དཔུང་དམག་ལྷ་སར་ཡོང་ནས་གྲ་བཞི་ཐང་དུ་ དམག་སྒར་རྒྱག་རྒྱུ་ཡིན་པས་སྣེ་ལེན་གྲ་སྒྲིག་གྱིས་ཞེས་བསམ་ཡས་བདེ་ཆེན་ཕོ་ བྲང་ནས་དམག་སྤྱི་ཨ་ལོ་ཟླ་བས་སྤྲིངས། ཞེས་འཁོད་ཡོད་པ་རེད། ཡི་གེ་འདིས་ལྷ་སར་བཅའ་སྡོད་བོད་དམག་ཁུལ་ཁང་གི་ཅུན་ཀྲང་ཀྲང་གོ་ཧྭ་དང༌། ཐོན་ཀོན་སོན། ཀྲང་ཅིན་ཨུ་སོགས་ཀྱི་བསམ་པར།
ནུབ་ཕྱོགས་ཨ་རིའི་ངན་ཇུས་འོག་ནས་གོ་མཚོན་དཔེ་གསར་ཅན་དང༌། ད་དུང་སྟབས་ཉེས་ན་དཔུང་རོགས་དངོས་གནས་སླེབས་ཡོད་སྲིད་པས། ཁ་གཏད་དང་རྒོལ་ལན་སློག་རྒྱུའི་ཐད། བོད་དམག་ཁུལ་ཁང་གི་དམག་དཔུང་མང་ཆེ་བ་ཨ་འབྲུག་་ཚང་གི་རྗེས་དེད་དང༌། དེ་བཞིན་ཁམས་ལྕགས་ར་དཔལ་འབར། སྤོ་འོ་སྤྲ་རྨོག ཀོང་པོ། རོང་པོ་རབ་བརྟན་དགོན།
ཁྱུང་པོ་དཀར་ནག་སེར་གསུམ་གྱི་དྭངས་བླངས་ཡུལ་དམག་ཁག་ལ་གཏོང་དགོས་བྱུང་བས་ སྐབས་དེར་ལྷ་ས་བོད་དམག་ཁུལ་ཁང་དུ་དམག་མི་ཐོན་གཅིག་ལྷག་མ་གཏོགས་མེད་པས། རྒྱ་དཔོན་ཚོ་ཚོགས་འདུའི་གྲོས་རའི་ནང་ཐ་མག་གི་དུ་བ་དང་སྨེ་ངག་གི་དབུགས་རིང་ འཐེན་ནས་སྡོད་དགོས་པ་བཟོས།
ད་དུང་རྒྱ་དཔོན་ཚོས་གྲ་བཞི་བོད་དམག་ལང་ཡོང་བསམ་པའི་ཞེད་སྣང་ཡོད་པ་དེས་རྒྱ་དམག་ལ་དཀའ་ངལ་སྣོན་མ་ཞིག་སྤྲོད་མྱོང་བ་རེད།
          ད་རེས་ཁམས་ཁུལ་གང་སར་བཀྲམ་ཡོད་པའི་རྒྱ་དམག་རྣམས་ཕྱོགས་གཅིག་ཏུ་སྒྲིལ་ཏེ་ ལྷོ་ཁའི་ཕྱོགས་སུ་དཔུང་འཇུག་བྱས་དོན་བཞིན་གོང་ཚེས་ཉིན་བསམ་ཡས་ཕྱོགས་སུ་རྒྱ་ དམག་མང་པོ་ཞིག་གིས་ཁམས་ཆས་སྤྲས་ནས་བྱུང་བ་དང༌། རང་ཕྱོགས་སོ་སྲུང་ཚོའི་བསམ་པར་བསྟན་སྲུང་དྭངས་བླང་དམག་མི་ཚོ་གཅིག་སླེབས་ བྱུང་བསམ་པའི་སྣང་བ་བསླུས་ནས་སྡོད་པའི་མུར།
འགྲམ་དུ་སླེབས་དུས་ཁམས་ཆས་སྤྲས་པའི་རྒྱ་དམག་དེ་དག་གིས། མེ་མདའ་གྲངས་མེད་རྒྱབ་ནས་སོ་སྲུང་རྣམས་བསད། ད་དུང་ཁམས་དམག་ཡིན་པའི་ཁུལ་གྱིས་བསམ་ཡས་རང་ཕྱོགས་དམག་དཔུང་ཕྱོགས་སུ་ཐེ་ཚོམ་ མེད་པར་གཅར་བར། རང་ཕྱོགས་ཀྱིས་ཐེ་ཚོམ་ངང་ནས་འཛིངས་ཐག་མ་ཆད་པའི་མུར། ཁོང་ཚོར་ལག་འབོམ་དང༌། མེ་མདའ་སྦག་སྦག ཅིང་ཀང༌། སྦི་རི་ཀན་སོགས་གང་བྱུང་གིས་བཙགས་བྱུང་བ་དང༌།
དེའི་མུ་ནས་ཕྱི་དེད་རྒྱ་དམག་རྣམས་ཚོ་ཁག་དུ་མར་བགོས་ནས་ཕྱོགས་གང་ས་ནས་རྒོལ་ རྡུང་ཚབ་ཆེན་བཏང་བས། དགྲ་བོའི་དམག་ཇུས་ཀྱི་དྲ་བའི་ནང་ཚུད་ཚར་སྟབས། རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཡོངས་སུ་རྫོགས་ནས། ད་ནི་དཔའ་སྟོབས་ངོམས་ཏེ་དགྲ་བོའི་འཐབ་ར་ནས་ཕྱི་ལ་འཐེན་ཐབས་བྱེད་རྒྱུ་དེ་རང་ གལ་ཆེ་བར་གྱུར།
ས་ཁུལ་དེར་ཡོད་པའི་རང་དམག་ཚོས་གྲི་དང་མེ་མདའ་གང་བྱུང་གིས་དགྲ་དམག་བརྒྱ་ཕྲག་ བསད་རྨས་བཟོས་ཞོར། ཀི་ཤར་སྒྲོག་བཞིན་གྲི་རིང་གྱེན་ལ་འཕྱར་ཏེ། རྒྱ་དམག་གི་ཁྲོད་དུ་གཅིག་མཆོང་གཉིས་མཆོངས་བྱས་ཏེ་རྒྱ་དམག་མང་པོ་ལ་ཕུག་གཏུབ་ གཏུབ་བྱས། རང་ཕྱོགས་མཚོན་སྲུང་གིས་བརྟན་ནས་ལུས་པའི་དཔའ་བོ་འགའ་ཞིག་རྒྱ་དམག་གི་འཐབ་ རའི་ཕྱི་ལ་ཐར་བ་ཕུད།
དེ་བྱིངས་ཕལ་ཆེ་བ་ནི་དམག་ས་དེ་ག་རང་ལ་དགྲ་དམག་བརྒྱ་ཚོ་མང་པོ་བསད་པའི་ཁྲག་ དམར་ནང༌། གྲི་དང་རྒྱུ་མ་མཉམ་དྲུད་བྱས་ནས་འཇིག་རྟེན་འདིར་གྱེས་མཇལ་བྱས་ཀྱང༌། དཔའ་བོའི་མཚོན་སྙན་ནམ་ཡང་སྲུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་གླེགས་བམ་འབྲི་རིན་ ཡོད་པ་ཞིག་མི་ཡུལ་གྱི་འཇིག་རྟེན་འདིར་བཞག་ཡོད་པ་རེད།
          རྒྱ་དམག་རྣམས་ཕྱི་ཀྱེད་མེད་པར་མདུན་མཆོང་གིས། འོན་དང༌། དེ་ནས་ཀླུ་ཁང་གྲུ་ཁ་དང༌། སྟོད་ཕྱོགས་བན་རྩེ་གྲུ་ཁར་འབྱོར་བྱུང༌། དེར་ཡོད་རང་ཕྱོགས་གྲུ་སོ་སྲུང་མཁན་ཚོས་རང་ནུས་གང་ཡོད་ཀྱིས་དགྲ་བོ་རྒོལ་ རྡུང་བྱས་ཀྱང༌། དགྲ་ཕྱོགས་དཔུང་གྲངས་ཤིན་ཏུ་མང་བ་དང༌། ཆུ་ཕར་ཁ་ནས་མེ་མདའ་གྲངས་མེད་ཀྱིས་བཙགས་པ།
དམག་མི་ཧ་ཅང་མང་པོས་འགྱིག་གྲུ་ཆུང་ཆུང་རེ་བཏང་ནས་གྲུ་སོ་བརྒལ་བྱུང་བས་མང་ སྣེ་ཉུང་བརྟེན་མ་ཐུབ་པར་མཐར་ཀླུ་ཁང་གྲུ་ཁ་དང༌། བན་རྩེ་གྲུ་ཁ་གཉིས་ཀ་དགྲ་བོའི་ལག་ཏུ་ཤོར། རང་ཕྱོགས་དམག་མི་རྣམས་ཕྱིར་འཐེན་གྱིས་ཡར་ཀླུང་གཏོད་ནས་བསྐྱོད། དར་དགོན་དམག་སྤྱི་གསེ་གསེ་ཟངས་རི་མཁར་དམར་རྒྱུད་ནས་ཕྱི་འཐེན་བྱེད་དགོས་ བྱུང༌།
རྒྱ་དམག་དེ་དག་མུ་མཐུད་ནས་རྩེད་ཐང་དུ་དཔུང་འཇུག་བྱས།        
          རྩེད་ཐང་གི་མཇུག་མཐའི་གཡུལ་འགྱེད་ནི། གོང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་དུ་ཞབས་ སོར་འཁོད་སྐབས་སུ་གསལ་བ་ལྟར། སྐབས་དེར་ཕ་ལྷ་མགྲོན་གཉེར་ཆེན་པོའི་རྒྱུད་ནས་རྩེད་ཐང་ལི་ཐང་དམག་སྤྱི་དབྲ་ ཕྲུག་ངག་དབང་དང༌། ས་འདུ་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ། འབའ་པ་དམག་སྤྱི་ཨ་ལེགས་སོགས་དེ་སྔོན་རྩེད་ཐང་ཁུལ་སྡོད་
འགོ་དམག་ཁག་གཅིག་གྲ་ཕྱི་ནས་འཕྱོངས་རྒྱས་བར་༧གོང་ས་མཆོག་ལ་ཕེབས་བསུ་དང༌། ཕེབས་བསྐྱེལ་བྱས་ཟིན་ནས། ཕྱིར་རྩེད་ཐང་དུ་ཤར་བསྐྱོད་བྱེད་འཆར་གྱིས་ཐོག་མར་༧གོང་ས་མཆོག་ལ་མཇལ་གཅར་དང་ བྱིན་རླབས་ཕྱག་དབང་བཅས་ཞུས། སྐབས་དེར་༧གོང་ས་མཆོག་གིས། ཁྱེད་ཚོ་རྩེད་ཐང་དམག་སྒར་དུ་ཕྱིར་ལོག་བྱས་ན། གླེན་རྟགས་བསྟན་ནས་འཛིངས་མོ་བྱེད་མི་ཉན་ཐབས་མཁས་པ་གྱིས།
རྗེས་མར་ང་ཚོ་ཡང་སྐྱར་མཇལ་ཡོང་གསུང༌།
          འདིའི་ཐད་ཆུ་སྒང་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ་གྱི་མི་ཚེ་ལོ་རྒྱུས་ ཤར་མཐའི་དཔའ་བོའི་གད་རྒྱངས་ཞེས་པའི་དེབ་དེའི་ནང་དུ། ཕ་ལྷ་མགྲོན་གཉེར་གྱིས། ཁྱེད་ཚོ་མུ་མཐུད་ནས་མདུན་བསྐྱོད་བྱེད་ན་འགན་ཟིན་གྱི་མ་རེད། ཐད་ཀར་ཕྱིར་ཕེབས་ནས་རྩེད་ཐང་གི་རྒྱ་དམག་ཚོ་གནས་སྐབས་ཕྱིར་མི་ཤོར་བ་བྱེད་ དགོས། དང་པོར་༧རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཆོར།
དེ་ནས་ཕྱིར་རྩེད་ཐང་དམག་སྒར་དུ་ལོག་ནས་རྒྱ་དམག་ལ་གདོང་ལེན་བྱེད་དགོས་ཞེས་ བཤད་པ་ལྟར། ང་ཚོ་དམག་སྤྱི་ཚོས་ཁས་ལེན་བྱས་ཏེ་དང་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་མཇལ་ཁ་ བཅར་བ་ཡིན། ༧རྒྱལ་བ་རིན་པོ་ཆེས་ཐུགས་དགྱེས་ཚོར་ཆེན་པོས། ཁྱེད་ཚོ་དམག་སྒར་དུ་ཕྱིར་ལོག་ན་དགའ། རྩེད་ཐང་རྒྱ་དམག་རྣམས་རེ་ཞིག་ཕྱི་ལ་མི་ཤོར་བར་གྱིས།
གླེན་རྟགས་བསྟན་ནས་འཛིངས་ལོ་བྱེད་མི་ཉན། ཐབས་མཁས་པ་གྱིས། སེམས་ཕྲལ་བྱེད་མི་དགོས། ང་ཚོ་རྗེས་མར་ཐུག་གི་རེད་གསུང་བྱུང༌། ང་ཚོས་ལགས་སོ་ཞུས་ཏེ་གྱེས་མཇལ་ཞུས། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་དང་ཁ་གྱེས་ནས་ཕྱིར་ཡོང་དུས་སེམས་པ་སྟོང་པ་འདྲ་ ཆགས་ནས་བློ་བདེ་བ་ཞིག་མི་འདུག
ད་ནི་བོད་བསྟན་པ་ཆབ་སྲིད་དང་༧རྒྱལ་དབང་རིན་པོ་ཆེའི་སྐུ་ཕྱའི་དོན་དུ་དགྲ་བོ་ རྒྱ་དམག་ལ་ཁ་གཏད་འཇལ་རྒྱུ་བྱུང་བ་ནི་སྐྱེས་པ་ཕོ་ཡི་བསོད་ནམས་བསམ་ནས་ཤི་ནའང་ འགྱོད་པ་མེད་པའི་དམ་བཅའ་ཡང་ཡང་བྱས། ཞེས་འཁོད་ཡོད་པ་འདིས་དམག་ཤོག་དེའི་རྒྱལ་སྲུང་དགྲ་འཐབ་ཀྱི་སྙིང་སྟོབས་དང་དམ་ བཅའ་གང་ཞིག་བཟུང་ཡོད་པ་དེ་གསལ་པོར་མཚོན་ཡོད་པ་རེད།
          གོང་གསལ་འགོ་དམག་རྣམས་སྤྱི་ཚེས་ ༢༥ རྩེད་ཐང་དུ་སླེབས་ནས་རྩེད་ཐང་ཁུལ་དུ་བཅའ་སྡོད་བསྟན་སྲུང་དམག་མི་ཚོར་གནས་ ཚུལ་གསལ་བཤད་དང༌། དེ་ཁུལ་རིང་མིན་ལྷ་ཁུལ་རྒྱ་དམག་རྣམས་རྩེད་ཐང་དུ་ཤར་བསྐྱོད་དཔུང་འཇུག་བྱེད་ རྒྱུ་གཏན་འཁེལ་བས་དེ་ལ་གདོང་ལེན་བྱེད་སྟངས་དང༌། ད་སྔོན་ས་དོང་དང་ཁང་པའི་ནང་དུ་ཡིབས་ནས་ཡོད་པའི་རྒྱ་དམག་རྣམས་མུ་འཐུད་ནས་ བཀག་དགོས་པ།
ད་རེས་ནི་དེ་སྔོན་ལས་བརྡབ་མང་པོས་ཉེན་ཁ་ཆེ་ཚུལ། བོད་བསྟན་སྲིད་དང་༧གོང་ས་མཆོག་གི་སྐུ་ཕྱའི་དོན་དུ་ལུས་སྲོག་ལོངས་སྤྱོད་གང་ ཞིག་བཏང་དགོས་ནའང་དང་བ་ཆེན་པོའི་སྒོ་ནས་བསམ་བློ་གཅིག་མཐུན་བྱུང་བ་དང༌།
          དམག་སྤྱི་ཚོའི་བཀོད་འདོམས་ལྟར། སྤྱི་ཟླ་ ༣ ཚེས་ ༢༨ ཉིན་དེ་སྔོན་ནས་ཡོད་པའི་རྩེད་ཐང་རི་རྩེ་རྒྱ་དམག་གི་སྒུག་ར་དེའི་ནང་ནས། རང་ཕྱོགས་དམག་དཔུང་ཐོག་ཧ་ཅང་མཐོང་ཆུང་གི་རྣམ་པས། ཁྱི་རྒན་ལོག་སྤྱོད་པ་ཚོ། ཁྱེད་ཚོ་ལྟད་མོ་ལྟོས་ཤིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཁ་གཏད་བྱེད། མི་མང་བཅིང་འགྲོལ་དམག་ལ་འཇབ་རྒོལ་བྱེད།
མང་ཚོགས་ནང་ཐུབ་ཚོད་དང་བརྡབ་སིགས་གཏོང་མཁན། ཁྱེད་ཚོ་ད་རེས་ཐར་ས་ཨེ་འདུག་ལྟོས། ང་ཚོ་མི་དམངས་བཅིངས་འགྲོལ་དམག་དང༌། ཏང་སྲིད་གཞུང་གིས་ད་བར་བཟོད་སྒོམ་བྱས་ནས་བསྡད་པ་རེད། ད་རེས་ཡིན་ན་བཟོད་སྒོམ་བྱེད་ཐབས་རྫོགས་པ་རེད། སང་ཉིན་ནས་ལྷ་ས་ནས་དམག་མི་ཁྲི་ཕྲག་མང་པོ་ཡོང་གི་རེད། ཁྱེད་ཚོ་རྩིག་ཁུག་ཏུ་ཚུད་པའི་ཁྱི་རྒན་དང༌།
དྲ་རྒྱ་ནང་ཚུད་པའི་ཙི་ཙི་ནང་བཞིན་ཆགས་ཚར་བ་རེད། ཅེས་བོད་སྐད་ཐོག་ནས་རྒྱངས་འབོད་བྱེད་པར་གོ་ཞིང༌། དེ་ནི་བོད་རིགས་རྒྱ་དམག་གི་བསླུ་བྲིད་འོག་ཚུད་པའི་ཅོལ་ཆུང་ཀར་ཆུང་མདའ་དཔོན་ ཟེར་བ་དེ་ཚོའི་ངར་སྐད་ཡིན་པ་དང༌། ངར་སྐད་དེའི་རྒྱབ་ལོག་ཝ་རྗེས་སྟག་གི་གནའ་སྒྲུང་ལྟར་དོགས་ཟོན་མ་བྱས་ན།
ཕྱི་དེད་རྒྱ་དམག་མང་པོ་ཞིག་ཡོང་གི་ཡོད་པས་རང་ཕྱོགས་རྒྱ་དམག་གི་འཐབ་རའི་ནང་ ཚུད་རྒྱུའི་ཉེན་ཁ་ཡོད་པ་ཚོད་དཔོག་གིས་དེ་གའི་བཅའ་སྡོད་དམག་སྤྱི་དང་བརྒྱ་ དཔོན་རྣམས་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་པ་ལྟར། རྩེད་ཐང་ས་གནས་དམག་སྒར་ལས་ཁུངས་ནང་ཡོད་དམག་མི་ཁག་གཅིག་གིས་བཙན་བཟུང་བྱེད་ རྒྱུ། རྟའུ་དམག་སྤྱི་མཁས་གྲུབ་དང༌།
རྒྱལ་རོང་དམག་སྤྱི་ཤེས་རབ་ཀྱིས་སྣེ་འཁྲིད་པའི་དམག་དཔུང་ཁག་གཅིག་གུང་པོ་རི་ ལ་བཙན་ས་བཟུང་རྒྱུ། འབའ་པ་དམག་སྤྱི་ཨ་ལེགས་དང༌། ཨ་མདོ་རྡོ་ཐར་ཅན་གྱི་སྣེ་འཁྲིད་པའི་དམག་དཔུང་ཁག་གཅིག་གེ་སར་ལྷ་ཁང་དུ་འཇབ་ སྒུག་བྱེད་རྒྱུ།
ས་འདུ་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ་གྱིས་དཔུང་དམག་ཁག་གཅིག་འཁྲིད་ ནས་གད་པ་གྲུ་ཁར་འཛིངས་རགས་བྱས་ནས་སྒུག་རྒྱུ་བཅས་གཏན་འབེབས་བྱས།
          གོང་གསལ་དཔུང་དམག་འདིའི་ནང་རང་ཕྱོགས་ལི་ཐང་དང༌། འབའ་པ། དར་དགོན། བེ་རི། དཀར་མཛེས། རྟའུ། རྒྱལ་ཐང༌། འཇོལ་པ། ཨ་མདོ། སྒ་པ། རྒྱལ་རོང༌། སྡེ་དགེ རྒྱལ་རྩེ། ས་འདུ་ཕྱོགས་བཅས་ཕྱོགས་ཁག་མང་པོའི་དམག་མི་ཚུད་ཡོད་པ་རེད།
དམག་ཇུས་བཀོད་སྒྲིག་ལག་བསྟར་གྱིས་ཉིན་དེའི་མཚན་མོ་ནས་ཕྱོགས་སོ་སོར་དགྲ་བོར་ གདོང་ལེན་བྱེད་རྒྱུའི་སྒྲ་སྒྲིག་ཨང་གསར་གྱིས་སྒུག་པ་རེད། མཚན་མོ་དེ་རང་ལ་ལྷ་ས་ཁུལ་གྱི་རྒྱ་དམག་ཁྲི་ལ་ཉེ་བ་ཙམ་ཡར་ཀླུང་གཙང་པོའི་ བརྒྱུད་ནས་རིམ་བཞིན་རྩེད་ཐང་དུ་བཤར་ཏེ།
དང་པོ་ནས་རྩེད་ཐང་གུང་པོ་རི་བཙན་ས་གཟུང་རྒྱུའི་ཇུས་གཏིང་ནས་ཐད་ཀར་གུང་པོ་ རི་ལ་འཇབ་རྒོལ་བྱས་པ་དང༌། སྔ་ས་ནས་གྲ་སྒྲིག་བྱས་ཟིན་པའི་རང་དམག་ཚོ་རྟའུ་དམག་སྤྱི་མཁས་གྲུབ་ཀྱི་སྟངས་ འཛིན་འོག་འཆི་བ་སྲོག་ལ་མི་ལྟ་བའི་ཐོག་ནས་ཕར་རྒོལ་དྲག་པོ་བྱས་ཏེ་དགྲ་ཕྱོགས་ གོ་མཚོན་ལེགས་ཤིང་དམག་གྲངས་ཤིན་ཏུ་མང་ནའང་དམག་གི་བཙན་ས་དང༌། ས་རྒྱུས།
དཔའ་རྩལ་སྙིང་སྟོབས་ཐོག་ནས་བརྡབས་མང་པོ་མུ་འཐུད་ནས་བསད་རྨས་ཅི་རིགས་བྱས་པ་ དང༌། རང་ཕྱོགས་ས་བཙན་པས་དགྲ་བོས་ཇི་ཙམ་མདུན་མཆོང་བྱེད་ནའང་ཤི་ལམ་དུ་བཏང་རྐྱང་ བྱས་སྟབས། མཐར་རྒྱ་དམག་ཚོ་འུ་ཐུག་སྟེ། ཕྱོགས་གཅིག་ནས་གོང་པོ་རི་མཐའ་ནས་བསྐོར། གལ་སྲིད་རང་ཕྱོགས་ཀྱིས་ས་ཤོར་ན་ཕྱིར་བྲོས་བྱེད་ས་ལམ་བུ་མེད་པ་བཟོས།
ཕྱོགས་གཅིག་ནས་ཀྲུང་དབྱངས་ལ་རྩེད་ཐང་ཇག་དམག་གིས་རི་རྩེ་བཟུང་ཟིན་པས། ལས་སླ་བོས་ས་ཁུལ་དེའི་ཇག་དམག་རྩ་མེད་གཏོང་མི་ཐུབ་པ་མ་ཟད། ད་དུང་རང་ཕྱོགས་དམག་མི་མང་པོ་འཕྲོ་བརླག་འགྲོ་ཉིེན་ཡོད་པར། ཀྲུང་དབྱང་ནས་རྩེད་ཐང་གོང་པོ་རིའི་ཇག་དམག་རྩ་མེད་གཏང་ཕྱིར་གནམ་གྲུ་གཏོང་ དགོས་པའི་རེ་བ་ཞུས་པ་ལྟར།
ཉིན་གུང་ཙམ་ལ་མཁའ་ལམ་ནས་གནམ་གྲུ་འགའ་ཞིག་གློ་བུར་དུ་སླེབས་ནས་རྩེད་ཐང་གུང་ པོ་རི་ལ་སྐོར་བ་འགའ་ཞིག་བྱས་རྗེས། གནམ་ཐོག་ནས་ལག་འབོམ་དང་སྦི་རིང་ཀེང་མེ་མདའ་སྦག་སྦག་སོགས་མཚོན་ཆ་གང་བྱུང་ གིས་བཙགས་ཏེ་རེ་ཞིག་རི་ལུང་ཡོངས་རྫོགས་ཐལ་རླུང་གིས་ཡོངས་སུ་སྒྲིབ་སྟེ་འབོམ་ གྱི་ལྡིར་སྒྲ་དང༌།
མེ་མདའི་སྐག་སྒྲས་ཡོངས་སུ་ཁེངས་བས་འཛམ་གླིང་དམག་ཆེན་གཉིས་པའི་དམག་འཐབ་ནའང་ འདི་ལས་རྔམས་ཟིལ་ཆེ་བའི་དགྲ་འཐབ་བྱེད་མྱོང་ཡོད་ཀྱི་མ་རེད་བསམ་དགོས་པ་བཟོས།
 དངོས་ གནས་བཤད་ན་རང་ཕྱོགས་དམག་མི་བརྒྱ་ཡན་མན་ཙམ་ལ་གོ་ལག་སྤྱིར་སྟངས་པ་ཤས་གཅིག་ ཡིན་པ་དང༌། དམག་སྦྱོང་དང་དམིགས་བསལ་ཉམས་མྱོང་གང་ཡང་མེད་པ་ཞིག་ལ།
རྒྱ་དམག་སྟོང་ཕྲག་མང་པོ་ལ་གོ་ལག་ཨང་གསར་ཅན་ཤས་གཅིག་ཐོག་དམག་འཐབ་ཧ་ཅང་བྱང་ཆ་ ཆེ་བའི་དམག་དཔུང་འདི་འདྲ་ཞིག་གིས་ཐད་ཀར་འཐབ་འཛིངས་ཀྱི་གྲུབ་འབྲས་མ་ཐོན་པར་ གནམ་དམག་གི་རོགས་རམ་བྱེད་དགོས་བྱུང་བའི་འོག་ནས་རང་དམག་ལ་ཕམ་ཉེས་ཐེབས་པ་དེ། དོན་དངོས་ལ་ལོ་རྒྱུས་ཐོག་བཤད་རིན་ཡོད་པའི་དཔའ་བོའི་གཏམ་རྒྱུད་ཤིན་ཏུ་སྙན་ པོ་ཞིག་གསར་འགོད་བྱས་པ་ཡིན།
 དམག་འཐབ་འདིའི་ནང༌། རང་ཕྱོགས་དམག་དཔུང་རྣམས་གནམ་དང་ས་ཐུག་ཅེས་པའི་གཏམ་དཔེ་དེ་དངོས་སུ་བྱུང་བས། བྱ་ཐབས་ཟད་དེ་མདའ་མཚོན་རྫོགས་རྫོགས་བར་དུ་རྒྱ་དམག་ལ་རྒོལ་འཛིངས་བྱས། དེ་ནས་གྲི་རིང་རྐེད་པ་ནས་བཏོན་ཏེ་དགྲ་དམག་གི་དཀྱིལ་ལ་མཆོང་ནས་སྤྱང་ཀིས་ལུག་ ཁྱི་དཀྲུག་པ་ལྟར་བྱས་རྗེས།
རྨས་སྐྱོན་བྱུང་བ་ཚོས་མཚོན་སྲུང་གའུ་ཕར་ཕུད་དེ་རང་ཉིད་རང་གི་རྩེ་གྲིས་བཙགས་ ནས་རྒྱ་གུང་ཁྲན་གྱི་ལག་འོག་ཏུ་ཤི་བ་ལས་རང་ཤི་རྒྱབ་ན་དགའ་ཟེར་ནས་ཤི་བ་དང༌། འགའ་ཞིག་གྲོགས་པོ་ཕན་ཚུན་ལག་པ་འཐམས་ནས་དུས་གཅིག་ཏུ་ཕན་ཚུན་བསད་པ་སོགས་བྱས་ ཏེ།
རྒྱལ་རོང་དམག་སྤྱི་ཉིན་དེའི་ཞོགས་པ་ནས་དམག་སའི་གནས་ཚུལ་ས་གནས་རྩེད་ཐང་དམག་ སྒར་དུ་སྙན་སྒྲོན་ཞུ་མཁན་དུ་བསྐྱོད་པ་ཕུད། དེ་བྱིངས་འགོ་དམག་རེ་གཉིས་མ་གཏོགས། ས་གནས་དེ་རང་ལ་གནམ་ས་གཉིས་ཀྱི་རྒྱ་དམག་དང་རྒོལ་འཛིངས་དྲག་པོ་བྱས་མཐར་བོད་ རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་ཤོར་བ་རེད།
ང་ཚོ་མི་རབས་འདི་དང་འདིའི་ཕྱི་མ་ཚོས་དགྲ་བོ་ལ་ཁ་གཏད་དངོས་སུ་བཅག་ནས་འཇིག་ རྟེན་འདིར་གྱེས་མཇལ་བྱས་པའི་དཔའ་བོ་དེ་ཚོ་ལ་སྲོང་བཙན་སྒམ་པོའི་གཟེངས་བསྟོད་ དང༌། བྱང་ཆུབ་མཆོད་རྟེན་གྱི་གདུང་རྟེན་མེད་ཀྱང༌། བཀའ་དྲིན་རྗེས་དྲན་གྱི་དྲན་གསོ་དང་མ་ཎི་ཡིག་དྲུག་གི་ཞལ་འདེབས་རེ་གནང་ན་ཅིས་ ཀྱང་གནང་འོས་པ་ལགས་སོ།
རྒྱལ་རོང་དམག་སྤྱི་ཤེས་རབ་གོང་པོ་རི་ནས་ཡོང་སྟེ་ ས་གནས་དམག་སྒར་ལྟེ་བ་ལ་སོང་ཡང༌། ལི་ཐང་དམག་སྤྱི་དབྲ་ཕྲུག་ངག་དབང་གིས་རྩེད་ཐང་ས་ཁུལ་ནས་རྒྱ་དམག་ལ་ཁ་གཏད་མི་ ཆོག་པའི་ཚོད་དཔག་བྱས་ཏེ། རང་ཕྱོགས་འགོ་དམག་སུ་གཅིག་ལ་སྐད་ཆ་ཚིག་གཅིག་མ་བཤད་པའི་ཐོག་རྟ་ཞོན་ཏེ་སྔ་པོ་ ནས་དམག་ས་བཏང་སྟེ་ཁྲ་འབྲུག་ཕྱོགས་སུ་ཕྱི་ལྟས་མེད་པར་བྲོས་ནས་སོང༌།
རྒྱལ་རོང་དམག་སྤྱི་ཤེས་རབ་ནས་མུ་མཐུད་རང་དམག་ཕྱི་འཐེན་གྱིས་ཁྲ་འབྲུག་ཕྱོགས་ བསྐྱོད་དགོས་པའི་བང་ཆེན་བཏང༌། རང་ཉིད་སྔ་ས་ནས་ལས་ཁུངས་ནས་ཕྱིར་འཐེན་ཏེ་ཁྲ་འབྲུག་ཏུ་ཤར་བསྐྱོད་བྱས་ཟིན་པ་ དང༌།
བང་ཆེན་ཚོ་མེ་སྒྱོགས་དང་མེ་མདའ་བུ་ཡུག་ལྟར་འཚུབ་པའི་གསེབ་ནས་འགྲོ་ལམ་བདེ་ བོ་མ་བྱུང་སྟབས་རང་ཕྱོགས་དམག་དཔུང་ཁག་ལ་ཆ་འཕྲིན་སྐྱེལ་སའི་གོ་སྐབས་མ་རྙེད་ པར་ལུས་ཀྱང༌། དགྲ་ཕྱོགས་ཀྱི་དཔུང་ཤུགས་དང་མདའ་མཚོན་དམག་གྲངས་བཅས་ལ་གཞིག་སྟེ། གེ་སར་གྲུ་ཁ་དང༌།
གད་པ་གྲུ་ཁ་སོགས་སུ་ཡོད་པའི་རང་དམག་ཚོར་རྒྱལ་རོང་དམག་སྤྱིས་དམག་ཕྱི་འཐེན་ དགོས་པའི་འབོད་བསྐུལ་བྱས་པ་ལྟར་རིམ་གྱིས་ཕྱིར་འཐེན་བྱས། གུང་པོ་རི་དགྲ་བོ་ལ་ཤོར་བའི་རྗེས་སུ་ད་དུང་གྲུ་ཁ་དེ་དག་འགོག་སྲུང་བྱེད་ རྒྱུ་ཕན་ཐོགས་མེད་པ་སྨྲོས་མེད་རེད།
རང་དམག་ལྷགས་པ་རྣམས་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱ་དམག་སྟོང་ཕྲག་མང་པོས་ རྗེས་དེད་བྱས་བྱུང་ཡང་ས་བབ་དང༌། གོ་མཚོན། དམག་གྲངས་བཅས་ཀྱིས་ཡ་ལན་སྤྲོད་ན་རྒྱལ་ཁ་མི་ཐོབ་པ་ཚོད་དཔག་བྱེད་ཐུབ་པ་ཡིན་ པས། མུ་མཐུད་ནས་ཕྱིར་འཐེན་བྱས་ཏེ་ཁྲ་འབྲུག་ཏུ་སླེབས།
          ཁྲ་འབྲུག་གི་མཐའ་མཇུག་དམག་འཁྲུགས་བྱས་སྟངས་ནི། དེ་སྔོན་ལྷ་རྒྱལ་རི་ནས་རྩེད་ཐང་དུ་ཆེད་བཏང་བྱས་པའི་སྒ་པ་བེ་ཅང་རིན་འཛིན་ཚེ་ དབང་གིས་འཁྲིད་པའི་སྒ་པ་རུ་ཤོག་གཅིག་དང༌། རྩེད་ཐང་དུ་རྟེན་གཞིར་བྱས་པའི་སྒ་པ་ཁག་གཉིས་བསྡོམས་པའི་དང་དམག་བརྒྱ་དང་ལྔ་ བཅུ་ཐད་ཀར་ཁྲ་འབྲུག་ཏུ་སླེབས་པ་དང༌།
དེར་ཡོད་རང་དམག་ཚོའི་ཐོག་ཏུ་གློ་བུར་མཁའ་ལམ་ནས་གནམ་གྲུ་ཞིག་བྱུང་སྟེ། ཅིག་ཀང་དང༌། མེ་མདའ་སྦག་སྦག་གིས་དྲག་ཆར་འབེབས་པ་ལྟར་བཙགས་བྱུང་བས་རང་དམག་རྣམས་གད་ཁུག་ རྣམས་སུ་གབ་ནས་གནམ་གྲུ་ལ་མེ་མདའ་གང་ཟིན་རྒྱབ་ཀྱང༌། ཕན་གནོད་གཏོང་མ་ཐུབ། ཚུར་སྡེ་དགེ་འདན་མ་བུ་ཆུང་བསད་པ་ཕུད། དེ་བྱིངས་བསད་རྨས་གང་ཡང་བྱས་མེད་ཅིང༌།
དེ་ནི་གནམ་གྲུའི་ནང་ཡོད་པའི་རྒྱ་དམག་ཚོས་ཚོད་མདའ་འཕེན་རྒྱུ་མ་གཏོགས་གནད་ལ་ འཁེལ་བའི་གྲ་སྒྲིག་བྱེད་ལོང་མེད་པར་གནམ་གྲུ་མྱུར་སྟབས་ཀྱིས་འཕུར་འགྲོ་བའི་ རྐྱེན་གྱིས་ཡིན་སྲིད་པ་རེད།
 དམག་ཤོག་འདིའི་དམག་སྤྱི་གཤོང་གཉེན་བསོད་ ནམས་དབང་རྒྱལ་གྱིས་རྒྱངས་ཤེལ་ནང་ནས་བལྟས་པས་རྩེད་ཐང་གུང་པོ་རི་ལ་དགྲ་བོའི་ གནམ་གྲུས་ལྡིང་སྐོར་ཡང་ཡང་བརྒྱབས་ཞོར་འབོམ་དང་མེ་མདའ་ཅི་རིགས་ཀྱིས་བཙགས་ཏེ་ ཐལ་འཚུབ་ཀྱིས་སྒྲིབ་ཀྱི་ཡོད་པ་མཐོང་བས། ས་བབ་དང༌། དམག་གྲངས༌། གོ་མཚོན་སོགས་ཀྱིས་དཔུང་རོགས་འགྲོ་རྒྱུའི་ནུས་ཤུགས་ཡོངས་སུ་ཟད་ཚར་བ་མ་ཟད།
ད་དུང་འགྱེལ་བའི་སྒང་ལ་རྡོག་རྫིས་ཀྱི་དཔེ་ལྟར་དེ་སྔོན་རྩེད་ཐང་རྒྱ་དམག་བཀག་ བསྐྱིལ་བྱས་ཡོད་པའི་རྒྱ་དམག་དང༌། ལྷ་ས་ཁུལ་ནས་འབྱོར་པའི་རྒྱ་དམག་ཚོ་ཟླ་བསྒྲིལ་ནས་ཁོང་ཚོའི་རྗེས་ལ་ཤར་བསྐྱོད་ ཀྱིས་དཔུང་འཇུག་བྱེད་བཞིན་པ་མཐོང༌། ཕྱི་དེད་རྒྱ་དམག་དེ་དག་ལས་དམག་མི་བརྒྱ་ཕྲག་གཅིག་ལྷག་ཡོད་པའི་དཔུང་ཁག་གཅིག་ རང་དམག་དང་ཧ་ཅང་ཁོད་ཉེ་བའི་སར་བཅར་ཚར་བས།
རང་ཕྱོགས་ཀྱིས་སྒུག་ར་བྱས་ནས་རྒྱ་དམག་ལ་ཐེ་ཚོམ་མེད་པར་བཙགས་རྐྱང་བྱས་པས་ རྒྱ་དམག་དེ་དག་དང་པོ་འཇབ་ནུར་གྱིས་རང་ཕྱོགས་ལ་རྒོལ་འཛིངས་བྱེད་མཁན་ཡོང་གི་ ཡོད་ཀྱང༌། རང་ཕྱོགས་ཀྱིས་ས་བབ་བཙན་ས་བཟུང་ཚར་བ་ཤེས་རྗེས་ཁོང་ཚོ་ཕྱི་འཐེན་བྱས་ཏེ། ཞིང་རའི་ཕག་ཏུ་གབ་ཡིབས་ཀྱིས་རང་ཕྱོགས་ལ་མེ་མདའ་ཚོད་མདའ་གྲངས་མེད་རྒྱབ་བྱུང་ ཡང༌།
ས་བབ་ཀྱི་དབང་གིས་སྐྱོན་ཆ་གང་ཡང་བཟོས་མ་བྱུང་ཞིང༌། དགྲ་ཕྱོགས་མ་མཐའ་ཡང་དམག་མི་ལྔ་བཅུ་ཙམ་བསད་རྨས་བཏང་བ་དང༌། དམག་ཤོག་དེ་ཕྱི་གྱེད་བྱས་ཏེ་རྒྱབ་འདེད་དམག་དཔུང་བྱིངས་དང་མཉམ་དུ་མུ་མཐུད་ ནས་གཞུང་ལམ་ཐོག་མདུན་བསྐྱོད་བྱེད་པ་མ་གཏོགས། རང་ཕྱོགས་དཔུང་ཁག་དེ་ལ་འཐབ་རྒོལ་བྱེད་མཁན་མ་བྱུང༌།
དེ་ནི་ཁོང་ཚོས་དཔུང་ཁག་ཉུང་ངུ་ཞིག་རྩ་མེད་གཏོང་རྒྱུ་གལ་ཆེར་མི་འཛིན་པར། ༧གོང་ས་མཆོག་གང་དུ་ཕེབས་པ་དང་ཆུ་སྒང་དམག་སྒར་ལྟེ་བ་གཏོར་རྒྱུ་དེ་གནད་འགག་ ཆེ་བ་རྩིས་ཏེ། རང་ཕྱོགས་དཔུང་ཁག་འདིར་ཁ་གཏད་མ་བྱས་པ་ཡིན་སྲིད། གང་ལྟར་རྒྱ་དམག་ཧ་ཅང་མང་པོ་ཞིག་མུ་མཐུད་ནས་རྩེད་ཐང་རྒྱུད། ལྷོ་ཁ་ཕྱོགས་སུ་ཛ་དྲག་གིས་དཔུང་འཇུག་བྱས་པ་རེད།
རང་ཕྱོགས་དཔུང་ཁག་དེ་ཐད་ཀར་རྩེད་ཐང་དམག་སྒར་ལྟེ་བ་ལ་བཅར་སྐབས་དེར་རང་ཕྱོགས་དམག་སྒར་ལྟེ་བ་ཡང་ཡར་ཀླུང་ལ་སྤོས་ཚར་བ་རེད།
          ཡར་ཀླུང་གི་མཐའ་མཇུག་དམག་འཁྲུག་ནི། དེར་སྔོན་དུ་བྲོས་ཟིན་པའི་ལི་ཐང་དམག་སྤྱི་དབྲ་ཕྲུག་ངག་དབང་གི་དམག་དཀྱུས་ འགའ་ཞིག་རྗེས་སུ་འབྱོར་བ་ལྟར། དཔུང་ཁག་འདིའི་དམག་མི་རྣམས་ཀྱིས་གཞི་ནས་ཁ་ལག་ཟོས་ཏེ་ངལ་གསོ་བྱས་པ་རེད། འོན་ཀྱང་གེ་སར་ལྷ་ཁང་དུ་སྡོད་མཁན་རང་དམག་ཁག་གཅིག
ད་དུང་དམག་སྒར་ལྟེ་བའི་ནང་འབྱོར་མེད་པ་དེ་དག་གིས་དམག་སྤྱི་དབྲ་ཕྲུག་ངག་དབང་ སྔོན་དུ་ཐོན་ཚར་བ་མ་ཤེས་ཏེ། ཡར་ཀླུང་རི་བོ་རྒྱུད་ནས་ཡོང་གི་ཡོད་པས། དེ་དག་གསུ་མཁན་འགོ་དམག་ཁག་གཅིག་སོང་ནས་ཕེབས་བསུ་བྱས། རྒྱ་བོད་གཉིས་ཀའི་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་མཚོན་རྩེར་གཟེར་ཞིང༌། ཟུངས་ཁྲག་ས་ལ་ཐིམ། རྣམ་ཤེས་མཁའ་ལ་ཡལ། བྱ་ཁྱི་གཉིས་ཀ་ཤ་ལ་ཞེན་མེན་ལོག
གངས་རྩེ་ཉི་མས་བཞུ། གངས་འདབ་ཁྲག་གིས་བརླན་པའི་ལོ་རྒྱུས་ཀྱི་གླེགས་ལམ་བཀླགས་མི་ཚར་བ་ཞིག་གི་ མཇུག་སྡོམ་དུ་རྩེད་ཐང་གི་དམག་ས་བཏང་ནས་ཡར་ཀླུང་དམག་སྒར་ལྟེ་བའི་ནང་དུ་བསྡུ་ བར་བྱས་པ་ཡིན་ནོ། མཚམས་འདིར་སྒྱུ་རྩལ་དང་ཚོར་བས་བཟི་བའི་སོག་རིགས་སྙན་ངག་པ་ཞིག་གིས་བྲིས་པ།
                        ཟླ་འོད་འོག་ཏུ་དུར་སའི་འཇག་རྩྭ་རྣམས། །
                   ལྷགས་རླུང་བསིལ་པོས་སྐུལ་བའི་ཐང་སྟོང་ན། །
                   འདས་པའི་དཔའ་བོ་སྟོང་གི་རྣམ་ཤེས་ཀྱིས། །
                   ཞོགས་པའི་བྱེའུ་ཆུང་གླུ་ལ་རེ་སྒུག་བྱེད། །
ཞེས་པའི་སྙན་ཚིག་འདིས་ང་ཚོ་མི་རབས་ཕྱི་མ་ཚོ་ལ་དགའ་སྐྱོ་འདྲེས་མའི་དྲན་གསོ་ཞིག་གཏོང་ངེས།
          དེའི་སྐོར་ཞེས་པའི་དེབ་དེའི་ ནང༌། ང་ཚོས་གྲུ་ཁ་དེ་ནས་རྒྱ་དམག་འགོག་ཁུལ་བྱས་ཀྱང་ཕན་པ་མེད་པར་གུང་པོ་རི་ཤོར་ཚར་ བས་མུ་མཐུད་ནས་ཕྱིར་འཐེན་བྱེད་དགོས་བྱུང༌། བར་མཚམས་ཤིག་ཏུ་སླེབས་དུས་ང་ཚོའི་དམག་མི་ཧ་ཅང་ཉུང་སྟབས། ཁ་གཏད་བྱེད་རྒྱུའི་སྤོབས་པ་མི་འདུག་པས་མུ་མཐུད་ནས་ཕྱིར་འཐེན་བྱས་པ་ཡིན།
སྐབས་དེར་གནམ་གྲུ་ཞིག་ཀླད་དུ་འཕུར་བྱུང༌། ང་ཚོ་གད་ཁུག་གཅིག་ཏུ་བཞབ་པས་གནམ་གྲུ་དེས་མེ་མདའ་དྲག་ཆར་འབབ་པ་ལྟར་རྒྱབ་ བྱུང་ཡང༌། ང་ཚོའི་ལུས་སྲོག་ལ་གནོད་པ་བྱས་མ་བྱུང༌། ང་རང་ལ་ས་འདུ་ཚང་གི་རྒྱངས་ཤེལ་སྤུས་དག་ཅིག་ཡོད་པ་དེ་སྐེ་ནས་ཚུར་ལེན་ཏེ་ བལྟས་པས། གུང་པོ་རི་ལ་གནམ་གྲུ་ལྡིང་སྐོར་ཡང་ཡང་བྱེད་ཞོར་འབར་རྫས་གཡུག་ནས་ཐལ་འཚུབ་ ཀྱིས་སྒྲིབ་འགྲོ་གི་འདུག
ང་ཚོས་དེ་སྔོན་ཕྱིར་ཐོན་བྱས་མ་བཅུག་པར་བཀག་ནས་བཞག་ཡོད་པའི་རྩེད་ཐང་གི་རྒྱ་ དམག་དེ་ཚོ་དང་ལྷ་ས་ནས་གསར་དུ་འབྱོར་བའི་རྒྱ་དམག་ཚོ་ཟླ་སྒྲིལ་ནས་ཤར་བསྐྱོད་ བྱེད་ཡོང་གི་འདུག ཧ་ལམ་རྒྱ་དམག་ཁྲི་བདུན་བརྒྱད་ཙམ་ཡོད་ས་རེད། ང་ཚོ་ལྷོ་ཁའི་དམག་སྒར་ལྟེ་བ་ནང་བྲོས་རྒྱུ་ལས་འཛིངས་རྒྱུའི་རེ་བ་བྲལ་སོང༌།
འོན་ཀྱང་རྒྱ་དམག་ཚོ་གཅིག་ཐག་ཉེ་སར་སླེབས་ཚར་བས་རེ་ཞིག་མི་འཛིངས་ཀ་མེད་ བྱུང༌། ང་ཚོ་ལ་སྦི་རིང་ཀེན་གསུམ་དང༌། ཅིས་ཀང་གཅིག དེ་མིན་མེ་མདའ་དཀྱུས་མ་མང་པོ་ཡོད་པས་སྒུག་ར་ནས་བཙགས་པ་ཡིན། རྒྱ་དམག་བརྒྱ་སྐོར་ལྷག་ཙམ་ང་ཚོའི་ཁ་གཏད་དུ་འཇབ་ནུར་གྱིས་ཡོང་གི་ཡོད་པ་དེ་ ཚོ་རེ་ཞིག་ཞིང་རའི་ཕག་ཏུ་གབ་སོང༌། ཚུར་མེ་མདའ་དྲག་ཆར་འབབ་པ་ལྟར་རྒྱབ་བྱུང༌།
ས་བབ་ང་ཚོ་མཐོ་བ་ཡིན་སྟབས་ང་ཚོས་མིག་གིས་མཐོང་སར་རྒྱ་དམག་ལྔ་བཅུ་ལྷག་བསད་ རྨས་གཏོང་ཐུབ་འདུག ཚུར་མི་གཅིག་ཀྱང་བསད་རྨད་མ་བྱུང༌། རྒྱ་དམག་ལྷགས་མ་དེ་ཚོ་ཕྱིར་ཀྱེད་བྱས་ཏེ་དམག་བྱིངས་ཀྱི་ཁྲོད་དུ་ཕྱིར་འགྲོ་བ་ མ་གཏོགས་ཡང་བསྐྱར་ང་ཚོའི་ཐོག་རྗེས་དེད་བྱེད་མ་བྱུང༌། དེའི་རྒྱུ་མཚན་གང་ཡིན་མི་ཤེས། ཞེས་བཀོད་ཡོད་པ་རེད།
 རྩེད་ཐང་ནས་མཚན་མོ་ སྔོན་དུ་ཆས་ཟིན་པའི་ལི་ཐང་དམག་སྤྱི་དབྲ་ཁྲུག་ངག་དབང་སོགས་རང་དམག་སུམ་ཅུ་ ལྷག་གིས་སྔ་ས་ནས་ཁྲ་འབྲུག་ཁུལ་གྱི་ཞིང་ར་ཞིག་ཏུ་སྒུག་ར་བྱས།
སྔོན་ནས་ཆུ་སྒང་དམག་སྒར་ལྟེ་བ་ནས་འཆར་འགོད་བྱས་པ་ལྟར་གྱི་ས་གནས་ཁྲ་འབྲུག་ ཏུ་ཆུ་སྒང་རྒྱ་དཔོན་ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་གྱིས་སྣེ་འཁྲིད་པའི་རང་ དམག་ཁག་གཅིག་གིས་ཁྲ་འབྲུག་གི་རི་འདབ་ཅིག་ནས་མེ་སྒྱོགས་ཁ་ཕྱོགས་གཞུང་ལམ་ལ་ གཏད་དེ་སྒུག་ར་བྱས། རྒྱ་དམག་རྣམས་བང་བཞི་བསྒྲིགས་བྱས་ནས་ཐེ་ཚོམ་མེད་པར་ཁྲ་འབྲུག་གི་གཞུང་ལམ་ནས་ གཤར་བྱུང་བ་དང༌།
རང་དམག་ཚོས་བྷི་རིང་ཀེན་དང་མེ་མདའ་སྦག་སྦག་གིས་བཙགས། ཕྱོགས་གཅིག་ནས་ཀོ་བ་བསྟན་པ་རྒྱལ་མཚན་གྱིས་མེ་སྒྱོགས་རྒྱབ་པས་རྒྱ་དམག་ཐོག་ ཐད་ཀར་ལྷུང་བས་རེ་ཞིག་དམག་གི་རུ་འཐོར་ཞིང་དམག་མི་བཅུ་ཕྲག་ཁ་ཤས་བསད་རྨས་བཏང་ བས། ལྷ་ས་ནས་བྲོས་བྱོལ་དུ་ཡོང་བའི་མི་དམངས་ཁག་གཅིག་རྒྱ་དམག་གི་རྗེས་བསྙེགས་གྲབ་ ཡོད་པ་དེ་ཚོ་སྐྱོབ་ཐུབ་པ་བྱུང༌།
ཁྲ་འབྲུག་ཏུ་སླེབས་ཉེའི་མཚམས་ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་དང༌། ཨ་མདོ་རྡོ་ཐར་ཅན་གྱི་རུ་ཤོག་སོགས་རང་དམག་ཁག་གཅིག་ཞོན་རྟ་རྣམས་ཁྲ་འབྲུག་ཏུ་ ཕྱིར་མངགས་ནས་ཁྲ་འབྲུག་གྲོང་སྡེ་ནང་འཛུལ་སའི་ལམ་མདོ་རྣམས་སུ་རྐང་ཐང་དུ་ རྒྱུག་ནས་འཇབ་སྒུག་བྱས། རང་ཕྱོགས་ནས་དགྲ་འཐབ་དམག་ཇུས་དེ་འདྲ་བྱས་པར་རྒྱ་དམག་རྣམས་དོགས་འདྲོགས་བྱེད་ ཞོར་སླེབས་པ་དང༌།
རང་དམག་ཚོས་གང་ས་ནས་གྲི་དང་མེ་མདས་འཐབ་རྒོལ་དྲག་པོ་བྱས་པས་དགྲ་བོའི་དམག་ དཔུང་ཁྲ་འབྲུག་ཏུ་བཙན་འཛུལ་བྱེད་མ་ཐུབ་པར་རེ་ཞིག་ཁྲ་འབྲུག་གྲོང་སྡེ་དང་ཁད་ ཉེ་བའི་ཞིང་ར་ལ་བརྟེན་པ་དང༌། ས་དོང་བྲུས་ནས་བཙན་ས་བཟུང༌། རང་དམག་རྣམས་ཀྱིས་མུ་འཐུད་ནས་ཕར་རྒོལ་བྱེད་པར་གཅར་བ་དང༌།
ནམ་མཁའ་ནས་འགྲུལ་སྐྱེལ་གནམ་གྲུ་ཆེན་པོ་ཞིག་འཕུར་འོང་བ་དང་རང་དམག་རྣམས་བཞབ་ ནས་བསྡད། མཚམས་དེར་གནམ་གྲུ་ནས་དེ་ལས་འབོམ་ཆེན་པོ་གསུམ་གཡུག་བྱུང་བ་རྣམས་ཐད་ཀར་རྒྱ་ དམག་གི་ས་དོང་གྲུ་སའི་ཞིང་ཁའི་ནང་ལྷུང༌། སླར་ཡང་ལྡིང་སྐོར་ཐེངས་གཅིག་རྒྱབ་ནས་འབོམ་གཉིས་གཡུག་བྱུང་བ་དེ་ཡང་རྒྱ་དམག་ གི་ཕྱོགས་སུ་ལྷུང༌།
སྔ་ཕྱིར་འབར་རྫས་དེ་དག་གིས་ལྡིང་སྒྲ་དང་ཐལ་འཚུབ་ཀྱིས་ཁོར་ཡུག་ཡོངས་རྫོགས་ ཟང་ཟིང་དུ་གྱུར། རྒྱ་དམག་མང་པོ་ཞིག་བསད་རྨས་བཏང་ཡོད་པ་ཐེ་ཚོམ་མི་དགོས། སླར་ཡང་གནམ་གྲུ་དེས་ལྡིང་སྐོར་གཅིག་རྒྱབ་ནས་སྦི་རི་ཀན་དང༌། ཅིན་ཀང་མང་པོ་བརྒྱབ་བྱུང་བ་རྣམས། གཞི་ནས་རང་ཕྱོགས་དང་ཁད་ཉེར་གཅར། འོན་ཀྱང་རང་དམག་ལ་བསད་རྨས་རིགས་གང་ཡང་མ་བྱུང༌། དེ་ནུབ་ས་རུབ་པ་དང༌།
བསམ་ཡས་དང་ཁྲ་འབྲུག་སོགས་སུ་སྡོད་པའི་རང་དམག་ལྷགས་མ་དང༌། འགན་འཛིན་རྣམས་ཡར་ཀླུང་ཕོ་བྲང་དུ་འཛོམས། མུ་མཐུད་ནས་བསྟན་དགྲ་རྒྱ་དམར་གྱི་རྒོལ་རྡུང་ལ་རང་སྲོག་བློས་བཏང་གིས་རྒོལ་ ལན་སློག་དགོས་པའི་འདོད་ཚུལ་གཏོན་ཏེ། ཕྱོགས་གཅིག་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་རྣམས་རང་མོས་ཀྱིས་ཝ་བྲོས་བྱེད་ མི་ཆོག རང་ས་རང་སྲུང་ཐུབ་ཐབས་དང༌།
དེ་ལྟར་མ་བྱུང་ན་རང་སའི་དོན་དུ་རང་སྲོག་གཏོང་དགོས་པའི་འབོད་སྐུལ་བྱས། ཕྱོགས་གཅིག་ནས་དྭངས་བླང་དཔུང་དམག་ལྷགས་མ་ཚོའི་ཐོག་བྲོས་བྱོལ་དུ་ཡོང་བའི་ ཁྲོད་ནས་ཕོ་གཞོན་གོ་མཚོན་ཡོད་མཁན་རྣམས་བསྡུ་རུག་གིས་རྩ་འཛུགས་བྱས་ཏེ་རང་ སྲོག་བློས་བཏང་གིས་དགྲ་བོ་ལ་གདོང་ལེན་བྱེད་རྒྱུ་གཏན་འཁེལ་བྱས།
སྐབས་དེར་ལྷ་ས་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་སེར་སྐྱ་སྟོང་ཕྲག་མང་པོ་འཚང་ ཀ་བྱས་ནས་བྲོས་བྱོལ་དུ་ཡོང་གི་ཡོད་པའི་ནང་ནས་གནད་ཡོད་དང་བསམ་ཤེས་ཅན་ཁག་ གཅིག་གིས་ད་ནི་འཛིངས་པས་ཕན་ཐོགས་བྱུང་མ་སོང༌། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་ནི་སྐུ་ལ་ཉེ་ཞོ་མེད་པའི་ཐོག་ནས་ཁྱེད་རྣམ་པས་ཕེབས་ བསུ་དང་ཕེབས་སྐྱེལ་གྲ་རྒྱས་བྱས་ནས་སྔོན་དུ་ཕེབས་ཚར་བ་རེད།
ད་ནི་ང་ཚོས་རྒྱ་དམག་ལ་རྒོལ་འཛིངས་བྱས་པའི་དམིགས་ཡུལ་དང་ཁེ་ཕན་གཞན་གང་ཡང་ ཡོད་པ་མ་རེད། རྒྱ་བོད་གཉིས་ཀ་ཤི་གོད་ཆེ་བ་དང༌། སྡིག་པ་ལྕི་བ་ལས་ཕན་ཐོགས་ཡོད་པ་མ་རེད། རང་ཕྱོགས་དང་རང་སྲོག་སྲུང་བའི་ཆེད་དགྲ་ལ་འཐབ་རྒོལ་མི་བྱེད་ཀ་མེད་རེད་མ་ གཏོགས་དེ་མིན་དགྲ་ཕྱོགས་ལ་ཕར་རྒོལ་འཐབ་འཛིངས་བྱེད་པས་ཅི་ཡང་མི་ཕན།
རྒྱལ་ས་ལྷ་ས་ནི་བསམ་བློ་གཏང་ས་གང་ཡང་ལུས་མེད་ལ་ཕྱིར་ལེན་རྒྱུ་ཡང་ཤིན་ཏུ་ཁག་ པོ་རེད། ཅེས་ཟེར་བ་དང༌། ཉམ་ཆུང་དང་ཅོལ་ཆུང་འགའ་ཞིག་གིས་ང་ཚོ་རྒྱ་དང་དམག་འཛིངས་མཁན་ཡོང་པ་མིན། རང་སྲོག་སྲུང་ཆེད་བྲོས་ནས་ཡོང་བ་ཡིན། འགྲོ་ལམ་མ་བཀག་རོགས། ཉམ་ཆུང་ཡིན། དགྲ་དང་འཛིངས་བྱེད་གོ་མཚོན་མེད་ལ་དཔའ་རྩལ་ཡང་མེད་ཟེར་བ་དང༌།
གོ་མཚོན་ཡོད་པ་ཉུང་ཤས་ཤིག་གིས་ཁྱེད་ཚོས་སྤྱི་བའི་ལམ་ལ་བཀག་འགོག་བྱེད་ རྒྱུའི་དབང་ཆ་ཡོད་པ་མ་རེད། ལུང་པ་ཆུས་ཁུར་ན་རྡོ་ལེབ་སྐམ་པོ་ལུས་ཀྱི་མ་རེད། ལུང་པ་རྒྱ་དམག་གི་གང་ཚར་དུས་ཆུ་བཞི་སྒང་དྲུག་གིས་ས་བཟུང་ནས་སྡོད་ས་ཡོད་པ་མ་ རེད་ཟེར་ནས་ཕོ་ཤེད་བཤད་མཁན་ཡང་བྱུང་བ་མ་ཟད།
མི་གཉིས་ཀྱིས་ཆུ་སྒང་དམག་མི་ལ་ཁ་གཏད་བྱས་ནས་གྲི་དང་མེ་མདའ་བེད་སྤྱོད་གཏོང་ རྩིས་བྱས་བྱུང་བ་ལ་མེ་མདའ་རྒྱབ་ནས་བསད་དགོས་བྱུང་བ་དང༌། མང་ཚོགས་སེམས་ཤུགས་ཆགས་ནས་བྲོས་རྒྱུ་མ་གཏོགས་འཛིངས་རྒྱུ་བསམ་བློ་མེད་པ་དང༌། ཕྱི་དགྲ་མི་ཐུབ་པར་ནང་ཁུལ་རྩོད་རྙོག་བྱས་ནས་ཕན་ཐོགས་མེད་པ།
ཡུལ་དུས་གནས་བབ་ཧ་ཅང་སྐྱོ་བའི་ཛ་དྲག་གི་འགག་ཏུ་སླེབས་པ་བཅས་ལ་བརྟེན་ནས་ བྲོས་བྱོལ་དུ་འགྲོ་མཁན་མང་ཚོགས་བྱིངས་ལ་བྲོས་ལམ་འཛུབ་སྟོན་དང༌། དགྲ་ལ་འཐབ་འཛིངས་བྱེད་རྒྱུའི་སྙིང་སྟོབས་དང་གོ་མཚོན་ཡོད་མཁན་མང་པོ་ཞིག་ལ་ སྐུལ་སློང་བྱས་ནས་ཆུ་སྒང་དམག་ཁུལ་དུ་སྡོད་བཅུག་པ་དང༌།
བྲོས་བྱོལ་དུ་འགྲོ་མཁན་ཚོའི་ལག་ནས་གོ་མཚོན་རྩིས་ལེན་གྱིས་གོ་མཚོན་མེད་ཀྱང་ དགྲ་ལ་གདོང་ལེན་བྱེད་ནས་སྡོད་མཁན་ཚོར་མཁོ་སྤྲོད་བྱས་ཏེ་རེ་ཞིག་དགྲ་བོ་ལ་ཁ་ བཏད་འཇལ་ནས་ཡར་ཀླུང་བཟུང་ཁུལ་གྱིས། ཡར་ཀླུང་ཕོ་བྲང་གི་ཕྱོགས་གང་ས་ནས་སྒུག་སྡོད་བྱས། ཕྱོགས་གཅིག་ནས་དེ་སྔོན་ནས་ཡོད་པའི་ཆུ་སྒང་ཕོགས་ཁང་འགན་འཛིན་བྲག་གཡབ་ཨ་ཕྲུག་ བླ་མ་དང༌།
དྲུང་ཡིག་ཡར་ཀླུང་གཙོ་དྲག་དབང་འདུས་རྡོ་རྗེ་གཉིས་ཀྱིས་ཕོགས་ཁང་གི་ཅ་དངོས་ རྣམས་སྔོན་གཏོང་ཐུབ་པའི་གྲ་སྒྲིག་བྱས། འོན་ཀྱང་དགྲ་དམག་ཚོ་ཐེ་ཚོམ་སྤུ་ཙམ་མེད་པར་ཡར་ཀླུང་ཕོ་བྲང་གི་ཕྱོགས་གང་ས་ནས་ མདའ་མཚོན་བུ་ཡུག་འཚུབ་པ་ལྟ་བུས་རྒོལ་རྡུང་ཧ་ཅང་ཚ་ནན་བཏང་བས། རང་ཕྱོགས་ཀྱིས་མང་ཉུང་དང་གོ་མཚོན་གང་ཅིས་ཡ་ལན་སློག་རྒྱུའི་ནུས་ཤུགས་ཡོངས་ སུ་ཟད་དེ།
དང་བླང་དམག་མི་ཚོ་རིམ་པ་བཞིན་ཡར་ཀླུང་ཁུལ་གྱི་ས་བཏང་ནས་ཕྱི་འཐེན་བྱས། ཆ་ཕྲེང་ཀོ་བ་བསྟན་པ་ཡར་ཀླུང་ཕོ་བྲང་ནས་མཐའ་མཇུག་ཏུ་དོན་ནས་དགྲ་ཕྱོགས་ཀྱི་ རྟ་དམག་དཔུང་ཁག་གཅིག་ཕོ་བྲང་གི་ཉེ་འགྲམ་དུ་སླེབས་ཚར་བར།
མེ་སྒྱོགས་བསྟུད་མར་གཉིས་རྒྱབ་པས་རྟ་དམག་རྣམས་རེ་ཞིག་ཕོ་བྲང་གི་འཁྲིས་ལ་ གཅར་མ་ཐུབ་པ་དང་དུས་བསྟུན་ནས་བྷི་རིང་ཀེན་རྒྱབ་ཞོར་རང་དམག་རྗེས་མ་རྣམས་ ཕྱིར་འཐེན་བྱས།
          ལྷོ་བྲག་གི་མཐའ་མཇུག་གཡུལ་འགྱེད་ནི། ཡར་ཀླུང་ནས་ཁ་འཐོར་བའི་བེ་ཅང་རིག་འཛིན་ཚེ་དབང་གིས་སྣེ་ཁྲིད་པའི་སྒ་པ་དམག་ དཔུང་ཁག་གཅིག་ལྷོ་བྲག་ཏུ་ཤར་བསྐྱོད་བྱས་པ་དང༌། དེར་ཡོད་ཨ་ལོ་ཟླ་བས་སྣེ་ཁྲིད་པའི་ལི་ཐང་རུ་ཤོག་དང༌།
དར་དགོད་དཔལ་ཆེན་ཅན་གྱིས་སྣེ་ཁྲིད་པའི་དར་དགོན་རུ་ཤོག་ཚོ་གཅིག་བཅས་རྗེས་ འདེད་རྒྱ་དམག་བརྒྱ་ཕྲག་འགའ་ཞིག་དང་ཐད་ཀར་གདོང་ཐུག་ཐེབས་ནས་འཆི་བ་སྲོག་བདོས་ ཀྱི་དམར་འཛིངས་དྲག་པོར་བྱས་ཏེ་རྒྱ་དམག་བཅུ་ཕྲག་འགའ་ཞིག་བསད་ཀྱང་མང་སྣེ་ཉུང་ བརྟེན་མ་ཐུབ་པས་རང་དམག་རྣམས་ཕྱིར་མཐེན་བྱེད་དགོས་བྱུང༌།
དེ་ཕྱོགས་ནས་རང་དམག་རྣམས་བཙན་ས་བཏང་རྗེས་དེ་སྔ་ཆུ་སྒང་དམག་སྒར་ལྟེ་བ་ཡོད་ས་ མཚོ་སྣར་གཏད་དེ་བསྐྱོད་ཀྱང༌། དམག་སྒར་ལྟེ་བ་ཕྱིར་འཐེན་བྱས་ཟིན་སྟབས་རུ་ཤོག་དེ་ཉིད་གཉལ་ཇོ་ར་བརྒྱུད་ནས་ བསྐྱོད་པར། དེ་ཕྱོགས་ཀྱི་རྗེས་འདེད་རྒྱ་དམག་དང་གདོང་གཏུགས་ཐེབས་ཏེ། མེ་མདའ་མདེའུ་མ་རྫོགས་བར་དུ་འཛིངས་ཤིང༌། དེ་ནས་འགའ་རེས་སྐེད་གྲི་གྱེད་ལ་འཕྱར་ནས།
དགྲ་བོའི་ཁྲོད་དུ་མཆོང་སྟེ་སྤྱང་ཀིས་ལུག་ཁྱུ་བཀྲུགས་པ་ལྟར་བྱས་མཐར། སྒ་པ་བརྒྱ་དཔོན་ཀུན་བཟང་འཕྲིན་ལས་ཀྱིས་སྣེ་འཁྲིད་པའི་རང་དམག་བཅུ་ཕྲག་ལྷག་ གི་རུ་ཤོག་དེ་གཅིག་ཀྱང་མ་ལུས་པ་གཡུལ་ས་དེ་རང་དུ་ཚེ་སྲོག་གི་ལེགས་སྐྱེས་བོད་ རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བཏང་ནས་མི་ཡུལ་གྱི་འཇིག་རྟེན་འདིར་གྱེས་མཇལ་ ཞུས།  
          དེ་བཞིན་ལྕགསཟམ་ཆུ་བོ་རི་རྒྱུད་ནས། རྒྱ་དམག་ཧ་ཅང་མང་པོས་དཔུང་འཇུག་བྱས་ཏེ། བྲོས་བྱོལ་དུ་འགྲོ་བཞིན་པའི་བོད་མི་བརྒྱ་ཕྲག་མང་པོ་བསད་རྨས་བཏང་བས། དེ་ཕྱོགས་ནས་བྲོས་བཞིན་པའི་བོད་མི་སྐྱ་སེར་མང་པོ་གཙང་གོམ་པ་ལ་མོ་རྒྱབ་ནས་ ཡར་འབྲོག་ཕྱོགས་སུ་བྲོས།
          འགའ་ཞིག་གྲ་ནང་བརྒྱུད་འཕྱོངས་རྒྱས་དང་གྲི་གུ་ཕྱོགས་སུ་བྲོས། འཕྱོངས་རྒྱས་རྒྱུད་ནས་ཡར་སྟོད་བྲག་ལའི་ཕྱོགས་སུ་བྲོས་པའི་རྗེས་རྒྱ་དམག་གིས་ མེ་སྒྱོགས་དང་མེ་མདའ་འདྲ་མིན་གྱིས་བཙགས། རྐང་དམག་དང་རྟ་དམག་གནམ་དམག་བཅས་ཀྱིས་དེད། གནམ་ཐོག་ནས་བྷི་རིང་ཀེན་དང་མེ་མདའ་སྦག་སྦག་སོགས་ཀྱིས་ཡ་ང་སྙིང་རྗེ་མེད་པའི་ བྱ་སྤྱོད་སྤེལ་ཏེ།
བོད་ཆོས་ལྡན་ཞིང་ཁམས་ཀྱི་རྒྱལ་ས་ལྷ་སའི་གཙོས། ཕྱོགས་མང་པོར་བྱ་ཚང་དུ་རྡོ་འཕེན་པ་ལྟར་གྱུར་པ་དང༌། བྲོས་བྱོལ་དུ་འགྲོ་བཞིན་པའི་བོད་མི་རྣམས་བྱ་སྤུ་རླུང་གིས་དེད་པ་ལྟར་གཏོར་ ནས་ངེས་མེད་གང་སར་འཇིག་རྟེན་འདིར་གྱེས་མཇལ་བྱས་པ་དང༌། སྟོད་ལང་སྨད་འགྱེལ་དང༌།
མགོ་གཏོར་མཇུག་གཏུབ་ཀྱིས་ནམ་ཡང་བསམ་མི་ཕོད་ཅིང་བརྗེད་མི་ནུས་པའི་མིག་ཆུའི་ ལོ་རྒྱུས་ཧ་ལས་དགོས་པ་ཞིག་བཞག་ཅིང༌། ཧ་ལས་དགོས་པའི་ལོ་རྒྱུས་དེའི་ནང༌། བསྟན་སྲུང་དང་བླང་དམག་དཔུང་ཁག་སོ་སོས་རྒྱ་དམར་ལ་ཕར་རྒོལ་བྱ་རྒྱུའི་ཆ་རྐྱེན་ མེད་ནའང༌།
རང་ཁུལ་ས་གནས་བརྟན་སྲུང་གིས་བྲོས་བྱོལ་དུ་འགྲོ་བཞིན་པའི་བོད་རིགས་སེར་སྐྱ་ ཚོའི་མཇུག་ཏུ་བསྡད་དེ་ཕྱི་དེད་རྒྱ་དམག་ཚོར་བྲོས་ཞོར་འཛིངས་ཞོར་གྱིས་གདོང་ ལེན་བྱས་ནས་ཡོང་བས་བྲོས་བྱོལ་དུ་འགྲོ་བཞིན་པའི་བོད་མི་ཁྲི་སྟོང་མང་པོའི་ཚེ་ སྲོག་སྐྱོབ་ཐུབ་པ་བྱུང་སྟེ།
རང་ཕྱོགས་དཔའ་བོ་མང་པོ་ཞིག་སྲོང་བཙན་སྒམ་པོའི་གཟེངས་རྟགས་དང་བྱང་ཆུབ་མཆོད་ རྟེན་གྱི་དྲན་རྟེན་སོགས་གང་ལའང་ཞེ་ཆགས་མེད་པ་ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་ བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དམག་ས་རང་ལ་བསྐྱེལ། འོན་ཀྱང་སྔོན་བཤེགས་དཔའ་བོ་དེ་ཚོས་ཁྲག་དང་མཚོན་ཆས་བྲིས་པའི་ལོ་རྒྱུས་མ་ གཏོགས་སྨྱུག་རྩེ་ནས་འཐོན་པའི་སྣག་ཚའི་ནག་བྲིས་མི་ཤེས་པ་དང༌།
ཚིག་རྒྱན་དང་སྙན་ངག་ལ་མ་བྱང་བའི་དཔའ་བོ་དེ་ཚོའི་ལུས་སྲོག་གཉིས་དང་མཉམ་དུ་ ལོ་རྒྱུས་ཀྱི་གླེགས་བམ་རེ་ཡང་དུར་སར་ཐིམ་སོང་བ་ནི་དེ་བས་ཀྱང་ཕངས་པ་ཞིག་མ་ ཡིན་ནམ།
          འོན་ཀྱང་རང་ཕྱོགས་ནས་ཇི་ལྟར་སྲུང་སྐྱོབ་བྱས་ཀྱང་ད་དུང་བོད་མི་སྐྱ་སེར་ཁྲི་ ཕྲག་དང༌། སྟོང་ཕྲག་ཕྱོགས་གང་ས་ནས་བྲོས་བྱོལ་གྱིས་ཡོང་བའི་ལམ་བར་ནས་ལ་ལས་མེ་མདས་བསད། ལ་ལ་འབམ་གྱིས་བསད། འགའ་རེ་གངས་གསེབ་རྡིབ་སྟེ་སྟོང་གི་ནང་ནས་བརྒྱ་དང༌། བརྒྱའི་ནང་ནས་བཅུ་རེ་ཟེར་བའི་དཔེ་ལྟར་ལས་མ་ལྷགས་པར་བྲོས་ལམ་ནས་ཧ་ཅང་མང་པོ་ འདས་གྲོངས་ཤོར།
དེ་དང་ཆབས་གཅིག་རང་ཁོངས་དྭངས་བླང་དམག་དཔུང་གི་ཁྲོད་ནས་ཀྱང་བརྒྱ་ཆ་ལྔ་བཅུ་ ཙམ་དགྲ་ལག་ཏུ་འདས་གྲོངས་སོང་བ་དང༌། ལྷགས་མ་རྣམས་ནས་ཀྱང་བྲོས་ཞོར་འཛིངས་ཞོར་གྱིས་ཁ་ཐོར་ཏེ་དམག་སྒྲིག་གཞིར་བཟུང་ གིས་དགྲ་འཐབ་བྱེད་རྒྱུའི་གོ་སྐབས་རེ་ཞིག་རྫོགས་ནའང་ས་ཁུལ་གང་ས་ནས་ངེས་མེད་ དུ་བྲོས་ཞོར།
བོད་མི་བྲོས་བྱོལ་བ་ཚོ་དང་རང་སྲོག་སྲུང་སྐྱོབ་ཆེད་ཕྱི་འདེད་རྒྱ་དམག་རྣམས་ དང་བྲོས་ཞོར་འཛིངས་ཞོར་དུ་ཕྱིན་པ་རེད། སྐབས་དེར་རང་ཁོངས་བསྟན་སྲུང་དྭངས་བླང་དཔའ་བོ་ཁག་གཅིག་མཉམ་སྡེབ་ཀྱིས་རྗེས་ དེད་དགྲ་བོ་ལ་གདོང་ལེན་བྱེད་ཞོར། ཆུ་སྒང་ལས་ཁུངས་ལྟེ་བ་གཉལ་ལྷུན་རྩེ་རྫོང་དུ་སྤོ་ཐུབ་པ་བྱུང་བ་དང༌།
ཆུ་སྒང་སྤྱི་ཁྱབ་བཀོད་འདོམས་པ་ཨ་འབྲུག་སྦྱིན་བདག་མགོན་པོ་བཀྲིས་མཆོག་གི་ དམག་དཔུང་དང་བཅས་པ་གོང་དུ་བཤད་ཟིན་པ་ལྟར་ལྷ་རྒྱལ་རིར་འབྱོར་ཟིན་པའི་བང་ཆེན་ སླེབས་པས་དམག་སྒར་ལྟེ་བའི་འགན་འཛིན་དམག་དམངས་དང་བཅས་པ་བློ་བདེ་པོ་བྱུང་བ་མ་ ཟད། རེ་བའི་སྲོག་རྩ་ལ་གསོན་ཤུགས་ཀྱི་འཕར་རྩ་སླར་ཡང་ལྡིང་སྟེ།
ཁ་ཐོར་ཟིན་པའི་རང་ཁོངས་དཔུང་དམག་རྣམས་གཅིག་སྒྲིལ་གྱི་རྩ་འཛུགས་བྱས་ཏེ་དགྲ་ཕྱོགས་ལ་གདོང་ལེན་བྱེད་རྒྱུའི་འཆར་གཞི་གཏིང༌།
          ཨེ་ཆུ་མདོ་རྒྱང་དང༌། དྭགས་པོ། ཨེ་ལྷ་རྒྱ་རི་ཕྱོགས་ཀྱི་མཐའ་མའི་དམག་འཁྲུག་ནི། སྒ་བ་གཙོ་འཛིན་གྲའུ་དཔོན་རིན་ཆེན་ཚེ་རིང་དང༌། དགའ་ལྡན་དམག་སྤྱི་བུ་སྡིག་ཅན་གྱི་དམག་ཤོག་གིས་བྱང་བསྐྱོད་ཨ་འབྲུག་མགོན་པོ་ བཀྲ་ཤིས་ཅན་གྱི་འགོ་དམག་རྣམས་ཕེབས་བསུ་ཟིན་ཏེ་ཨེ་ཆུ་མདོ་རྒྱང་དུ་མཉམ་འཛོམས་ བྱུང་ཟིན་རྗེས།
མགོན་པོ་བཀྲིས་འགོ་དམག་གཙོས་ཕེབས་བསུ་བ་བཅས་བོད་ས་ཁྱི་ ཟླ་   ༣   ཚེས་   ༡ ཕྱི་ལོ་   ༡༩༥༩   སྤྱི་ཟླ་   ༤   ཚེས་   ༡༠   ཉིན་ལྷ་རྒྱ་རི་ལ་འབྱོར་དེ་ནས་རང་སྲུང་དགྲ་འཐབ་དང་དམག་ཇུས་འཆར་འགོད་སྐབས་ཨ་ འབྲུག་མགོན་པོ་བཀྲིས་ནས། གྲའུ་དཔོན་དང༌།
དགའ་ལྡན་བུ་སྡིག་ཅན་ཀླུ་ཁང་གྲུ་ཁར་འབྱོར་ཡོད་པའི་བྱང་བསྐྱོད་དམག་དང་མཉམ་ རུབ་ཀྱིས་ས་སྲུང་བྱ་རྒྱུ་བཀའ་མངགས་བྱུང་བ་བཞིན་སྤྱི་ཟླ་ ༤ ཚེས་ ༡༥ ཉིན་ཀླུ་ཁང་གྲུ་ཁར་ས་སྲུང་བྱས་ནས་བསྡད་སྐབས་དགྲ་ཕྱོགས་ཀྱི་གནས་ཚུལ་གོ་ཐོས་ མེད་སྟབས་དེ་མུར་བསྡད་པས་ཕན་པ་མི་འདུག་ཅིང༌། གྲུ་སྲུང་དམག་མི་ལྔ་བཅུ་བཞག་ནས་གཞན་ཚང་མ་མར་ལྷ་རྒྱ་རི་ལ་ཕྱིར་ལོག་བྱས་བསྡད་ ཡོད།
སྐབས་དེར་ལྷ་རྒྱལ་རི་ནས་བང་ཆེན་གཉིས་ཐད་ཀར་ཡར་ལུང་ཁུལ་དུ་འབྲེལ་གནས་སུ་ བཏང༌། ཁོང་གཉིས་བོད་ཟླ་ ༣ ཚེས་ ༥ མཚན་མོར་འབྱོར་བར། ཡར་ལུང་དགྲ་ལག་ཏུ་ཤོར་ཚར་བ་དང༌། ཁོང་གཉིས་ཀྱང་ཕྱིར་ཡོང་དུས་ཡར་སྟོད་བྲག་ལ་རྒྱུད་ནས་ཡོང་དགོས་བྱུང་ཚུལ། འབའ་པ་དགེ་ཡེ་ཤེས་ཀྱིས་ཁྱོད་ཚོ་ཅི་མགྱོགས་ཀྱིས་གཉལ་ཡུལ་ཕྱོགས་སུ་ཤར་བསྐྱོད་ བྱ་རྒྱུ་མ་གཏོགས།
ཡར་ལུང་ནས་དགྲ་ལུག་ཏུ་ཤོར་ཚར་བས། དེ་གར་བསྡད་ནས་ཕན་ཐོགས་མེད་ལུགས་ལན་བསྐུར་བ་ལྟར། བོད་ཟླ་ ༣ ཚེས་ ༦ ཉིན་གྱི་ཞོགས་པར་ལྷ་རྒྱ་རི་ལ་ཡོད་པའི་ལྷོ་བྱང་གི་དམག་དཔུང་འགོ་འཛིན་ཆ་ཕྲེང་ དམག་སྤྱི་ཟླ་བ། ཆ་ཕྲེང་ཀུན་བཟང་ཆོས་འཛིན། ལི་ཐང་དམག་སྤྱི་རྒྱ་ཏོ་དོན་འགྲུབ། དཀར་མཛེས་དམག་སྤྱི་ལམ་བྲག་ཕྱག་མཛོད་པད་མ་ཡེ་ཤེས། ཆབ་མདོ་དམག་སྤྱི་ཚེ་རིང་རྡོ་རྗེ།
འབའ་པ་རྣམ་རྒྱལ་ཅན་ལྷ་རྒྱལ་རི་ལ་ཡོད་པའི་ལྷོ་བྱང་གི་དམག་དཔུང་འགོ་འཛིན་ཚོགས་འཛོམས་ཐོག་གྲོས་འཆར་བྱུང་དོན།
༡ ༽ ལྷ་རྒྱལ་རི་ཕོག་ཁང་དུ་ཡོད་པའི་ཅ་དངོས་རྣམས་ཨེ་ཆུ་མདོ་རྒྱང་ནས་རྒྱུད་གཉལ་དུ་ དབོར་ཐབས་བྱེད་རྒྱུ། དེའི་འགན་འཛིན་འབའ་བ་དགའ་ལྡན་ཕྱག་མཛོད་དགེ་བུ་སྡིག་གིས་གནང་རྒྱུ།
༢༽ འོལ་ཁ་ཆུ་སྒང་ཕོག་ཁང་དུའང་དེ་བཞིན་ཆ་འཕྲིན་བང་ཆེན་གཏོང་རྒྱུ།
༣༽ ཟངས་རི་མཁར་དམར་དུ་ཡོད་པའི་དར་རྒྱས་དམག་ཤོག་ལ་གནས་ཚུལ་དེ་བཞིན་འཁོད་པའི་བང་ཆེན་དང་ཡི་གེ་གཏང་རྒྱུ།
དེའི་ དབར་ཉིན་གསུམ་རིང་དམག་དཔུང་ཁག་བཞིར་བགོས་ཏེ་ཁག་གཅིག་ཡར་ལུང་ཕྱོགས་ནས་རྒྱ་ དམག་ཡོང་ལམ་བཀག་རྒྱུ།  ཁག་གཅིག་ཨེ་ཆུ་མདོ་རྒྱང་དང༌། བྲག་དཀར་ལར། ཀླུ་ཁང་གྲུ་ཁ་བཅས་གསུམ་ལ་འགྲོ་མཁན་ཤོག་དྲེལ་བྱས་ཏེ་རྒྱན་བརྒྱབ། སྒ་བ་དང༌། ལི་ཐང་ཤོག་གི་དཔུང་དམག་རྣམས་ཨེ་ཆུ་མདོ་བརྒྱུད་དཔུང་བསྐྱོད་བྱ་རྒྱུ།
ཆ་ཕྲེང་སོགས་ཀྱི་དཔུང་དམག་ཁག་གཅིག་བྲག་དཀར་ལར་དཔུང་བསྐྱོད་བྱེད་རྒྱུ། ཀླུ་ཁང་གྲུ་ཁར་ཆབ་མདོ་དང༌། དར་རྒྱས་དམག་ཤོག་སོགས་ཀྱིས་དཔུང་འཇུག་དང་རང་སྲུང་བཙན་རྒོལ་བྱེད་རྒྱུ། ཉིན་གསུམ་གྱི་རྗེས་ནས་དམག་དཔུང་ཡོངས་རྫོགས་ཨེ་ཆུང་མདོ་རྒྱང་དུ་མཉམ་འཛོམས་ བྱེད་རྒྱུ་བཅས་ཀྱི་ཐག་གཅོད་བྱས།
དེ་ཉིན་རང་ཕྱོགས་སོ་སོར་དཔུང་བསྐྱོད་ཀྱིས་རྒྱལ་སྲུང་བཙན་འགོག་གི་འཐབ་ར་ བསྒྲིགས། ལི་ཐང་དང་སྒ་པ་ཤོག་གི་རྟ་དམག་ཧྲག་སྒྲུག་ལྔ་བཅུ་ཐམ་པ་ཡར་སྟོད་བྲག་ལ་འགོག་ སྲུང་ས་སྲུང་དུ་བཏང༌། དགྲ་བོས་ངན་ཇུས་དང་གསང་འཇབ་བྱས་པས་དགྲ་བོ་ཡོད་པ་ཤེས་གསལ་མ་བྱུང༌། ཕྱི་ཉིན་སོ་སྲུང་བ་བརྗེ་ལེན་བཏང་བར་ཆུ་ཚོད་ ༡༠
པའི་ཐོག་རྒྱ་དམར་དམག་མི་ཆུ་ལུད་པ་ལྟར་བྱུང་བས་རང་ཕྱོགས་དམག་དཔུང་ཆ་བགོས་ ཀྱིས་དགྲ་འཐབ་འཆར་གཞི་ཨང་གསར་བྱས་ཏེ། རྟ་དམག་ཧྲག་སྒྲུག་རྣམས་སྔོན་དུ་ཐོན་ནས་དགྲ་བོ་དང་འཐབ་འཁྲུག་བྱས། དམག་ཤོག་དེས་མིག་སྔར་དགྲ་བོ་དང་འཐབ་འཁྲུག་དྲག་པོ་དགུང་མོ་ས་མ་རུབ་བར་དུ་ དམར་འཛིངས་ཀྱིས་རྒྱ་དམག་མང་པོ་ཆག་ཉིལ་བཏང༌།
 དེ་བཞིན་ཆུ་སྒང་ཕོག་ཁང་ ལི་ཐང་ཇ་མ་བསམ་འཕེལ་དང༌། ཆབ་མདོ་བློ་ཉི་སོགས་ཀྱིས་སྣེ་འཁྲིད་པའི་རྟ་དམག་བརྒྱ་སྐོར་ཞིག་ཡར་ལུང་རྒྱུད་ ནས་ཡོང་ཞིང་ཡར་སྟོད་བྲག་ལར་ཕོག་ཁང་བཟུང་ནས་ཡོད་སྐབས་རྗེས་དེད་རྒྱ་དམག་ཚོ་ གཅིག་གིས་མེ་སྒྱོགས་དང་མེ་མདའ་འདྲ་མིན་གྱི་བཙགས་ནས་ཕན་ཚུན་འཐབ་འཁྲུག་གང་ འཚམས་བྱས།
སྐབས་དེར་ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་ལ་རྨས་སྐྱོན་བྱུང་ཞིང༌། མང་སྣེ་ཉུང་བརྟེན་མ་ཐུབ་པར་ཕོག་ཁང་བསྐྱུར་ནས་གཉལ་དུ་ཕྱིར་ཐོན་བྱེད་དགོས་ བྱུང༌།
 ཨེ་ཆུ་མདོ་རྒྱང་གི་ཤར་ནས་རྗེས་དེད་རྒྱ་དམག་སྟོག་ཕྲག་མང་པོ་ ཕྱི་ཀྱེད་མེད་པར་མདུན་བསྐྱོད་བྱས་བྱུང་བར། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོས་སྣེ་འཁྲིད་པའི་ཨ་མདོའི་རུ་ཤོག་ནས་རང་སྲོག་ བློས་བཏང་གིས་མེ་མདའ་འདྲ་མིན་གྱིས་ཕན་ཚུན་བཙག་རེས་འཐབ་འཁྲུག་ཡུན་རིང་བྱས་ པས་རྒྱ་དམག་མང་ཙམ་བསད། རང་ཤོག་ཨ་མདོའི་རུ་ཤོག་ནས་མི་གཅིག་རྐྱེན་འདས་ཤོར་བ་ཕུད།
དེ་བྱིངས་མཚོན་སྲུང་གིས་སྐྱོབ་ནས་གནོད་སྐྱོན་མ་བྱུང་ཞིང༌། སྤྱིར་སྟངས་བྲོས་བྱོལ་འགྲོ་མཁན་ལ་ཕན་ཐོགས་གང་འཚམས་བྱུང༌། རྒྱ་དམག་ཧ་ཅང་མང་བ་དང༌། གོ་མཚོན་སྤུས་དག་ཤས་གཅིག་ཡིན་པ་དང༌། རང་ཤོག་དམག་འབོར་དང༌། གོ་མཚོན་གང་ཐད་ནས་གདོང་ལེན་བྱེད་རྒྱུའི་ནུས་པ་ཡོངས་སུ་རྫོགས་ནས་ཕྱི་འཐེན་ བྱེད་དགོས་བྱུང༌།
 ཨེ་ཆུ་མདོ་གྱང་གི་ལྷོ་ངོས་ནས་ལི་ཐང་དམག་སྤྱི་རྒྱ་ཏོ་ དོན་འགྲུབ་དང༌། སྒ་བ་དམག་སྤྱི་ཚེ་རྒྱལ་གཉིས་ཀྱིས་སྣེ་འཁྲིད་ནས་སྔོན་དུ་ཐོན་ཟིན་པའི་གོ་ཧྲག་ རྟ་དམག་ལྔ་བཅུ་ལ་རྗེས་སྣོན་དཔུང་དམག་དྲུག་ཅུ་ཤར་བསྐྱོད་བྱས་པས་རྒྱ་དམག་དང་ གདོང་ཁ་ཐེབས། དགོང་མོ་བར་ཕན་ཚུན་མེ་མདའ་དང་བྷི་རི་ཀན། མེ་སྒྱོགས་སོགས་ཀྱིས་དམར་འཛིངས་དྲག་པོ་བྱས་པས།
རྒྱ་དམག་བརྒྱ་ཕྲག་ལྷག་ཤི་ལམ་དུ་བཏང༌། རང་ཤོག་ལ་བྷི་རི་ཀན་དང༌། མེ་མདའ་སྤུས་ལེགས་དུ་མ་ཡོད་པས་རྒྱ་དམག་ཐད་ཀར་གདོང་མཆོང་བྱེད་ཐབས་མ་བྱུང་བ་ དང༌། བོད་སྲུང་དགྲ་ལྷ་ཝེར་མའི་འཕྲིན་ལས་དང་མཚོན་སྲུང་གི་བྱིན་མཐུ་བཅས་ལ་བརྟེན་ ནས་བསད་རྨས་རིགས་གང་ཡང་མ་བྱུང༌། དམག་ཤོག་འདིས་ཕྱི་ཀྱེད་མི་བྱེད་པར་རྒྱ་དམག་དང་རྒོལ་འཛིངས་བྱེད་བཞིན་པའི་ སྐབས།
དགྲ་བོ་རྒྱ་དམག་གིས་ཨེ་ཆུ་མདོའི་རྒྱང་གི་ནུབ་རྒྱུད་ནས་བསྐོར་ཏེ་རྩ་མེད་ གཏོང་རྒྱུའི་ངན་འཆར་གཏིང་ནས་གཡས་གཡོན་གཉིས་ནས་མདུན་མཆོང་བྱས། གོང་གསལ་སྒ་བ་རུ་ཤོག་དེ་ཉིད་དམག་ཇུས་ཀྱི་དྲ་རྒྱའི་ནང་ཚུད་པའི་ཚོད་དཔག་བྱུང་ མ་ཐག་སྒ་བ་གཙོ་འཛིན་གྲའུར་དཔོན་རིན་ཆེན་ཚེ་རིང༌། ཕྱག་མཛོད་བཀྲ་ཤིས་རྒྱལ་མཚན།
གེ་ཐོག་འབྱོར་བསྟན་སོགས་མི་དྲུག་གཅིག་རྗེས་གཉིས་རྒྱུགས་ཀྱིས་ཨེ་ཆུ་མདོའི་ དགྲ་བོ་ལ་གདོང་གཏུགས་ཀྱིས་མདུན་བསྐྱོད་བྱས་ཏེ་ཐེ་ཚོམ་མེད་པར་བྷི་རི་ཀན་ གྱིས་དགྲ་བོའི་དཔུང་ཁྲོད་དུ་བཙགས་པས་རྒྱ་དམག་བཅུ་ཕྲག་མང་པོ་བསད།
ཚུར་ཡང་མེ་མདའ་འདྲ་མིན་དང་བྷི་རི་ཀན་ཅིན་ཀང་སོགས་ཀྱིས་དྲག་ཆར་འབེབས་པ་ལྟར་ བཙགས་ཀྱང་སྟབས་ལེགས་ནས་རང་ཤོག་ལ་བསད་རྨས་རིགས་གང་ཡང་མ་བྱུང༌། རྒྱ་དམག་ཚོ་གཅིག་གིས་རྒྱང་རིང་ནས་བསྐོར་ཏེ་གྲའུར་དཔོན་གྱིས་རྒོལ་འཛིངས་ བྱེད་བཞིན་པའི་རྒྱབ་ལོག་ནས་བསྐོར་རྡུང་བྱེད་རྒྱུའི་ཇུས་ངན་བཏོན་པས།
དམག་ས་དེ་ནས་ཕྱིར་ནུད་ཀྱིས་ལི་ཐང་རྒྱ་ཏོ་དོན་གྲུབ་ཀྱིས་སྣེ་འཁྲིད་པའི་དམག་ མི་ཁག་ཅིག་རི་བདོང་ཞིག་དུ་སྒུག་ར་བཟུང་ནས་སྟོན་ཀའི་རླུང་འཚུབ་དང་དབྱར་ཀའི་ མཚོ་རླབས་ལྟར་ཕྱུར་བའི་རྒྱ་དམག་ཁྲི་ཕྲག་གིས་མེ་སྒྱོགས་དང་མེ་མདའི་དྲག་ཆར་ ཕབ་པའི་གསེབ་ནས་དམག་ཤོག་འདིས་བྷི་རིང་ཀན་དང༌། ཀྲེང་ཀན།
ཅིང་ཀང་སོགས་མེ་མདའ་འདྲ་མིན་གྱིས་བཙགས་ཏེ་རྒྱ་དམག་མང་པོ་བསད་རྨས་གཏང༌། གདོང་མཆོང་བྱེད་བཞིན་པའི་རྗེས་དེད་རྒྱ་དམག་ཆུ་ཆེན་བརྡོལ་བ་ལྟ་བུ་རྣམས་བཀག་ བསྐྱིལ་བྱས། ས་རུབ་པ་དང་ལྷ་རྒྱལ་རིའི་ཕོགས་ཁང་ཅ་དངོས་ཕལ་ཆེ་བ་དེ་ཕྱོགས་སུ་དབོར་འདྲེན་ ཐུབ་འདུག་པ། གྲའུར་དཔོན་སོགས་རྐང་དམག་ཚོ་གཅིག་དང༌།
སྒ་བ་དམག་སྤྱི་ཚེ་རྒྱལ་སོགས་རྐང་དམག་ཚོ་གཅིག་བཅས་རིམ་གྱིས་ཕྱིར་འཐེན་བྱས།
 བོད་ ཟླ་ ༣ ཚེས་ ༨ ཀྱི་ཉིན་མོ་འདིར་ཡར་སྟོད་བྲག་ལའི་ཕྱོགས་གང་ས་ནས་མེ་སྒྱོགས་དང་ལག་འབམ་བྷི་ རིང་ཀན། ཅིང་ཀེང༌། ཀྲང་ཀེན་སོགས་མཚོན་ཆ་འདྲ་མིན་འཕེན་རེས་བྱས་པའི་ལྡིར་སྒྲ་དང་ཐལ་འཚུབ་དང་དུ་ ཞགས་འཁྲིགས་པའི་སྨུག་ལོང་གི་གསེབ་ཏུ་མདུན་མཆོང་དང་འཇབ་རྒོལ།
ཀི་སྒྲ་དང་ངུར་སྒྲས་འཐབ་ཅིང་ཤི་གསོད་བསྣོལ་མ་འཐབ་པའི་ཁྲག་རིས་གང་སར་འཐེན་ པའི་དམག་འཐབ་འཛམ་གླིང་དམག་ཆེན་གཉིས་པ་སླར་ཡང་ལང་པ་དང་འདྲ་པའི་གཡུལ་ས་དེར་ རང་ཕྱོགས་ཨ་མདོའི་རུ་ཤོག་གི་དམག་མི་རེ་ཤས་བསད་པ་དང༌། སྔོན་དུ་ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་རྨས་སྐྱོན་བྱུང་བ་མ་གཏོགས་གཞན་དམག་ དཔུང་ལ་ཤི་གསོད་ཀྱི་ཉེན་ཁ་མ་བྱུང་ཞིང༌།
དགྲ་བོ་རྒྱ་དམག་བརྒྱ་ཕྲག་དུ་མའི་ཚེ་སྲོག་ལ་ཆགས་གྲུམ་བཏང་བའི་ལོ་རྒྱུས་རླབས་ ཆེན་བསྐྲུན་ཏེ། ཕྱོགས་ཁག་སོ་སོ་ནས་ཕྱི་འཐེན་བྱས་པའི་ཆུ་སྒང་དམག་དཔུང་རྣམས་ཤར་བསྐྱོད་ཀྱིས་ བོད་ཟླ་ ༣ ཚེས་ ༩ ཉིན་གཉལ་དུ་འབྱོར། དེ་གར་ཆུ་སྒང་ལས་ཁུངས་ཨ་མ་ནས་དམག་སྤྱི་ཚེ་རྒྱལ་དང༌།
ལི་ཐང་དམག་སྤྱི་རྒྱ་ཏོ་དོན་འགྲུབ་ཅན་ལ་ཨེ་ཆུ་མདོ་རྒྱང་ནས་རྗེས་དེད་རྒྱ་དམག་ དང་རང་སྲོག་དམག་འཐབ་དྲག་པོ་བྱས་པར་གཟེངས་བསྟོད་འབྲེལ་དམག་མི་རེར་བྱི་རི་ ལྕགས་ཀྲིང་རེ་རེ་དང༌། ས་མདོག་ཕྱུ་པ་རེ་རེ་སྤྲོད་ཐོག་དམག་དམངས་བྱིངས་ལ་ཤ་མར་རྩམ་གསུམ་གྱི་དམག་ ཕོགས་གང་དགོས་ལྷུག་པོར་གནང༌།
དེ་ནུབ་མཁར་ཆེན་ཕྱག་མཛོད་ཀྱིས་ཨ་འབྲུག་མགོན་པོ་བཀྲ་ཤིས་འགོ་དམག་མཚོ་སྣ་ བརྒྱུད་ནས་ཕེབས་རྩིས་འདུག་པས། རང་དམག་རྣམས་ཀྱང་མཚོ་སྣ་བརྒྱུད་ནས་འགྲོ་དགོས་པའི་བཀའ་འཕྲིན་གསལ་བསྒྲགས་བྱས། ཕྱི་ཉིན་བོད་ཟླ་ ༣ ཚེས་ ༡༡ ཉིན་ཨེ་ཆུ་མདོ་རྒྱང་དུ་ཡོད་པའི་ལྷོ་བྱང་གི་ཆུ་སྒང་དམག་དཔུང་གཉལ་སྦྱོར་ར་ རྒྱུད་མཚོ་སྣར་ཤར་བསྐྱོད་བྱེད་རྩིས་སྐབས།
རྗེས་དེད་རྒྱ་དམག་ལྟོས་ཆིས་མདུན་མཆོང་གིས་མཚོ་སྣ་བཙན་བཟུང་བྱས་ཟིན་སྟབས། སྦྱོར་ར་དང་ཁད་ཉེ་བར་རྟ་དམག་ཧྲག་སྒྲུག་གིས་ཕྱི་འདེད་རྒྱ་དམག་གདོང་བཀག་བྱེད་ རྒྱུ་དང༌། ཆོས་ལུགས་ཁག་གི་བླ་ཆེན་དང༌། གདན་སའི་བླ་སྤྲུལ་ཁག་རིས་མེད་དགེ་འདུན་པ་ཚཽ་བྲོས་བྱོལ་དུ་ཕེབས་བཞིན་པའི་ སེར་སྐྱ་མི་དམངས་བྱིངས་རྣམས་སྔོན་དུ་གཏང་རྒྱུ་གཏན་འཁེལ་བྱུང་བ་ལྟར།
རང་དམག་གོ་ཧྲག་ཁག་གཅིག་གིས་མཚོ་སྣ་ས་ཁུལ་དགྲ་སར་ཤོར་ཟིན་ནའང་ཕྱིར་དེད་རྒྱ་ དམག་གདོང་བཀག་མ་བྱས་ན་བྲོས་བྱོལ་བོད་མི་སེར་སྐྱ་མང་པོའི་ཚེ་སྲོག་ལ་ཆག་གྲུམ་ ཤོར་རྒྱུའི་ཉེན་ཁ་འགོག་ཐབས་སུ། གཅིག་རྒྱབ་གཉིས་མཆོང་གིས་བྷི་རི་ཀན་དང༌། ཅིན་ཀང༌། མེ་མདའ་སྦག་སྦག་སོགས་ཀྱིས་ཕན་ཚུན་བཙགས་རེས་བྱས།
དགྲོའི་དམག་བཀོད་ནི་གཤིན་རྗེའི་བཙན་ཁྲིམས་ནང་བཞིན་ཡིན་སྟབས་མདུན་མཆོང་མུ་ མཐུད་ནས་བྱས་བྱུང་བས་གཉལ་ཇོ་ར་ཁུལ་དེར་དམག་སྤྱི་ཁ་ཆེ་ཕྱག་མཛོད་གཙོས་རང་དམག་ རྣམས་ཀྱིས་སྒུག་བསྡད་བྱས་ནས་ཡོད་པ་དེར་མདེའུ་དཀོན་ཙམ་འདུག་པར་སྒ་པ་གྲའུ་ དཔོན་ནས་སྤི་རེ་ཀན་  ༡  དང་མདེའུ་སྒམ་བཞི་བཞག
དེ་ནས་རིམ་བསྐྱོད་ཀྱིས་ཨ་འབྲུག་ཚང་གི་རྗེས་སུ་བསྙེགས་ནས་དམར་ཀོ་ལའི་འདབ་ཏུ་ སླེབས། དམར་ཀོ་ལའམ། མཐོ་ལིང་རི་བོའི་བརྒྱུད་རིམ་ལམ་འཕྲང་ཤིན་ཏུ་དོགས་པ་དང༌། གཡང་གཟར་ཧ་ཅང་ཆེ་བའི་ས་རོང་དྲག་རྩུབ་ཆེ་བའི་དབང་གིས་བགྲོད་ལམ་ཡོད་པ་ཞིག་ མིན་ཡང༌།
དགྲ་བོའི་དམག་ཤུགས་ཀྱི་འོག་ནས་བྲོས་ཁུངས་ཀྱི་ལམ་བུ་འདི་ཉིད་མ་གཏོགས་མེད་ སྟབས་སྤྱི་འདོམས་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་བཀོད་འདོམས་ལྟར་སྒ་བ་དམག་ ཤོག་ནས་དམག་སྤྱི་ཚེ་རྒྱལ་དང༌། འབའ་བ་ཡེ་ཤེས། རྣམ་སྲས་གླིང་བ་སོགས་ནས་གོ་ཧྲག་ཁག་གཅིག་རྩ་འཛུགས་བྱས་ནས་ཕོ་རྟ་ལྔ་དྲུག་ཙམ་ དང་གཡག་བཅས་ཉིན་མཚན་གསུམ་སྔོན་དུ་གངས་ལམ་གཤགས་ནས་བཤར།
གངས་ལམ་གཤགས་པའི་མཐའ་མཇུག་མོན་རྟ་ཝང་དང༌། འབུམ་ལ་བརྒྱུད་འཕགས་བོད་ས་མཚམས་མི་ས་མ་རིར་སླེབས་ཤིང༌།
ཆུ་སྒང་དམག་དཔུང་གིས་ལྷོ་ཁའི་ས་ཁུལ་གཙང་བཟོ་ཐུབ་པའི་དབང་གིས་བྲོས་བྱོལ་དུ་ ཡོང་པའི་མི་དམངས་ཁྲི་ལྷག་ཙམ་ལ་ཚེ་སྲོག་གི་ལེགས་སྐྱེས་གསར་པ་རེ་སྟེར་ཡོད་པར་ དྲིན་བྱས་དྲིན་བཟོ་མེད་ནའང་ཟས་རྗེས་རྡོ་རྒྱབ་ཀྱི་གནའ་དཔེ་ཉམས་ལེན་མི་གནང་ བར་ཅིས་ཀྱང་ལེགས་པའང་འཕྲོས་ཞུ་ཙམ་མོ།
ྋགོང་ས་མཆོག་ཀྱང་ཉེ་ཞོ་མེད་པར་བདེ་ ཕེབས་ཟིན་སྟབས། མི་དམངས་བྱིངས་ཀྱི་འགྲོ་ལམ་ཕྲན་ཙམ་རེའི་གོ་སྐབས་འཚོལ་རྒྱུ་ལས་རྒྱལ་ཁའི་ གྲུབ་འབྲས་ཐོབ་རྒྱུའི་རེ་བ་མེད་པས་རིམ་གྱིས་ཐབས་མཁས་པའི་སྒོ་ནས་ཕྱི་མཐེན་ བྱས། ས་ཕག་བོད་ཟླ་ ༣ ཚེས་ ༡༥ སྤྱི་ཟླ་ ༤ ཚེས་        ༢༦
ཉིན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་འཁྲིད་པའི་དམག་དཔུང་ཁག་གཅིག་དམར་ཀོ་ལའི་ལུང་ཤུལ་ཞིག་ཏུ་ཕེབས་གྲུབ།
རྗེས་འདེད་རྒྱ་དམག་ཁྲི་ཕྲག་མང་པོ་གྲོག་ཚང་བརྡོལ་བ་དང་མཚོ་ཆེན་ཕྱུར་བ་བཞིན་ གཤར་ཏེ་ས་གཞི་ཡོངས་རྫོགས་རྒྱ་དམག་གིས་ཁེངས་པར་མ་ཟད་མཚོན་ཆ་འདྲ་མིན་བེད་ སྤྱོད་ཀྱིས་གནམ་ས་གཡོ་པ་ལྟ་བུའི་དམག་འཁྲུག་ཁྲོད་རང་ཤོག་དཔའ་བོ་ཚོ་ཆིག་ སྒྲིལ་གྱི་ནུས་པ་འདོན་རྒྱུའི་གོ་སྐབས་རྫོགས་ཏེ་འཛིངས་ཞོར་བྲོས་བྱོལ་གྱིས་ ཕྱིར་འཐེན་བྱས།
          ཡང་གོང་དུ་གསལ་བ་ལྟར་ཡར་སྟོད་བྲག་ལར་མཐའ་མཇུག་གི་དམག་འཐབ་བྱས་ཚུལ་ནི། དམག་སྤྱི་ཨ་འབྲུག་སྦྱིན་བདག་གིས་སྣེ་འཁྲིད་བྱང་བསྐྱོད་དཔུང་དམག་རྣམས་གོང་ དུ་བཤད་པ་ལྟར་ལྷ་རྒྱལ་རིར་འབྱོར་བ་དང༌། རྩེད་ཐང་དམག་ས་ཤོར་ཟིན་པ་དང༌།
རྒྱ་དམག་ཁྲི་ཕྲག་ལྷག་ཙམ་མུ་མཐུད་དཔུང་འཇུག་བྱེད་བཞིན་པའི་གནས་ཚུལ་ཤེས་མ་ཐག་ སྤྱི་ཁྱབ་བཀོད་འདོམས་པ་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་སྣེ་འཁྲིད་པའི་བྱང་ བསྐྱོད་དཔུང་དམག་རྣམས་གཉལ་དུ་དཔུང་བསྐྱོད་བྱས། ཡར་སྟོད་བྲག་ལའི་ཁུལ་དུ་དགྲ་དམག་མང་པོ་དཔུང་འཇུག་བྱེད་བཞིན་པའི་གནས་ཚུལ་ ཤེས་གསལ་བྱུང་བ་དང༌།
དེ་ཕྱོགས་གདོང་ལེན་རྒོལ་འཛིངས་བྱེད་མཁན་དཔུང་ཁག་གཅིག་བཏང༌། དཔུང་ཁག་གཅིག་མཚོ་སྣར་རེ་ཞིག་བཙན་ས་ཟིན་རྒྱུའི་འཆར་འགོད་བྱས་ཏེ་དེ་ཕྱོགས་ སུ་བཏང༌།
 དེ་རྗེས་དེ་སྔོན་བྱང་བསྐྱོད་ཨ་འབྲུག་དཔུང་ཁག་ལྷོ་ཁར་ཕྱིར་ སྐྱོད་སྐབས་ཀོང་པོ་རྒྱ་མདའ་ཕྱོགས་སུ་སོ་སྲུང་སོང་བས་རྒྱ་དམག་མོ་ཊ་དྲུག་ཅུ་ དང་གདོང་ཁ་ཐེབས་ཏེ་གཡུལ་འཐབ་དྲག་པོ་བྱས་རྗེས་དམག་དཔུང་ལྟེ་བའི་རྗེས་མ་ བསྙེགས་པར་མདོ་དཀར་སུམ་མདོ་རྒྱུད་ནས་ཡོང་བའི་ལི་ཐང་དམག་སྤྱི་རྒྱ་རྡོ་དོན་ འགྲུབ་དང༌། ཆབ་མདོ་དམག་སྤྱི་ཚེ་རྡོར།
དར་དགོན་དམག་སྤྱི་ཇ་མ་ངག་ཕྲུག་སོགས་ཀྱིས་སྣེ་འཁྲིད་པའི་བྱང་བསྐྱོད་དཔུང་ཁག་ གཅིག་ཀྱང་ལྷ་རྒྱལ་རིར་འབྱོར་བ་དང་གནས་ཚུལ་ཞིབ་རྟོག་གིས་རང་ཕྱོགས་དཔུང་སྣོན་ དང་དགྲ་དམག་ལ་རྒོལ་འཛིངས་ཆེད་ཡར་སྟོད་བྲག་ལའི་ཕྱོགས་སུ་ཐད་ཀར་དཔུང་བསྐྱོད་ བྱས།
          གོང་གསལ་སྔ་ཕྱི་དཔུང་ཁག་གཉིས་ཀ་ཡར་སྟོད་བྲག་ལར་སླེབས་མ་ཐག་དགྲ་ཕྱོགས་ཀྱི་ རྟ་དམག་དང་རྐང་དམག་སྟོང་ཕྲག་མང་པོ་ཐད་ཀར་ཡར་སྟོད་བྲག་ལར་དཔུང་འཇུག་བྱེད་ བྱུང་བ་དང༌། རང་ཕྱོགས་ནས་འཆི་བ་སྲོག་ལ་ཞེ་ཆགས་སྤུ་རྩེ་ཙམ་མེད་པའི་ཐོག་ནས་བྷི་རི་ཀེན་ དང༌། ཀྲིང་ཀེམ། ཅིང་ཀོང༌། མེ་མདའ་སྦག་སྦག མེ་མདའ་རང་ག་བ།
ལག་འབོམ་སོགས་གང་བྱུང་གིས་བཙགས་ཏེ་དགྲ་བོ་བརྒྱ་ཕྲག་མང་པོ་བསད་རྨད་བཏང་ཡང༌། དགྲ་ཕྱོགས་ཀྱི་དཔུང་ཁག་དེ་དག་ཐེ་ཚོམ་དང་ཕྱི་ནུད་རྟ་རྔ་ཙམ་མེད་པར་གཅིག་རྗེས་ གཉིས་མཐུད་དང༌། བརྒྱ་བསད་སྟོང་ལངས་ཀྱིས་བཤར་ནས་ཚུར་རྒོལ་བྱས་པར་མ་ཟད། གང་འཚམས་ཞིག་ནས་མེ་སྒྱོགས་དང་ལག་འབོམ། མེ་མདའ་སྦག་སྦག་སོགས་མཚོན་ཆ་ཆེ་ཆུང་སྣ་ཚོགས་ཀྱི་དྲག་ཆར་འབབ་པ་ལྟར་བཙགས་ བྱུང་བས།
རང་ཁོངས་ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་སོགས་མི་རྟ་མང་པོ་བསད་རྨས་ཅི་རིགས་ བྱས་པ་དགྲ་བོ་དང་ཁ་ཐག་ཧ་ཅང་ཉེ་བར་སླེབས་མཚམས་དངས་བླངས་དམག་དཔུང་གི་ཁྲོད་ནས་ དཔའ་བོ་མང་པོས་སྐེད་གྲི་གྱེན་ལ་འཕྱར་ནས་ཀི་སྒྲ་དང་བཅས་དགྲ་བོའི་གསེབ་ཏུ་ མཆོང་སྟེ་སྤྱང་ཀིས་ལུག་ཁྱུ་དཀྲུགས་པ་ལྟར་མི་རྟ་མང་པོ་བསད་རྨས་བྱས་མཐར་རང་ སྲོག་བློས་བཏང་བ་དང་མཚོན་སྲུང་གིས་བརྟན་ནས་མ
ེ་མདའི་ཁར་མཆོང་ཡང་ཤི་ རྐྱེན་མ་བྱུང་བ་འགའ་ཞིག་ཕུད་པའི་དེ་མིན་མང་ཆེ་བ་ནི་དགྲ་ས་དེ་རང་དུ་ཚེ་སྲོག་ ལ་རྫོགས་ཚིག་དང་བཞི་ཤད་འཐེན་ནས་འཇིག་རྟེན་འདིར་གྱེས་མཇལ་བྱས།
གོང་གསལ་ ཨ་འབྲུག་ཕྱོགས་ཁག་གི་འགོ་དམག་ཁག་གཅིག་དང༌། ལྷོ་ཁའི་དམག་ཁོངས་ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ། འབའ་པ་དམག་སྤྱི་རྒན་ཡེ་ཤེས་སོགས་ཀྱིས་སྣེ་འཁྲིད་པའི་དཔུང་དམག་ཁག་གཅིག་མཚོ་ སྣར་བཙན་ས་གཟུང་མཁན་སོང་བ་རྣམས་མཚོ་སྣར་མ་སླེབས་གོང་དགྲ་བོའི་དམག་དཔུང་མཚོ་ སྣར་སླེབས་ནས་བཙན་ས་བཟུང་ཚར་བ་དང༌།
ཚུར་རྒོལ་གྱི་གྲ་སྒྲིག་ཨང་གསར་བྱས་ཟིན་སྟབས་རང་དམག་རྣམས་ཕྱིར་ལོག་བྱེད་དགོས་བྱུང༌།
                    དེ་བཞིན་ལྷོ་ཁའི་དངས་བླངས་དཔའ་བོ་ཁག་གཅིག་གཉལ་སྒོ་སྟོད་ཟེར་བའི་ཕྱོགས་སུ་ བཙན་ས་བཟུང་འཆར་གྱིས་ཤར་བསྐྱོད་བྱས་ཀྱང༌། དེ་ཕྱོགས་སུའང་རྒྱ་དམག་སྔ་ས་ནས་སླེབས་ཟིན་པར་མ་ཟད། ཚུར་རྒོལ་གྱི་གྲ་སྒྲིག་གཏན་ལྷིངས་ཟིན་སྟབས་ཕར་རྒོལ་བྱས་ཀྱང་ཕྱོགས་གཉིས་ཀ་ བསད་རྨས་ཀྱི་གྱོང་རྒུད་ཡོང་རྒྱུ་ལས་ཕུགས་ཕན་གང་ཡང་མེད་སྟབས་ཕྱིར་འཐེན་བྱས་ དགོས་བྱུང༌།
 གཞན་ཡང་ལྷོ་ཁ་སྟོད་སྨད་དང༌། དེ་བཞིན་འཕགས་བོད་ས་མཚམས་བར་གྱི་ས་ཁུལ་གང་སར་དགྲ་བོ་རྒྱ་དམག་དང༌། དམར་འཛིངས་གཡུལ་འཐབ་རབ་དང་རིམ་པར་བྱས་ཡོད་ཀྱང༌། ཟིན་ཐོ་དང་དཔྱད་གཞི་ཡིག་རིགས་མེད་པས་འབྲི་ཐབས་མེད་པ་དང༌། གྲ་སྒྲིག་དང་རྩ་འཛུགས་ཀྱི་རྨང་གཞི་ལྡན་པའི་དགྲ་འཐབ་མ་ཡིན་པས་རྒྱས་འབྲི་ བྱེད་རྒྱུའི་ངལ་བར་བརྟེན་མེད།
          ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྟོན་འཁོར་རྣམས་སྐུ་གེགས་ཉེ་ཞོ་གང་ཡང་མེད་ པར༌། རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་ཟིན་སྟབས་དགྲ་བོའི་མཚོན་འོག་ནས་ཐར་ བའི་བོད་འབངས་བྲོས་བྱོལ་པ་རྣམས་ཀྱང་མུ་མཐུད་ནས་ཆུ་སྒང་བསྟན་སྲུང་དང་བླང་ དམག་མི་ཚོའི་རོགས་སྐྱོར་དང་བཅས་རྒྱ་གར་ཕྱོགས་སུ་བསྐྱོད།
          དེ་ཡང་ཨ་འབྲུག་སྦྱིན་བདག་སོགས་ནི། ཨ་ཐར་དང་བློ་ཚེ་གཉིས་ཀྱིས་ས་ཁྲའི་ཐོག་ནས་འཛུབ་སྟོན་བྱས་པ་ལྟར། དམར་མགོ་ལ་རྒྱུད་ནས་རྐང་ལམ་ཕྲ་མོ་ཞིག་གི་སྣེ་བཟུང༌། ཆབ་མདོ་རྒྱ་ར་སྤྲུལ་སྐུས་མོ་ལུང་ཡང་དེ་ཕྱོགས་སུ་ཅུང་ལེགས་པའི་ངོ་བྱུང་བ་ བཞིན། ཐོག་མ་རྣམ་སྲས་གླིང་པའི་གཡག་གིས་གངས་གཤགས་བཅུག
དེའི་རྗེས་ཆུ་སྒང་དམག་མི་ཁག་གཅིག་གིས་སྣེ་འཁྲིད་བོད་འབངས་སེར་སྐྱ་སྟོང་ཕྲག་ མང་པོ་དང༌། ལྷག་པར་དུ་རིས་མེད་ཆོས་ལུགས་ཁག་གི་བླ་སྤྲུལ་དགེ་བཤེས་དང༌། གཞུང་ཞབས་ཆེ་ཕྲ་དུ་མ་སྔ་ཕྱི་བང་རིམ་བཞིན་གཤར། དེ་མཇུག་ཆུ་སྒང་དམག་མི་ཁག་གཅིག་གིས་རྒན་བྱིས་ཉམ་ཐག་རྣམས་སྲུང་སྐྱོབ་རམ་ འདེགས་ཀྱིས་དམར་ཀོ་ལ་བརྒལ་ནས་རིམ་བཞིན་འཕགས་བོད་ས་མཚམས་སུ་འབྱོར།
དེ་བཞིན་འགའ་ཞིག་མཚོ་སྣ་དང་གཤའ་འུ་བརྒྱུད། ལ་ལ་ལྷོ་མདོ་མཁར་ནས་པསྒ་བཀོད་རྒྱུད་མོན་ཡུལ་དང༌། འགའ་ཞིག་ལྷོ་བྲག་བརྒྱུད་འབྲུག་ཡུལ་དུ་སླེབས།
          ཡར་ཀླུང་གཙང་པོའི་ཉེ་ཕྱོགས་གོང་དཀར་ཕྱོགས་དང༌། ཡར་འབྲོག་ཁུལ། ལྕེ་ལྡེ་ཞོལ་སོགས་ཀྱི་དམག་སྒར་ཁག་མི་ས་མ་རི་བར་ཡོང་བའི་སྐོར༌། གོང་དཀར་རྫོང་ཁུལ་གྱི་དམག་སྤྱི་ཆབ་མདོ་བྱང་རི་ལྷ་རྒྱལ་དང༌། སྡེ་དགེ་ཆུ་རྡོ་དབང་དགའ། ལི་ཐང་ཀུན་དགའ་བསམ་གཏན། གོ་འཇོ་བརྒྱ་དཔོན་ཅན་གྱི་དམག་ཤོག་ཁག་གིས།
དབུ་རུ་ལྷ་ལྡན་རྒྱལ་ཁབ་རྒྱ་དམར་གྱི་ལག་ཏུ་ཤོར་རྗེས་སུ་ནོར་གླིང་ཕོ་བྲང་གི་ སྐུ་སྲུང་དུ་ཡོད་པ་དང༌། ལྷ་ལྡན་རྒྱལ་ཁབ་ཏུ་ཡོད་པ་རྣམས་ལྷོ་ཁ་གངས་དཀར་ཕྱོགས་སུ་འབོར་བ་བཅས་ནས། ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་བཟུང་ཕེབས་རྗེས་འདེད་པའི་དགྲ་དམག་འགོག་ཐབས་ཨང་སར་བྱས་པ་ལྟར། ཟླ་བ་དེའི་མཇུག་ནས།
རྒྱ་དམག་གིས་གཙང་ཆུའི་འགག་སྒོ་ཁག་བརྒལ་རྒྱུའི་དམག་འཐབ་ཀྱིས་ལྷ་སའི་སྐྱིད་ ཆུ་གཙང་པོའི་གཡས་གཡོན་ཕ་རི་སྲིན་པོ་རི་སུལ་ཡས་མས་གང་ས་ནས་རྒྱ་དམག་གིས་ཉིན་ མཚན་བར་མེད་དུ་ཚུ་རིར་མེ་སྒྱོགས་གྲངས་མང་རྒྱག་བཞིན། ཀོ་གྲུ་གྲངས་ལས་འདས་པས་གཙང་པོ་བརྒལ་བགྲོད་ཀྱིས་དཔུང་འཇུག་བྱས་སྐབས།
 དྭངས་ བླངས་དམག་མི་རྣམས་ཀྱིས་མདའ་ཟད་ཁུར་ལ་ཉེ་བའི་བར། དམག་འཐབ་བྱས་ནས་ཀོ་གྲུ་མང་པོ་གཙང་ཆུར་བཏབ་པ་སོགས་བྱས་ཀྱང༌། རྒྱ་དམག་ཟད་མཐའ་མེད་པ་དང༌། མདེལ་མཚོན་རྫོགས་མཐའ་མེད་སྟབས་རང་དམག་རྣམས་ཀྱིས་གདོང་ལེན་ཐུབ་རེ་བྲལ་ཏེ། དམག་ཕྱིར་འཐེན་གྱིས་ཡར་འབྲོག་བརྒྱུད་དེ་བཤར། སྡེ་དགེ་དམག་སྤྱི་ཆུ་རྡོ་དབང་དགའ་དང༌།
ཨ་བར་མགོན་ཆུང་ཅན་གྱི་དམག་ཤོག་ཀྱང་ལྕེ་ལྡེ་ཞོལ་གྱི་ཡར་ཙམ་ནས་འཐབ་འཛིངས་བྱས་མཐར། ལ་བརྒྱབ་སྟེ་ཡར་འབྲོག་སྨད་ཕྱོགས་སུ་བསྐྱོད།
ལི་ ཐང་བརྒྱ་དཔོན་བླ་མ་བརྒྱུད་པ་ཅན་དཔོན་དམག་ཁག་གཅིག་དང༌། ཡར་ཀླུང་ནས་ཚུར་ཡོང་བའི་བྲག་གཡབ་ངག་དབང་བསྟན་པ་ཅན་གྱི་དམག་ཤོག ལྷ་ས་ནོར་གླིང་ནས་ཚུར་ཐར་བའི་ས་འདུ་ཆོས་མཛད་དབང་རྡོར་ཅན། ཡར་ལུང་ནས་ཕྱིར་བསྐྱོད་བྱས་པ་བཅས་ཀྱིས་ཀྱང༌། འཐབ་ཞོར་བྲོས་ཞོར་དུ་ལྕེ་ལྡེ་ཞོལ་ཕྱོགས་ཀྱི་དམག་ཤོར་ཏེ་སྔ་རྗེས་སུ་གྲ་ཕྱི་ ནང་བརྒྱུད་རིམ་བཤར་བྱས།
ཡར་ཀླུང་གཙང་པོའི་ཕར་ཁ་བཟད་ནང་ཟེར་བའི་ས་ཆ་དང༌། ཆུ་ཤུལ་ཕྱོགས་བཅས་སུ་ཡོད་པ་སྡེ་དགེ་བརྒྱ་དཔོན་འཇུ་ཆེན་བསོད་ནམས་ཕུན་ཚོགས་ དང༌། པད་མ་དམ་ཆོས། འཇམ་དབྱངས་རྡོ་རྗེ་ཅན་གྱི་དམག་ཤོག་དང༌། ལྷ་ས་ནོར་གླིང་ནས་ཐར་བའི་སྡེ་དགེ་འཇུ་ཆེན་ཐུབ་བསྟན་དང༌། པད་མ་ཚེ་དབང་སྤུན། འདན་དིལ་མགོ་ཚེ་དབང་ཅན་གྱི་དམག་ཤོག་ནས་བཟད་ནང་དང༌།
ཆུ་ཤུལ་ཕྱོགས་ནས་བྲོས་འཐབ་ཅི་རིགས་ཀྱིས་ལྕགས་ཟམ་གྲུ་ཁ་ནས་མཚན་མོར་གྲུ་ཐོན་ ཏེ་ཕྱི་ཉིན་གྲུ་ཁ་ནས་འཐབ་འཛིངས་ཤུགས་ཆེ་བྱས་ཏེ། མཐར་གམ་པ་ལ་བརྒྱབ་ནས་ཡར་འབྲོག་ཁ་ནས་ཡོང་བ་དང༌། ཆུ་ཤུལ་བ་སྨད་ཀུན་བཟང་ཡང་མཉམ་དུ་ཡོད་པ་རེད། ལྷོ་བྲག་དུ་བ་རྫོང་ནས་ཚུར་ཡོང་བའི་ཨ་མདོ་དམག་སྤྱི་ལེགས་བཤད་དང༌། བརྒྱ་དཔོན་བླ་བྲང་བ་སྐལ་བཟང་ནེ་ཙོ། ཨ་མདོ་ཕུན་ཚོགས།
སྐལ་བཟང་མགོ་སེ་ཅན་དམག་ཤོག་དང༌། ཡར་འབྲོག་མཚོ་ཁར་དུས་འཛོམས་ཀྱིས་ཚང་མ་མཉམ་རུབ་ཀྱིས་གམ་པ་ལ་བརྒྱུད་ཡར་འབྲོག་ མཚོ་ཁ་ནས་ཡོང་བའི་རྒྱ་དམག་རྗེས་འདེད་པ་དང༌། མཚན་ཕྱེད་ནས་ཕྱི་ཉིན་ཕྱི་དྲོ་བར་འཐབ་འཁྲུག་དྲག་པོ་བྱས། རྒྱ་དམག་ ༦༢ ཙམ་བསད། ཚུར་ཡང་ཤི་སྐྱོན་ཉུང་ཤས་བྱུང་འདུག སྐབས་དེར་རྒྱལ་རྩེ་དམག་གི་དྲུང་ཡིག་དང༌།
ཞལ་ངོ་རྣམ་རྒྱལ་དབང་འདུས་ཅན་སྔོན་ཡོད་གཞུང་དམག་ ༢༥ དང༌། ཨ་མདོ་ཅོ་ནེ་ཁྱེ་བོ་ཨ་ལག མཐའ་མར་ལི་ཐང་ཀུན་དགའ་བསམ་ངོ་འཁོར་དང༌། སྡེ་དགེ་དམག་སྤྱི་ཆུ་རྡོ་བུ་ཡང་དེ་ཕྱོགས་སུ་འབྱོར་ཡོད་འདུག
དེ་མཚུངས་ཡར་ ཀླུང་གཙང་པོའི་ཉེ་ཕྱོགས་པད་བདེ་ཁུལ་ཡོད་སྒ་པ་དམག་སྤྱི་བུ་བཀྲ་ཡག་ཅན་དང༌། ཡར་འབྲོག་སྣང་དཀར་རྩེ་རྫོང་ཁུལ་དང༌། སྟག་ལུང་ཁུལ། ཁ་རོ་ལའི་ཕྱོགས་བཅས་སུ་ཡོད་པའི་ཨ་མདོ་དམག་སྤྱི་ཁྲ་མོ་ཅན་སྲུང་དམག་ཁག་དང༌། ད་དུང་ལྷོ་བྲག་ཁུལ་ནས་ཡོང་བའི་མི་ཉག་དམག་སྤྱི་ཡོན་ཏན་གྱི་དམག་ཤོག
དེའི་གོང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཨ་ཁུ་བསོད་ནམས་རྒྱལ་དང༌། ཨ་མདོ་རྡོ་རྦིས་ནས་ཡིན་པ་སྒྲོལ་མ་སྐྱབས་ཅན་དཔོན་དམག་གྲངས་ ༣༠ ཐམ་པ་གཞིས་ཀ་རྩེ་ནས་ཡར་ཀླུང་དུ་སླེབས་ཡོད་པ་རྣམས་དང༌། དེ་བཞིན་གཙང་ནས་ཡོང་བའི་སྤེལ་ཟུར་རྡོ་རྗེ་ནོར་བུ་ཅན་སྔ་རྗེས་གཙང་དམག་  ༢༥  ཙམ་ཡང་ཡར་ཀླུང་ཕྱོགས་སླེབས་སྟེ།
སྤེལ་ཟུར་རྡོ་རྗེ་ནོར་བུ་ཁོང་ལ་དམག་སྤྱིའི་གོ་གནས་ཀྱང་ཡོད་འདུག་པ་བཅས་ཀྱི་ དམག་ཤོག་དེ་དག་གིས་རིམ་བཞིན་དམག་ས་ཤོར་ཏེ་བྲོས་ཞོར་འཐབ་ཞོར་བྱས་པའི་སྔོན་མ་ སྒ་པ་དམག་སྤྱི་བུ་བཀྲ་ཡག་ཅན་ལྷོ་བྲག་བརྒྱུད་མོན་ལ་དཀར་ཆུང་ཟེར་ལ་བརྒྱབ་སྟེ་ འབྲུག་ཡུལ་ནས་སྦག་ས་བརྒྱུད་རྒྱ་གར་གཞུང་གི་སྣེ་བསུའི་འོག་རྒྱ་གར་ཤར་ཨ་སམ་ མི་ས་མ་རིར་སླེབས།
རྗེས་མ་ཁག་གཅིག་རྒྱ་དམག་གིས་བགྲོད་ལམ་སྔོན་བཀག་འོག་ ཚུད་དེ་ཁྱུང་པོ་ཁུལ་ནས་ཡོང་བའི་སྡེ་དགེ་རྨེ་ཤོད་པ་བྲག་འགོ་བུ་ཆུང་ཅན་འཛིན་ བཟུང་བྱེད་ཤོར་བ་དང༌། དར་རྒྱས་དགོན་པའི་སྤྱི་ཚོ་དར་རྒྱས་ཟེར་བ་ཅན་མི་གྲངས་ ༡༢ ལྡེབས་བསད་བྱེད་ཤོར་འདུག
མི་ཉག་དམག་སྤྱི་ཡོན་ཏན་ཤོག་དང༌། ཨ་མདོ་བསོད་ནམས་རྒྱལ་ཅན་ཁག་གཅིག་མཚོ་སྣ་བརྒྱུད་མོན་རྟ་ཝང་ནས་འབུམ་སྡེ་ལ་བརྒྱུད་མི་ས་མ་རིར་སླེབས།
དེ་ མིན་ཨ་མདོ་དམག་སྤྱི་ལེགས་བཤད་དང༌། ཨ་མདོ་རྡོ་རྦིས་ཆོས་གྲགས། བླ་བྲང་སྐལ་བཟང་ནེ་ཙོ་ཅན་གྱི་དམག་ཤོག་དང༌། སྡེ་དགེ་བརྒྱ་དཔོན་འཇུ་ཆེན་བསོད་ནམས་ཕུན་ཚོགས། འཛི་སྒར་བཀའ་བཀྲ། ཡིད་ལྷུང་བཟོད་པ། ཀུན་དགའ་ཡོན་ཏན། དིལ་མགོ་ཚེ་དབང༌། འཇུ་ཆེན་ཐུབ་བསྟན་དང། པད་མ་ཚེ་དབང༌།
ཐུབ་བསྟན་ནོར་བུ་ཅན་གྱི་དམག་ཤོག་ནས་བེ་མོ་ཆི་དགའ་རྨས་སྐྱོན་ཤོར་སྟབས་རྗེས་ མའི་རྗེས་མར་ཆགས་ཤོར་བས་གྲི་གུ་ཐང་བརྒྱུད་གཉལ་སྦྱོར་རའི་ཁུལ་སྔ་རྗེས་སུ་ རྒྱ་དམག་གིས་སྔོན་སྒུག་རྗེས་འདེད་འོག་འཐབ་འཛིངས་ཐེངས་མང་བྱ་དགོས་བྱུང་སྟེ།
མཐའ་མར་རྨ་ཀོ་ལ་ནས་མོན་ལུ་གུ་ཐང་བརྒྱུད་མདོ་ཁམས་ཆུ་སྒང་དམག་མི་རྣམས་ཀྱི་ རྗེས་ཟིན་ཏེ་མཉམ་བསྐྱོད་ཀྱིས་མོན་རྟ་ཝང་ནས་འབུམ་སྡེ་ལ་བརྒྱུད་རིམ་བཞིན་མི་ ས་མ་རིར་སླེབས། གོ་འཇོ་རྡོ་རྩ། གོ་འཇོ་པད་མ། རྟའུ་དབང་ཕྱུག་ཅན་ཡང་མཉམ་དུ་ཡོད་འདུག
གཞན་ཡང་ལྷ་ས་ནས་བྲོས་ཐར་བའི་སྨར་ ཁམས་མར་ནང་ཨ་ཕོ་དང༌། སྨར་ཁམས་དྲུང་ཡིག་ཚང་འཆི་མེད་རྒྱལ་མཚན་ཅན་དང༌། སྔོན་ཡོད་སྡེ་དགེ་རྫོང་སར་གདོང་སྣ་སྤྲུལ་སྐུ་སྟོན་འཁོར་དང༌། བྱ་རྒོད་ཀྱི་ཁྱིམ་ཚང་འཁོར་བཅས། ཕུ་མ་ནང་ཚང་འཁོར་བཅས། གཤོངས་གཉེར་དང༌། འབར་ཆུང༌། འཇུ་ཆེན་དང༌།
འཇུ་ཆུང་ནང་འཁོར་བཅས་མཚོ་སྣའི་ཁོངས་སྤྱ་འུག་ཟེར་ས་ནས་མོན་རྟ་ཝང་རིམ་བརྒྱུད་ཀྱིས་མི་ས་མ་རིར་སླེབས།
ཡར་ཀླུང་དང༌། དྭགས་ཀོང་ཕྱོགས་གང་སར་ཡོད་པའི་དམག་སྒར་ཁག་ཙ་རི་དང༌། པད་མ་བཀོད་བརྒྱུད་ནས་མི་ས་མ་རི་བར་ཡོང་བའི་སྐོར།
རྩེད་ ཐང་དང༌། ཡར་ཀླུང་ཁུལ། གཙང་པོ་ཕར་ཕྱོགས་བསམ་ཡས་དང༌། འོན་ནང༌། དྭགས་པོ་ཁུལ་དང༌། ཀོང་པོ་ཁུལ་བཅས་སུ་སྲུང་དམག་གྲངས་མང་ཡོད་པ་རྣམས་རྗེས་འདེད་རྒྱ་དམག་འབྱོར་ སྟངས་ཀྱི་ཆ་ནས་ཡར་ཀླུང་ཕྱོགས་སུ་ཡོད་པ་དར་དགོན་དམག་སྤྱི་གསེ་གསེ་དང༌། གོ་འཇོ་དམག་སྤྱི་ཆོས་དྲུག་དོན་འགྲུབ་ཕུན་ཚོགས། དཀར་མཛེས་མདོ་གཉེར་བསོད་ནམས་དབང་རྒྱལ།
དཀར་མཛེས་དམག་སྤྱི་ལྷག་པ་ཚེ་དབང༌། ཆབ་མདོ་དམག་སྤྱི་པད་མ་དབང་འདུས། དར་དགོན་སྐལ་བཟང་དབང་འདུས་དང༌། བྱམས་པ་དངོས་འགྲུབ། རྟའུ་དམག་སྤྱི་མཁས་གྲུབ་སྤུན། རྟའུ་སྟོབས་ལྡན། སྒ་པ་ཆོས་གྲགས་ཅན་གྱི་དམག་ཤོག་རྣམས་ནས་སྐབས་སོ་སོར་རྒྱ་དམག་རྗེས་འདེད་པ་ རྣམས་ལ་འཐབ་འཁྲུག་བྱེད་མུས་ཐོག གོ་མཚོན་དང༌།
དཔུང་སྟོབས་ཀྱི་ཡ་ལན་མི་ཐུབ་པས་བྲོས་ཞོར་འཐབ་ཞོར་གྱིས་གསང་སྔགས་ཆོས་གླིང་ ཕྱོགས་ནས་དགེ་ལེགས་ཞིང་ཉག་དང༌། དེ་ནས་གླེ་མ་སྒང་བརྒྱུད་རྒྱ་གར་ས་ཕྱོགས་སུ་གཏད་དེ་ཡོང༌།
དེ་བཞིན་ཀོང་པོ་ ཁུལ་དུ་ཡོད་པའི་སྡེ་དགེ་དམག་སྤྱི་ཕུ་མ་རིན་རྣམ། གནས་ར་དགེ་ལེགས། འབའ་ཆུང་དཔོན་ཐུབ་སྟོབས་མགོན་པོ། སྤམ་ཁ་མགོན་པོ། མཁའ་ལེགས་བྱམས་པ།
ཡིད་ལྷུང་པ་ཇས་རུ་སྦ་ལུག་སོགས་ཀྱི་དམག་ཤོག་ཁག་ཀོང་པོ་ནས་ཟངས་རི་མཁར་དམར་ བརྒྱུད་དེ་སྔ་རྗེས་སུ་བྲོས་འཐབ་ཅི་རིགས་འོག་ཡར་ཀླུང་ཕྱོགས་སུ་ཡོང་མ་ཐར་ཏེ་ ཕྱིར་བསྐྱོད་ཀྱིས་རྩ་རི་ཕྱོགས་ནས་རྒྱ་གར་གྱི་ས་མཚམས་སུ་འབྱོར་ཉེའི་མཚམས་ ཤིག་ཏུ་རྒྱ་དམག་གི་སྔོན་བཀག་རྗེས་འདེད་ཀྱི་བཀག་རའི་དཀྱིལ་དུ་སྤམ་ཁ་མགོན་པོ་ དང༌། མཁའ་ལེགས་བྱམས་པ་ཅན་གྱི་དམག་ཚུད་པར།
བྲག་འཁྲང་དེ་ག་རང་དུ་བཙན་ས་གང་ཟིན་གྱིས་འཐབ་འཁྲུག་བགྱིས། འཐབ་འཁྲུག་དེའི་འོག་ནས་རང་དམག་མི་གྲངས་  ༡༡  བསད་ཤོར་བ་དང༌། ཕར་ཡང་རྒྱ་དམག་མང་ཙམ་བསད་ཐུབ་སྟེ། ས་མ་རུབ་ཙམ་ལ་སྡེ་དགེ་གནས་ར་དགེ་ལེགས་ཡོད་སའི་དམག་ཤོག་གཅིག་མདུན་ངོས་ནས་ ཕྱིར་བཤིག་གིས་སྔོན་བཀག་བྱེད་མཁན་གྱི་རྒྱ་དམག་ཐོག་ཤུགས་དྲག་གང་ཆེས་མེ་མདའ་ བརྒྱབ་པས། ཁོང་ཚོ་བསད་རྨས་དང༌།
ཕྱི་བྲོས་བྱ་དགོས་ཐུབ་སྟབས་རང་དམག་རྣམས་ཐར་ཙམ་བྱུང༌།
དེ་ མཚུངས་སུ་དིམ་ཆི་ཉེར་ལྔ་འམ། ནང་ཆེན་ཉེར་ལྔ་ཞེས་པའི་ཁོངས་ནས་སྒ་ཁྲི་འདུ་སྤྲུལ་སྐུ་སྐུ་འཁོར་དང༌། ཁོང་ཉིད་ཀྱི་སྐུ་མཆེད་སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ཁྱིམ་ཚང་ངོ་འཁོར། དེ་བཞིན་ཁྲི་འདུ་ལྷ་ཐོག་ཚང་ནང་མི། ཁྲི་འདུ་ཐོས་པ་ཅན་དང༌། སྒ་དབོན་པོ་བེ་ཧུ་འམ། དབོན་པོ་དཔོན་བློ་གྲོས་རྒྱ་མཚོ་ཁྱིམ་ཚང་ངོ་འཁོར།
དཔོན་རུ་སྨད་མའི་དཔོན་གྲགས་པ་རྣམ་རྒྱལ་དང༌། གྲགས་པ་ཆོས་རྒྱལ་ཅན་གྱི་ཁྱིམ་ཚང་ངོ་འཁོར། གཞན་ཡང་ཁམས་ཀྱི་ཡུལ་བུད་མང་དག་ཡོད་པ་རྣམས་རྩ་རི་བརྒྱུད་རྒྱ་གར་ས་མཚམས་ནས་ ཡོང་རྒྱུའི་ཆོག་མཆན་ཞུ་མིར་དཔོན་གྲགས་པ་རྣམ་རྒྱལ་དང༌། དབོན་པོ་དཔོན་བློ་གྲོས་རྒྱལ་མཚན་ཅན་མི་ངོ་  ༡༢  རྒྱ་གར་གྱི་ས་སྲུང་བར་འབྲེལ་བཏུགས་སུ་བསྐྱོད།
དེའི་ཤུལ་དུ་གོང་གསལ་རྣམས་ཚོ་ཁག་བྱས་ཏེ་སྒར་རྒྱབ་ནས་བསྡད་ཡོད་པར། རྗེས་འདེད་རྒྱ་དམག་གིས་ཤེས་ནས་ཉིན་ཞིག་ལ་ནམ་མ་གསལ་ཙམ་དུ་མཐའ་བསྐོར་ནས་ཁག་ སོ་སོའི་ཐོག་དམག་བརྒྱབ་པས་མདའ་མཚོན་ཆར་བཞིན་ཕབ་སྟེ། དབོན་པོ་དཔོན་ཚང་གི་ནང་མི་གྲངས་ ༨ བསད། དཔོན་རུ་སྨད་མའི་དཔོན་གྲགས་པ་ཆོས་རྒྱལ་སྤུན་ནས་དགྲ་འཐབ་ཤུགས་ཆེ་བྱས་སྟབས། དེའི་འོག་ནས་མང་པོ་བྲོས་ཐར།
མཐའ་མར་གྲགས་པ་ཆོས་རྒྱལ་ཁོང་སྤུན་གཉིས་བསད་ཤོར། གྲགས་པ་ཆོས་རྒྱལ་ཁོང་འདས་ཟིན་ནའང་ད་དུང་ཁ་ཕོ་བསྡོམ་སྡེ་མེ་མདའ་ལག་ཏུ་བཟུང་ ནས་འདུག་ཟེར། དེ་འདྲའི་དཔའ་བོ་ཆེན་པོ་དེ་སྤུན་གཉིས་མེད་ན་དེ་ཉིན་གཅིག་ཀྱང་མི་ལྷགས་ཐག་ ཆོད་རེད་ཟེར་བའི་སྙན་གྲགས་ཆེན་པོའི་ལོ་རྒྱུས་ཀྱི་ཡི་གེ་བྲིས་ཏེ་བཞག་པ་དང་ འདྲ།
སྒ་ཁྲི་འདུ་སྤྲུལ་སྐུ་སྟོན་འཁོར་དང༌། ཁྱིམ་ཚང་ངོ་འཁོར་རྣམས་སྤྲུལ་སྐུ་ཉིད་ཀྱིས་དེ་རིང་འདིར་སྡོད་གནས་བྱ་རྒྱུར་ ཕྱག་མོ་མི་བབས་པས་ཡར་ཙམ་སྤོས་ན་དགའ་ཞེས་གསུངས་པ་ལྟར། ཡར་ཙམ་གྱི་རི་གདོང་ཞིག་གི་རྒྱབ་ཁུག་ཏུ་སྤོས་ནས་བཞུགས་པར། མེ་མདའི་སྒྲ་སྐད་གོ་དུས་ཕྱོགས་གཞན་དུ་ཕེབས་པས་སྐྱོན་མ་བྱུང༌།
ཡང་ཀོང་པོ་ ཡུལ་གྱི་བསྟན་སྲུང་དྭངས་བླངས་དམག་དཔུང་རྣམས་ཀྱང་རང་ཡུལ་དུ་གནས་རེ་བྲལ་ཏེ་ ཀོང་སྟོད་དྲེ་མེད་སྟེང་མཁར་པད་མ་ཀུན་བཟང་དང༌། ཨ་དར་ཐུབ་བསྟན། ཉང་ཁྲི་དབང་ར་ལྷ་དབང་ཚེ་རིང་དང༌། དབང་ར་དབང་རྒྱལ། ཨ་དར་སྐར་མ། སྟག་ཕྲུག ཨ་དར་སྔོ་རིས། བྲེ་མ་སྒང་ཨ་དར་དབང་ཕྱུག གནས་བར་རྒྱ་ར་གཞིས་ཀ་ཟླ་བ་རྡོ་རྗེ། ཀོང་པོ་གྲ་མདའ་དབང་ཕྱུག སྒང་མཁར་ཨ་དར་ཚེ་དབང༌།
ས་རྡོ་སྒང་ཀུན་དགའ་རྒྱལ་མཚན། ཨ་དར་རྡོ་རྗེ་དང༌། ཚེ་དབང་སོགས་ཀྱི་ཀོང་པོའི་དམག་སྒར་ཁག་གི་དམག་མི་དང༌། ནང་མི་ཁྱིམ་ཚང་གང་ཐར་བ་རྣམས་བཅས་ཀོང་པོ་ཕན་དཀར་དང༌། ཀོང་པོ་ཤར་ཕྱོགས། ཀོང་པོ་དྲི་མེད་སྟེང་མཁར་ཕྱོགས་གང་ས་ནས་རྒྱ་གར་ཕྱོགས་སུ་ཁ་བལྟས་ཏེ་རྒོལ་ འཐབ་བྱེད་མུས་སུ་བྲོས་བྱོལ་དུ་ཡོང་བ་ཧ་ཅང་མང་སྟེ། དྭང་དམག་དང༌།
ཡུལ་མི་བྲོས་བྱོལ་བ་ཁག་མང་བསད་རྨས་བཟུང་གསུམ་གྱི་འོག་ནས་མ་ཐར་བ་དང༌། གང་ཐར་བ་རྣམས་སྔ་རྗེས་ཅི་རིགས་ཀྱི་སྒོ་ནས་དགེ་ལེགས་ཞིང་ཉག་དང༌། གླེ་མ་སྒང༌། རྩ་རི་དཀྱིལ་འཁོར་ཐང་སོགས་ནས་ཉག་ཤིས་ཟེར་ས་ནས་རྟ་དྲེལ་བཞག་སྟེ། རྐང་ཐང་དུ་ཟླ་ ༡ དང་ཞག་གསུམ་ལ་གོམ་བགྲོད་ཀྱིས་ཀོ་ཡུལ་དྭོགས་པོ་རི་རྒྱབ་ཕྱོགས་སུ་འབྱོར། དེ་ནས་རྡི་མ་སྤུར་ནས་གྷོ་ཧ་ཏྲ།
དེ་ནས་མི་ས་མ་རི་དང༌། སྦ་ལན་སྤུང་བཅས་སུ་རྒྱ་གར་གཞུང་གི་སྣེ་ལེན་གང་བཟང་འོག་ཚ་བའི་ཡུལ་དུ་མ་འདོད་ བཞིན་དུ་འབྱོར། ཁམས་འབྲི་ཆུ་ཤར་བརྒྱུད་སྡེ་དགེ་དཔལ་ཡུལ་དགོན་པའི་བསྟན་བདག་སྡེ་དགེ་རྒྱལ་ པོའི་དབུ་བླའི་གྲས་གྲུབ་དབང་པད་མ་ནོར་བུ་རིན་པོ་ཆེར་ཐོག་མའི་སྐབས་སུ་སྟོན་ འཁོར་མང་པོ་ཡོད་ཀྱང༌།
རིམ་བཞིན་ནུབ་བརྒྱུད་ཆབ་མདོའི་ས་ཁོངས་ནས་རྒྱ་དམག་དང་བྲོས་འཐབ་ཅི་རིགས་འོག་ ལྕགས་ར་དཔལ་འབར་ཕྱོགས་དང༌། དེ་ནས་སྤོ་བོ་བརྒྱུད་ཀོང་པོ་ཁུལ་སོགས་སུ་རྒྱ་དམག་དང་རྒོལ་འཛིངས་བྲོས་འཐབ་ དུ་མའི་སྒོ་ནས་མཐར་དགེ་ལེགས་ཞིང་ཉག གླེ་མ་སྒང་ནས་སྟག་ཤིང་བརྒྱུད་གློ་ཡུལ་ནས་དྭོགས་པོ་རི་བརྒྱབ་ཕྱོགས་ནས་ཕྱི་ ལོ་  ༡༩༦༢
ལོར་སྦ་ལན་སྤུང་དུ་ཕེབས་འབྱོར་གནང་སྐབས་རང་ཡུལ་དཔལ་ཡུལ་ངོ་མ་ནས་འཁྲིད་པའི་ ཞབས་གྲས་ཚེ་རྡོ་ཅན་རེ་གཉིས་ལས་མེད་པ་ཆགས། འོན་ཀྱང་ལྕགས་ར་དཔལ་འབར་ཁུལ་ནས་སྡེ་དགེ་ཤར་བརྒྱུད་ལ་བཞི་འཛིང་པ་བ་ཡ་ཨ་ངག་ ཅེས་པའི་དཔའ་བོ་ཆེན་པོ་དེའི་གྲས་མང་པོ་ཞིག་བསད་ཤོར་བའི་བུ་ཆུང་གཉིས་དང༌། འཛིང་ཨ་གྱོང་སྤུན། འཛིང་ཡ་མ་མགོན་པོ། སྒ་རྗེ་བུ་གྱོད།
སྤོ་བོ་ཞྭ་སྒམ་སྤྲུལ་སྐུ་གཙོས་སྤོ་བོ་བ་ཁག་གཅིག
གཞན་ ཡང་སྡེ་དགེ་ནུབ་བརྒྱུད་པ་སྐུ་སེ་གསེར་གཞོང་གཉེར་པ་དང༌། ཧོར་སྒོ་རུ་བསྟན་པ་ཁྱིམ་ཚང་སོགས་སྐུ་སེ་བ་མང་པོ་དང༌། ནང་ཆེན་ཉེར་ལྔའི་ཁོངས་སྒ་ཨ༔དབྱངས་སྤྲུལ་སྐུ་སྟོན་འཁོར་ཅན།
ད་དུང་དེའི་ སྔོན་ཙམ་དུ་སྡེ་དགེ་སྒ་རྗེ་ཁམས་གཞུང་སྤྲུལ་སྐུ་སྟོན་འཁོར་དང༌། རི་ཆེ་པད་བཀོད་རྗེ་དྲུང་སྤྲུལ་སྐུ་སྟོན་འཁོར། སྡེ་དགེ་ཤར་བརྒྱུད་རྨེ་ཤོད་རྫོང་སར་མཁྱེན་རྩེ་ཆོས་ཀྱི་བློ་གྲོས་རིན་པོ་ ཆེའི་སྐུ་ཚ་བླ་མ་ཚེ་དབང་རྡོ་རྗེ་སྟོན་འཁོར། ཡོ་རྡི་ཨོ་རྒྱན་སྐྱབས་ཅན་རྣམས་ཀྱང་གོང་བཞིན་ལམ་བགྲོད་ཀྱིས་མི་ས་མ་རི་དང༌། སྦ་ལན་སྤུང་དུ་སླེབས།
          རྒྱ་བོད་གཡུལ་འཐབ་བྱས་པའི་མཐའ་མ་ལ།།
          མང་སྣེ་ཉུང་བརྟེན་མེད་པའི་བྲོས་ལམ་ནས།།
          ཤི་བསད་ཁྲག་གི་འཁོར་ལོ་བསྐོར་བ་ཡི།།
          བརྒྱ་བསད་སྟོང་སྒྲིལ་བྱས་པའི་ལོ་རྒྱུས་བཞག།
         
                            

༼36༽

          ༧གོང་ས་མཆོག་འཕགས་ཡུལ་དུ་ཞབས་སོར་འཁོད་པའི་སྐོར་རོབ་ཙམ།

 
          ༧གོང་ས་༧སྐྱབས་མགོན་ཆེན་པོ་སྟོན་འཁོར་རྣམས་མང་མང་ས་གནས་ནས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མུ་མཐུད་རྒྱ་གར་འཕགས་པའི་ཡུལ་དུ་ཤར་བསྐྱོད་མཛད་ཅིང་སྐབས་དེར་༧གོང་ས་ མཆོག་སྐུ་ཁམས་ཅུང་སྙོག་པས་ཆིབས་རྟ་གཤོལ་ཏེ་མཛོ་ཞིག་ལ་ཞོན། མང་མང་ནས་ལེ་དབར་བཅུ་ཙམ་ཕེབས་པ་དང་རྒྱ་གར་ས་སྲུང་སྡོད་ས་རྐས་ཛེ་མ་ཎི་ལ་ སླེབས།
དེ་ག་མོན་རྟ་དབང་དུ་བཅའ་སྡོད་རྒྱ་གར་དཔོན་རིགས་གཙོ་གྲས། མིར་ཏི་སབ་དང༌། ལས་རོགས་བྷ་བྷོ་བླ་མ། ཆུ་དང་མོར་བཅའ་སྡོད་རྒྱ་གར་ས་སྲུང་དེ་སྔོན་རྭ་སྒྲེང་བླ་བྲང་གི་ཁོངས་ཡིན་པ་ འཕན་པོ་བློ་བཟང་ཟླ་བ་སོགས་ས་སྲུང་དམག་མི་ཉི་ཤུ་ཙམ་ཕེབས་བསུར་བཅར་ནས་གུས་ འདུད་དང་མཚམས་འདྲི་ཞུས། ༧གོང་ས་མཆོག་སྟོན་འཁོར་དང༌།
ཕྱོགས་མཐའ་ནས་བྲོས་བྱོལ་དུ་ཡོང་བཞིན་པའི་བོད་མི་བཙན་བྱོལ་བ་རྣམས་འཕགས་ཡུལ་ ས་མཚམས་བརྒལ་ནས་ཐད་ཀར་ཡོང་ཆོག་པའི་རེ་བ་ཞུས་དོན་བཞིན། རྒྱ་གར་གཞུང་དམངས་གཉིས་ཀས་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་འཕགས་ཡུལ་དུ་ཞབས་ སོར་འཁོད་པར་གལ་ཆེའི་སྐུ་མགྲོན་དུ་རྩིས་ནས་དགའ་བསུའི་སྣེ་ལེན་གྲ་རྒྱས་ཞུ་ རྒྱུ་དང༌།
བོད་མི་དམངས་སུ་ཞིག་འཕགས་ཡུལ་དུ་ཕེབས་པར་མཚམས་འདྲིའི་སྣེ་ལེན་དང་གདུང་སེམས་ མཉམ་བསྐྱེད་ཡོད་ཅེས་དགའ་བསུའི་ངོས་ལོན་དང་བཅས་ཕེབས་བསུ་གོ་སྒྲིག་རྒྱ་ཆེར་ གནང༌། དེ་ནུབ་ཆུ་དྭངས་མོ་ས་གནས་སུ་བཞུགས་བཞག་མཛད། ༧གོང་ས་མཆོག་གི་སྐུ་ཁམས་ཀྱང་བདེ་བར་གྱུར།
          སང་ཉིན་བོད་ཟླ་ ༢ ཚེས་ ༢༨ སྤྱི་ཟླ་ ༤ ཚེས་ ༣ ལ་ཁུལ་དེའི་འགོ་གཙོ་ཁག་གཙོས་མོན་པ་བརྒྱ་ཕྲག་མང་པོ་༧གོང་ས་མཆོག་ལ་མཇལ་བཅར་ བྱས། དེ་ནས་མོན་གྱི་སྒོ་ཟམ་མཆོད་རྟེན་ཞེས་པའི་གྲོང་ཚོ་དེ་རུ་ཕེབས་ནས་ལྷ་ཁང་ཞིག་ ཏུ་ཕེབས་བསུའི་གོ་སྒྲིག་བྱས་འདུག་པ་ལྟར་བཞུགས་ཞག་དང༌། ཁུལ་དེའི་མི་དམངས་བརྒྱ་ཕྲག་མང་པོ་ལ་མཇལ་ཁ་བརྩལ། དེ་ནས་མུ་མཐུད་དེ་ཟླ་ ༤ ཚེས་ ༥
ཉིན་མོན་རྟ་དབང་དུ་ཆིབས་བསྒྱུར་གནང༌། ས་གནས་འདི་ནི་གནའ་སྔ་མོར།
ཆིབས་བསྒྱུར་གནང༌།ས་གནས་འདི་ནི་གནའ་སྔ་མོར།
རྒྱབ་རི་མཐོན་པོ་བླ་མའི་ཆོས་ཁྲི་འདྲ། །
མདུན་རི་རྩེ་མོ་སློབ་མའི་ཆོས་ཉན་འདྲ། །
གཡས་རི་དཔའ་བོ་གདན་ལ་བཞུགས་པ་འདྲ། །
གཡོན་རི་དཔའ་མོས་གླུ་གར་འཁྲབ་པ་འདྲ། །
ཞེས་ཟེར་སྲོལ་ཡོད་པ་དང༌། ད་དུང་རི་བོ་དེ་དག་གི་དབུས་སུ་རྟ་དབང་གྲོང་པ་ཆགས་ཚུལ་ནི།
མཐའ་གཡུ་ཡི་གཞོང་པ་འདྲ་བ། །
དཀྱིལ་མར་གད་མཎྜལ་སྤུངས་འདྲ། །
ཅེས་ གྲགས་པ་ལྟར་གནའ་སྔ་མོར་མོན་རྒྱལ་པོ་བཀའ་ལ་དབང་པོའི་སྐབས་སུ་ཡུལ་མཎྜལ་སྒང་ ཞེས་བཏགས། དུས་ཕྱིས་སྔ་འགྱུར་སྙིང་མའི་བསྟན་འཛིན་སྐྱེས་ཆེན་ཨོ་རྒྱན་བཟང་པོ་མོན་ཡུལ་ དུ་ཕེབས་ཏེ་དམ་ཆོས་རྫོགས་པ་ཆེན་པོའི་བསྟན་པ་རྒྱ་ཆེར་སྤེལ་བ་དང་ཆབས་གཅིག་ མོན་ཡུལ་གྱི་སློབ་མ་ཤིན་ཏུ་མང་པོ་ལ་ཡི་དམ་རྟ་མགྲིན་གྱི་དབང་ཆེན་གནང་བ་ནས་ བཟུང་སྟེ།
སྔར་གྱི་ཡུལ་མིང་ལ་འགྱུར་བ་ཐེབས་སྟེ་མོན་རྟ་དབང་ཞེས་གྲགས་པ་ཡིན་ཟེར། ས་ཁུལ་འདི་མཚོ་སྣ་ནས་ལེ་དབར་དགུ་བདུན་དྲུག་ཅུ་རེ་གསུམ་ཙམ་གྱི་མཚམས་སུ་ས་ ཐོག་ཏུ་ཡོད་པའི་ས་ཆ་ཡིན་ལ་ཆོས་ལུགས་གོམས་སྲོལ་དང་བཅས་པ་གཅིག་གྱུར་ཡིན།
མི་ དམངས་ཡོངས་རྫོགས་ཀྱིས་ཆོས་དང་རིག་གཞུང་གོམས་སྲོལ་མི་རིགས་སོགས་གཅིག་འགྱུར་ གྱི་འབྲེལ་བ་ དང་དད་ཞེས་བླ་ལྷག་ཏུ་ཆེ་སྟབས་མཇལ་བཅར་དང་གུས་ཕྱག་ཞུས་པར་མ་ཟད། ཕེབས་ལམ་ཁག་ཏུ་ས་ཐིག་དང་ལྷ་བསངས། ཐ་ན་ཐོག་ཁར་དར་ལྕོག་གསར་པ་བཙུགས་པ་སོགས།
༧གོང་ས་མཆོག་དང་བོད་མི་དམངས་ལ་མཚམས་འདྲི་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་ པ་རྒྱ་ཆེར་བསྟན་པ་དང་དམ་པའི་ཆོས་ཀྱི་བཀའ་ལུང་ཞུས་པ་བཞིན། ༧གོང་ས་མཆོག་གིས་མ་ཎི་དང་ལྟུང་བཤགས། སྒྲོལ་མ་སོགས་ཀྱི་ལྗགས་ལུང་གནང༌།
༧གོང་ས་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་སློབ་མ་མོན་རག་བླ་མ་བློ་གྲོས་རྒྱ་ མཚོས་ཕྱག་བཏབ་པ་མོན་རྟ་དབང་དགོན་པའི་མཁན་ལས་གྲྭ་བླ་ཡོངས་རྫོགས་ཀྱིས་ཕེབས་ བསུའི་དབུ་གུར་དང་ཐབ་གསོལ་སེར་བསྐྱེས་རྒྱ་ཆེས་ཕེབས་བསུ་དང༌། རྟ་དབང་བཅའ་སྡོད་རྒྱ་གར་གཞུང་ཞབས་ལས་བྱེད་པ་ཚོས་མཚམས་འདྲིའི་ཕེབས་བསུའི་གོ་ སྒྲིག་ཤིན་ཏུ་ལེགས་པ་གནང༌།
མོན་རྟ་དབང་དགོན་དུ་ཉིན་གསུམ་བཞུགས་ཞག་མཛད་རིང་དགའ་ལྡན་ལྷ་བརྒྱ་དང༌། ཡོན་ཏན་གཞི་གྱུར་མ། ཡིག་བརྒྱ། མ་ཎི་སོགས་ཀྱི་ལྗགས་ལུང་གནང་བ་དང༌། ལྷ་ཁང་སྟེང་ཤོད་རྣམས་ལ་གནས་གཟིགས་དང་རབ་གནས་མཛད། མོན་པའི་སེར་སྐྱ་གཙོ་དྲག་ཁག་ལ་གཟིམ་ཆུང་མཇལ་ཁ་གནང༌།
སྐབས་དེར་ལྷ་ས་ནས་བཙན་བྱོལ་དུ་འབྱོར་བའི་འབྲས་སྤུངས་བློ་གསལ་གླིང་གི་མཁན་ པོ་ཕ་ར་དགེ་བཤེས་པདྨ་རྒྱལ་མཚན་མཆོག་དང༌། དགའ་གདོང་སྐུ་རྟེན་མཉམ།
སྔོན་དུ་ཀ་སྦུག་ལ་འབྱོར་བའི་བོད་ཀྱི་བདེ་དོན་ཚོགས་པས་གཉལ་ཁུལ་ལྷུན་རྩེ་ རྫོང་དུ་བསྟན་སྲུང་དྭང་བླངས་དམག་སྒར་ལ་རོགས་རམ་དུ་བཏང་བ་རྩེ་དྲུང་བྱམས་པ་ དབང་འདུས་སོགས་ཀྱང་དེ་ཁུལ་དུ་སླེབས་ནས་༧གོང་ས་མཆོག་ལ་མཇལ་གཅར་དང༌། ལྷ་སའི་ཟིངས་འཁྲུགས་དང་བྲོས་བྱོལ་དུ་ཡོང་བཞིན་པའི་བོད་འབངས་ལ་ཕྱི་འདེད་རྒྱ་ དམག་གིས་བསད་རྨས་ཚབ་ཆེན་བྱས་ཚུལ།
མདོ་ཁམས་བསྟན་སྲུང་དྭངས་བླང་དམག་གིས་ས་འགག་དང་ཆུ་འཕྲང་དུ་མ་ནས་དགྲ་བོ་རྒྱ་ དམག་ལ་རྒོལ་འཛིངས་གདོང་ལེན་དང༌། རང་ཕྱོགས་རྒན་བྱིས་སོགས་ལ་སྲུང་སྐྱོབ་གྱི་རླབས་ཆེན་ལས་འགུལ་སྤེལ་ཚུལ་སོགས་ ཆེས་ཛ་དྲག་དང་གདུག་རྩུབ་ཀྱི་གནས་ཚུལ་རྣམས་༧གོང་ས་མཆོག་ལ་སྙན་སྒྲོན་ཞུས།
          དེ་ལྟར་མོན་རྟ་དབང་ནས་ཆིབས་བསྒྱུར་གྱིས་ཕྱི་ཟླ་ ༤ ཚེས་ ༨ ཉིན་ལའི་རི་གཤོང་ལྗོངས་ཞེས་པའི་གྲོང་སྡེའི་དཀྱིལ་ལ་བཞུགས་ཞག་མཛད་དེ། ས་གནས་དེ་དག་གི་ཡུལ་མི་རྣམས་ལ་མཇལ་ཁ་དང་མ་ཎིའི་ལྗགས་ལུང་གནང༌།
          ཕྱི་ཟླ་ ༤ ཚེས་ ༡༠ ཉིན་འབུམ་སྡེ་ལར་སླེབས་ཉེའི་མཚམས་རྒྱ་གར་དབུས་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་ སྐུ་ཚབ་མེ་ནོར་སབ་དང༌། ལས་རོགས་ཟླ་དཔལ། གསུང་བསྒྱུར་འབྲས་ལྗོངས་བསོད་ནམས་སྟོབས་རྒྱས། སྐུ་སྲུང་འགན་ཁུར་པ་ཨ་ཕྲུག་ཚེ་རིང་བཅས་ཕེབས་བསུར་བཅར་ཏེ་ཁ་བཏགས་དང་གུས་ཕྱག་ སོགས་བོད་ལུགས་ཀྱི་འཚམས་འདྲི་ཕེབས་བསུ་ཞུས་པར་མ་ཟད།
ཕེབས་བསུའི་སྒོ་ཆེན་དང་གསུང་བཤད་གདེང་ཆ་སོགས་གྲ་རྒྱས་བྱས་པ་དང༌།  དབུས་གཞུང་ཕྱི་འབྲེལ་ལས་ཁུངས་གྱི་སྐུ་ཚབ་མེ་ནོར་སབ་ཀྱིས། རྒྱ་གར་སྲིད་བློན་ནེ་ཧེ་རུས་གནང་བའི་དགའ་བསུ་དང་འཚམས་འདྲིའི་ཏར་འཕྲིན་དེ་ ཉིན་༧གོང་ས་མཆོག་གི་ཕྱག་ཏུ་ཕུལ་བ་དེའི་ནང༌། ང་དང་ངའི་ལས་རོགས་ཚོས་་ཁྱེད་ལ་དགའ་བསུ་ཞུ་རྒྱུ་དང༌། རྒྱ་གར་དུ་བདེ་ཕེབས་ཐུབ་པར་བཀྲིས་བདེ་ལེགས་ཡོད།
ཁྱེད་དང་ཁྱེད་ཀྱི་སྐུ་འཁོར་ཚོ། རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་གང་དགོས་ང་ཚོས་དགའ་པོའི་སྒོ་ནས་སྒྲུབ་ རྒྱུ་ཡིན། རྒྱ་གར་མི་དམངས་ནས་ཁྱེད་ལ་སྔར་བཞིན་གུས་བཀུར་ཞུ་རྒྱུ་ཐེ་ཚོམ་མེད། དགའ་བསུ་དང་འཚམས་འདྲི་ཞུ། ཞེས་འཁོད་ཡོད་པ་རེད།
          མཛད་སྒོ་དེའི་ཉིན། འཛམ་གླིང་ཤར་ནུབ་གང་སའི་ཆོས་ལུགས་ཁག་འདྲ་མིན་གྱི་ཆོས་ཚོགས་ཁག་མང་པོ་དང༌། ཞི་བདེ་སྲུང་སྐྱོབ་ཚོགས་པ། རྒྱ་གར་ཀོང་རེ་སེ་ཚོགས་པ་སོགས་ཀྱིས་རླུང་འཕྲིན་ཐོག་ནས་ཏཱ་ལའི་བླ་མ་སངས་ རྒྱས་ཀྱི་བསྟན་པ་དང༌། བོད་མི་དམངས་ཀྱི་དོན་དུ་སྐུ་ངལ་ཁྱད་བསད་ཀྱིས་རྒྱ་གར་རྒྱལ་ཁབ་ཏུ་ཕེབས་འབྱོར་ ཐུབ་པར་བཀྲིས་བདེ་ལེགས་ཞུ་རྒྱུ་དང༌།
རྒྱ་ནག་གུང་ཁྲན་ཏང་གིས་གཙོས་པའི་འཛམ་གླིང་ཐོག་གི་དམར་ཕྱོགས་རིང་ལུགས་འཛིན་ མཁན་ཀུན་ལ་ངོ་རྒོལ་མཐར་ཕྱིན་པར་བྱེད་རྒྱུ་དང༌། བོད་ལ་རྒྱ་མིས་བཙན་འཛུལ་བྱས་པར་གདུང་སེམས་མཉམ་བསྐྱེད་དང༌། བོད་རང་བཙན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གང་མང་ཞུ་རྒྱུ་ཡིན་པ་སོགས་ཀྱི་རླུང་ འཕྲིན་ཁག་མང་པོ་འབྱོར།
          དེའི་ཕྱི་ཉིན་ཟླ་ ༤ ཚེས་ ༡༡ ཉིན་འབུམ་སྡེ་ལར་ཕེབས་འབྱོར་གནང་སྟེ། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང༌། བཀའ་བློན་ཟུར་ཁང༌། ཤན་ཁ་བ། སྣེའུ་ཤར། སྤྱི་ཁྱབ་མཁན་པོ་དགའ་བྲང༌། ཕ་ལྷ་ཐུབ་བསྟན་འོད་ལྡན། སྟག་ལྷ་ཕུན་ཚོགས་བཀྲ་ཤིས གདན་འཐུས་གཉིས་བཅས་དང༌། རྒྱ་གར་གཞུང་གི་སྐུ་ཚབ་སྐུ་ཞབས་ཧན་མན་དར་སིང་དང༌།
ལྡི་ལི་ཕྱི་འབྲེལ་ལས་ཁུངས་ཀྱིས་ཆེད་བཏང་སྐུ་ཞབས་མེ་ནོར་སབ་ལྷན་དུ་ཚོགས་འདུ་ གནང་བའི་སར། བར་ལམ་རྒྱ་དམར་གུང་ཁྲན་ཏང་དང་མཉམ་དུ། མེ་མདའི་ཁ་ནས་བོད་ལ་བཞག་པའི་ཆིངས་ཡིག་དོན་མཚན་བཅུ་བདུན་ལ་ངོས་ལེན་བྱེད་ཐབས་ མེད་ལུགས་དང༌།
དེ་ཡང་དྲག་གནོན་དང་བཙན་དབང་ཁོ་ནའི་འོག་ནས་བཞག་པ་མ་གཏོགས་ཕན་ཚུན་གཉིས་ཀའི་ འདོད་ཐོག་ཏུ་བབ་པའི་དོན་ཚན་གཅིག་ཀྱང་བཀོད་དབང་མ་བྱུང་བ་དང༌། ཆིངས་ཡིག་དེ་གལ་སྲིད་ཚད་ལྡན་ཞིག་ཡིན་པའི་དབང་དུ་བཏང་ནའང་ཆིངས་ཡིག་གི་དོན་ ཚན་ལས་བརྒལ་བའི་ལས་འགུལ་སྤེལ་མཁན་ཡོངས་རྫོགས་རྒྱ་དམར་གྱི་ཕྱོགས་ནས་མ་གཏོགས་ བོད་ཀྱི་ཕྱོགས་ནས་འགལ་འཛོལ་བྱས་མེད།
ལྷག་པར་ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་འབོར་ཆེན་བསགས་པ་དང༌། ཏཱ་ལའི་བླ་མ་རང་ཡང་རྒྱ་ཕྱོགས་ནས་བསླུ་བྲིད་ཀྱིས་སྐུ་སྲུང་མེད་པའི་ཐོག་ནས་ རྒྱའི་དམག་སྒར་དུ་ཡོང་དགོས་ཞེས་འཛིན་བཟུང་བྱེད་རྒྱུའི་འཆར་གཞི་གཏིང་བ་དང༌། ནོར་གླིང་ཕོ་བྲང་དང་པོ་ཏཱ་ལ། ལྷ་ལྡན་གཙུག་ལག་ཁང༌། ལྕགས་པོ་རི།
གདན་ས་སེར་འབྲས་གཉིས་སོགས་ཀྱིས་གཙོས་གྲོང་ཁྱེར་ལྷ་ས་ཡོངས་སུ་མེ་སྒྱོགས་དང་ མེ་མདའ་འདྲ་མིན་གྱིས་བརྒྱབ་སྟེ་རིས་མེད་སྐྱ་སེར་ཁྲི་ཁྲག་མང་པོ་བསད་རྨས་ བཟོས་པ་སོགས་མི་སྤྱོད་ལས་འདས་པའི་དྲགས་གནོན་བྱས་ཚུལ་ཞིབ་ཕྲ་གསུང་སྟེ། གནས་ཚུལ་རྣམས་རྒྱ་གར་གཞུང་ལ་འཕྲལ་དུ་སྙན་སེང་སོང་བའི་བཀའ་མོལ་གནང༌།
འབུམ་སྡེ་ལར་ཉིན་ལྔར་བཞུགས་རིང་རྒྱ་གར་གྱི་དཔོན་རིགས་ཁག་མང་པོ་མཚམས་འདྲི་དང་མཇལ་བཅར་ལ་ཕེབས། དེ་ཁུལ་གྱི་ཡུལ་མི་རྣམས་ལ་མཇལ་ཁ་གནང༌།
          ཟླ་ ༤ ཚེས་ ༡༧ ཉིན་མོ་ཊ་ནང་རིམ་ཕེབས་ཀྱིས་པུ་ཊི་རས་སི་ཞེས་པའི་རྒྱ་ཐང་དུ་ཕེབས་འབྱོར་གནང་ བ་དང་དེ་གའི་མགྲོན་ཁང་གྲགས་ཅན་ཞིག་ཏུ་རྒྱ་གར་སྲིད་གཞུང་གིས་གྲ་བསྒྲིགས་བྱས་ པ་ལྟར་བཞུགས་ཞག་མཛད་པ་དང༌། ཀ་ལོན་སྦུག་ནས་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ཕེབས་བསུར་སླེབས་འདུག་ པ་དང་མཇལ་ནས་དགྱེས་ཚོར་ཆེན་པོ་གནང༌།
          དེའི་ཕྱི་ཉིན་ཟླ་ ༤ ཚེས་ ༡༨ ལ་ཕྱི་རྒྱལ་ཁག་གི་གསར་འགོད་པ་མང་པོས་འཚང་ཀ་བྱས་ཏེ་༧གོང་ས་མཆོག་ལ་རྒྱ་བོད་ འཐབ་རྩོད་དེའི་མཇུག་འབྲས་སྐོར་ཞུས་ཀྱང་རེ་ཞིག་བཀའ་ལན་གནང་བའི་དུས་ལ་བབ་མེད་ པར་དགོངས་ནས་རྗེས་སུ་གནང་རྒྱུ་ཡིན་གསུང༌། དེ་ནུབ་ཏེ་ཛང་པུར་གྲོང་ཁྱེར་དུ་འབྱོར་བ་དང༌། དེར་རྒྱ་གར་སྲིད་གཞུང་གི་གྲ་སྒྲིག་ལྟར་བཞུགས་ཞག་མཛད།
སྐབས་དེར་དེ་སྔོན་རྒྱ་གར་ཀ་སྦུག་ཏུ་བཅའ་སྡོད་སྲིད་ཟུར་བདེ་མཁར་བ་དང༌། བཀའ་ཚབ་གཡུ་ཐོག་བཀྲིས་དོན་གྲུབ། འབྲས་ལྗོངས་རྒྱལ་པོའི་མགྲོན་གཉེར། འབྲས་སྤྱི་ལས་དྲུང་སོགས་མཇལ་བཅར་དུ་སླེབས།
ཕྱི་རྒྱལ་ཁག་གང་ས་ནས་འབྱོར་བའི་གསར་འགོད་པ་མང་པོས་བོད་དོན་ཐོག་དྲི་བ་འདྲ་ མིན་ཞུས་པར་རེ་རེ་བཞིན་དྲིས་ལན་གནང་མ་དགོས་པར་སྤྱི་ཁྱབ་ཏུ་ལོ་རྒྱུས་ཐོག་ རྒྱ་བོད་ཐ་དད་ཡིན་ལུགས་དང༌། བར་ལམ་རྒྱ་ནག་གིས་བོད་ས་རིམ་པར་བཞིན་བཙན་འཛུལ་བྱས་སྟངས། བོད་ཕྱོགས་ནས་མཐུན་ལམ་གང་མཁས་བྱས་ཀྱང་མ་ཕན་པར།
ཐ་མར་བོད་ས་ཡོངས་རྫོགས་བཙན་འཛུལ་དང་ལྷ་སའི་ཁུལ་སོགས་སུ་མི་རྟ་ཁྲི་ཕྲག་ལྷག་ བསད་རྨས་བྱས་ཚུལ་རྒྱལ་སྤྱིའི་རླུང་འཕྲིན་ཁག་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས།
༈ མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གིས་སྲུང་བྱའི་ཞབས་ཞུའི་ ཐོག དགྲ་བོ་རྒྱ་དམར་གྱི་བཙན་འོག་ནས་ནང་པ་སངས་རྒྱས་པའི་བསྟན་པ་མི་ཉམ་སླར་གསོའི་ ཆེད་དམིགས་ཀྱིས་༧གོང་ས་ཆེན་པོ་མཆོག་གིས་དབུས་ཡོངས་འཛིན་རྣམ་གཉིས། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་དབུ་འཛིན་རིས་མེད་ཀྱི་བླ་ཆེན་རྣམ་པ་ དང༌།
བསྟན་འཛིན་གྱི་སྐྱེས་ཆེན་བླ་སྤྲུལ་དགེ་འདུན་སྡེ་གཙོ་ཆེན་མང་དག་ཅིག་རྒྱ་གར་ འཕགས་ཡུལ་ཕེབས་ཐུབ་པའི་བཀྲིན་ལས་ད་ལྟ་འཛམ་གླིང་ཡོངས་སུ་སངས་རྒྱས་ཀྱི་བསྟན་ པ་ཡོངས་སུ་དར་བཞིན་ཡོད་པ་ནི་ཞུ་མ་དགོས་པ་དེ་ལྟར་ལགས། དཔེར་ན། རིས་མེད་ཀྱི་བླ་ཆེན་རྣམ་པའི་དབུས་བླ་སྤྲུལ་དགེ་འདུན་གཙོ་ཆེན་རྣམ་པའི་མཚན་ གནས་གོང་དུ་གསལ་བཀོད་ཞུས་ཡོད་པ་དེ་ལྟར་དང༌།
ད་ལྟ་འདིར་དམིགས་སུ་བཀར་ནས་སྐབས་དེའི་གནས་སྟངས་དང་འབྲེལ་བའི་སྒོ་ནས་ལྷོ་ལམ་ གཙང་སེལ་ཐུབ་པའི་དབང་གིས་རྒྱ་གར་དུ་ཕེབས་འབྱོར་ཐུབ་སྟེ་སྦག་ས་ཆོས་སྒར་ནས་ བཟུང་གི་བསྟན་པའི་རྩ་ལག་ཚུགས་པའི་ཞབས་ཞུའི་གྲུབ་འབྲས་ཀྱི་ངོ་སྤྲོད་གསལ་པོར་ ཡོང་ཕྱིར། རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་གཙོ་བོ་རྣམས་ཀྱི་མཚན་གཞུང་གཤམ་གསལ་ལྟར་ བཀོད་ན།
དགའ་ལྡན་ཁྲི་ཐོག་༩༧ པ་ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས།  དགའ་ལྡན་ཁྲི་ཐོག་   ༩༨   པ་དགའ་བྱངའཇམ་དཔལ་གཞན་ཕན། དགའ་ལྡན་ཁྲི་ཐོག་   ༩༩   པ་རྨི་ལི་བ་ཡེ་ཤེས་དོན་གྲུབ།  དགའ་ལྡན་ཁྲི་ཐོག་  ༡༠༠   པ་ཆོས་རྗེསབློ་བཟང་ཉི་མ། ཁྲི་ཐོག་  ༡༠༡   པ་ད་ལྟ་བཞུགས་བཞིན་པ་ཁྲི་ཆེན་ལུང་རིགས་རྣམ་རྒྱལ། གཞན་ཡང་ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ།
ཤར་བ་ཆོས་རྗེ་བློ་བཟང་ཉི་མ། ཤར་བ་ཆོས་རྗེ་བློ་བཟང་བསྟན་འཛིན། བྱང་རྩེ་ཆོས་རྗེ་རས་རྫོང་སྲས།  རྒྱ་གར་འཕགས་ཡུལ་དུ་ཕེབས་ཐུབ་པའི་གདན་སའི་མཁན་པོ་ལས་ཟུར། དགའ་ལྡན་བྱང་རྩེ་མཁན་ཟུར་གོ་བོ་དགེ་བཤེས་ཡེ་ཤེས་དགའ་བ་མཆོག་དང༌། གོ་བོ་དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ། ཀླུ་འབུམ་དགེ་བཤེས་དགེ་འདུན་བཟང་པོ། བསམ་བློ་དགེ་བཤེས་ཐུབ་བསྟན་དོན་འགྲུབ།
ཏྲེ་ཧོར་དགེ་བཤེས་ཐུབ་བསྟན་དབང་ཕྱུག གོ་བོ་དགེ་བཤེས་ཀུན་དགའ།
དེ་ བཞིན་དགའ་ཤར་མཁན་ཟུར་ཕུ་ཁང་དགེ་བཤེས་བློ་བཟང་ཆོས་འཕེལ་དང༌། ཨ་མཆོག་དགེ་བཤེས་དཀོན་མཆོག་རྒྱ་མཚོ། བླ་ཏི་སྤྲུལ་སྐུ་བྱང་ཆུབ་ཚུལ་ཁྲིམས། ཕུ་ཁང་དགེ་བཤེས་བྱམས་པ་ཡེ་ཤེས། ད་ལྟ་འཚོ་བཞིན་པ་ཕུ་ཁང་དགེ་བཤེས་གྲགས་པ་བསྟན་འཛིན།
འབྲས་སྤུངས་བཀྲིས་ སྒོ་མང་གྲྭ་ཚང་གི་མཁན་ཟུར་ངག་དབང་ལེགས་ལྡན་དང༌། མཚོ་ཁ་དགེ་བཤེས་ངག་དབང་བློ་བཟང༌། གུང་རུ་མཁན་ཆེན་བསྟན་པ་བསྟན་འཛིན། བསམ་བློ་དགེ་བཤེས་ངག་དབང་སྦྱིན་པ། གཞུང་པ་དགེ་བཤེས་སྐལ་བཟང་ཐབས་མཁས། གཞུང་པ་དགེ་བཤེས་ཚུལ་ཁྲིམས་བཟང་པོ། ཧར་གདོང་དགེ་བཤེས་བསྟན་པ་རྒྱལ་མཚན། གཞུང་པ་དགེ་བཤེས་བློ་བཟང་བསྟན་པ།
ད་ལྟ་འཚོ་བཞིན་པ་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན།
འབྲས་ སྤུངས་བློ་བཟང་མཁར་ཟུར་ཕ་ར་དགེ་བཤེས་པད་མ་རྒྱལ་མཚན་དང༌། ཚུལ་ཁང་དགེ་བཤེས་ཡེ་ཤེས་ཐུབ་བསྟན། ཏྲེ་ཧོར་དགེ་བཤེས་བློ་བཟང་ཉི་མ། ཚུལ་ཁང་དགེ་བཤེས་དཀོན་མཆོག་དབང་འདུས། ཚུལ་ཁང་དགེ་བཤེས་དཀོན་མཆོག་དཔག་བསམ། གོ་བོ་དགེ་བཤེས་བློ་བཟང་རྒྱ་མཚོ། ཉག་རེ་རྟོགས་ལྡན་སྤྲུལ་པའི་སྐུ་རིན་པོ་ཆེ།
སེར་ བྱེས་མཁན་ཟུར་ཏྲེ་ཧོར་དགེ་བཤེས་བློ་བཟང་དབང་ཕྱུག་དང༌། ལྷོ་པ་དགེ་བཤེས་བློ་བཟང་དོན་ཡོད། ཏྲེ་ཧོར་དགེ་བཤེས་དོན་འགྲུབ་སྟོབས་རྒྱལ། ལྡན་མ་དགེ་བཤེས་ངག་དབང་ལེགས་ལྡན། ཏྲེ་ཧོར་དགེ་བཤེས་བློ་བཟང་ཐུབ་བསྟན། གཙང་པ་དགེ་བཤེས་བློ་བཟང་ཚེ་རིང༌། མངའ་རིས་དགེ་བཤེས་བྱམས་པ་ཐེག་མཆོག ད་ལྟ་འཚོ་བཞིན་པ་ཏྲེ་ཧོར་དགེ་བཤེས་བློ་བཟང་དཔལ་ལྡན།
སེར་སྨད་མཁན་ཟུར་ སྤོམ་ར་ངག་དབང་གྲགས་པ་དང༌། དྭགས་པ་སྤྲུལ་སྐུ། སྤོམ་ར་དགེ་བཤེས་བསྟན་པ་རྒྱལ་མཚན། རྒྱལ་རོང་དགེ་བཤེས་ངག་དབང་ཐེག་མཆོག ཀོང་སྤྲུལ་བློ་བཟང་རྒྱལ་མཚན། ཀོང་པོ་དགེ་བཤེས་བྱམས་པ་དོན་ཡོད། སྤོམ་པ་བློ་བཟང་དངོས་འགྲུབ། རྒྱལ་རོང་དགེ་བཤེས་བློ་བཟང་མཐར་ཕྱིན། སྒོ་སོག་སྤྲུལ་སྐུ་གསུང་རབ་བསྟན་འཛིན། སྤོམ་པ་དགེ་བཤེས་ཨ་ཚེ།
ད་ལྟར་འཚོ་ཞིངབཞུགས་པ་སྤོམ་ར་དགེ་བཤེས་བློ་བཟང་རབ་དགའ།
དེ་ བཞིན། གསང་ཆེན་རིག་འཛིན་འདུས་སྡེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཟུར་ཕ་ར་དགེ་ བཤེས་བློ་བཟང་དོན་འགྲུབ་དང༌། གཞུང་པ་འཇམ་དབྱངས་ཡེ་ཤེས། ཏྲེ་ཧོར་དགེ་བཤེས་སྐལ་བཟང་རྣམ་རྒྱལ། ཏྲེ་ཧོར་དགེ་བཤེས་བློ་བཟང་སྐལ་ལྡན། ཕ་ར་དགེ་བཤེས་བློ་བཟང་འཕྲིན་ལས། བྱེས་གཙང་དགེ་བཤེས་བློ་བཟང་བསྟན་འཛིན། སྤོམ་པ་སྒོ་སོག་སྤྲུལ་སྐུ། ཏྲེ་ཧོར་དགེ་བཤེས་རྡོ་རྗེ་བཀྲིས།
བྱང་རྩེ་དགེ་བཤེས་བསོད་ནམས་རྒྱལ་མཚན། ཏྲེ་ཧོར་དགེ་བཤེས་ཐུབ་བསྟན་མགོན་པོ། ཏྲེ་ཧོར་དགེ་བཤེས་བློ་བཟང་བདེ་ལེགས།
དཔལ་ ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཟུར་མཚུངས་མེད་དཀོན་མཆོག་ཆོས་འཕེལ་དང༌། ཁྲི་ཆེན་ཡེ་ཤེས་དོན་འགྲུབ། བཤེས་གཉེན་བློ་བཟང་བསྟན་པ། དཀོན་མཆོག་ཀུན་གྲུབ་རྒྱལ་མཚན། གླིང་གུང་འབར་སྤྲུལ་སྐུ། ཚུལ་ཁང་དགེ་བཤེས་དཀོན་མཆོག་དབང་འདུས། ཚུལ་ཁང་དགེ་བཤེས་བློ་བཟང་རྡོ་རྗེ། གཞན་ཡང་རྣམ་གྲྭ་མཁན་ཟུར་འདན་མ་བློ་ཆོས་རིན་པོ་ཆེ། བྱ་དོར་རིན་པོ་ཆེ།
གོ་བོ་དགེ་བཤེས་དབང་གྲགས། ཤག་སྐོར་མཁན་པོ་ཉི་མ་རྒྱལ་མཚན། གྲུབ་དབང་ཏྲེ་ཧོར་སྐྱོར་སྐྱོར་དཔོན་ཚེ་དབང་ནོར་བུ། བྱ་བྲལ་སྤང་སྣང་རིན་པོ་ཆེ་སོགས་མདོར་ན་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་དང༌། གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་མཁན་བླ་དགེ་འདུན་ཕལ་བོ་ཆེ་ཕེབས་ཡོད།
མདོར་ ན་དེང་སང་འཛམ་གླིང་ཤར་ནུབ་གང་སར་ཕན་བདེ་འབྱུང་གནས་བདེ་བ་གཤེགས་པའི་བསྟན་པ་ རིན་པོ་ཆེ་ཉིན་མོ་ལྟར་གསལ་ཞིང་རྒྱས་པ་དང༌། དེ་དག་ལ་བརྟེན་ནས་བོད་ཀྱི་ཆོས་རིག་གོམས་སྲོལ་རྩ་དོན་གང་ཐད་ནས་ྋགོང་ས་མཆོག་ གི་དཔུང་རོགས་ལྟ་བུར་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་རྣམ་པར་མིག་མཐོང་ ལག་ཟིན་དུ་གྱུར་པ་འདི་དག་ཀྱང་ཤིང་བརྒྱའི་རྩ་བ་དང༌།
ཆུ་བརྒྱའི་འབྱུང་ཁུངས་ལྟ་བུ་ཡང་ཆུ་སྒང་བསྟན་སྲུང་དམག་གི་སྒྲིག་འཛུགས་འདི་ཉིད་ལ་བརྟེན་ནས་བྱུང་བ་ཞིག་རེད།
 
བོད་ལྗོངས་སྣོད་བཅུད་ཆ་ལག་བཅས་པ་ཀུན།།
དམར་པོ་རྒྱ་ཡིས་བཙན་ཟོས་བྱས་ན་ཡང༌།།
བསམ་འཕེལ་ནོར་བུ་མཐོང་བ་དོན་ལྡན་ཞབས།།
དབུས་འགྱུར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད།

37༽

བཙན་བྱོལ་དུ་ཡོང་ལམ་ནས་དཀའ་གནད་འདྲ་མིན་བྱུང་བའི་སྐོར་རོབ་ཙམ།

 
 རྒྱལ་ སྲུང་བཙན་རྒོལ་ཀྱི་འཐབ་འཁྲུག་ཁྲོད། ཚེ་སྲོག་ལྷགས་མ་ལུས་པའི་ཆུ་སྒང་དཔའ་བོའི་དཔུང་ཚོགས་མོན་པའི་ས་མཚམས་སུ་ སླེབས་པ་དང༌། ས་ཁུལ་དེར་འབྲོག་སྡེ་ཆུང་ཆུང་ཞིག་འདུག་པ་དེར་འབྱོར་དུས། མི་དམངས་བྱིངས་དང༌། དང་བླང་དམག་མི་ཀུན་ལྟོ་ཆས་མེད་པའི་དཀའ་ངལ་ཅི་ཆེར་བྱུང་བར། དམག་དམངས་འགའ་ཤས་ཀྱིས་བྱ་ཐབས་ཟད་དེ།
འབྲི་གཡག་མང་པོ་བསད་ནས་མི་དམངས་དང་དམག་མང་མི་ཚོར་ཕན་ཐོགས་ཆེན་པོ་བྱུང༌། སྤྱི་ལོ་ ༡༩༥༩ ལོའི་ཟླ་ ༤ ཚེས་ ༡༢ ཉིན་ཞག་བསྡད་བྱེད་སའི་དམག་སྒར་ནང་མཚན་མོ་ཆུ་ཚོད་ ༡༠ ཙམ་ལ་རྒྱ་གར་ས་སྲུང་མི་གསུམ་འབྱོར་བྱུང་བར་ཨ་འབྲུག་མགོན་པོ་བཀྲ་ཤིས་ཅན་གྱི་ དམག་སྒར་ནས་གྲའུ་དཔོན་རིན་ཆེན་ཚེ་རིང༌། ཨ་མདོ་ལེགས་བཤད། འབའ་བ་ཕྱག་མཛོད་བཀྲ་ཤིས་གསུམ་ཐུག་འཕྲད་དུ་བཏང༌།
རྒྱ་གར་ས་སྲུང་གིས་ཁྱེད་ཚོས་དེ་རིང་ས་གནས་འདིར་མེ་མདའ་མང་པོ་འཕང་སོང༌། ང་ཚོ་འདི་གར་རྒྱ་གར་གཞུང་གིས་བཞག་པའི་ས་སྲུང་ཡིན། ས་ཁུལ་འདིར་མེ་མདའ་གང་བྱུང་མང་བྱུང་གིས་འཕེན་ཆོག་གི་མ་རེད། དེར་མ་ཟད་ས་གནས་འདི་བརྒལ་ནས་ཡོང་ཆོག་གི་མ་རེད། འདི་ཚུན་ཆད་རྒྱ་གར་ས་མཚམས་རེད་ཟེར། ཁོང་གསུམ་གྱིས་མེ་མདའ་གང་བྱུང་འཕེན་རྒྱུ་མིན།
སང་ཉིན་ནས་ང་ཚོས་ཁྱེད་རྣམ་པར་བཅར་ནས་ས་མཚམས་བརྒལ་ཆོག་པའི་སྙན་ཞུ་འབུལ་རྒྱུ་ ཡིན་ཞེས་བཤད། གནས་ཚུལ་དེའི་སྐོར་དེར་ཡོད་ཆུ་སྒང་མགོ་འཛིན་རྣམས་ལྷན་འཛོམས་ཐོག་གོ་བསྡུར་ བྱས། ཉིན་ཤས་རིང་རྩམ་པ་ཅུང་ཟད་རེ་དམག་ཕོག་སྤྲཽད་དེ་དམག་ངལ་གསོ་ནས་བསྐྱོད་ཆོག་ པའི་གོ་སྐབས་ཡོང་རེ་བྱས།
འོན་ཀྱང་ཉིན་ལྟར་རྒྱ་གར་ས་སྲུང་བས་ས་གནས་དེ་གར་ཡོང་མི་ཆོག་པར་གཞན་དུ་སྤོ་ དགོས་པའི་རྙོག་དྲ་ཡང་ཡང་བཤད། གོང་གསལ་ཆུ་སྒང་འགོ་བྱེད་མི་གསུམ་གྱིས་རྒྱ་གར་ས་སྲུང་དམག་མི་ ༥༠ ལྷག་དང་སྐད་བསྒྱུར་བ་བཅས་ལ་དྭ་ཡོན་ ༣༠ དང༌། རྟ་རྐྱང་པོ་ ༡ བཅས་ལྐོག་བརྔན་སྤྲད་དེ། ང་ཚོ་རྒྱ་གར་ལ་ཤར་བསྐྱོད་ཆོག་པའི་ཐབས་ཤེས་རོགས་རམ་གནང་རོག་ཞུས་ཀྱང༌།
ཁོང་ཚོས་ཐབས་ཤེས་གང་ཡང་བྱེད་ཐབས་ཡོད་པ་མ་རེད། རྒྱ་གར་དབུས་གཞུང་གི་བཀའ་འཁྲོལ་མ་བྱུང་བར་དུ་གཏོང་ཐབས་ཡོད་པ་མ་རེད་ཟེར། སླར་ཡང་ས་སྲུང་འགན་འཛིན་དེ་ལ་སྐད་བསྒྱུར་བརྒྱུད་ནས། ང་ཚོའི་མི་དམངས་རྣམས་ལྟོ་ཆས་རྫོགས་ནས་ལྟོགས་ཤི་ཐེབས་རྒྱུ་མ་གཏོགས་མི་འདུག་ པའི་སྐོར་ཞུས།
ས་སྲུང་དམག་དཔོན་དེས་ང་ཚོས་ཁྱེད་རྣམ་པའི་དཀའ་ངལ་ཤེས་ནས་དབུས་གཞུང་ལ་སྙན་ཞུ་ ཕུལ་ཟིན་ནའང་ད་དུང་དེ་ལན་འབྱོར་མ་བྱུང་བས་བྱ་ཐབས་གང་ཡང་མི་འདུག་ཟེར། ང་ཚོའི་དམག་དམངས་ཤིན་ཏུ་མང་བས་བཀག་ཀྱང་ཁོག་ཐབས་མི་འདུག་པས་གང་དྲག་ཞུས་པར། ས་སྲུང་དམག་མི་ཉུང་ཉུང་ཞིག་གིས་ཁ་གཏད་ལྕོག་ཐབས་མི་འདུག་པས་ཁྱོད་ཚོ་ས་མཚམས་ བརྒལ་ནའང་ང་ཚོ་ལ་བྱེད་ཐབས་གང་ཡང་ཡོད་པ་མ་རེད།
ང་ཚོར་དབུས་གཞུང་གི་ཆོག་མཆན་སྒུག་ན་མ་གཏོགས་ཁྱེད་ཚོ་ལ་ས་མཚམས་བརྒལ་ཆོག་པའི་ ངོས་ལེན་འབུལ་ཐབས་ཡོད་པ་མ་རེད་ཟེར། དེ་ནས་ཆུ་སྒང་འགན་འཛིན་རྣམ་པ་འུ་ཐུག་ཐབས་ཟད་ཀྱིས་མི་དམངས་ལྟོགས་ཤི་ཐེབས་ རྒྱུའི་ཉེན་ཁ་ཟློག་པའི་ཆེད་བོད་ཟླ་ ༣ ཚེས་ ༢༠ ཉིན་གདན་ས་ཁག་གི་མཁན་བླ་དགེ་འདུན་རྣམས་དང༌། རྒན་བྱིས་ཕོ་མོ་རྣམས་སྔོན་དུ་བཏང་རྒྱུ་དང༌།
དམག་མི་རྣམས་རྒྱ་གར་དབུས་གཞུང་གི་བཀའ་འཁྲོལ་ཐོབ་རྗེས་ཐོན་རྒྱུ་བྱས་ཀྱང་བཀག་ མ་ཐུབ་པས་མི་དམངས་བྱིངས་རྣམས་སྔོན་དུ་བཤར། རང་དམག་རྣམས་ས་མཚམས་བརྒལ་ནས་ཤར་བསྐྱོད་བྱས་ཀྱང་གང་འཚམས་ཞིག་ནས་དམྱལ་པའི་ འགག་ཕྲང་ལས་དྭོགས་པའི་ཀྱོག་ལམ་གཡང་གཟར་ཤིན་ཏུ་ཆེ་བས། མོན་རྟ་དབང་དུ་མ་སླེབས་གོང་རྟ་དྲེལ་སྟོང་ཕྲག་མང་པོ་ལྟོག་ཤི་གྱུར་པ་དང༌། གཡང་དུ་ལྷུང་བ་མ་ཟད།
མི་དམངས་རེ་གཉིས་ཀྱང་གཡང་དུ་ལྷུང་ནས་ཤི་གོད་བྱུང་བས། ཆུ་སྒང་འགོ་བྱེད་ཚོ་གོ་བསྡུར་གྱིས་ཕྲལ་སེལ་ལམ་བཅོས་བཟོ་རྒྱུ་གཏན་འཁེལ་ཏེ་ སྒ་པ་དམག་སྤྱི་ཚེ་རྒྱལ་དང་གཙོ་འཛིན་གྲའུ་དཔོན་རིན་ཆེན་ཚེ་རིང་གཉིས་ཀྱི་དམག་ ཤོག་ནས་དམག་ཧྲག་སུམ་ཅུ་དང༌།
འབའ་པ་དམག་སྤྱི་རྒན་ཡེ་ཤེས་ཅན་གྱི་ཤོག་ནས་དམག་ཧྲག་ཉི་ཤུ་དོན་ནས་ཉིན་རེ་ བཞིན་གཡང་གཟར་ཆེ་སའི་ལམ་ཕྲང་རྣམས་ལ་ཕྲལ་སེལ་ཀྱི་ལམ་བཅོས་བྱས་པས། མི་རྟ་མང་པོར་ཕན་ཐོགས་བྱུང༌། ལམ་བར་བྲག་སྣ་ཞིག་ཏུ་ཆུ་འཕྲང་དང་བྲག་འཕྲང་ཧ་ཅང་ཆེ་བ་དང༌། དེ་སྔོན་ ཟམ་པ་ཞིག་ཡོད་འདྲ་ཡང་གཏོར་ནས་མེད་སྟབས། འབའ་པ་དམག་ཤོག་དང༌།
སྒ་པ་དམག་ཤོག་གི་མི་ཧྲག་ཁག་གཅིག་ནས་ཤིང་སྡོང་རིང་པོ་འགའ་ཞིག་བཅད་ནས་གདུང་ ཟམ་བཙུག་པས་ཉིན་ཤས་རིང་འགྲོ་ཐུབ་ཙམ་དང༌། རྟ་དྲེལ་ལྷགས་མ་རྣམས་གདུང་ཟམ་སྟེང་ཁྲིད་ནས་ཆུ་ཕ་ཁར་འགྲོ་ཐུབ་ཙམ་བྱུང༌། དེ་ལྟར་བྱས་ནས་ཤི་གསོན་དབྱེ་ཐག་མི་ཆོད་པའི་དཀའ་ཚེགས་དང་དངངས་སྐྲག་ཛ་དྲག་ གིས་རིམ་པར་མོན་རྟ་དབང་དུ་སླེབས་པ་དང༌།  རྒྱ་གར་དམག་དཔོན་ཆེ་བ་ཞིག་གིས།
ཨ་འབྲུག་ཚང་ལ་འཚམས་འདྲིའི་སྣེ་ལེན་ཟབ་རྒྱས་ཞུས་ཐོག ཏཱ་ལིའི་བླ་མ་རྒྱ་གར་དུ་ཕེབས་འབྱོར་ཞབས་སོར་འཁོད་ཉིན། ཁྱེད་ཚོ་རྒྱ་གར་དུ་ཕེབས་པར་དགའ་བསུ་དང་ཆོག་མཆན་བཀའ་ཁྲོལ་བྱུང༌། ང་ཚོས་ཁྱེད་རྣམ་པར་སྣེ་ལེན་དང་རོགས་རམ་གང་དྲག་ཞུ་ཆོག འོན་ཀྱང་གོ་མཚོན་རིགས་ཁུར་ནས་རྒྱལ་ནང་དུ་འགྲོ་མི་ཆོག འདི་གར་རྩིས་སྤྲོད་བྱེད་དགོས།
ང་ཚོས་དོ་བདག་སོ་སོར་བྱུང་འཛིན་སྤྲོད་ནས། རྗེས་མར་དུས་བདེ་གནས་འཇག་བྱུང་སྐབས་བྱུང་འཛིན་ཐོག་ནས་དོ་བདག་སོ་སོའི་ལག་ཆ་ རྣམས་རྩིས་སྤྲོད་བྱེད་ཆོག་ཅེས་གསུང་པ་ལྟར་རིམ་བཞིན་རྩིས་སྤྲོད་བྱས།
 དེ་ ནས་ཉིན་ལྟར་རྒྱ་གར་གཞུང་གིས་གནམ་གྲུའི་ནང་ནས་འབྲས་དང་གྲོ་ཞིབ་སོགས་ཟ་ཆས་ རིགས་འབད་མེད་དུ་དབོར་ནས་གཡུགས་པས་མཚོན་མིང་དོན་མཚུངས་པའི་ཁྱིམ་འཚེས་རྒྱལ་ ཁབ་ཀྱིས་མཛའ་བརྩེ་བརྗེད་ཐབས་མེད་པའི་བཀའ་དྲིན་བསྐྱངས། མོན་རྟ་དབང་དུ་བོད་ཟླ་ ༤ ཚེས་ ༡༡
ཉིན་ཨ་འབྲུག་མགོན་པོ་བཀྲ་ཤིས་དབུ་བཞུགས་ཐོག་དེར་ཡོད་ཆུ་སྒང་འགོ་འཛིན་རྣམ་པ་ ལྷན་འཛོམས་ཀྱིས་གོ་བསྡུར་ལྷུག་པོར་བྱས་པས། དེ་སྔོན་ཁམས་རིགས་ཚོང་པ་རྣམས་ཀྱིས་བལ་ཚོང་སྡེབ་བརྒྱབས་བྱས་པའི་རིན་འབབ་ཧིན་ སྒོར་ ༡༥༠༠༠༠།
བགོ་བཤའ་རྒྱབ་མ་ཚར་བར་ལུས་ཡོད་པ་དེས་ལྷོ་ཁ་ཆུ་བཞི་སྒང་དྲུག་གི་རྒྱ་དམག་ རྒོལ་འཛིངས་བྱེད་སྐབས་ཀ་སྦུག་བཅའ་སྡོད་ཁམས་རིགས་ཚོ་དངས་བླངས་དམག་ཏུ་ཞུགས་ རྒྱུ་དང་དེའི་ཆ་རྐྱེན་དུ་གོ་ལག་ཉོ་བྱེད་ཀྱི་མ་རྩར་བཞག་ཀྱང༌། ལམ་ལྷོངས་མ་བྱུང་བར་ལུས་བསྡད་ཡོད་པས། ད་རེས་ཛ་དྲག་གི་དཀའ་ངལ་སེལ་ཆེད་གོང་གསལ་དངུལ་ལོར་དེ་དག་ཀ་སྦུག་ཏུ་ལེན་མཁན།
ཚ་རོང་གཙོ་འཛིན་དམ་པ་བློ་གྲོས་དང༌། ས་འདུ་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ། ལི་ཐང་ཕྱག་སྦུག་རྒྱལ་པོ། དཀར་མཛེས་དམག་སྤྱི་ལམ་བྲག་པདྨ་ཡེ་ཤེས་བཅས་ཀ་སྦུག་ཁུལ་དུ་མངགས་རྒྱུ་ཐག་གཅོད་ བྱུང་བ་ལྟར། གོང་གསལ་མི་སྣ་བཞི་པོ་ཤར་བསྐྱོད་ཀྱིས་ཀ་སྦུག་ཏུ་ཐོན། ཀ་སྦུག་ནས་ས་འདུ་གཙོ་འཛིན་བློ་བཟང་སྙན་གྲགས་དང༌། རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།
མཁན་ཆུང་བློ་བཟང་རྒྱལ་མཚན་སོགས། དཔོན་ཁག་དང་ཚོང་ཁག་མང་པོ་མཉམ་ཚོགས་ཀྱིས་ཧིན་སྒོར་ ༡༥༠༠༠༠ རྩིས་སྤྲོད་གནང་བྱུང་བ་དེས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མ་རྩ་བྱས་ཏེ་མི་ས་མ་ རིར་ལས་ཁུངས་གསར་འཛུགས་དང༌། བསྟན་སྲིད་ཀྱི་དོན་དུ་ཞབས་བརྟན་རྒྱ་ཆེར་བྱས།
དེའི་སྐོར་ས་འདུ་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ་གྱི་མི་ཚེ་ལོ་རྒྱུས་ ཤར་མཐའི་དཔའ་བོའི་གད་རྒྱངས་ཞེས་པའི་དེའི་ནང༌། སྐབས་དེར་བཙན་བྱོལ་མི་དམངས་རྣམས་མུ་མཐུད་ནས་རྒྱ་གར་སླེབས། འགྲོ་གྲོན་གྱི་དམིགས་ཡུལ་ལག་སྣེ་ཅི་ཡང་མེད་སྟབས་ཆུ་སྒང་གཙོ་གྲས་རྣམས་ཚོགས་ འདུ་བྱས་ཏེ། སྔར་ཁམས་རིགས་ཚོང་པ་རྣམས་ཀྱིས།
བལ་ཚོང་སྡེབ་རྒྱབ་བྱས་པའི་རིན་འབབ་ཧིན་སྒོར་ཆིག་འབུམ་ལྔ་ཁྲི་བགོ་བཤའ་རྒྱག་ མ་ཚར་བར་ལུས་ཡོད་པ་དེས།  གོ་ལག་ཉོ་རྒྱུའི་ལམ་ལྷོངས་མ་བྱུང་ནས་ལྷག་ཡོད་པ་དེ་ལེན་དུ་འགྲོ་རྒྱུ་གྲོས་ འཆར་བཏོན་པ་ལྟར་ཐག་ཆོད་བྱུང་བས། ང་ཚོ་དམག་སྤྱི་མང་པོ་གི་མིང་བྱང་བཀོད་དེ་སྤང་ལུང་རྒྱལ་ཆེན་ལ་ལུང་བརྟག་པས་ བོད་ཟླ་ ༤ ཚེས་ ༧ ཉིན་ང་རང་དང༌།
ལི་ཐང་དམག་སྤྱི་ཕྱག་སྦུག་རྒྱ་བོ་གཉིས། ལམ་བྲག་པདྨ་ཡེ་ཤེས། ཚ་རོང་དམག་སྤྱི་དམ་པ་བློ་གྲོས་བཅས་ལ་བབས་འདུག་པ་ལྟར། དེ་ཚོ་བཞི་ཐད་ཀར་ཀ་སྦུག་ཏུ་ཕྱིན་ཏེ་ས་འདུ་ཚང་སར་གནས་ཚུལ་དེའི་སྐོར་ཞུས་པས། དངུལ་སྐོར་དེ་ཚོ་ཁ་ཐུག་ཁུར་ཆོག་ཆོག་རེད་མི་འདུག ཞྭ་སྒབ་པ་དང༌། མཁན་ཆུང༌། ས་འདུ་ཚང་སོགས་དཔོན་ཁག་མང་པོ་མཉམ་ཚོགས་ཀྱིས་ཐག་བཅད་བྱེད་དགོས་པ་ཞིག་རེད་ འདུག
ཉིན་མང་པོར་སྒུག་མཐར་ཉིན་ཞིག་ཁོ་ཚོ་མཉམ་དུ་འཛོམས་ནས། ཧིན་སྒོར་ཆིག་འབུམ་ལྔ་ཁྲི་ཐམ་པ་རྩིས་སྤྲོད་བྱས་བྱུང༌། ང་ཚོས་དངུལ་ལོར་དེ་ཚོ་ཁུར་ནས་ཕྱིར་ཡོང་དུས་ཆུ་སྒང་གིས་སྣེ་འཁྲིད་པའི་བཙན་ བྱོལ་བོད་པ་ཀུན་རྒྱ་གར་ཨ་སམ་མུ་སུ་མར་སླེབས་ནས། དེ་གར་རྒྱ་གར་གཞུང་གི་གྲ་སྒྲིག་ལྟར་གནས་སྐབས་རིང་སྡོད་སྒར་བསྒྲིགས་ནས་བསྡད་ འདུག
།སྐབས་དེར་ཨ་འབྲུག་སྦྱིན་བདག་མགོན་པོ་བཀྲ་ཤིས་མཆོག་ཀྱང་བྱང་བསྐྱོད་དམག་ དཔུང་དང་བཅས་ཕེབས་འབྱོར་གྲུབ་པ་མ་ཟད། ༧་གོང་ས་མཆོག་གིས་ཛ་སག་གི་གོ་གནས་ཀྱང་གནང་འདུག ང་ཚོས་ཉིན་ཤས་སྒུག་རྗེས་དངུལ་ལོར་རྩིས་རྒྱག་ཞུས་པ་ཡིན། ༡༡༣ ༡༡༤ ཞེས་བྲིས་ཡོད་པ་རེད།
          མོན་རྟ་དབང་ནས་རིམ་ཐོན་གྱིས་བོད་ཟླ་  ༣  ཚེས་  ༢༠  ནས་  ༢༥  བར་འབུམ་སྡེ་ལར་འབྱོར་བསྡད་དང༌། དེ་ནས་རིམ་པ་