དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།68
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།300
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1192
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96085

Online (20 minutes ago): 6
Your IP: 38.107.179.237
,
Today: Feb 07, 2012

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོའི་ལོ་རྒྱུས། སྟོད་ཆ། ༢༽

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།


༼5༽

རྩེད་ཐང་གཡུལ་འགྱེད་ཐེངས་དང་པོ།

 
            རྩེད་ཐང་ནི། བོད་ཀྱི་རྒྱལ་ས་གྲོང་ཁྱེར་ལྷ་ས་དང་ཁད་ཉེ་བ་སྣེ་གདོང་རྫོང་གི་དབུས་ཁུལ་ཡར་ ཀླུང་གཙང་པོའི་ལྷོ་ངོས་ན་ཡོད་ཅིང༌། ལྷོ་ཁ་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཞིག་ཀྱང་ཡིན་པས།
དགྲ་བོ་རྒྱ་དམར་ གྱིས་སྔ་ས་ནས་ལྷོ་ཁུལ་རྫོང་ཁག་ཡོངས་ཀྱི་ནང་ནས་གལ་ཆེའི་ས་ གནས་ཤིག་ཏུ་ངོས་འཛིན་བྱས་ནས་རྩེ་ཐང་གྲོང་ཁྱེར་ནང་རྡོ་རྗེའི་ཁང་པ་ཟེར་བ་ སོགས་ཁང་ཁྱིམ་འགའ་ཞིག་གི་ནང་དུ་རྒྱ་དམར་གྱི་དམག་དོན་ལས་ཁུངས་བཙུགས་ཡོད་པ་ རེད། དེ་ནི་ཕྱོགས་གཅིག་ནས་ལྷོ་ཁའི་ཁུལ་གྱི་མི་དམངས་གྱེན་ལང་བྱུང་ན་འབུར་འཇོམས་ བྱེད་མཁན་དང༌།
གཉིས་ན་ཕྱི་རྒྱལ་ཁག་གིས་བོད་དུ་དྲག་པོའི་རོགས་རམ་བྱེད་ རྒྱུའི་དྭོགས་འཆར་ སྔོན་འགོག་གི་ཆེད་དང༌། གསུམ་ན་གལ་སྲིད་བོད་ཀྱི་སྲིད་གཞུང་འཛིན་མཁན་མི་སྣ་ཆེ་ཁག་ཚོས་ལྷ་སའི་ཁུལ་དུ་ རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དང༌། རང་ས་བརྒལ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་འགྲོ་བསྐྱོད་བྱེད་པའི་དོན་སྐྱོན་ བྱུང་ཚེ་ཐེམ་པ་དང༌། སྒོ་གླེགས་བཞིན་ཡིན་པས།
རྒྱུ་མཚན་དེ་དག་ལ་བརྟེན་ནས་ རྩེད་ཐང་དམག་སྒར་འདི་ཉིད་གལ་ཆེར་འཛིན་ཏེ་ཉིན་ མཚན་ཁྱད་མེད་ཀྱིས་མོ་ཊ་ནང་མདའ་རྫས་སོགས་དབོར་འདྲེན་གྱིས། དམག་སའི་ཆ་རྐྱེན་གང་ལེགས་གྲ་སྒྲིག་ཨང་གསར་བྱས་དང༌། བྱེད་བཞིན་པ་དེར། ཆུ་བཞི་སྒང་དྲུག་དམག་སྒར་ནས་རྒྱལ་སྲུང་བཙན་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན། བསྟན་སྲུང་དྭངས་བླངས་དམག་མིས་དོ་སྣང་མི་བྱེད་ཀ་མེད་ཆགས་ཡོད་པ་རེད།
            དོ་སྣང་དང་དོགས་ཟོན་དེ་ལྟར་བྱེད་བཞིན་པའི་སྐབས་དེར་སྤྱི་འདོམས་དམག་སྤྱི་ཨ་ འབྲུག་མགོན་པོ་བཀྲ་ཤིས་ཀྱིས། ཤངས་ཁུལ་ནས་བང་ཆེན་ཆེད་བཏང་གིས་བཀའ་ཡིག་ཕྱག་བྲིས་ཤིག་འབྱོར་བ་དེའི་ནང༌།
            ང་ཚོས་སྔོན་འགྲོའི་འཆར་གཞི་ལྟར། ཤངས་དགའ་ལྡན་ཆོས་འཁོར་གླིང་ནས་གོ་ལག་མདའ་རྫས་ཇི་ཡོད་ཆ་ཚང་རྩིས་ལེན་བྱས་ཟིན་ པས། རིང་མིན་ལྷོ་ཁའི་ཕྱོགས་སུ་ཕྱིར་ལོག་བྱ་རྩིས་ཡིན། དེ་གའི་དམག་སྒར་ལྟེ་བའི་ནང་ཡོད་པའི་གཙོ་འཛིན་དང༌། དམག་སྤྱི་ཚོས་སྒྲིག་འཛུགས་དང་འཆར་གཞི་ལྡན་པའི་རྩ་འཛུགས་བྱས་ཏེ།
དགྲ་ བོའི་རྟེན་གཞི་བྱས་པའི་རྩེད་ཐང་དམག་སྒར་རྩ་གཏོར་གཏོང་དགོས། ཞེས་འཁོད་ཡོད་པ་རེད། མ་གཞི་བཀའ་དེ་མ་འབྱོར་བའི་སྔོན་ནས་ ༡༩༥༨ ཟླ་བ ༡༠ ཚེས ༢ ཉིན་དམག་འཁྲུག་ཐེངས་གཅིག་བྱས་ཚར་བ་རེད།
            དེའི་སྐོར་རྒྱ་དམར་གྱི་བོད་ལྗོངས་ལྷོ་ཁ་རྩོམ་སྒྲིག་པུའུ་ཡིས་བསྒྲིགས་པའི་ ། ཞེས་པའི་ཆེད་རྩོམ་དེའི་ནང༌།             ཁོ་པ་ཚོས་ཕྱོགས་གཅིག་ནས་ངོ་ཚ་ཁྲེལ་མེད་ཀྱིས་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་ པའི་མིང་བྱང་འཁྱེར་ནས། བོད་རང་བཙན་ཡིན་ཞེས་སྐད་ཅོར་རྒྱག་པ་དང༌།
ཕྱོགས་ གཞན་ཞིག་ནས་ངོ་ལོག་ཟིང་འཁྲུག་གི་དྲག་པོའི་གཙོ་ཤུགས་སྐོང་འཐེན་བྱས་ཏེ། ལྷོ་ཁར་ཡོད་པའི་རང་རེའི་ལས་ཁུངས་དང༌། དམག་དཔུང༌། རླངས་འཁོར་རུ་ཁག་བཅས་ལ་ཚུར་རྒོལ་དང༌། བསྐོར་བརྡུང༌། འཇབ་རྒོལ་བཅས་བྱས་ཡོད། དེ་ཡང་ཐོག་མར་ ༡༩༥༨ ལོའི་ཟླ་ ༡༠ ཚེས་ ༢ ཉིན་བར་ལྷོ་ཁ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང༌། ས་སྲུང་དམག་ཡན་ལག་རུ་ཁག་ལ་འཇབ་རྒོལ་བྱས།
ཞེས་འཁོད་འདུག་ཀྱང༌དམག་འཐབ་ཇི་ལྟར་བྱས་ཚུལ་གསལ་འཁོད་མི་འདུག
 གོང་ གསལ་ཨ་འབྲུག་མགོན་བཀྲ་ཤིས་ཀྱི་གནས་འཕྲིན་དེ། ས་ཁྱི་སྤྱི་ལོ་ ༡༩༥༨ ཟླ་བ་ ༡༠ ཚེས ༡༢ ལ་འབྱོར་བ་དང༌། སྡེ་དགེ་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་ཅན་དམག་སྒར་ལྟེ་བའི་འགོ་འཛིན་ཚང་འཛོམས་ ཐོག འདིར་ཡོད་དམག་དཔུང་ཁག་ནས་ཤངས་དགའ་ཆོས་སུ་སོང་བའི་ཨ་འབྲུག་སྦྱིན་བདག་གི་ དཔུང་སྡེ་དམག་སྒར་ཨ་མ་བསུ་བར་འགྲོ་དགོས་པས་དེར་འགྲོ་མཁན་དང༌།
དེ་ནས་དགྲ་ བོར་འཐབ་འཁྲུག་ཇི་ལྟར་བྱ་རྒྱུའི་སྐོར་སོགས་ལྷ་ལ་ཞུས་པས། ལྷས། བྲག་གཡབ་དམག་སྤྱི་ཨ་ཕྲུག་བླ་མས་སྣེ་འཁྲིད་ནས་དཔུང་འཇུག་དང་དྲག་པོའི་དམག་ འཐབ་བྱེད་ན། རྩེད་ཐང་རྒྱ་སྒར་ལ་ཕམ་ཉེས་གཏང་ཐུབ་པའི་ལུང་བསྟན་གནང་བ་ལྟར། ལྷས་ལུང་བསྟན་ལྟར་བྲག་གཡབ་དམག་སྤྱི་ཨ་ཕྲུག་བླ་མ་ལ་བརྗོད་པར། ཨ་ཕྲུག་བླ་མས་ང་ཚོ་རུ་ཤོག་ཆུང་ཆུང་ཞིག་ལ།
འགོ་ཁྲིད་ཚོས་ཐུབ་ཚོད་གཏོང་གི་ ཡོད་སྟབས་ཨ་འབྲུག་མགོན་བཀྲ་མ་ཕེབས་བར་འགྲོ་ གི་མིན་ཞེས་བརྗོད། ཡང་བསྐྱར་འགོ་ཁྲིད་ཚོས་ཨུ་ཚུགས་བགྱིས་པས། མཐར་ཁས་ལེན་གྱིས་བྲག་གཡབ་རུ་ཤོག་སོགས་དམག་མི་ཉིས་བརྒྱ་ལྷག་ཤར་བསྐྱོད་ཀྱིས། ལྕང་ལོ་ཅན་གཞིས་ཀར་དམག་སྒར་རྒྱབ། བོད་ཟླ་ ༡༠ པའི་ཚེས ༡༤ དང་ ༡༧ལ་གྲ་ སྒྲིག་དེ་ཙམ་མ་བྱས་པར་རྩེད་ཐང་རྒྱ་དམག་ལ་མཐོང་ཆུང་ལྟ་བུས་ཕར་རྒོལ་གྱི་ དམག་འཐབ་ཐེངས་གཉིས་བྱས་ཀྱང༌། ད་སྔོན་རང་རེའི་རུ་ཤོག་དེའི་རང་དམག་རྣམས། ས་འོག་ཏུ་གབ་ནས་སྡོད་པའི་རྒྱ་དམག་ལ་འཐབ་འཛིང་བྱེད་རྒྱུའི་ཉམས་མྱོང་མེད་པ་ དང༌། གཉིས་ན་སྔོན་འགྲོའི་དམག་ཇུས་བཀོད་འདོམ་གྱི་འཆར་གཞི་བརྟན་ལྷིངས་མེད་པར།
ད་ ཕན་རི་ཐང་ཀླུང་གསུམ་དུ་དམག་འཐབ་བྱེད་སྟངས་དེ་ཁོ་ནའི་སྣང་བ་ཤར་ནས་དཔུང་ འཇུག་བྱས་པ། གསུམ་ན་རང་དམག་ལ་མེ་མདའ་རིང་ཐུང་རང་ག་བ་དང༌། སྐེད་གྲི་སོགས་ལས་གཞན་ལག་འབོམ་དང་མེ་སྒྱོགས་སོགས་ས་འོག་གི་དགྲ་ཁང་གཏོར་ བྱེད་ཀྱི་ཆ་རྐྱེན་མེད་པ་བཅས་ལ་བརྟེན་ནས་རང་དམག་རྣམས་ཕམ་ཉེས་ཆེན་པོར་གྱུར།
སྟབས་ ལེགས་པ་ཞིག་ལ་དགྲ་བོའི་སོ་ཁུང་ཐད་དུ་ལུས་སྲོག་འབེན་དུ་བཙུགས་ཏེ། སྔ་ཕྱིར་ཐེངས་གཉིས་རྒྱུགས་པའི་རང་ཕྱོགས་དམག་མིའི་ཁྲོད་ནས། བསད་རྨས་ཧ་ཅང་མང་པོ་བྱུང་མེད། གོང་གསལ་དམག་འཐབ་དེར་རང་ཤོག་ལ་དམག་འཐབ་གཡུལ་འགྱེད་ཆེ་ཆུང་ཇི་འདྲ་ཞིག་བྱེད་ དགོས་ནའང༌། དམག་ཇུས་བཀོད་འདོམ་དང༌།
དགྲ་ཕྱོགས་ཀྱི་གནས་བབ་ཚོད་བགམ་དགོས་ པའི་བསླབ་བྱའི་དམར་འཁྲིད་དང་ཉམས་མྱོང་ གསར་པ་ཞིག་ཐོབ་པ་ཡིན་ལ། རྩེད་ཐང་རྒྱ་དམག་ཚོར་ཡང༌། ད་སྔོན་བོད་དམག་ལ་མཐོང་ཆུང་འཛིན་པའི་ལྟ་བ་དེ་ཡོངས་སུ་དོར་ནས་ཁམས་རིགས་དཔའ་ བོའི་གླེན་འཛིངས་དང་སྙིང་སྟོབས་ལ་འཐབ་རྒོལ་དང་བྲོས་ལམ། དེ་བཞིན་གབ་ཁུངས་སོགས།
ད་ཕན་གྱི་འཆར་གཞིའི་ནང་མེད་པའི་དམག་ཇུས་གསར་པ་མང་ པོ་ཞིག་གཏན་འབེབས་བྱེད་ རྒྱུའི་གོ་རྟོགས་སད་པ་ཡང་བྱུང་ནས། རྩེད་ཐང་རྒྱ་དམག་ཚོས་དེ་ནས་བཟུང་སྡོད་གནས་སུ། ས་འོག་ནས་གོང་པོ་རིའི་འོག་ནས་རྒྱ་བསྐྱེད་ཀྱིས་ས་དོང་བྲུས་པ་དང༌། ས་འོག་ནས་ཆུ་བཏོན་པ། མདའ་རྫས་དང་ཟ་ཆས་སོགས་ས་འོག་ཏུ་སྦས་གསང་བྱེད་པ།
ས་འོག་ནས་ཁང་པ་ཕན་ཚུན་ནང་འགྲོ་བསྐྱོད་ཆོག་པ་བཅས་ཀྱི་ལས་འགུལ་སྤེལ་བ་རྗེས་སུ་ཤེས་གསལ་བྱུང༌།
ས་ཡ་དྲུག་གི་ཕ་མེས་ཡང་མེས་ཀྱི།།
མིའུ་གདུང་དྲུག་ཐོག་མར་བྱུང་བའི་ཞིང༌།།
རྩེད་ཐང་རྒྱ་དང་གཡུལ་འགྱེད་དང་པོའི་གཏམ།།
ཆུ་སྒང་དཔའ་བོས་བཞག་པའི་མཛད་རྗེས་ཟབ།།

༼6༽

རྩེད་ཐང་གཡུལ་འགྱེད་ཐེངས་གཉིས་པ།

 
            བྲག་གཡབ་དམག་སྤྱི་ཨ་ཕྲུག་བླ་མས། དམག་འཁྲུག་སྔ་ཕྱི་གཉིས་ཀྱི་ནང༌། རང་ཕྱོགས་ལ་འདོད་པ་ལྟར་ཀྱི་རྒྱལ་ཁའི་གྲུབ་འབྲས་མ་བྱུང་ནའང༌། ད་དུང་མུ་འཐུད་དེ་དམག་སྒར་ལྟེ་བ་ནས་དམག་སྣོན་དགོས་པའི་བང་ཆེན་བཏང༌། སྐབས་དེར་དམག་སྒར་ཨ་མའི་འགན་འཛིན་ལྷན་འཛོམས་ཐོག་བྱང་བསྐྱོད་ཨ་འབྲུག་འགོ་ དམག་རྣམས་དམག་སྒར་ཨ་མའི་ནང་ཕེབས་བསུ་དགོས་ལུགས་དང༌།
དེ་དོན་སྣེ་ལེན་མི་ སྣ་སུ་དྲག་གི་སྐོར། དེ་བཞིན་རྩེད་ཐང་དམག་སྣོན་འགྲོ་མཁན་སུ་དྲག་བཅས་ཀྱི་སྐོར་རྣམས་ལྷ་ལ་བཀའ་ལུང་ ཞུས་པས། ལྷས་ཇ་ཇ་ཞེས་བརྗོད་པ་ལྟར་ཇ་དང་ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་ཅན་རྟ་དམག་བརྒྱ་ སྐོར་ཞིག་ཁྲིད་ནས་བྱང་ཕྱོགས་སུ་ཐོན། དེ་དང་ཆབས་ཅིག་ལྕགས་ཟམ་གྲུ་ཁ་སྲུང་མཁན་དུ་ཆབ་མདོ་གཙོ་འཛིན་བློ་ཉི་དང༌།
ཨ་ མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་གཉིས་ཀྱིས་སྣེ་ཁྲིད་པའི་རྟ་དམག་བརྒྱ་སྐོར་ ཞིག་ཤར་སྐྱོད་བྱས། གྲུ་ཁར་ས་སྲུང་འགའ་ཞིག་བཞག་ནས། དེ་མིན་འགོ་དམག་རྣམས་ཕེབས་བསུ་མཁན་ཚོ་ལ་རམ་འདེགས་བྱེད་པར་བསྐྱོད་རྒྱུ་བྱས་ ཀྱང༌།
དེར་ཡོད་དེ་སྔ་སྙེ་མོ་རྡོ་དཀར་སུམ་མདོ་ནས་དགྲ་འཐབ་གཡུལ་འགྱེད་ སྐབས་རྨས་ སྐྱོན་ཤོར་ནས་ལུས་པའི་རང་དམག་སྨར་ཁམས་རབ་རྒྱས་སོགས་འགའ་ཞིག་དང་ཐུག་འཕྲད་ བྱུང་བས། དམག་སའི་གནས་ཚུལ་ཇི་བྱུང་ཞིབ་བཤད་དང་འབྲེལ། སྤྱི་འདོམས་འགོ་དམག་རྣམས་རྒྱ་དམག་གིས་ངན་ཇུས་བཀོད་འདོམས་འོག་ལྷོ་ཁ་ཕྱོགས་ སུ་ཡོང་ཐབས་དཀའ་བས་རེ་ཞིག་སྙེ་མོ་སྟག་གྲུ་ཁ་ནས་ཕྱིར་བསྐྱོད་ཀྱིས།
བཀར་ ཁོངས་རི་བརྒྱུད་དང་ཡངས་པ་ཅན་སོགས་ནས་བྱང་རྒྱུད་ནས་རྒྱ་དམག་ལ་འཇབ་རྒོལ་ དང༌། དམག་འཐབ་ཇུས་གཞི་གསར་འགོད་བྱས་ལུགས་རྣམས་བང་ཆེན་རྒྱུད་ནས་ཐོས་པས། རེ་ཞིག་ཅི་བྱ་མེད་པར་ལྕགས་ཟམ་གྲུ་ཁ་ནས་ཕྱིར་ལོག་གིས་ཁྲ་འབྲུག་ཏུ་འབྱོར་ཏེ་ དེར་གནས་སྡོད་བྱས།
 དེར་བརྟེན་མཚོ་སྣ་དམག་སྒར་ཨ་མ་ནས། ཇ་མ་བསམ་འཕེལ་དང༌། ཆབ་མདོ་བློ་ཉི། ཨ་མདོ་སྦྱིན་པ་རྒྱ་མཚོ་གསུམ་གྱིས་དམག་ཤོག་ལ་ལྷོ་ལམ་གཙང་སེལ་གྱི་རྨངས་གཞིའི་ ཆེད། རྩེད་ཐང་གི་རྒྱའི་དམག་སྒར་ལ་ཕར་རྒོལ་མཐར་སྐྲོད་བྱེད་དགོས་པའི་བཀའ་ཡིག་ འབྱོར།
བཀའ་ཡིག་དེ་འབྱོར་མ་ཐག་ཁོང་ཚོས་གྲ་སྒྲིག་བྱས་ཏེ་ཁྲ་འབྲུག་ནས་མཚན་ མོར་མདུན་ བསྐྱོད་ཀྱིས་ནམ་གསལ་བ་དང་རྩེད་ཐང་རྒྱ་མིའི་དམག་སྒར་གྱི་ཉེ་འགྲམ་དུ་སླེབས། དེ་དང་ཆབས་ཅིག་དམག་སྒར་ཨ་མ་ནས་རྩེ་ཐང་ལ་བྲག་གཡབ་གཙོ་འཛིན་ཨ་ཕྲུག་བླ་མ་ཅན་ གྱི་དམག་སྣོན་དུ་སྨར་ཁམས་དམག་སྤྱི་བསྟན་འཕེལ། ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ། དར་དགོན་དམག་སྤྱི་གསེ་གསེ།
སྡེ་དགེ་དམག་སྤྱི་འབའ་ཆུང་དཔོན་བཅས་ཀྱིས་སྣེ་ ཁྲིད་པའི་དམག་དཔུང་ཁག་གཅིག་ མངགས་པའང་མཉམ་འཛོམས་བྱུང༌། ཁོང་ཚོས་གང་དྲག་གི་གྲོས་མོལ་བྱས་མཐར། ས་འོག་ཏུ་ཡོད་པའི་རྒྱའི་དམག་སྒར་དེའི་ཕྱོགས་གང་ས་ནས་བསྐོར་ཏེ་ཕར་རྒོལ་བྱེད་ རྒྱུ་གཏན་འཁེལ་བྱས།
            ཕྱི་ཉིན་སྤྱི་ལོ ༡༩༥༨ ཟླ་བ ༡༠ ཚེས ༢༢ ལ་རྩེད་ཐང་རྒྱ་དམག་རྣམས་ཕྱི་རོལ་དམག་རྩེད་རྩེ་བཞིན་པའི་སྐབས་དང་བསྟུན། རང་དམག་ཤོག་ཁག་སོ་སོར་བགོས་ཏེ། འཇབ་ནུར་གྱིས་ཉེ་བགྲམ་དུ་སླེབས་པ་དང༌། སྟབས་ཉེས་པ་ཞིག་ལ། རང་ཁོངས་ནས་སུ་ཡིན་མི་ཤེས་པ་ཞིག་གིས་མེ་མདའ་ཀམ་ཁ་ཤོར།
རྒྱ་ དམག་རྣམས་ཀྱིས་སྐད་སྒྲ་གོ་བ་དང་འདྲོག་འགོ་ལངས་ནས་ཕྱོགས་བཞིར་གབ་ཡིབས་ ཀྱིས་མཐོང་ལམ་དུ་མེད་པར་གྱུར། མེ་མདའ་མང་པོ་འཕངས་ཀྱང༌། རྒྱ་དམག་བསད་རྨས་བྱེད་ཀྱི་ཡོད་མེད་སུས་ཀྱང་མ་ཤེས། དམག་ཇུས་བཀོད་སྒྲིག་དམིགས་བསལ་བ་ཞིག་གོ་སྒྲིག་མེད་པས་རྒྱའི་དམག་ཁང་ནང་དུ་ རྒོལ་འཛུལ་བྱེད་པ་མ་སྤོབས།
ཉིན་གང་པོར་ཕྱོགས་གང་ས་ནས་བསྐོར་ཏེ་མེ་མདའ་ གྲོ་ཡོས་བརྔོས་པ་ལྟར་བཙག་ཀྱང་ རྒྱལ་ཁའི་རྣམ་པ་ཅི་ཀྱང་མ་ཐོན། དེ་ཉིན་རྒྱ་དམག་གི་ངོས་ནས་ཚུར་རྒོལ་བྱེད་རྒྱུའི་འཆར་གཞི་མེད་པ་འདྲ། མེ་མདའི་སྐད་སྒྲ་རེ་གཉིས་ཙམ་མ་གཏོགས་ཨུ་ཚུགས་ཀྱིས་ཚུར་རྒོལ་མི་བྱེད་པར་དམག་ ཁང་དུ་གབ་ཁུངས་བཟུང་ནས་བསྡད། རང་དམག་ལའང་བསད་རྨས་གང་ཡང་མ་བྱུང༌།
            དེ་ནུབ་རྩེད་ཐང་དགོན་པའི་ཉེ་འགྲམ་དུ་ཇ་བསྐོལ་ཏེ། དམག་ཇུས་ལམ་ལྷོངས་ཡོང་ཆེད། སྒྲོལ་མ་ཉེར་གཅིག་གི་ཞལ་འདོན་ཚར་བདུན་བཏོན། སླར་ཡང་ཞི་དྲག་གི་དགྲ་འཐབ་དམག་ཇུས་གྲོས་མོལ་བྱས་པའི་མཐར་མཚན་རྒོལ་བྱེད་ རྒྱུའི་གྲོས་མོལ་བྱུང་དོན་བཞིན། སྤྱི་ཟླ ༡༠ ཚེས ༢༢ ཀྱི་མཚན་མོ་དེར་དར་དགོན་དམག་ཤོག་དང༌། ཆབ་མདོའི་དམག་ཤོག
སྨར་ཁམས་དམག་ཤོག་ བཅས་གསུམ་གྱིས་རྒྱ་མིའི་དམག་སྒར་གྱི་མདུན་ཕྱོགས་ཞིང་ཁའི་ གསེབ་ནས་འཇབ་རྒོལ་བྱེད་རྒྱུ་དང༌། ལི་ཐང་དམག་ཤོག་གིས་དགྲ་བོའི་དམག་སྒར་གྱི་གཡས་ངོས་ནས་འཇབ་རྒོལ་བྱེད་རྒྱུ། སྡེ་དགེ་དམག་ཤོག་གིས་རྩེད་ཐང་གྲོང་གསེབ་པའི་སྲང་ལམ་བརྒྱུད་ནས་འཇབ་རྒོལ་ བྱེད་རྒྱུ་བྱས། དེ་ལྟར་ཕྱོགས་གསུམ་ནས་དུས་གཅིག་དུ་རྒྱའི་དམག་སྒར་ལ་འཇབ་རྒོལ་བྱས་ཀྱང༌།
དེ་ ནུབ་རྒྱ་དམག་གིས་མཚན་འཇབ་ཡོང་རྒྱུ་ཡིན་པར་ཤེས་ཏེ་སོ་སྲུང་དང་འགོག་རྒོལ་ བྱེད་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ནས་ཡོད་སྟབས། ཕྱོགས་གང་ས་ནས་མེ་སྒྱོགས་དང༌། སྦི་རི་ཀན། ཅུས་ཀང་སོགས་བཙུགས་ཏེ་མདེའུ་དྲག་ཆར་འབབ་པ་ལྟར་འཕངས། རང་དམག་ཁས་ལེན་པ་མང་པོ་དགྲ་བོའི་སྒུག་ར་ནང་མཆོང་སྟེ་རང་སྲོག་བློས་བཏང་གིས་ དམར་འཛིང་དྲག་པོ་བྱས་ཀྱང༌།
དགྲ་ཕྱོགས་ནས་ལག་འབོམ་མང་པོ་གང་ས་ནས་འཕངས་ བྱུང་བས། རང་དམག་ལ་འགོག་རྒོལ་ཆེས་ཆེར་ཐེབས་པ་མ་ཟད། རྩེད་ཐང་གྲོང་གསེབ་དུ་འཛུལ་ནས་འཇབ་རྒོལ་བྱེད་མཁན། སྡེ་དགེ་བརྒྱ་དཔོན་འཇུ་ཆེན་བསོད་ནམས་ཕུན་ཚོགས་ཅན་གྱི་དམག་ཤོག་ནས་མཁའ་སྤིས་ ཨ་འཇམ་སོགས་བསད་ཤོར་བ་དང༌། ཞིང་ཁའི་གསེབ་ནས་ཡོང་བའི་དར་དགོན་དམག་སྤྱི་གསེ་གསེ་དང༌། ཆབ་མདོ་ལྷོ་པ་ཁམས་པ།
སྨར་ཁམས་པ་གཅིག་བཅས་རྨས་སྐྱོན་ཤོར། རང་དམག་ཁག་གཅིག་ཐེ་ཚོམ་མེད་པར་མཆོངས་ནས་དགྲ་རྫོང་དང༌། ཁ་ཐག་ཉེ་བའི་སར་བཅར་ནས་གཟན་རྩྭ་ལ་ས་སྣུམ་བཤོས་ཏེ་མེ་སྦར་བ། དེ་བཞིན་དགྲ་རྫོང་གི་ལྷོ་ངོས་ནས་ཀྱང་རྩྭ་ཕུང་ཆེན་པོ་ཞིག་མེ་སྦར་ཏེ། ཕྱོགས་སོ་སོ་ནས་མེ་འོད་ལ་བརྟེན་ནས་མདུན་མཆོང་བྱེད་རྒྱུའི་གོ་སྐབས་འཚོལ།
ད་ དུང་རྩྭ་ཕུང་དང་པོ་བསྲེགས་པ་དེས་དགྲ་བོའི་བརྟེན་གཞི་བྱས་པའི་ཁང་པ་མེས་ འཚིག་རྒྱུའི་འཆར་འགོད་བྱས་ཀྱང༌། རླུང་ཕྱོགས་མ་འཕྲོད་ནས་ལུས་སོང་ཡང༌། དུ་ཞགས་ཀྱིས་དགྲ་བོའི་མིག་ལམ་སྒྲིབ་པ་དང༌། མེ་འོད་ལྷབ་ལྷུབ་གཡོ་བའི་གོ་སྐབས་ལ་བརྟེན་ནས་དགྲ་རྫོང་དང་རྒྱངས་ཐག་ཧ་ཅང་ཉེ་ བའི་རྩེད་ཐང་རྡོ་རྗེ་ཚང་གི་ཁང་པའི་བར་གཅར།
ཐོག་ཁ་ནས་མེ་མདའ་སྦག་སྦག་དུ་ མ་བཙུགས་ཏེ་རྒོལ་འཛིན་བྱས་པས། དགྲ་ཕྱོགས་ཀྱི་དམག་མི་མང་པོ་ཤི་ལམ་དུ་བརྫངས་པར་མ་ཟད། དགྲ་རྫོང་ཤོར་གྲབས་བྱས་ནས་རྒྱ་མིས་སྐད་ངན་འདོན་དགོས་པ་བཟོས། དགྲ་བོའི་དམག་ཤོག་གཉིས་པས་གདོང་མ་བརྟེན་ནས། མེ་སྒྱོགས་རུ་ཤོག་ལ་རེ་བསྐུལ་བྱས་དོན་བཞིན། མེ་སྒྱོགས་རུ་ཤོག་གཉིས་པས།
མེ་ སྒྱོགས་གཅིག་རྗེས་གཉིས་འཐུད་ཀྱིས་མདེལ་གྲངས་སུམ་ཅུ་ཙམ་འོལ་ཚོད་ཀྱིས་ འཕངས་བྱུང་བ་ལས། རང་དམག་གི་སྒུག་ར་བྱེད་ས་རྡོ་རྗེའི་ཁང་པའི་ཐོག་མདེལ་གྲངས་བརྒྱད་ཙམ་ལྷུང་བས། མུ་མཐུད་མདུན་མཆོང་བྱེད་རྒྱུའི་གོ་སྐབས་མ་ཐོབ་སྟེ་ཕྱིར་འཐེན་བྱེད་དགོས་ བྱུང༌། སྐབས་དེར་རང་ཤོག་ཁས་ལེན་དམག་མིའི་ཁྲོད་ནས།
དབུས་པ་བརྒྱ་དཔོན་ རྡོབ་རྡོབ་ཅན་སོགས་མང་པོའི་ཚེ་སྲོག་ཆག་གྲུམ་བྱུང༌། དགྲ་ཤོག་རྒྱ་དམག་ཤི་རྨས་ཤིན་ཏུ་མང་པོ་བཟོས་ཡོད་པས། དགྲ་བོའི་དམག་དཔུང་དཔའ་ཆག་སྟེ་མུ་མཐུད་ནས་དམག་འཐབ་བྱེད་པའི་སྤོབ་པ་མེད་པ་ དང༌། དམག་ས་ནས་དམག་མི་བྲོས་བྱོལ་དུ་སོང་བ་སོགས་ཀྱི་གནས་ཚུལ་བྱུང་བར། ལྷ་ས་ནས་རྒྱ་དམར་གྱི་དམག་དཔོན་ཀྲུང་ཅིས་ཡུན་ཟེར་བས།
དམག་འཐབ་ཀྱི་དོན་ སྐྱོན་དེ་གོ་ཐོས་བྱུང་རྗེས་རྩེ་ཐང་རྒྱ་དམག་ལ་ཕྱོགས་གཅིག་ ནས་སློབ་གསོ་དང་དམག་ཇུས་གང་དྲག་བསྟན་པ་དང༌། ཕྱོགས་གཅིག་ནས་དམག་མི་བྲོས་བྱོལ་དུ་འགྲོ་མཁན་དང༌། དམག་ས་ནས་འཐབ་འཛིངས་མི་ཕོད་མཁན་སོགས་བྱུང་ཚེ། དམག་ཁྲིམས་ལྟར་སྲོག་ཐོག་གི་ཉེས་ཆད་འགེལ་རྒྱུའི་སྡིག་ར་བསྐུལ་དགོས་ཀྱང་བྱུང་ ཡོད་པ་རེད། དེ་ལྟ་བུའི་དགྲ་བོའི་འགོག་རྒོལ་འོག
རང་ཕྱོགས་ནས་རང་སྲོག་ བློས་བཏང་གིས་དྲག་པོའི་གཡུལ་འཐབ་བྱས་ནས། མཚན་མོ་གཅིག་གི་དུས་ཚོད་ཧྲིལ་གྱིས་རྫོགས་ཏེ་ནམ་གསལ་བ་དང༌། རང་དམག་ཕྱིར་འཐེན་གྱིས་རྩེད་ཐང་གི་གྲོང་གསེབ་གཅིག་ཏུ་སྡོད་སྒར་བསྒྲིགས། རྨས་མ་རྣམས་སྨན་བཅོས་དང༌། རང་ཕྱོགས་ཀྱི་དམག་སྒར་ལྟེ་བར། དམག་སའི་གནས་ཚུལ་སྐྱེལ་མཁན་བང་ཆེན་མངགས།
            དེ་ནས་བོད་ས་ཁྱི་ཟླ་ ༩ ཚེས་ ༡༢ ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་དེར་ཡོད་བསྟན་སུང་དང་བླངས་དམག་གི་འགོ་བྱེད་འབའ་ཆུང་དཔོན་དང༌། ཨ་ལོ་ཟླ་བ། ཨ་ཕྲུག་བླ་མ། སྨར་ཁམས་བསྟན་འཕེལ། ཆབ་མདོ་བློ་ཉི་སོགས་དེར་ཡོད་འགོ་ཁྲིད་རྣམས་ཀྱིས། སླར་ཡང་དམག་ཇུས་གསར་པའི་ཚོགས་འདུ་ཚོགས་པས།
གྲོས་བསྡུར་འགོ་ཚུགས་ལོང་མ་ བྱུང་གོང་གང་སྦུག་ནས་རྒྱ་མིས་མེ་སྒྱོགས་ཤིག་ གཅིག་རྗེས་གཉིས་མཐུད་དུ་བརྒྱབ་བྱུང་བས། སྡོད་གནས་ཀྱི་ཁང་ཐོག་ཏུ་སྒྱོགས་མདེལ་བབས་ཏེ་བྲག་གཡབ་ཨ་ཕྲུག་བླ་མ་རྨས་སྐྱོན་ ཤོར། ཁང་ཤོད་དུ་ཆབ་མདོ་བློ་ཉི་མའི་གཡོག དགའ་ལྡན་ཉག་རེ་གྲྭ་གཅིག བྲག་གཡབ་ཟླ་བ། བྲག་གཡབ་བློ་ཚེ་རིང༌། བྲག་གཡབ་ངག་དབང་ཚེ་རིང༌། ཙ་མི་ཀྲི། རྡོ་རྗེ་སྤོ་ཤོ།
བྲག་གཡབ་རླུང་ལྷ། བྲག་གཡབ་ཚ་ལ་མདོ། དཀར་མཛེས་ཤོག་གི་དམག་མི་སོགས་རང་དམག་ཉི་ཤུ་རྩ་བརྒྱད་ཙམ་བསད་རྨས་ཤོར། རང་དམག་གང་འཚམས་གནས་སྐབས་ཕྱིར་ལོག་བྱ་དགོས་བྱུང༌། ཞེས་ཆུ་སྒང་དབུས་ཀྱི་ཡིག་ཆར་བཀོད་ཡོད་པ་རེད།         
     དམག་འཐབ་འདིའི་སྐོར་རྒྱ་མི་ཅེན་ཁྲུའུ་ཆོན་ཟེར་བས་བྲིས་པའི་ཞེས་ པའི་དེབ་དེའི་ནང༌། ཕྱི་ཟླ་ ༡༠ ཚེས་ ༡༢ དང་ ༡༤
ལ་ངོ་ལོག་ཟིང་འཁྲུག་པའི་ རྟ་དམག་བརྒྱ་ལྷག་ཙམ་ཞིག་གྲྭ་ནང་ནས་ཁྲ་འབྲུག་བར་དུ་ ཡོང་སྟེ་བརྒྱ་ཤོག་དགུ་པའི་འཐབ་རའི་མདུན་དུ་རྫིག་རྫིག་རྔམ་རྔམ་གྱིས་ཕར་འགྲོ་ ཚུར་འོང་བྱས་པར་བརྟེན་བརྒྱ་ཤོག་ ༩ པ་དང་ལས་དོན་རུ་ཁག་གཉིས་ཀྱིས་དགྲ་བོའི་ཧམ་སེམས་ངར་ཤུགས་ལ་བལྟས་ན་ཚུར་རྒོལ་ བྱ་རྒྱུ་ཡིན་པར་ཤེས་རྟོགས་བྱུང་ནས་ཚེས་ ༡༥
ཉིན་ཚོགས་འདུ་བསྐོང་སྟེ་དམག་ འཐབ་ཀྱི་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པ་དང༌། རྩེ་ཐང་གྲོང་དང་གོང་པོ་རི་གཉིས་ཀྱི་བར་དུ་དོགས་ཟོན་བྱས་ཏེ་ས་ཁག་གཉིས་ཀྱི་ འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་དང་དགྲ་བོས་གློ་བུར་ཚུར་རྒོལ་གྱི་གོ་སྐབས་མི་ ཤོར་བ་བྱ་རྒྱུ་བཅས་ཐག་གཅོད་བྱས།
            ཚེས་ ༡༧ དང་ ༡༨ གཉིས་ལ་ཡར་ཀླུང་ཕོ་བྲང་དང་འཕྱོངས་རྒྱས་གཉིས་ལ་ཡོད་པའི་ཇག་དམག་བདུན་བརྒྱ་ ལྷག་སྣེ་གདོང་དང་རྩེད་ཐང་ཕྱོགས་སུ་ཡོང་བ་དང༌། ཁྲ་འབྲུག་གི་གྲོང་སྡེ་ཞིག་ལ་ཇག་པའི་འགོ་བྱེད་ཚོས་ནང་ཁུལ་ཚོགས་འདུ་ཞིག་ཀྱང་ འཚོགས་ཡོད་པ་རེད། ཚེས་ ༢༢ མཚན་མོའི་ཆུ་ཚོད་བཞི་པ་ནས་ལྔ་པ་ཡས་མས་ཞིག་ལ། ཇག་པས་རྩེད་ཐང་དང་གོང་པོ་རིའི་རི་མགོ་ཚང་མ་མཐའ་བསྐོར་ཏེ།
འཛིང་རག་བཟོ་ འགོ་བཙུགས། གྲོང་ཚོའི་ཁྱི་རྣམས་ནས་སྐད་ཤུགས་ཆེན་བརྒྱབ་ཙང་སོ་ལྟ་དམག་མིས་ཇག་པ་ཡོང་བར་ ཤེས་ཏེ་འཕྲལ་དུ་ཚ་མུའུ་ཀྲང་ལ་སྙན་སེང་ཞུས། ཚ་མུའུ་ཀྲང་གིས་ལས་བྱེད་རྣམས་འཁྲིད་དེ་འཐབ་ར་ལ་ཞིབ་བཤེར་དང་འབྲེལ་ཇག་པ་ཡོང་ གི་ཡོད་པར་ཐག་བཅད་ནས། དམག་རྣམས་འཐབ་ར་ནང་འཛུལ་དགོས་པའི་བཀའ་བཏང་བ་དང༌། དུས་མཚུངས་རྩེད་ཐང་ཕྱོགས་སུ་འབྲེལ་བ་བྱས་ཀྱང༌།
ཇག་པས་ཏར་སྐུད་བཅད་ཟིན་ པར་བརྟེན། སློབ་སྟོན་པས་འཕྲིན་སྐྱེལ་པ་བཏང་ཡང་རྩེད་ཐང་ལ་མ་སླེབས་གོང་ནས་དམག་འཐབ་བྱེད་ འགོ་བཙུགས། ཆུ་ཚོད་ ༧ དང་སྐར་མ་ ༥༠ ཡས་མས་ཞིག་ལ་ཇག་པས་བརྒྱ་ཤོག་ ༩ པར་མེ་མདའ་རྒྱག་འགོ་བཙུགས། དམག་ཤོག་གཉིས་པས་གཞི་ནས་དགྲ་བོས་མཐའ་བསྐོར་ཚར་བ་ཤེས་ཏེ་ཚ་མུའུ་ཀྲངགཞོན་པ་ ཅི་ཤོའུ་དང༌། ཕེའེ་ཀྲང་གཉིས་ཀྱིས་དམག་རྣམས་འཁྲིད་དེ་འཐབ་ས་བཟུང༌།
གོང་པོ་རིར་སྐར་མ་ལྔའི་གོང་དུ་དམག་འཁྲུག་འགོ་བཙུགས་སྟབས་ཁ་པར་ཐོག་ཕན་ཚུན་བརྡ་གཏོང་བྱེད་རྒྱུ་བྱུང་ཡོད་པ་མ་རེད།
            ཇག་པ་སུམ་བརྒྱ་ལྷག་གིས་གོང་པོ་རི་གཡས་གཡོན་གྱི་རི་མགོ་ཚང་མ་བཟུང་སྟེ་བརྒྱ་ ཤོག་དགུ་པའི་གཙོ་ཤུགས་དམག་གིས་དམག་ཤོག་གཉིས་པར་དཔུང་སྣོན་གཏང་རྒྱུར་རྒོལ་ རྡུང་བྱས་པ་དང༌། དམག་ཤོག་གཉིས་པར་ཇག་དམག་བཞི་བརྒྱ་ཙམ་གྱིས་མཐའ་བསྐོར་ཏེ། བཙན་རྒོལ་བཏང་ནས་རྩ་མེད་བཟོས་རྗེས།
བརྒྱ་ཤོག་དགུ་པའི་གཙོ་ཤུགས་རྩ་མེད་ བཟོ་རྒྱུའི་འཐབ་ཇུས་འགྲུབ་ཆེད་དཔུང་ཤུགས་ གང་ཡོད་ཀྱིས་བཙན་རྒོལ་བྱེད་ཀྱི་ཡོད་པ་རེད། དམག་ཤོག་གཉིས་པས་ནུས་ཤུགས་ཡོད་ཚད་སྟོན་ནས་རང་སྲུང་རྒོལ་ལེན་སློག་པར་བརྟེན། ཁོ་པ་ཚོའི་དམིགས་ཡུལ་གྲུབ་ཐུབ་མེད། དེའི་ཉིན་མོ་ཕམ་ཉེས་ཡོང་རྒྱུར་དོགས་ཟོན་བྱས་ཏེ་ཉིན་གུང་ཚུར་རྒོལ་མ་བྱས་པར་ བསྡད། ཅེས་བཀོད་འདུག
            དམག་འཐབ་འདིའི་སྐབས་སུ་རང་ཕྱོགས་ལ། ཕམ་ཉེས་ཆེན་པོ་བྱུང་སོང་བསམ་པ་ཡོད་ཀྱང༌། རྗེས་སུ་རྒྱ་མིས་བྲིས་པའི་རྩེད་ཐང་དམག་འཐབ་ལོ་རྒྱུས་ཁག་ལ་བལྟས་དུས། སྐབས་དེར་དགྲ་བོ་ལ་ཕམ་ཉེས་ཧ་ཅང་འཚབ་ཆེན་ཐེབས་ཡོད་འདུག གང་ཡིན་ཟེར་ན།
དམག་ འཐབ་འདིའི་སྐོར་རྒྱ་མི་ཅེན་ཁྲུའུ་ཆོན་གྱིས་བྲིས་པའི་ཞེས་པའི་ དེབ་དེའི་ནང༌།  ཚེས་ ༢༣ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་ཇག་པས་རྩེད་ཐང་སྨན་ཁང་གི་བྱང་ངོས་དང༌། རྡོ་རྗེ་ཁང་པའི་ལྷོ་ངོས་སུ་འཐབ་ས་སྤོས་ཏེ་གླིང་ཁ་ཤར་ཕྱོགས་ཀྱི་ཞིང་རགས་བེད་ སྤྱད་དེ་རྒྱང་ཐག་སྤྱི་ཁྲི་ ༡༠༠
ཙམ་ལས་མེད་པའི་རྩེད་ཐང་འཐབ་རའི་ཕྱོགས་སུ་ བསྐོར་བསྐྱོད་དང༌། མཚན་མོ་ཆུ་ཚོད་གཉིས་པ་ཡས་མས་ཙམ་ལ་ཇག་པས་ཟླ་འོད་དང༌། རྡོ་རྗེ་ཁང་པའི་ས་བབ་ཡག་པོ་བཅས་ལ་བརྟེན་ནས་མེ་མདའ་གོ་རིང་གིས་འགེབ་སྲུང་འོག
དམག་ ཤོག་གཉིས་པའི་ལྷོ་ངོས་ཀྱི་གྱང་རགས་གཏོར་ཏེ་དམག་ཤོག་གཉིས་པའི་འཐབ་རའི་ ནང་དུ་མཆོངས་ཡོང་བར་བརྟེན་དམག་ཤོག་གཉིས་པའི་མེ་མདའ་སྦག་སྦག་དང་སྦག་ཆུང་གང་ ཡོད་དུས་གཅིག་ཏུ་དགྲ་བོའི་ཐོག་བརྒྱབ་སྟེ་དགྲ་བོས་ཚུར་རྒོལ་ཕྱིར་སློག་བཏང༌། དགྲ་བོས་སླར་ཡང་ཁ་ཕྱིར་བསྐོར་ཏེ་དམག་ཤོག་གཉིས་པའི་བྱང་ཤར་ཕྱོགས་ཀྱི་ཟུར་ ཞིག་ནས།
མཆོངས་འཛུལ་གྱིས་འཐབ་ར་དང་རྒྱང་ཚད་སྤྱི་ཁྲེ་ ༡༠ ཙམ་གྱི་སར་སླེབས་པ་དང་དམག་ཤོག་གཉིས་པའི་མེ་མདའ་ཆེ་ཆུང་ཇི་ཡོད་དགྲ་བོའི་ཐོག ཤུགས་དྲག་གིས་བརྒྱབ་བཞིན་པའི་སྐབས་དེར། ཐལ་རྡུལ་ཤིན་ཏུ་ཆེན་པོ་ཡོད་སྟབས་མེ་མདའ་སྦག་སྦག་ཆེ་བ་ལ་སྐྱོན་ཤོར། སྦག་སྦག་བརྒྱབ་མཁན་གྱིས་ཕྱོགས་གཅིག་ནས་སྦག་སྦག་ལྕི་པའི་སྐྱོན་སེལ་ཐབས་ཀྱི་ བཟོ་བཅོས་དང༌།
ཕྱོགས་གཅིག་ནས་ཚ་མུའུ་ཀྲང་གཞོན་པ་ཆིས་ཞོ་ལ། ཆུང་བའི་སྦག་སྦག་གིས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་པ་དང༌། རྒྱང་ཐག་སྤྱི་ཁྲེ་ཁ་ཤས་ཀྱི་སར་བཙན་རྒོལ་གདོང་མཆོང་མཁན་གྱི་ཇག་དམག་རྣམས་ལ་ ལག་འབོམ་འཕེན་པ་སོགས། ཇག་དམག་འགའ་ཤས་འཐབ་རའི་སྒོ་ཁར་སླེབས་པ་དང༌། སླར་ཡང་ལྕི་བའི་མེ་མདའ་སྦག་སྦག་མང་པོ་འཕངས་ནས། དགྲ་བོ་རྣམས་ཕྱིར་འབུད་བཏང༌།
ཆུ་ ཚོད་ཕྱེད་ཙམ་སོང་རྗེས་སུ་གླིང་ཁ་ཤར་ཕྱོགས་ཡོད་པའི་ཇག་པས་མེ་ཤུགས་ཀྱི་ འགེབ་སྲུང་འོག སླར་ཡང་རྡོ་རྗེ་ཁང་པའི་གཡས་གཡོན་དུ་ཡོད་པའི་ཇག་དམག་གིས། དམག་ཤུགས་གཅིག་སྒྲིལ་གྱིས་དམག་ཤོག་གཉིས་པའི་ཐོག་ཛ་དྲག་ཆེ་བའི་བཙན་རྒོལ་ བྱེད་བཞིན་པའི་སྐབས་དེར་ཟླ་བ་ནུབ་པ་དང་དུས་འཁེལ་བར་བརྟེན། ཇག་དམག་ཚོས་གློག་བཞུ་འཁྱེར་ནས་རྒོལ་འཛུལ་བྱས།
བཀོད་འདོམས་པ་ཅི་ཤོའུ་ཡིས་ གོ་སྐབས་དེ་དང་བསྟུན་ནས། དམག་མི་ཚོར་མེ་མདའ་དང་ལག་འབོམ་གཉིས་ཀ་བེད་སྤྱོད་མཉམ་དུ་གཏོང་དགོས་པའི་བཀའ་ བཏང༌། དམག་ཤོག་གཉིས་པའི་འགོ་དམག་ཚང་མས་མེ་ཤུགས་གཅིག་སྒྲིལ་གྱིས། དགྲ་བོར་རྒོལ་ལན་སློག་པས་དགྲ་བོ་བསད་རྨས་ཚབས་ཆེན་ཕོག་ནས་ཕྱིར་འཐེན་བྱས། དེ་རྗེས་ཇག་པས་ཡང་བསྐྱར་རྩ་འཛུགས་ཀྱིས།
དམག་ཤོག་གཉིས་པ་དང་ཁ་ཐག་ཉེ་བའི་ ཁང་པ་ཞིག་ལ་མེ་རྒྱག་མཚམས། གཟན་རྩྭ་ལ་ས་སྣུམ་བྱུག་སྟེ་མེ་སྤར་ནས། དམག་ཤོག་གཉིས་པའི་ཁང་པ་མེར་བསྲེགས་གཏོང་བསམ་ན་ཡང་རླུང་ཕྱོགས་མ་འཕྲོད་སྟབས་ མེ་རྒྱག་ཐུབ་མེད། འོན་ཀྱང་དུད་རླངས་སྟུག་པོས་དམག་ཤོག་གཉིས་པའི་མིག་ལམ་སྒྲིབ་པར་བརྟེན།
ཇག་ པས་སྐབས་དང་བསྟུན་ནས་ཛ་དྲག་གིས་ཚུར་རྒོལ་ཤུགས་དྲག་ཆེ་རུ་གཏོང་བ་དང་ལྷོ་ ངོས་སུ་ཡོད་པའི་རྩ་ཕུང་ཆེན་པོ་ཞིག་ལ་ཡང་མེ་བརྒྱབ། ཇག་པས་མེ་འོད་ལ་བརྟེན་ནས་ཚུར་རྒོལ་བྱེད་བཞིན་པ་དང་དུས་མཚུངས་རྡོ་རྗེ་ཁང་ པའི་ཐོག་ཁར་ཡོད་པའི་དགྲ་བོའི་མེ་མདའ་སྦག་སྦག་གཉིས་ཀྱིས་དམག་ཤོག་གཉིས་པར་ འཇིགས་སྣང་ཚབས་ཆེན་བསྐུལ་གྱི་ཡོད་པ་རེད།
དམག་ཤོག་གཉིས་པས་ནུས་ཤུགས་ཡོད་ ཚད་ཀྱིས། དགྲ་བོར་རྒོལ་ལན་སློག་ཀྱང་བསད་རྨས་ཚབས་ཆེན་ཕོག ཆིས་ཞོ་ཡིས་ཚ་མུའུ་ཀྲང་ལ་མེ་སྒྱོགས་ཀྱི་བསྐོར་བཅོམ་ཡོང་མཁན་གྱི་ཇག་པར་གཏོར་ རྒོལ་གཏོང་དགོས་པའི་རེ་བ་སྟོན་པར་བརྟེན། ཚ་མུའུ་ཀྲང་གིས་ལམ་སེང་མེ་སྒྱོགས་ཀྱིས་ལྡིང་ཤོག་གཉིས་པར་སྲུང་སྐྱོབ་དང་ འབྲེལ། ཁྱོན་མེ་སྒྱོགས་གནམ་ལྷུང་མདེལ་གྲངས་ ༣༠ བརྒྱབ་པས།
རྡོ་རྗེ་ཁང་ པའི་ཐོག་ཏུ་མདེལ་གྲངས་ ༨ ཕོག་པར་བརྟེན་སྐད་ཅོར་ཤིན་ཏུ་ཆེ་བའི་ཇག་པ་དེ་ཚོ་སྐབས་དེར་འཇམ་ཐིངས་ངེར་སོང་ བ་དང་དགྲ་བོ་ཕྱིར་འཐེན་བྱེད་དགོས་པ་ཆགས། མཚན་མོ་ཆུ་ཚོད་ ༥ པའི་ཐོག་ཇག་པ་ཕྱིར་འཐེན་བྱས་ཏེ་མཚན་མོ་གཉིས་ཀྱི་རྒོལ་འཛིང་ནང་ཤི་རྨས་ཚབས་ ཆེན་ཕོག་ཡོད་སྟབས། ཕྱི་ཉིན་དགོང་མོར་མུ་མཐུད་ཚུར་རྒོལ་བྱེད་ཐུབ་མེད།
དམག་ ཤོག་གཉིས་པ་ལའང་ཤི་རྨས་ཚབས་ཆེན་ཕོག་ཡོད་སྟབས། དམག་མི་རྣམས་སེམས་ཤུགས་ཆག་སྟེ་མུ་མཐུད་དམག་འཐབ་བྱེད་འདོད་མེད་པའི་བསམ་ཚུལ་ ཡོད་པ་རེད། དམག་དཔོན་ཀྲུང་ཅིང་ཡུན་གྱིས་གནས་ཚུལ་དེ་ཤེས་རྗེས། དམག་དཔུང་ལ་སློབ་གསོ་དང༌། འཐབ་རའི་སྒྲིག་སྲོལ་ལྟར་འཐབ་ར་ནས་གསོན་འདོད་དང་ཤི་རྒྱུར་སྐྲག་སྟེ་བྲོས་ བྱོལ་སོང་བ་སོགས་བྱས་ཚེ།
སྒྲིག་ཁྲིམས་ལག་བསྟར་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པར་བརྟེན། དམག་དཔུང་གི་སེམས་ཤུགས་དང་སྒྲིག་འཛུགས་སྲ་བརྟན་དུ་གྱུར།
            དམག་ཤོག་ ༩ པ་རྩ་མེད་གཏོང་རྒྱུའི་འཆར་གཞི་མ་འགྲུབ་པར་ཉིན་གྲངས་བཞིའི་རྗེས་སུ། ངོ་ལོག་པ་རྣམས་རིམ་བཞིན་ཕྱིར་འཐེན་བྱེད་དགོས་བྱུང་ཡང༌། བཅིངས་འགྲོལ་དམག་ལ་བསད་རྨས་དང་གྱོང་གུན་ཚབས་ཆེན་ཕོག་ཡོད། དེས་བཀའ་ཤག་ངོ་ལོག་རུ་ཚོགས་ཀྱི་ངོ་ལོག་ཟིང་འཁྲུག་བསླང་རྒྱུར་ཡིད་ཆེས་དང་རེ་ བ་ཆེ་རུ་སོང་བར་བརྟེན་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས།
ངོ་ལོག་ཟིང་ འཁྲུག་ཞོད་འཇགས་གཏོང་དགོས་པའི་ཁ་ལ་མི་ཉན་པར་མ་ཟད། ཕྱི་ཟླ་ ༡༠ པའི་ཚེས་ ༢༤ ཉིན་བོད་དམག་གི་མདའ་དཔོན་ཁག་བསངས་གསོལ་ལ་ཁ་གཡར་ཏེ། མདའ་དཔོན་གཉིས་པའི་ནང་དུ་འཛོམས་ནས་ཚོགས་འདུ་ཚོགས་ཏེ་བོད་དམག་རྣམས་ངོ་ལོག་ ཟིང་འཁྲུག་ནང་འཛུལ་ཞུགས་ཆོག་པ་ཐག་གཅོད་བྱས། འོན་ཀྱང༌།
ཁོ་པ་ཚོས་ཕྱིར་ ཕྱོགས་སུ་ཇག་པ་ཚར་གཅོད་གཏོང་དུ་འགྲོ་གི་ཡོད་པར་ཁྱབ་བསྒྲགས་ བྱས་ཏེ། མདའ་ཤོག་གཉིས་པ་དང༌། བཞི་པ། དྲུག་པ་བཅས་ཀྱི་དཔོན་དམག་མང་པོ་ཞིག མཚོན་ཆ་འཁྱེར་ཏེ་ངོ་ལོག་ཟིང་འཁྲུག་ནང་ཞུགས་ཡོད་པ་རེད། ཅེས་བཀོད་ཡོད་པ་རེད།
ཕོ་རྒོད་དཔའ་བོའི་གདོང་མཆོང་ཐེངས་གཅིག་གིས།།
རྩེད་ཐང་བཙན་འཛུལ་བྱས་པའི་རྒྱ་དམག་ཚོ།།
ཤི་གསོན་བྱེ་མའི་ལ་ཁའི་ཐལ་རླུང་གསེབ།།
ངུ་འབོད་གནམ་ས་དབྲལ་བའི་གཏམ་རྒྱུད་མང༌།།             

༼7༽

དམག་སྒར་ལྟེ་བ་མཚོ་སྣ་ནས་ལྷ་རྒྱལ་རིར་སྤོས་པ་དང་དྭངས་བླངས་དཔའ་བོ་མང་པོ་གསར་དུ་འབྱོར་བ།

 
            རྩེད་ཐང་སོགས་རྫོང་གཞིས་ཁག་ཏུ་དཔུང་འཇུག་བྱེད་བཞིན་ཡོད་པའི་དམག་རྣམས་རང་ འཇག་བཞག་པ་དང༌། དེ་བྱིངས་དམག་སྒར་ལྟེ་བ་མཚོ་སྣ་ནས་ལྷ་རྒྱལ་རིར་སྤོས་ན་དགྲ་བོ་དང་འཐབ་སར་ རྒྱལ་ཕམ་ཇི་ལྟར་བྱུང་ཡང་ས་བབ་ཀྱིས་དམག་ཇུས་སྟབས་བདེ་དང༌། རྩེད་ཐང་སོགས་ཕྱོགས་གང་སར་ལྟ་རྟོགས་བྱ་བདེ་ཡོད་པ་སོགས་ལྷའི་ལུང་བསྟན་དང༌།
འགོ་ འཛིན་རྣམ་པའི་ཐབས་ཇུས་གྲོས་འཆར་ཡོངས་སུ་མཐུན་རྗེས། དམག་སྒར་ཨ་མ་མཚོ་སྣ་ནས་ལྷ་རྒྱལ་རིར་སྤོ་རྒྱུའི་སྔོན་འགྲོའི་གྲ་སྒྲིག་ཆེད། སྡེ་དགེ་བརྒྱ་དཔོན་རིན་ཆེན་དར་རྒྱས་ཅན་དྭངས་བླང་དམག་མི་ཉི་ཤུ་རྩ་ལྔ་ཆེད་ བརྫངས་བྱས། ས་ཁུལ་འདིའི་རྫོང་དཔོན་དང་གཞིས་ཀའི་བདག་པོ་ལྷ་རྒྱལ་རིའི་སྲས་ཆུང་སྙན་གྲགས་ ལགས་ཡིན་ཞིང༌།
མི་རྒྱུད་འདི་ཉིད་བོད་ཀྱི་ཆོས་རྒྱལ་རྣམ་པའི་གདུང་རྒྱུད་ ཡིན་པར་མ་ཟད། བོད་གཞུང་གིས་ཀྱང་གཞིས་ཀ་འདིའི་མི་རྒྱུད་གཞིས་ཀའི་བདག་པོ་ལྷ་རྒྱལ་རིའི་ཁྲི་ པ་རིམ་འདོན་ཐོག་དམིགས་བསལ་གྱིས་ཐོབ་ཐང་སྤྲོད་ས་ཞིག་ཡིན་འདུག གཞིས་ཀའི་བདག་པོ་ལྷ་རྒྱལ་རིའི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་ལགས་དང༌།
སྲས་ ཆུང་སྙན་གྲགས་ལགས་ཀྱིས་ཆུ་སྒང་དམག་གི་བརྒྱ་དཔོན་རིན་ཆེན་དར་རྒྱས་ཅན་ མགོ་དམག་རྣམས་ལ་ཐོག་མའི་དགའ་བསུ་སྣེ་ལེན་ཟབ་རྒྱས་མཛད་ཐོག་རིམ་བཞིན་མདོ་ཁམས་ ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་འགོ་ལས་དམག་དཔུང་དང་བཅས་པ་ཕོ་ བྲང་སྟེང་ཤོད་བར་གསུམ་ཡོངས་རྫོགས་དམག་སྒར་ཨ་མའི་ལས་ཁུངས་དང༌། ཕོགས་ཁང༌།
གཞན་ ཡང་གཙོ་འཛིན་དང་དམག་སྤྱི་ལས་ཁུངས་བཅས་བཞུགས་ཡུལ་དུ་རྩིས་འབུལ་གནང༌། གཙོ་འཛིན་དང་དམག་སྤྱི་ཁག་གཅིག་ཕོ་བྲང་དང་ཁད་ཉེ་བའི་ཤར་ལྷོ་དང༌། ཤར་བྱང་ཟེར་བའི་གཞིས་ཁག་གཉིས་སུ་ཕེབས་སྒྲིགས་གནང༌། དམག་སྒར་ཨ་མ་ལྷ་རྒྱལ་རིའི་ཕོ་བྲང་དུ་དངོས་སུ་སྤོས་སྐབས་ཆུ་སྒང་མགོ་དམག་གི་ མི་རྟའི་ཟ་ཆས་བཅས་མཐུན་རྐྱེན་ཆ་ཚང་དང༌།
མདོར་ན་རྒྱལ་སྲུང་བཙན་རྒོལ་དཔུང་དམག་གི་རྒྱབ་རྟེན་མཐུན་འགྱུར་དམིགས་བསལ་གཟིངས་སུ་ཐོན་པ་གནང་ཡོད་པ་རེད།
            དེ་ལྟར་དམག་སྒར་ལྟེ་བ་ལྷ་རྒྱལ་རིར་སྤོས་ནས། ལས་ཁུངས་ཁག་སྔར་ལས་ཚགས་ཚུད་ཡར་རྒྱས་བཏང་བ་དང༌། འབའ་པ་རྒན་ཨ་ལེགས། ལི་ཐང་རྒན་ངག་དབང་བསྟན་འཛིན་དང༌། ཆབ་མདོ་པད་མ་དབང་འདུས་བཅས་དམག་སྤྱི་གསར་དུ་བསྐོས། སྒ་པ་ཤེས་དགའ་ལས་དྲུང་དུ་ཁ་སྐོང་བྱས། རྩེད་ཐང་སོགས་དགྲ་བོར་དཔུང་འཇུག་བྱེད་མི་རྣམས་ལ་དཔུང་སྣོན་གཏོང་ཕྱོགས་དང༌།
དམག་དཔུང་བཀོད་འཐབ་དང་སྟངས་འཛིན་སོགས་འཐུས་ཚང་དུ་གཏོང་ཆེད་ལས་འགུལ་མུ་མཐུད་སྤེལ།
(མདོ་ ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་སྒར་ལྷ་རྒྱལ་རི་ནས་ཡར་ལུང་ ཕྱོགས་སྤོ་ཤུགས་གནང་བའི་དངོས་ཆས་དབོར་བའི་ཐོ་གཞུང་ལྟར་གྱི་ཟས་ནོར་དངོས་པོ་ གང་ན་ཅི་ཡོད་འདི་དག་ལྷོ་ཁ་ཁུལ་གྱི་དགོན་སྡེ་ཡུལ་མི་ཡོངས་ཀྱིས་བསྡུ་རུག་ དབོར་འདྲེན་བྱས་པ་ཞིག་རེད།)
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་ བླངས་དམག་སྒར་ལྷ་རྒྱལ་རི་ནས་ཡར་ལུང་ཕྱོགས་སྤོ་ཤུགས་གནང་བའི་དངོས་ཆས་དབོར་ བའི་ཐོ་གཞུང་ཡིག་ཆ་ནང་འཁོད་ཁག་གཅིག
༈ ཕྱག་མཛོད་ལགས་ཕྱག་སྣེ་དངུལ་སྲང་   ༢༧༨༢   །  ༢  ཡོད།
༈ ས་ཕག་ཟླ༢ཚེས་ ༩ལ། བསྟན་སྲིད་དྭངས་བླངས་དམག་སྒར་ཨེ་ལྷ་རྒྱ་རི་ནས་ཡར་ཀླུང་ཕོ་བྲང་དུ་སྤོས་པའི་ དམག་སྒར་གཞུང་སྒེར་གཉིས་ཀྱི་དངོས་ཆོས་གཏོང་གཞུང་བཀོད་པར། ཐོག་མར་ཕོགས་གཉེར་སྤྱོད་སྒོ་དཀོན་མཆོག་དང་ཨ་ཞ་ཟུང་གདོངས་ཇ་མར་གྲོ་ཞིབ་ཤ་ སོགས་ཁལ་རྒྱབ་   ༡༥   སོང༌།
༈ ས་ཕག་ཟླ་   ༢   ཚེས་   ༡༢   ཉིན་རང་གཞུང་གི་སྣོད་ཕད་རང་འགྲིགས་གྲོ་ཞིབ་དོ་   ༧༠   ཐམ་པ་དང༌། རྒྱ་གྲོ་ངོ་   ༣    མར་ལྟང་ངོ་   ༣༧ ཤ་ལྡེབ་   ༤༠ ནང་ཆ་གྲངས་   ༡༧ སུ་རམ་ཏིང་དོ་   ༣ ཅི་ནེ་དོ་   ༣ ཡང་ལཱ་དོ་   ༣ ས་སྣུམ་བརྒྱད་ཀྲིང་ངོ་   ༢ པི་ཅི་ས་ལམ་དོ་   ༡ འབྲས་དོ་   ༦༠ ཚ་དོ་   ༩ བཅས་དཔོན་ཁག་   ༣   གྱི་ཁལ་ཁོངས་སོགས་གོང་གི་   ༡༢༤   རྒྱན་འཛིན་བྱུང༌།
ཡང་སྐྱར་གོང་ཐོག་གཉེར་ཚང་གི་གྲོ་ཞིབ་དོ་   ༧   དང་འཕྱུར་ཞིབ་དོ་   ༣ ཕོགས་ཁང་གི་རྩམ་དོ་   ༢   བཅས་སོ། ༼རྒྱབ་   ༦   འཛིན་བྱུང༌།༽
༈ རྒྱ་རི་ཁོངས་རྟ་མགྲིན་དབང་ཕྱུག་ཅན་གྱི་ཁས་གདོངས་སྡེ་དགེའི་ངོ་   ༣༡   དང༌། ཆབ་མདོའི་རྟགས་འཁོད་དོ་   ༥   བཅས་སོ།
༈ རྒྱ་རི་ཁོངས་གོང་སྨད་བློ་བཟང་བསོད་ནམས་ཅན་གདོངས་ཆ་ཕྲིན་ཤོག་གི་དོ་   ༥༤ སྣ་ཚོགས་སྟོང་རྩ་ངོ་   ༡༢    ཆབ་མདོའི་དོ་   ༤   བཅས་སོང༌།
༈ རྒྱ་རི་ཁོངས་རི་ཞོལ་ཁང་འཕར་ཉི་མ་ཚེ་རིང་གདོངས་དམག་སྒར་གྱི་དོ་   ༣༠   ཐམ་པ་སོང༌། རྒྱ་རི་ཁོངས་གསུམ་ཀྲིས་པད་མ་དངོས་སྒྲུབ་ཅན་གདོངས་ཤོག་སོ་སོའི་རྟགས་འཁོད་དོ་ གྲངས་   ༤༠   དང་སྟེང་རྩ་༢བཅས་སོང༌། རྒྱ་རི་ཁོངས་མདོ་ཆོས་ཕུན་ཚོགས་དར་རྒྱས་གདོངས་སོ་སོའི་རྟགས་འཁོད་དོ་   ༡༤ སྟེང་རྩ་   ༡   བཅས་སོང༌།
རྒྱ་རི་ཁོངས་རྩ་ཆུང་དབང་རྒྱལ་ཅན་གདོངས་ཤོག་ བའི་དོ་༦དང་ཉེན་༡བཅས་སོང༌། རྒྱ་རི་ཁོངས་འཕྲིན་ཡོན་དང་ཆུ་ཁ་ཅན་གདོངས་ཤོག་ཀའི་དོ་   ༨   དང༌། སྟེང་རྩ་བསྡོམས་དོ་   ༢   བཅས་སོང༌། རྒྱ་རི་ཁོངས་ནམས་སོ། ཡོ་དབང་ཕལ་ཁུས་ཀུན་དགའ་ནོར་བུ་དང༌། སེང་གེ་ཆོས་འཕེལ་ཅན་གདོངས་ཤོག་པའི་དོ་   ༡༦   སོང༌། སྨར་ཁམས་པའི་དོ་རྒྱབ་   ༡༡   ཤག་ལྷོའི་ཁལ་ཁོངས་སོང༌།
རྒྱ་རི་གཉེར་པའི་ཁལ་ཐོག་སྐྱབས་བརྒྱའི་དོ་   ༡༦   སོང༌།
༈ ཤག་ལྷོའི་ཁོངས་པ་ནི་བརྒྱ་དཔོན་བསོད་ནམས་ཚེ་རིང་ཁས་གདོངས་ལས་ཁུངས་ཀྱི་ཅི་ནེ་ དོ་   ༡༩   དང༌། ཟིང་སྐམ་དོ་   ༢༩ ཕོན་འབོན་   ༤ བུར་རིང་དོ་   ༡ ས་སྣུམ་དོ་   ༢ རྩ་རྩིག་ཡོད་རྩ་རས་དོ་   ༢ ཡི་རྩི་དོ་   ༡ རྒྱ་ཆོས་དོ་   ༡ བྟིར་སུམ་དོ་   ༡   བསྡོམས་རྒྱབ་   ༣༠   བཅས་སོང༌། རྒྱ་ཕྱག་ལྷན་བྲེང་ལྕགས་དོ་རེས་སྟང་   ༨༠༠   རེ་བྱས་པའི་ཨི་སི་ལྕགས་དོ་གཉིས་སྤུས་ཚང་སོང༌།
ལྕགས་ཤོག་དོ་   ༡   ཀླུ་གྲུ་བཟོ་ས་ཞལ་འདེབས་སྤྲད།
༈ ཤག་བྱང་ཡོད་པའི་དྲེའུ་ཚང་ཀྱི་དོ་   ༣༠   ཤག་བྱང་པས་ཁོངས་སོང༌། ལི་ཐང་ཤོག་གི་དོ་དོ་   ༡༤   གོང་ཐོན་སོང༌།
༈ རྒྱ་རི་ཁོངས་ལབ་ལྡིང་བློ་བཟང་རྡོ་རྗེ་དང་ཕུན་ཚོགས་དོན་འགྲུབ་ཅན་གདོངས་ལྷན་ རྒྱས་ཀྱི་མར་རིས་ཀྲིང་དོ་   ༡༡   དང༌། བརྒྱད་ཀྲིང་དོ་   ༡༣ བཅུ་དྲུག་ཀྲིང་དོ་   ༣ སོ་གཉིས་ཀྲིང་   ༣ ས་སྣུམ་བརྒྱད་ཀྲིང་དོ་   ༨ ཟིང་སྐམ་   ༡   བཅས་སོང༌།
༈ རྒྱ་རི་ཁོངས་ལྗིང་ནང་དོན་འགྲུབ་ཁལ་གདོངས་དགག་སྒེར་གྱི་དོ་   ༨   སོང༌། རྒྱ་རི་ཁོངས་ཀྲབ་སྨད་ལྡིང་བསོད་ནམས་ཚེ་རིང་ཁལ་གདོངས་ཤོག་ཀའི་རྟགས་ཡོད་དོ་   ༢༦   དང་སྟོར་   ༡ ལྕགས་ཀར་ཆ་ཚང་   ༡ ཤིང་ཀར་ཆ་ཚང་   ༢ རྩྭ་ཡད་   ༡ ལྟམ་ལིང་ཀྲིས་   ༡ ཞ་པང་ཕོ་རིས་ཕེབས་ཡོད། སྲོག་སྐྱོག་   ༡   བཅས་སོང༌། ལི་ཐང་བློ་ཚེ་རིང་ཅན་གྱི་དོ་རྒྱབ་   ༡ བང་མི་གདོངས་སོ།
རྒྱ་རི་ཁོངས་བླ་ སེང་འཇམ་དབྱངས་ཆོས་འཕེལ་དང༌། ཤག་ལྷོའི་ཁོངས་སྒར་པ་དཔལ་མྱོན་དོན་འགྲུབ་ཅན་གདོངས། འབའ་པ་ཡེ་ཤེས་ཅན་གྱི་དོ་   ༣༢   དང༌། སྟེང་བཅག་ངོ་   ༦   བཅས་སོ། རྒྱ་རི་ཁོངས་གཡར་ཐང་ཨོ་རྒྱན་བསྟན་འཛིན་ཁལ་གདོངས་ལི་ཐང་བློ་ཚེ་རིང་ཅན་གྱི་ དོ་   ༡༡ སྟེང་ངོ་   ༤ གསུང་ཀྱི་ཡི་རྩི་དོ་   ༡   བཅས་སོ།
རྒྱ་རི་ཁོངས་སྐམ་དྲག་སྐལ་བཟང་རྡོ་རྗེ་ཁལ་གདོངས་ཆ་ཕྲིན་ཐུབ་བསྟན་གྱི་དོ་   ༡༠   སོང༌།
རྒྱ་ རི་ཁོངས་བླ་སེང་གྲོ་ཞིབ་རྒྱབ་སྟོར་   ༣   དང༌། གྲབ་སྟོད་རྒྱབ་སྐོར་   ༣ མེ་ཉག་གོང་འོག་རྒྱབ་སྟོན་   ༤   དང་དོ་   ༤ རྟིའུ་རྭ་དོ་   ༢   བཅས་སོང༌། ཤག་བྱང་ཁོངས་དོན་འགྲུབ་གདོངས་གྲོ་ཞིབ་རྒྱབ་སྟོར་   ༡༡   དང་དོ་   ༢   སོང༌། རྒྱ་རི་ཁོངས་གཡག་པ་གདོངས་གཞུང་གི་སྣོད་པད་རང་འགྲིགས་གྲོ་ཞིབ་དོ་   ༡༠   དང༌། ཟ་ཟིས་གདོངས་དོ་   ༣༠   བཅས་སོང༌།
རྒྱ་རི་ཁོངས་གློག་གཉེར་ཚང་ ཁལ་གདོངས་གྲོ་ཞིབ་རྒྱབ་ཉོ་   ༥   དང་དོ་   ༦ རྟིའུ་དགོན་གྱི་ཁལ་གདོངས་དོ་   ༡༢   བཅས་སོང༌། རྒྱ་རི་ཁོངས་སེ་གོང་སྐལ་བཟང་དབང་འདུས་ཁལ་གདོངས་གྲོ་དོ་   ༡༦   སོང༌། རི་ཆོས་དགོན་མཁན་པོའི་ཁལ་ཐོག་རང་གཞུང་སྣོད་པད་རྩམ་དོ་   ༡༢ ཤག་བྱང་ཁོངས་རྩམ་སྟོར་   ༡༩   དང་མཆོད་པ་རྒྱབ་   ༡   བཅས་སོང༌། ཤག་བྱང་སོ་རྩམ་རྒྱབ་སྟོར་   ༡༣ མདོ་༢བཅས་སོང༌།
ཤག་ཀྱང་ཁོངས་རྩམ་རྒྱབ་སྟོར་   ༢   སོང༌།
ཤག་ བྱང་ཁོངས་རྩམ་རྒྱབ་སྟོར་   ༥   སོང༌། ཤག་ལྷོའི་ཡོ་བྲག་དཀར་རྩམ་རྒྱབ་སྟོར་   ༥༩ དོ་   ༡༦   བཅས་སོང༌། རྒྱ་རི་ཁོངས་མཆོད་པ་དང༌། བླ་མུམ་ཅན་གདོངས་རྩམ་རྒྱབ་སྟོར་   ༡༣   སོང༌།
རྒྱ་ རི་ཁོངས་བླ་ལུང་དང༌། མཆོད་པར་ཅན་གྱི་ཁལ་ཐོན་རྩམ་རྒྱབ་སྟོར་   ༡༢   དང་དོ་   ༡༠   བཅས་སོང༌། རྒྱ་རི་ཁོངས་ཀླུང་དང་རྩམ་སྟོར་   ༢༧   དང༌། ཀློག་པ་རྩམ་སྟོར་   ༩   བཅས་སོང༌། རྒྱ་རི་གསོལ་ཅོག་རྩམ་ཁལ་རྒྱབ་   ༡   སོང༌། རྒྱ་རི་ཁོངས་ཚ་སྟོད་ཁལ་ཐོག་རྩམ་རྒྱབ་སྟོར་   ༡༢   དང་སྟོང་སྟོད་ལྡིང་ཁལ་ཐོག་རྩམ་རྒྱབ་སྟོར་   ༣༠   བཅས་སོང༌།
རྒྱ་རི་ཁོངས་ བཀྲིས་དཔལ་འབྱོར་རྩམ་རྒྱབ་   ༡   སོང༌། རྒྱ་རི་ཁོངས་ལྷ་ཕན་རྩམ་སྟོར་   ༨   སོང༌། རྒྱ་རི་ཁོངས་བར་བརྩེགས་ཁལ་ཐོག་རྩམ་རྒྱབ་སྟོར་   ༡༢   སོང༌། རྒྱ་རི་ཁོངས་སྟོད་སྲིད་རྩམ་རྒྱབ་སྟོར་   ༢༠    ཨདོ་   ༡༠   བཅས་སོང༌། རྒྱ་རི་ཁོངས་གྲབ་སྟོད་སྨད་གཉིས་ཀྱི་ཁལ་ཐོག་རྩམ་སྟོར་   ༣༦ མདོ་   ༤   བཅས་སོང༌། རྒྱ་རི་ཁོངས་ཟ་ཟིར་ལྡིང་རྩམ་སྟོར་   ༡༢   སོང༌།
རྒྱ་རི་ཁོངས་ འཇམ་གྲོང་ཁལ་ཐོག་རྩམ་སྟོར་   ༡   སོང༌། རྒྱ་རི་ཁོངས་སྐྱེ་དཀར་ཁལ་ཐོག་རྩམ་སྟོར་   ༣༢ དོ་   ༢   བཅས་སོང༌། རྒྱ་རི་ཕོ་ཀག་ཉག་པ་ཁལ་ཐོག་རྩམ་སྟོར་   ༡༥   དང་དོ་༢བཅས་སོང༌། རྒྱ་རི་ཁོངས་སྟོད་སྨད་ཁལ་ཐོག་རྩམ་ཉོར་   ༣༩   དང༌། ཀླང་པར་རྩམ་ཉོར་   ༡༩   བཅས་སོ།
༈ ས་ཕག་ཟླ་   ༢   ཚེས་   ༢༤   ལ། ལྷ་རྒྱ་རི་ཕོག་ཁང་ནས་ཡར་ལུང་དམག་སྒར་ལ་ཐུགས་མཁོ་སོང་གཞུང་སྟོད་པ།
༈ ས་ཕག་   ༢   ཚེས་   ༢༤   ལ། ལྷ་རྒྱ་རི་ཕོག་ཁང་ནས་ཡར་ལུང་དམག་སྒར་ལ་ཐུགས་མཁོ་འབུལ་ལམ་ཞུ་པའི་སོང་གཞུང་ བཀོད་པར། རྒྱ་རི་ཁོང་ལབ་པར་ཁལ་གདོང་ཤ་སྟོད་སྨད་བཅོ་བརྒྱད། བྲོལ་པ་གསུམ་བཅུ་སོ་གསུམ། རྡིའུ་ར་ཁལ་གདོང་ཤ་སྟོད་སྨད་བཞི། བྲོལ་པ་གསུམ། གཡར་ཐང་ཁལ་གདོང་ཤ་སྟོད་སྨད་བཞི། བྲོལ་པ་གཉིས། སྒམ་ར་ཁལ་གདོང་ཤ་སྟོད་སྨད་དྲུག བྲོལ་པ་བཅུ་གཉིས།
གཡར་པ་ཁལ་གདོང་རྩམ་པ་ རྒྱབ་ཉོར་བདུན་བཅས་སོ། རྒྱ་རི་ཁོངས་བླ་སེང་ཁལ་གདོང་ལ་རྩམ་རྒྱབ་ཉོར་དགུ་སོང༌། རྒྱ་རི་ཁོངས་མི་ཉག་འོག་ཁལ་གདོང་རྩམ་རྒྱབ་ཉོར་བཞི་སོང༌། རྒྱ་རི་ཁོངས་བཟང་རྒྱུ་ཁལ་གཡག་གདོང་རྩམ་དོ་དྲུག རྒྱབ་ཉོར་གཅིག རྣམས་ཕྱུ་ཁལ་གདོང་རྒྱབ་ཉོར་གཉིས་དང༌། དོ་དྲུག བསམ་འཕེལ་ཁལ་གདོང་རྒྱབ་ཉོར་གསུམ། དོ་གཉིས། བལ་བཅན་ཁལ་གདོང་རྒྱབ་ཉོར་བདུན།
ཕོ་ ལ་ཁལ་གདོང་རྒྱབ་ཉེར་ལྔ། དོ་གཉིས། འཛམ་ཕྱུ་ཁལ་གདོང་རྒྱབ་ཉོར་གསུམ་དང༌། དོ་བཞི། བྱང་རྒྱུད་ཁལ་གདོང་རྒྱབ་ཉོར་གཉིས་དང༌། དོ་དྲུག རྒྱ་ཞབས་བྲག་པ་ཁལ་གདོང་རྒྱབ་ཉོར་གཉིས། སྐྱིད་ཡོན་ཁལ་གཡག་གདོང་རྒྱབ་ཉོར་གསུམ། ཤག་ལྷོའི་ཁོངས་ཨེ་ཆུང་འོག་ཁལ་གདོང་རྒྱབ་ཉོར་བཅུ་ཐམ་པ། དམར་པ་ཁལ་གདོང་མར་ལྟང་དགུ ལག་སྒམ་གཅིག་བཅས་གོང་ཚེས་༢༦ཉིན་སོང༌།
ཚེས་༢༢ལ་ ལྷ་རྒྱ་རི་དྲེལ་ཐོག་ཤ་སྟོད་སྨད་བཅུ་དྲུག ནང་ཆ་བྲོལ་པ་བཅུ་གཉིས། ཆག་དོ་གཉིས། སྦ་པ་དྲེལ་ཐོག་ཤ་སྟོད་སྨད་འདེབས་ཉི་ཤུ་རྩ་གསུམ་དང༌། ཁམས་བོགས་དོ་གཅིག་བཅས་རྩིས་སྤྲོད་སོང༌། ཚེས་༢༧ལ་ཤག་ལྷོའི་ཁོངས་གྲ་དཀར་ཁལ་གདོང་མར་ལྟང་གསུམ་བཅུ་སོ་བཞི། ཤ་འདེབས་ཉི་ཤུ་ཐམ་པ། ཨ་ཕྲུག་ཚང་གྱི་དོ་གྲང་གསུམ་བཅུ་སོ་དྲུག་དང༌། སྟེང་རྩ་གཉིས།
ཤག་བྱང་ཁལ་གདོང་མར་ལྟང་རྒྱད་བཅས་རྩིས་སྤྲོད་སོང༌།
གོང་ ཚེས་༢༨ལ་གཉལ་ཕོག་ཁང་དུ་རྒྱ་རི་ཁོངས་གོང་ཁང་གདོང་བུ་རམ་ཉིས་སྤྲིན་གཉིས། གུར་དོ་རྒྱད། གནམ་གྲུའི་གུར་གསུམ། རྡར་ཁ་དང་རྒྱུས་པ་དོ་གཅིག ཇ་སྒམ་བཅུ་བཞི་སྒམ་གསུམ། ཐག་པ་དོ་༡ རྩག་ར་སོག་ཡོད་ཟིང་སྒམ་གཅིག ཡང་ལར་དང་ཡིད་རྩེ་ཡོད་སྒམ་གཅིག་དང༌། ཤག་བྱང་ཁོངས་ཁལ་གདོང་གནམ་གྲུའི་གུར་རྒྱབ་ཉོར་གསུམ། ཤ་སྟོད་སྨད་བཞི། ཚི་ལུ་དོ་བཞི། མར་བདུན་ལྟང་གཅིག།
གནམ་གྲུའི་གུར་དོ་གསུམ། ཐབ་ཚང་ཡོ་ཆས་དོ་གསུམ། ཁང་ག་ཡོད་ཀྱི་སྒམ་གཅིག རྩ་རྩིས་ཡོད་ལག་སྒམ་གཅིག ཕུར་དོ་གཉིས། དཀར་རྒྱུག་དོ་གཉིས། གསོལ་ཞིབ་རས་དོ་གཅིག ཤ་སྐམ་ཡོད་རྒྱབ་ཉོར་གཅིག སྟེང་རྩ་མོག་སྒྲིལ་གཉིས། ཇ་གདོང་གཅིག བཟོ་ལ་ཆེ་ཆུང་གཉིས། བཟོམ་ཆུང་གཅིག་བཅས་རྟགས་འབྱར་རྩིས་སྤྲོད་སོང༌།
གོང་ ཚེས་༢༩ལ་རྒྱ་རི་ཁོངས་བར་ཚིག་དང༌། ལྷ་ཡན་གཉིས་ཀྱི་ཁལ་གདོང་རྒྱ་གྲོ་ཞིབ་དོ་བཞི། རྩམ་རྒྱབ་ཉོར་གཅིག་དང༌། དོ་གཅིག ཤོག་གུ་དོ་གཉིས། བུ་རམ་ཉིས་སྤྲིན་དོ་གཅིག འོ་སྤྲིན་ཟིང་སྒམ་གཅིག ཇ་པར་རྡི་དོ་གཅིག གོང་ང་དོ་གཅིག མར་ལྟང་བདུན། རྩམ་པ་དོ་བཅུ་ཐམ་པ། ཤ་སྟོད་སྨད་བཅུ་དྲུག་བཅས་རྟགས་འབྱར་རྩིས་སྤྲོད་སོང༌།
གཏུམ་ཁལ་གདོང་རྩམ་རྒྱབ་ཉོར་བདུན་རྟགས་འབྱར་རྩིས་སྤྲོད་སོང༌།
ཟླ་   ༣   ཚེས་   ༣   ཨེ་ཆུ་མདོ་གྱང་དུ་ལྷ་རྒྱ་རི་དྲེལ་ཐོག་ཕོག་ཁང་གྱི་མར་ལྟང་བཅོ་ལྔ། གུར་དོ་གཅིག ལྕག་སྒམ་གཅིག ལག་སྒམ་དོ་གཅིག་དང༌། ཕོག་ཁང་ཕྱག་མཛོད་ཀྱི་རྟགས་ཁོད། ཅེས་འཁོད་འདུག
  (1)མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་ཁོངས་གསར་ཞུགས་སྐོར།
འདིར་དམག་སྒར་ལྟེ་བ་མཚོ་སྣར་སྤོས་པ་ཚུན་ཆད་ཀྱི་ལྷོ་ཁའི་ཆུ་སྒང་དམག་ཁོངས་སུ་གསར་བཞུགས་བྱས་པའི་དམག་ཤོག་ཆེ་གྲས་འགའ་ཞིག་བཀོད་ན།
            གླིང་ཚང་དམག་ཤོག་ནི། དེ་སྔོན་སྤྱི་ལོ་ ༡༩༥༤ ལོར་གུང་ཁྲན་གྱིས་མགོ་སྐོར་བསླུ་བྲིད་དང་བཙན་པོ་དབང་ཡོད་ཀྱིས་གླིང་ཚང་ཆོས་ རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་སྡེ་དགེ་འདན་མ་རྫོང་གི་རྫཽང་དཔོན་ལས་རོགས་ སུ་གདན་འདྲེན་བྱས་ཏེ། དོན་ལ་བཟང་བཙོན་ལྟ་བུ་བྱས་ནས་བཞག་ཐོག་ས་གནས་ཁག་ཏུ་རྒྱའི་ཆབ་སྲིད་ཀྱི་གནས་ བབ་ཧ་ཅང་ཇེ་སྡུག་ཏུ་འགྲོ་བཞིན་པ་དང༌།
ལྷག་དོན་ ༥༦ ལོ་ནས་ཁམས་ཤར་ལྷོ་གཉིས་སུ་རྒྱ་དམར་གྱི་ལུགས་ངན་དམངས་གཙོ་བཅོས་བསྒྱུར་ཞེས་ པའི་ལས་འགུལ་སྤེལ་ཏེ་ཡུལ་དགོན་གཉིས་ཀ་སྡོད་བཟོད་དཀའ་བ་བྱས་པ་ལས་སྐྱ་སེར་ རིས་མེད་ཀྱིས་ངོ་རྒོལ་འཐབ་འཛིང་མུ་མཐུད་བཞིན་པའི་རླུང་རླབས་དེ། གླིང་ཚང་ཁུལ་དུའང་གཡོས་ཏེ་གླིང་ཚང་རྒྱལ་ཁོངས་ནས་རྒྱ་དམར་ལ་རྒོལ་འཛིངས་དང༌།
ལྷག་ པར་གླིང་བློན་ཡར་གླིང་དབང་རྒྱལ་གཙོས་པའི་མི་དམངས་ཚོ་གཅིག་གིས། རྒྱ་དམར་ལ་ངོ་རྒོལ་དང་འཐབ་འཛིང་གི་ལས་འགུལ་སྤེལ་བར། ཡར་གླིང་དབང་རྒྱལ་གྱིས་སྣེ་འཁྲིད་དེ། རྒྱ་དམག་གི་སྐོར་སྲུང་བས་རྒྱུན་ལྡན་བཀག་ཉར་བྱེད་བཞིན་པའི་གླིང་ཚང་ཕོ་བྲང་ ནང་གི་གླིང་ཚང་བཙུན་མོ་དང༌། སྲས་སྲོས་སོགས་སྐྱོབ་པའི་སླད། འཆི་བ་སྲོག་ལ་མི་ལྟ་བར་མེ་མདའ་དང་སྟ་རེ།
གྲི་རིང་སོགས་མཚོན་ཆ་གང་བྱུང་ ཐོགས་ནས་སྐོར་སྲུང་བ་དེ་དག་ལས་མང་ཆེ་བ་བསད་དེ་ གླིང་ཚང་རྒྱལ་པོ་ཡུམ་སྲས་རྣམས་བསྐྱབས། དེ་ནས་བཟུང་རི་མགོ་ཁག་བཙན་ས་བཟུང་སྟེ། རྒྱ་དམར་ལ་རྒོལ་འཛིངས་རབས་དང་རིམ་པར་བྱས་པར་མ་ཟད། འཛུམ་ནང་ཨ་དཀར་དང༌། པད་མོ་སྤྲུལ་རྒོད། དཀར་མཛེས་གཤོང་གཉེར་བསོད་ནམས་དབང་རྒྱལ། གཙང་ཁ་བསྟན་པ་དར་རྒྱས་སོགས་དང་སྔ་ཕྱིར་དཔུང་བསྒྲིགས་བྱས་ཏེ།
རྒྱ་དམག་ བརྒྱ་ཚོ་མང་པོ་བསད་ནས། རྫ་ཆུ་ཁྲག་ལ་བསྒྱུར་བའི་དམག་འཐབ་ལོ་རྒྱུས་ཀྱི་མཚན་སྙན་འཛམ་གླིང་གང་སར་ཁྱབ་ པར་བྱས། དེ་བཞིན་གླིང་ར་རུ་བུ་བཀྲིས་དོན་འགྲུབ་དང༌། ཨོ་ཡོ། དོན་དགའ།
ཡ་ དིང་ཨ་འགྲུབ་དཔལ་ལྡན་སོགས་འགོ་བྱེད་མི་སྣ་མང་པོས་གླིང་ཡུལ་སྟོད་སྨད་བར་ གསུམ་ནས་བཙན་རྒོལ་དགྲ་འཐབ་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་ནས་རྒྱ་བོད་གཉིས་ཐད་ནས་ མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་ཚབ་ཆེ་བྱུང་བ་དེ་ཉིད། གླིང་ཚང་ཆོས་རྒྱལ་གྱིས་གོ་སྐབས་དམ་འཛིན་བྱས་ནས། རྫོང་ཁུལ་དུ་ངོ་ལོག་ཇག་པ་དེ་ཚོ་ལ་རྒྱ་དམར་གྱི་དྲག་པོའི་དམག་གིས་ཞོད་འཇགས་ བྱེད་པ་ལས།
ང་རང་སོང་ནས་རྒྱལ་ཁབ་ཀྱི་ལྟ་བ་དང་ལངས་ཕྱོགས་ངོ་སྤྲོད་དང་ བསླབ་བྱ་བྱས་ན། ཁོང་ཚོ་ཡོངས་རྫོགས་ཁ་ཕྱོགས་ཚུར་འཁོར་རྒྱུ་རེད། ཁོང་ཚོ་ངའི་མི་སེར་ཡིན་པར་མ་ཟད། ང་ལ་བརྩི་མཐོང་དང་ཆ་འཇོག་ཞུ་མཁན་ཤས་གཅིག་ཡིན་པས་ཞོད་འཇགས་དམག་འཐབ་ལས་ནུས་པ་ ཆེ་བ་ཡོང་གི་རེད་ཅེས་རྒྱ་དམར་ལ་བཤད་པས།
རྒྱའི་ལས་བྱེད་ཚོས་བདེན་པར་གོ་ སྟེ་འདན་མ་རྫོང་ནས་གླིང་ཚང་ཁུལ་དུ་ཚུར་སྐྱེལ་ བ་དང༌། གླིང་དཀར་སྟོད་སྨད་བར་གྱི་སྡེ་འབངས་ཡར་དིང་དང༌། ཡར་གླིང༌། ཨ་ཕྱུགས། སྟག་དགོན་བཅས་ཆིག་སྒྲིལ་གྱི་རྩ་འཛུགས་བྱས། མཐའ་མར་ཡར་གླིང་དབང་རྒྱལ་དང༌། རི་འགུལ་དོན་རྡོ། ར་རུ་སྐལ་རྡོ། ཐུབ་བསྟན། བློ་གྲོས་སོགས་ཀྱིས་དཔུང་སྣེ་འཁྲིད་དེ། འབྲི་ཆུ་ནུབ་རྒྱུད་ཁྲ་བོ་ཐང་དང༌།
ཁྱུང་ པོ། སོག་ལ། ནག་ཆུ་ཁ་སོགས་བརྒྱུད་དེ་རྒྱ་དམག་དང་འཛིང་ཞོར་བྲོས་བྱོལ་ཅི་རིགས་བྱས་ཏེ་ སྲོག་དང་མ་བྲལ་བའི་རྒྱལ་འབངས་རྣམས་འོལ་ཁར་འབྱོར་བ་དང་སྒར་ཁག་གཉིས་སུ་བགོས་ ཏེ་ཀླུ་ཁང་གྲུ་ཁ་བརྒལ་སྐབས་རྒྱ་དམག་གིས་རྒོལ་རྡུང་འོག་ཚུད་ནས། དམར་འཛིང་དྲག་པོ་ཤོར་བའི་མཐའ་འབྲས་རྒྱ་དམག་བཅུ་གྲངས་བསད་པ་དང༌། གོ་མཚོན་ཡང་གང་འཚམ་ཐོབ་ཀྱང༌།
སྒར་གཞིས་ཀྱི་ཅ་དངོས་ཡོངས་རྫོགས་དགྲ་ལག་ཏུ་ ཤོར། རི་འགུ་ལ་དོན་རྡོའི་སྒར་ཁག་ཀྱང་རྒྱ་དམག་གིས་བསྐོར་ནས་རྒོལ་རྡུང་བཏང་བས་ཕན་ ཚུན་བསད་རྨས་མང་པོ་བྱས་མཐར་རང་དམག་མང་པོ་འཛིན་བཟུང་འོག་ཚུད་དེ་ཕམ་ཉེས་ཐེབས། སྒར་ཁག་གཉིས་ཀའི་མི་མང་ཆེ་བ་ནི་ཁ་འཐོར་ཞིང་རྗེས་སུ་དྭགས་པོ་རྒྱུད་ཙ་རི་ མཆོད་རྟེན་ནས་ཐོན་པ་ཡིན་ལ། གླིང་ཚང་རྒྱལ་པོ་དང༌།
ཡར་གླིང་དབང་རྒྱལ་སོགས་ ལྷགས་མ་ཁག་གཅིག་མུ་མཐུད་ཤར་བསྐྱོད་ཀྱིས་མཚོ་སྣར་ཆུ་ བཞི་སྒང་དྲུག་གི་དམག་སྒར་ནང་ཞུགས་པ་དང༌། དམག་སྒར་ལྟེ་བའི་མགོ་དམག་ཚོས་དགའ་བསུ་དང་སྣེ་ལེན་རྒྱ་ཆེར་ཞུས་པ་དང་ཆབས་གཅིག ལ་དང་གླིང་ཚང་དམག་ཤོག་གསར་འཛུགས་ཐོག་གླིང་ཚང་སྲས་འཇིགས་མེད་གཙོ་འཛིན་དང༌།
གླིང་ བློན་ཡར་གླིང་དབང་རྒྱལ་དམག་སྤྱི་བསྐོ་བཞག་བྱས་པ་ནས་རྗེ་བློན་འདི་དག་ གིས། འཕྱོངས་རྒྱས་དང༌། ཨེ་ཆུ་མདོ་རྫོང༌། རྩེད་ཐང་སོགས་སུ་རྒྱལ་སྲུང་དགྲ་འཐབ་བྱས་པའི་རླབས་ཆེན་བྱས་རྗེས་ཇི་ལྟར་འཇོག་ པ་རྣམས་འོག་ནས་གསལ་བར་འགྱུར་རོ།
 
     (2) འབའ་པ་ཡེ་ཤེས་ཅན་ཀ་སྦུག་ནས་སྟོད་ཤེལ་དཀར་རྫོང་དུ་བསྐྱོད་པ།
            ཆུ་སྒང་དྭངས་བླང་དམག་མི་མང་པོ་མུ་མཐུད་གསར་ཞུགས་བྱས་པའི་ནང་ནས་ཀ་སྦུག་ཏུ་ ཡོད་པའི་འབའ་བ་ཁག་གཅིག་ནས། སྐབས་དེར་རྒྱ་གར་ཀ་ལོན་སྦུག་ཏུ་བཞུགས་པའི་ཡབ་གཞིས་སྐུ་ངོ་ལྷ་སྲས་རྒྱ་ལོ་ དོན་འགྲུབ་དང༌། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ས་འདུ་བློ་བཟང་སྙན་གྲགས། ལི་ཐང་རྒྱ་ཏོ་བླ་རྒན་གཉིས།
གཞན་ཡང་ཁམས་རིགས་མང་པོས་བཙན་རྒོལ་རྒྱལ་སྐྱོབ་ ཀྱི་བོད་དོན་ལས་འགུལ་ལ་སེམས་ ཤུགས་བསྐྱེད་དེ་ཁམས་ཤར་རྒྱུད་ནས་བཟུང་རྒྱ་དམག་གིས་བཙན་འཛུལ་བཟོ་སྟངས་ལ་བསམ་ སྟེ་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱེད་སྟངས་དང༌། རོགས་རམ་རྒྱབ་སྐྱོར་ཞུ་ཕྱོགས། དེར་སྡོད་རང་ཁུངས་བོད་རིགས་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་དམར་ལ་གདོང་ ལེན་དང༌།
རྒོལ་འཛིང་གི་ཆེད་དུ་ཀ་ལོན་སྦུག་ནས་བོད་དུ་ཕྱིར་ལོག་གིས་མདོ་ ཁམས་ཆུ་བཞི་ སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་ཁོངས་སུ་འཛུལ་རྒྱུ་བཀོད་སྒྲིགས་ བྱས་ཤིང༌། ཨ་ལོ་ཆོས་མཛད་དང༌། དགའ་ལྡན་འཐུས་མི། སྒ་ཕྲུག་སོགས་ཀ་སྦུག་པན་ཅ་སྐྱིད་སྡུག་ཅེས་ཁམས་རིགས་ཤོག་ཁག་གཅིག་དང༌།
ཞྭ་ སྒབ་པ་ཅན་ཤོག་ཁག་གཅིག་སྟེ་ཤོག་ཁག་ཡོད་པ་རྣམས་མཉམ་དུ་འཛོམས་ནས་སྲིད་ཟུར་ ཀླུ་ཁང་པ་དང༌། ལྷ་སྲས་རྒྱ་ལོ་དོན་འགྲུབ་གཉིས་ཀྱང་ངོ་ཕེབས་གནང་བ་མ་ཟད། ཤོག་ཁག་རྣམས་བོད་ཀྱི་བསྟན་སྲིད་ཐོག་རྡོག་རྩ་ཆིག་སྒྲིལ་དགོས་པའི་དགོངས་འཆར་ དང་བླང་བྱ་སྟོན་པ་མོས་མཐུན་ཐག་གཅོད་གནང་དོན། ཁུངས་སོ་སོར་རྟ་དང་མེ་མདའ་ཡོད་པ་རྣམས་སྨོས་མེད་ཐོག
མེད་མཁན་རྣམས་ལ་ཀ་ ལོན་སྦུག་ཏུ་ཡོད་པའི་ཁམས་རིགས་ཚོང་པ་ཚོ་ཐུན་མོང་གི་བལ་ རིན་ཧིན་སྒོར་ ༡༥༠༠༠༠ ཆིག་འབུམ་ལྔ་ཁྲི་ཡོད་པ་དེ་མ་རྩར་སྤྲད་དེ། རྟ་དང་གོ་ལག་ཉོ་རྒྱུ་གཏན་འཁེལ་བྱས། འོན་ཀྱང་སྐབས་དེ་དུས་རྒྱ་གར་ནས། གོ་ལག་རང་དགར་ཉོ་སྒྲུབ་བྱེད་ཐབས་མེད་པས།
ཀ་སྦུག་བདེ་དོན་ཚོགས་པའི་གཙོ་ དྲག་ཁག་འདུ་འཛོམས་ཀྱིས་སླར་ཡང་ཅི་དགའ་གང་དྲག་ གི་བཀའ་བགྲོས་བྱས་འབྲས། སྲིད་ཟུར་ཀླུ་ཁང་པ་མཆོག་གིས། སྟོད་ཤེལ་དཀར་རྫོང་དུ་བོད་གཞུང་གི་གོ་མཚོན་མེ་མདའ་ངོ་གྲངས་ལྔ་བརྒྱ་ཡོད་པ་ དེ་ཚོ་རྩིས་ལེན་ཐུབ་ན། ད་རེས་དུས་ལ་བབ་པ་རེད་གསུང་ནས། ཀླུ་ཁང་པ་རང་གིས་ངོ་སྦྱོར་ཕྱག་བྲིས་དང༌།
དེ་བཞིན་ཞྭ་སྒབ་པ་ནས་ཀྱང་ངོ་ སྤྲོད་ཕྱག་བྲིས་གནང་བ་བཅས་ཁྱེར་ནས་འབའ་པ་ཡེ་ ཤེས་དང༌། འབའ་པ་ལེགས་བཤད། འབའ་པ་རྒན་ཨ་ལེགས འབའ་པ་ལཱ་ཁ་ཕྱག་མཛོད་སོགས་ཐད་ཀར་སྟོད་ཤེལ་དཀར་རྫོང་དུ་མངག་ཆ་བྱས། དེ་ནི་ཞྭ་སྒབ་པ་རང་གཞུང་གི་རྩིས་དཔོན་གྱི་གོ་གནས་ཡོད་པའི་མི་སྣ་གཙོ་དྲག་ ཅིག་ཡིན་པར་མ་ཟད།
སྟོད་ཤེལ་དཀར་ཆོས་གླིང་དང་མཆོད་ཡོན་གྱི་འབྲེལ་བ་གཏིང་ ཟབ་ཡོད་པ་དང་གཅིག གཉིས་ནས་ད་སྔོན་གོ་མཚོན་དེ་དག་ཤེལ་དཀར་ཆོས་སྡེ་དགོན་དུ་བཅོལ་འཇོག་བྱེད་ སྐབས། ཞྭ་སྒབ་པ་ངོ་མ་དང་འབྲེལ་བ་བྱུང་ཡོད་པ་བཅས་ལ་བརྟེན་ནས། གོ་མཚོན་ཕྱིར་རྩིས་ལེན་བྱེད་ཐུབ་པའི་གདེངས་ཚོད་བྱས་ཏེ་ངོ་སྦྱོར་བྲིས་ནས་ བཏང་བ་ཞིག་རེད། ཁོང་ཚོས་གོ་མཚོན་རྩིས་ལེན་ཐུབ་ན།
ཀ་སྦུག་ཁུལ་དུ་སྡོད་ པའི་གོ་མཚོན་མེད་པའི་ཁམས་རིགས་དྭངས་བླང་དམག་མི་རྣམས། ཕག་རི་རྒྱུད་ནས་མི་རྟ་གོ་མཚོན་ཆ་འགྲིགས་ཀྱིས། ལྷོ་ཁ་ཆུ་བཞི་སྒང་དྲུག་དམག་སྒར་དུ་འཛུལ་ཞུགས་བྱ་རྒྱུ་གཏན་འབེབས་བྱས་པ་ལྟར། ཁོང་ཚོ་འབྲས་ལྗོངས་བརྒྱུད་བསྐྱོད་དེ་གམ་པ་རྫོང་ནས་བཀྲས་གླིང་ལ་འབྱོར་སྐབས་ དེར།
རྒྱ་ཕྱོགས་ནས་ས་ཁུལ་དེ་དག་ཏུ་ཁམས་རིགས་སུ་དང་སུ་ཞིག་བྱུང་ནའང་བསད་ གཟུང་གང་ ནུས་བྱས་ཐུབ་ན། དངུལ་གྱི་རྔན་པ་དང་བྱ་དགའ་གཟེངས་བསྟོད་རྒྱ་ཆེར་སྤྲོད་རྒྱུ་དང༌། ཁམས་རིགས་མི་སྣ་སུ་ཞིག་དང་ངན་འབྲེལ་བྱས་ན་ཉེས་པ་སྲོག་ཐོག་གཏོང་རྒྱུ་ཡིན་ པའི་ཁྱབ་བསྒྲགས་ཤུགས་ཆེར་བྱས་དང་བྱེད་མུས་ཡིན་པ་དང༌།
ལྷག་པར་རྒྱ་མིའི་ ངན་ཇུས་འོག་པཎ་ཆེན་ཚང་གི་མིང་ཐོག་ནས་གཞོན་ནུ་ལོ་ན་བཅོ་ བརྒྱད་ནས་ཉེར་ལྔའི་བར་གྱི་མི་གྲངས་ལྔ་བརྒྱ་བསྐོང་ཚོགས་བྱེད་རྒྱུའི་བརྡ་ཡིག་ འབྱོར་ཡོད་པའི་གནས་ཚུལ་སོགས་གཉན་འཕྲང་ཆེ་བའི་གནས་བབ་དེ་དག་གོ་ཐོས་བྱུང་ནའང་ ཕྱི་གྱེད་བྱ་ཐབས་མེད་སྟབས་མུ་མཐུད་མདུན་བསྐྱོད་བྱས་ནས་བཀྲས་གླིང་རི་བོ་ བརྒལ་བ་དང༌།
ས་མཚམས་དེ་ནི་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་བདག་དབང་ཡིན་པ་ དང༌། བར་སྐབས་ཤིག་ནས་རྒྱ་དམར་གྱིས་སྔོན་གྱི་ལོ་རྒྱུས་ཐབས་སྡུག་འགའ་ཞིག་སྙོག་མ་ གཏིང་སློང་བྱས་ཏེ་གཞུང་དང་བླ་བྲང་གི་བར་འགལ་བ་བཟོ་ཐབས་ཅི་དྲག་གང་དྲག་བྱས་པ་ ལས། མང་ཚོགས་ཀྱི་ངོས་ནས་བཀྲས་ལྷུན་བླ་བྲང་གི་མངའ་ཁོངས་མི་སེར་ལ་དེ་ཙམ་ཡིད་ཆེས་ བྱེད་ཀྱི་མེད་པ་དང༌།
བླ་བྲང་ཁོངས་ནས་མི་ཧ་ཅང་ཉུང་ཤས་ཤིག་གིས་རྒྱངས་མིག་ རིང་པོ་མ་མཐོང་བའི་རྐྱེན་ གྱིས། རྒྱ་བོད་འགལ་འདུའི་ཁྲོད་མཛད་དཀའི་དོན་རྐྱེན་འགའ་ཞིག་བྱུང་བ་བཅས་ལ་བརྟེན་ནས། ཁོང་ཚོ་ཉིན་མོ་འགྲོ་སྟབས་མ་བདེ་ནས། མཚན་མོ་འགྲུལ་བསྐྱོད་བྱས་ཏེ་ཤེལ་དཀར་དགོན་དུ་འབྱོར།
            དེ་གར་ཐོག་མར་རྒན་པོ་ཞིག་སར་གནས་ཚང་གཡར་ཏེ་ཁོང་ཚོ་གནས་སྐོར་མཆོད་མཇལ་ཞོར་ དུ་བལ་ཚོང་ཡང་ཕྲན་བུ་བྱེད་ཀྱིན་ཡོད་ལུགས་བཤད། དེ་ནས་མཆོད་མཇལ་འགྲོ་ཁུལ་གྱིས་སྟོད་ཤེལ་དཀར་དགོན་པའི་ཕྱག་མཛོད་ལུང་རྟོགས་ ཆོས་འཕེལ་རྩད་གཅོད་བྱས་ཏེ།
དགོན་པ་དེར་མཆོད་མཇལ་བྱེད་པའི་ཟོལ་གྱིས་ཕྱག་ མཛོད་ལ་ཞྭ་སྒབ་པ་དང་ཀླུ་ཁང་པའི་ ཕྱག་བྲིས་ངོ་སྤྲོད་ཡི་གེ་ཡོད་ལུགས་དང་སྔ་ཕྱིའི་གནས་ཚུལ་ཁ་གསལ་བཤད། ཕྱག་མཛོད་དེས་སང་ཉིན་ཞོགས་པ་དགེ་ཕྲུག་ཅིག་བཏང་ནས་ཁྱེད་ཚོ་མི་མང་པོ་མཉམ་དུ་ མ་ཕེབས་པར་གོ་ཆོད་གཅིག་ཕེབས་རོགས། ཞེས་པའི་གསང་བརྡ་འབྱོར་བར་བརྟེན།
རྒན་ ཡེ་ཤེས་གཅིག་པུར་ཕྱག་མཛོད་ལུང་རྟོགས་སར་བཅར་ནས་ངོས་སྦྱོར་ཡི་གེ་ཁག་ དངོས་སུ་བསྟན་པ་དང༌། ཕན་ཚུན་ཡིད་ཆེས་འཕེར་བའི་ཐོག་ནས་གོ་བསྡུར་ལྷུག་པོར་བྱས། ས་གནས་རྫོང་ཁུལ་དེའི་འགན་འཛིན་མཁན་ཆུང་དང༌། རྫོང་སྡོད་ཤོད་དྲུང་གཅིག་བཅས་ལྷན་འཛོམས་ཀྱིས་ཐག་གཅོད་ཇི་བྱུང་ལན་གསལ་སྤྲོད་ རྒྱུ་བྱས་པ་ལྟར། ཕྱི་ཉིན་ལན་གསལ་དུ་ཁོང་ཚོས་གཏན་འབེབས་བྱས་དོན་ལྟར།
རང་ ཁུལ་ས་སྲུང་དང་རྒྱ་རྒོལ་དམག་འཐབ་ཀྱི་ཆེད་དུ་དིང་རི་དམག་སྒར་སླར་ཡང་སྐྱར་ འཛུགས་བྱེད་རྒྱུ་ལ། གོ་མཚོན་བེད་སྤྱོད་དགོས་སྟབས། ཆུ་སྒང་དམག་མི་ལ་གོ་མཚོན་རྩིས་འབུལ་ཞུ་ཐབས་མེད་པར་བརྗོད། ཀ་སྦུག་ནས་འབྱོར་བའི་མི་འཐུས་རྣམ་པས་ཤེལ་དཀར་དགོན་གྱི་མགོ་བྱེད་ཚོར་ཁྱེད་ ཚོས་རྒྱ་རྒོལ་འཐབ་སྲུང་གི་ཆེད་དུ་དམག་དཔུང་རྩ་འཛུགས་དང༌།
གོ་མཚོན་བེད་ སྤྱོད་གནང་ན་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན། ང་ཚོ་འདིར་ཡོད་མི་འཐུས་རྣམས་ཀ་སྦུག་ནས་སྐུ་ངོ་རྣམ་པས་ཤེལ་དཀར་རྫོང་གི་གོ་ མཚོན་ལེན་མཁན་གཏོང་བ་མ་གཏོགས་གནང་རོགས་ཞུ་མཁན་གཏོང་མ་བྱུང༌། མ་གཞི་ཆུ་སྒང་བསྟན་སྲུང་དམག་ལ་ཞུགས་མཁན་ཁམས་རིགས་ཡོངས་རྫོགས་ཀྱིས་མ་རྩ་གང་ ཡོད་རྟ་དང་མེ་མདའི་ཐོག་སྒྲིལ་ནས་བོད་བསྟན་སྲིད་ཀྱི་དོན་དུ་བཟའ་ཟླ་བུ་ཕྲུག
རྒྱུ་ ནོར་སོགས་བློས་བཏང་ཏེ་ལྷོ་ཁ་གྲི་གུ་ཐང་དུ་དགྲ་བོ་རྒྱ་དམར་ལ་ཁ་གཏད་བཅག་ ནས་དམག་སྒར་ཆགས་བསྡད་ཡོད་པ་རེད། ཁྱོད་རྣམ་པས་ཀྱང་བསྟན་དགྲ་རྒྱ་མི་ལ་གདོང་ལེན་བྱ་རྒྱུའི་འཆར་གཞི་ལྡན་པའི་ དམག་སྒར་ཞིག་རྩ་འཛུགས་གནང་ན་ཤིན་ཏུ་ལེགས། ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། སང་ཉིན་ནས་ང་ཚོ་ཕྱིར་ལོག་འགྲོ་རྒྱུ་ཡིན་ཞེས་བཤད།
ཤེལ་དཀར་རྫོང་གི་འགན་ འཛིན་རྣམ་པས་འོན་ཀྱང་སང་ཉིན་ང་ཚོ་མུ་འཐུད་ནས་བཀའ་མོལ་གནང་ཆོག་པས་ཁ་ཐུག་ ཕྱིར་ལོག་གནང་མི་ཉན་ཟེར། ཕྱི་ཉིན་ཡང་སྐྱར་ཐུག་ཕྲད་སྐབས་ས་གནས་འདི་ཁུལ་གྱི་མི་དམངས་ཚོས་ཁྱེད་ཚོ་རྟ་ དང་མེ་མདའ་ཆ་འགྲིགས་ཐོག་འདི་ཕྱོགས་སྡོད་པར་དྭོགས་གཞི་བྱེད་ཀྱི་འདུག་པས།
རེ་ ཞིག་ཚོང་དང་གནས་སྐོར་གྱི་ཟོལ་དུ་ཕྱོགས་ཕན་ཚུན་ཕེབས་ནས་སླར་ཡང་འདི་ཕྱོགས་ སུ་གཅར་ན་ད་གཟོད་ང་ཚོས་གོ་བསྡུར་ཞུ་ཆོག་ཟེར། དེ་ལྟར་ཕྱོགས་ཕན་ཚུན་གྱི་གནས་རི་དང་དགོན་པ་འགའ་ཞིག་ལ་མཆོད་མཇལ་དང་གནས་སྐོར་ ཞུས་རྗེས་སླར་ཡང་ཕྱིར་བཅར་བ་དང། ཁོང་ཚོས་ཐ་མའི་ཐག་གཅོད་གནང་དོན།
འདིར་ ཡོད་གོ་མཚོན་རྣམས་ངོ་སྤྲོད་ཕྱག་བྲིས་ནང་འཁོད་ལྟར་བོད་བསྟན་སྲིད་དང་༧ གོང་ས་ཆེན་པོའི་སྐུ་ཕྱ་སྲུང་སྐྱོབ་ཆེད་ཡིན་སྟབས་ང་ཚོས་ཡི་རང་དང་དགའ་བསུའི་ ཐོག་ནས་གཙང་འབུལ་ཞུ་རྒྱུ་ཡིན། འོན་ཀྱང་གོ་མཚོན་འགེལ་ས་རྟ་དྲེལ་གྲ་སྒྲིག་མེད་པའི་ཁར་མ་མཐའ་ཡང་མི་གྲངས་སུམ་ བརྒྱ་ལས་མི་ཉུང་བ་ཞིག་ཕེབས་ན་མ་གཏོགས་འདི་ནས་བཀྲིས་ལྷུན་པོའི་མི་སེར་དང་ཁད་ ཉེ་བ་དང༌།
སྟབས་ཉེས་ན་རྒྱ་དམར་འགྲིམ་བསྐྱོད་པ་དང་ཡང་ཐུག་སྲིད་པ་བཅས་ཀྱི་ ཉེས་འགན་སྲུང་ དགོས། ད་དུང་འབྱུང་འགྱུར་ས་གནས་འདིའི་བདེ་འཇགས་སླད་དངོས་གཞི་གོ་མཚོན་ལེན་པའི་ སྐབས་ཕྱི་ཚུལ་ལ་ཁམས་དམག་གིས་བཙན་འཕྲོག་བྱས་པའི་རྣམ་པ་གསལ་པོ་ཐོན་ཐབས་བྱེད་ དགོས། ཞེས་པའི་བླང་བྱ་གཏོན།
            མཐའ་སྡོམ་གྱི་གནས་ཚུལ་དེ་དག་ལ་རྒྱུ་མཚན་དང་གནས་ལུགས་མི་འཚམས་པ་མེད་སྟབས་ཁས་ ལེན་བྱས་ཏེ་ཁོང་རྣམས་ཕྱིར་ལོག་བྱས། དགོན་སྡེ་འདིས་གོང་གསལ་ཁམས་རིགས་མི་འཐུས་རྣམས་ལ་སྔ་ཕྱི་སྣེ་ལེན་གང་གཟབ་དང། ་ཕྱིར་ལོག་སྐབས་ཤ་མར་རྩམ་པ་སོགས་ཀྱི་མཐུན་རྐྱེན་གནང་བ་དང༌། རྫོང་སྡོད་ཤོད་དྲུང་དེས་ཀྱང་ཀ་སྦུག་བཅའ་སྡོད་སྲིད་ཟུར་ཀླུ་ཁང་པ་དང༌།
ཞྭ་ སྒབ་པ་སོགས་ཀྱི་གནས་ཚུལ་བསྐྱར་འདྲི་ཡང་འདྲི་གནང་བ་མ་ཟད། ད་དུང་རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དང་འབྲེལ་བ་གང་ཐུབ་གནང་རོགས། ཞེས་ནན་ཆེའི་ངང་ནས་ཆ་འཕྲིན་བསྐུར་བ་དང༌། དེ་ནས་བཀྲས་ལྷུན་མི་སེར་ཡོད་ས་ནས་མཚན་འགྲོས་བྱས་ཏེ། བཀྲས་གླིང་གཞིས་ཀར་སླེབས་པ་དང༌།
ཤེལ་དཀར་ནས་རོགས་སུ་ཡོང་མཁན་ཚོས་ཁྱེད་ རྣམ་པ་རྗེས་སུ་ཇུས་ཉེས་མེད་པའི་ཐོག་ ནས་ཕྱིར་ཕེབས་ཐུབ་ན་དགའ་བསུ་ཡོད་ཅེས་མཚམས་འདྲི་གནང༌། དེ་ནས་མུ་མཐུད་དེ་ཕྱིར་ལོག་གིས་ཕག་རིར་འབྱོར་བ་དང༌།
ཀ་སྦུག་ནས་སྒང་ ཐོག་རྒྱུད་ཕག་རིར་འབྱོར་བའི་ཁམས་རིགས་དྭངས་བླངས་དམག་མིར་ཞུགས་མཁན་ཚོ་གཅིག་ དང་ཐུག་འཕྲད་བྱུང་བའི་གདོང་ལ་སྲིད་ཟུར་ཀླུ་ཁང་པའི་ཕྱག་བྲིས་ཤིག་ཡོད་པ་དེའི་ ནང་དུ། ཁོང་གིས་འདིར་ཡོད་དྭངས་བླང་དམག་མིར་ཞུགས་མཁན་ཚོ་ཀ་སྦུག་ཁུལ་དུ་ཡུན་རིང་བཀག་ འགོག་བྱས་ན་ང་ཚོའི་གསང་བའི་འཆར་གཞི་ཕྱི་གྱར་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས།
ཁག་ བགོས་ནས་ལྷོ་ཁ་ཁུལ་དུ་བཏང་ཟིན་པ་ཡིན། ཁྱེད་རྣམ་པའང་མུ་མཐུད་ནས་ལྷོ་ཁར་བསྐྱོད་དེ་སྤྱི་ཁྱབ་བཀོད་འདོམས་པ་ཨ་འབྲུག་ མགོན་པོ་བཀྲིས་དང་ཕན་ཚུན་གོ་བསྡུར་ཐོག་བསྟན་དགྲ་རྒྱ་དམར་ལ་དམག་འཐབ་རྒོལ་ འཛིང་གི་ཐོག་ནས་ཡ་ལན་སྤྲོད་ཐབས་བཟོ་དགོས། དེ་དང་ཆབས་གཅིག་ལྷོ་ཁ་ཁུལ་ནས་ཤེལ་དཀར་ཁུལ་དུ་དཔུང་འཇུག་གིས་གོ་མཚོན་རྩིས་ ལེན་དགོས། ཞེས་འཁོད་ཡོད་པ་རེད། 
            འབའ་བ་ཡེ་ཤེས་སོགས་ཀྱི་དྭངས་བླངས་དཔུང་ཁག་ཚོ་གཅིག་ཉིན་མཚན་མགོ་སྦྲེལ་རིམ་ བསྐྱོད་ཀྱིས་ཁོ་ཚོ་དུ་བ་རྫོང་དུ་འབྱོར་བ་དང༌། སྐབས་དེར་དུ་བ་རྫོང་གི་ས་སྲུང་དམག་སྤྱི་ཨ་མདོ་ལེགས་བཤད་ཀྱིས་སྣེ་འཁྲིད་པའི་ ཨ་མདོ་ཤོག་ཡིན་པས་ཁོང་ཚོས་སྣེ་ལེན་དང་ཕེབས་བསུ་རྒྱ་ཆེར་གནང༌།
ཕན་ཚུན་མཚམས་འདྲི་དང་གསུང་གླེང་ཞིབ་ཕྲ་བྱས་ཏེ་དམག་སྒར་དེའི་ནང་ཞག་གསུམ་བསྡད། དེ་ནས་དམག་སྒར་ཨ་མའི་ཕྱོགས་སུ་བསྐྱོད།
     (3)ཆབ་མདོ་བྱང་རི་ལྷ་རྒྱལ་ཅན་ཀ་སྦུག་ནས་ཆུ་སྒང་དམག་ཁོངས་སུ་བསྐྱོད།
 ཡང་ ཀ་སྦུག་བཅའ་སྡོད་ཆབ་མདོ་བྱང་རི་ལྷ་རྒྱལ་དང་ཆབ་མདོ་ཁུལ་སོགས་ཀྱི་དངས་བླངས་ དམག་མི་ཁག་གཅིག་ཀ་སྦུག་ནས་སྒང་ཐོག་རྒྱུད་དེ་ཡོང་པའི་ལམ་བར་ནས་རྒྱ་དམག་དང་ ཐུག་སྟེ། ཆུ་སྒང་དམག་སྒར་ལྟེ་བའི་ནང་མ་ཞུགས་གོང་ནས་རྒྱ་དམག་དང་ཛ་དྲག་གི་དམར་འཛིང་ དྲག་པོ་ཐེངས་གཅིག་བྱེད་དགོས་བྱུང་བ་དང༌། རྒྱ་དམག་བཅུ་ཕྲག་འགའ་ཞིག་བསད་ཅིང༌།
རང་ ཕྱོགས་ནས་ཉེར་མཁོ་ཅ་ལག་མང་པོ་རྒྱ་དམག་གི་ལག་ཏུ་ཤོར་བ་མ་གཏོགས་མཚོན་སྲུང་ གི་བྱིན་རླབས་ལ་བརྟེན་ནས་བསད་རྨས་གང་ཡང་བྱུང་མི་འདུག དམག་འཐབ་འདིའི་ནང་ཕན་ཚུན་དགྲ་འཐབ་བྱེད་སྟངས་ཀྱི་མ་ཡིག་ཁ་གསལ་མེད་སྟབས་ཞིབ་ ཕྲ་བཀོད་རྒྱུ་མ་རྙེད། དམག་ཤོག་འདི་རིམ་གྱིས་དུ་བ་རྫོང་དུ་འབྱོར་བ་དང༌། དུ་བ་རྫོང་སྡོད་ཨ་མདོ་དམག་སྤྱི་ལེགས་བཤད་ཀྱིས་སྣེ་ལེན་གང་ཟབ་ཐོག
དེ་ སྔོན་ཆུ་སྒང་དམག་གིས་བྱང་བསྐྱོད་གཡུལ་འཐབ་དང་ཤངས་ཀྱི་གོ་མཛོད་ལེན་སྟངས། ལྷོ་ཁུལ་རྫོང་ཁག་བཅུ་གསུམ་བསྟན་སྲུང་དྭངས་བླང་དམག་གིས་ཡོངས་སུ་བཟུང་ཟིན་ ཚུལ་སོགས་ཕན་ཚུན་གསུང་མོལ་ལྷུག་པོར་གནང༌། དེར་ཡོད་དམག་སྒར་ནང་ཁུལ་མཐུན་སྒྲིལ་ཟབ་པ་དང་དཔའ་རྩལ་ཆེ་བ། དགྲ་བོ་ལ་སྡང་ཟུག་ཆེ་ཡང༌། དངངས་སྐྲག་བྱ་ས་གཅིག་ཡོད་པ་དེ་ནི་གོ་མཚོན་ཤིན་ཏུ་ཞན་པ་དེ་རེད།
དྭངས་ བླངས་དམག་མི་མང་ཆེ་བའི་ལག་ཏུ་གྲི་དང་མདུང་ཁྱེར་བ་མ་གཏོགས་མེ་མདའ་རིང་ ཐུང་གི་རིགས་ཁུར་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དེ་རེད། དེར་བརྟེན་དུ་བ་རྫོང་དུ་བཅའ་སྡོད་མགོ་དམག་ཡོངས་རྫོགས་དཔའ་དང་བློ་ཁོག ཤེད་དང་དཔུང་པས་རྒྱལ་སྲུང་དགྲ་འཐབ་ལ་ཕྱི་ནུད་སྤུ་ཙམ་མེད་ནའང༌། གོ་མཚོན་མེད་ན་དགྲ་འཐབ་ནུས་ཤུགས་ལ་རྒྱལ་ཁའི་གྲུབ་འབྲས་ཐོན་པ་དཀའ་བས།
གོ་མཚོན་གྱི་རོགས་རམ་ལ་ཡིད་སྨོན་དང་རེ་གདུང་བྱེད་བཞིན་པ་དེ་རེད།
            སྐབས་དེར་དབུས་ཆུ་སྒང་སྤྱི་ཁྱབ་དམག་སྒར་ལྟེ་བ་ནས་དུ་བ་རྫོང་དུ་བཀའ་ཡིག་ཅིག་ འབྱོར་ཡོད་པ་དེའི་ནང་འབའ་པ་རྒན་ཡེ་ཤེས་དང༌། ཆབ་མདོ་བྱང་རི་ལྷ་རྒྱལ། སྡེ་དགེ་ཕུ་མ་རིན་རྣམ་གསུམ་ལ་ལྷའི་ལུང་སྟོན་ལྟར་དམག་སྤྱིའི་གོ་གནས་སྤྲོད་ རྒྱུ་འཁོད་ཡོད་པ་རེད།
དེ་ནས་ཆབ་མདོ་བྱང་རི་ལྷ་རྒྱལ་ཅན་གྱི་དམག་ཤོག་ལྷོ་ ཁར་བསྐྱོད་དེ་ཆུ་སྒང་དམག་ སྒར་ལྟེ་བའི་ནང་འཛུལ་ཏེ་དམག་ཐོ་བཀོད། གོང་གསལ་དམག་ཁག་འདི་དག་ཆུ་སྒང་དམག་ཏུ་ཞུགས་ནས་ཡུན་རིང་མ་སོང་བར་ལྷའི་ལུང་ བསྟན་ལྟར་ཆུ་སྒང་དམག་སྒར་ལྟེ་བ་ལྷ་རྒྱལ་རིར་སྤོས་པ་དེའི་སྐོར་ནི་གོང་དུ་ བརྗོད་ཟིན།
འདིའི་འོག་ནས་བཤད་པའི་ས་འདུ་དམག་ཤོག་ཀ་སྦུག་ནས་ཤར་བསྐྱོད་ ཀྱིས་སྔོན་དུ་ཐོན་ ཡང་འབྲུག་རྒྱུད་ནས་བསྐོར་བས་ཅུང་ཟད་འགོར་ཏེ་དམག་སྒར་ཨ་མ་ལྷ་རྒྱལ་རིར་སྤོས་ རྗེས་གཞི་ནས་དམག་སྒར་ལྟེ་བའི་ནང་ཞུགས་པ་ཡིན་ནོ།
 
     (4)ས་འདུ་བློ་སྙན་གྲགས་ཅན་ཀ་སྦུག་ནས་ཆུ་སྒང་དམག་ཁོངས་སུ་བསྐྱོད་པ།
            སྐབས་དེར་ཀ་སྦུག་གནས་སྡོད་ས་འདུ་དམག་ཤོག་ནི། བོད་ཕྱོགས་སུ་འབའ་པ་ཡེ་ཤེས་ཅན་སྟོད་ཤེལ་དཀར་རྫོང་གི་གོ་མཛོད་ལེན་པར་སོང་ཡང་ ལེན་མ་ཐུབ་པ་སོགས་ལ་བརྟེན། གོ་མཚོན་གྱི་དམིགས་ཡུལ་བརྟན་པོ་ཞིག་གནས་སྐབས་གྲ་སྒྲིག་མ་ཐུབ་པ་སོགས་ཀྱི་ རྐྱེན་པས་ཁམས་རིགས་ཉུང་ཤས་ཤིག་ཕྱི་འཐེན་གྱིས་ཀ་སྦུག་ཏུ་སྡོད་དགོས་བྱུང་བ་ ཕུད།
དེ་བྱིངས་ས་འདུ་སྙན་གྲགས་ཀྱིས་འགོ་ཁྲིད་པའི་དཀར་མཛེས་གཤོང་གཉེར་ཚང་ བསོད་ ནམས་དབང་རྒྱལ་དང༌། གཙང་ཁ་ཚང་བསྟན་པ་དར་རྒྱས་དཔོན་གཡོག་ལྔ། རེ་འགོ་གྲོང་སྟོད་ཚང་བུ་སྤུན་གསུམ་དང་གཡོག་པོ་གཉིས། རོང་པ་ཚ་བདག་པོ་ཚང་ཚེ་དབང་འཕྲིན་ལས་དཔོན་གཡོག་གཉིས། ལྕགས་རིལ་ཚང་རྡོ་ལུ་དཔོན་གཡོག་གཉིས།
རྟའུ་ཨ་ཁུ་ཚང་བུ་སྤུན་བཞི་བཅས་ཀ་ སྦུག་ནས་སྔ་ཕྱིར་ཆུ་སྒང་དམག་ཁོངས་སུ་ཞུགས་ པ་རྣམས་རང་དབང་ཅན་གྱི་རྒྱལ་ཁམས་སུ་གང་དགའ་གང་སྐྱིད་ཀྱིས་མི་ཚེ་སྐྱེལ་རྒྱུ་ མཆི་མའི་ཐལ་བ་བཞིན་རྒྱབ་ལོག་ཏུ་གཡུགས་ཏེ།
ལུས་སྲོག་གཉིས་ཀྱི་ཐོག་སྐྱིད་ སྡུག་ཡག་ཉེས་ཅི་བྱུང་ཡང་བོད་རྒྱལ་ཁབ་ཀྱི་དོན་ དུ་རང་སྲོག་བློས་གཏོང་བྱ་རྒྱུའི་དམ་བཅའ་བཞག་སྟེ་ཕྱིར་བོད་དུ་ལོག་པའི་སྐབས་ རྒྱ་དམག་གིས་འབྲས་ལྗོངས་དང་བོད་ཀྱྀ་ས་མཚམས་ལ་ས་སྲུང་དོ་དམ་བྱེད་མུས་དང༌། ཨ་རིའི་གསང་བའི་ལས་ཁུངས་ཀྱི་གསང་ལས་བྱེད་པོ་ལི་ཐང་ཨ་ཐར་དང༌། ཕྱག་རོགས་ལི་ཐང་དགའ་ལྡན།
ལི་ཐང་ནག་ལི་བུ་དགའ་གསུམ་ཀ་སྦུག་ནས་སྒང་ཏོག་གི་ ས་མཚམས་སུ་སླེབས་དུས་རྒྱ་ དམག་ས་སྲུང་པས་ཁོང་གསུམ་བཀག་འགོག་ཐོག་སྔོག་བཤེར་བྱེད་གྲབས་བྱེད་པའི་སྐབས་ དེར། ཁོང་གསུམ་ཕྱིར་ཐོན་གྱིས་བྲོས་ཞོར་དང་འཛིང་ཞོར་བྱས་པས་ཚུར་ཁོང་གི་ལས་རོགས་ གཅིག་བསད་ཤོར་བ་དང༌།
ལས་རོགས་དེས་ཀྱང་ཁོ་རང་གསོད་མཁན་རྒྱ་དམག་དེའི་སྐེད་ པར་གྲི་ཕུར་པ་བཏབ་པ་ལྟར་ བཙུགས་ནས་མཉམ་ཤི་བྱས། སོ་སྲུང་དམག་མིས་མེ་མདའི་དྲག་ཆར་ལྟར་གྱི་ཁྲོད་ཨ་ཐར་ནོར་བུ་ཕྱིར་འཐེན་བྱེད་ ཞོར་མེ་མདའ་བསྟུད་མར་འཕངས་པས་སྔོན་དུ་མཆོང་བཞིན་པའི་དམག་དཔོན་དེ་བསད། གཞན་ཞིག་གི་རྐང་པར་རྨས་སྐྱོན་བྱས།
མཐར་ཀ་སྦུག་ཏུ་ཕྱིར་འཐེན་བྱེད་ཐུབ་ཙམ་ བྱུང་བ་སོགས་དོན་རྐྱེན་ཛ་དྲག་སྔ་ཕྱི་ དུ་མར་བྱུང་སྟབས། སྒང་ཏོག་ས་མཚམས་སུ་དམ་དྲག་སྔར་ལས་ཆེས་ཆེར་སོང་འདུག་པས། ཀ་སྦུག་ནས་བོད་དུ་ལོག་མཁན་དྭང་བླངས་དཔའ་བོ་ཚོ། ས་འདུ་བློ་བཟང་སྙན་གྲགས་ཀྱིས་འགོ་འདྲེན་འོག་འབྲུག་རྒྱལ་པོའི་བློན་པོའི་གྲས་ དྲག་ཤོས་ཀུ་མར་སབ་ཀྱིས་སྣེ་ལེན་གྲ་རྒྱས་ཐོག
དེ་སྔ་ལི་ཐང་ཨ་ལོ་ཆོས་མཛད་ འབྲུག་བརྒྱུད། རྒྱ་གར་དུ་འགྲོ་དུས་མེ་མདའ་གཉིས་འབྲུག་ཡུལ་དུ་བཞག་པའི་འཛིན་ཡིག ལྷ་སྲས་རྒྱལ་ལོ་དོན་འགྲུབ་སར་ཡོད་པ་དེ་ཁུར་ཡོད་པས་མེ་མདའ་གཉིས་ཕྱིར་སྤྲོད་ གནང་བ་མ་ཟད། ད་དུང་མེ་མདའ་མེད་མཁན་ཚོར་མེ་མདའ་རེ་རིན་མེད་དུ་སྤྲད་པ་དང༌། གོང་གསལ་མེ་མདའ་དེ་ཚོ་ཕུད་པའི་ད་དུང༌།
ཆུ་སྒང་དམག་སྤྱི་ཁང་ལ་མེ་མདའ་དོ་ བོ་བཞི་གསང་བའི་ཐོག་ནས་སྤྲད་པ་སོགས། གསོལ་རས་དང་རོགས་སྐྱོར་དཔེ་མེད་གནང༌། སྐབས་དེར་ཨ་ཐར་ནོར་བུ་ཡང་སྒང་ཏོག་ནས་བོད་དུ་འགྲོ་སྐྱོད་མ་བདེ་བའི་རྐྱེན་པས། ལྷ་སྲས་རྒྱལ་ལོ་དོན་འགྲུབ་ཀྱི་སྐུ་མཆེད་ཡིན་ཁུལ་གྱིས་འབྲུག་བརྒྱུད་ནས་བོད་ དུ་མངགས་མཛད་པ་དེའང༌།
ས་འདུ་བློ་བཟང་སྙན་གྲགས་ཀྱིས་ངོ་ཆེན་བྱས་ཏེ་བོད་ དུ་ཤར་སྐྱོད་ཆོག་པ་བྱུང༌། གོང་གསལ་དེ་དག་འབྲུག་བརྒྱུད་ནས་ཆུ་སྒང་དམག་སྒར་ལྟེ་བར་བཅར་ནས། ས་འདུ་ཤོག་ཁས་ས་འདུ་དམག་ཤོག་གསར་འཛུགས་བྱས་ཁོངས།  དེ་སྔ་རྫ་སྟོད་གླིང་ཚང་སོགས་སུ་རྒྱ་དམག་བརྒྱ་ཕྲག་དུ་མ་བསད་ནས། རང་སྲུང་དགྲ་འཐབ་ཀྱི་ལོ་རྒྱུས་འགངས་ཆེར་བཞག་རྗེས༌།
རིམ་གྱིས་ལྷ་ས་རྒྱུད་ ནས་ཡོང་པའི་ཞི་ཚེ་ལྡོམ་བུ་སོགས་བེ་རི་བ་མི་གྲངས་བཅོ་ ལྔ་ཡང་དམག་ཤོག་འདིའི་ཁོངས་སུ་ཞུགས། ས་འདུ་བློ་བཟང་སྙན་གྲགས་གཙོ་འཛིན་དང༌། གཤོང་གཉེར་བསོད་ནམས་དབང་རྒྱལ་དང༌། གཙང་ཁ་བསྟན་པ་དར་རྒྱས། བདག་པོ་ཚང་ཚེ་དབང་འཕྲིན་ལས་རྣམས་བརྒྱ་དཔོན་གྱི་གོ་ས་ལ་འཇོག          
 
(5)འོ་རྫོང་བེ་རྐྱང་རིག་འཛིན་ཚེ་དབང་གི་ལོ་རྒྱུས་བསྡུས་ཙམ།
            ནང་ཆེན་དུད་ཁྱིམ་དེམ་ཆི་ཉེར་ལྔའི་ནང་ཚན་རོང་པོ་དཔོན་གྱི་མངའ་འོག་འོ་རྫོང་ བེ་ཅང་རིན་འཛིན་ཚེ་དབང་ཁོང་ཕ་རྩ་བུ་བརྒྱུད་ནས་དགྲ་ལ་ཁ་ཚ་ཞིང་གཉེན་ལ་སྙིང་ ཉེ་བའི་དགྲ་འདུལ་གཉེན་སྐྱོབ་ཀྱི་ལོ་རྒྱུས་རིང་ཞིང༌། མི་རབས་འདི་ཁོ་ནར་དཔའ་རྟགས་བཞག་པའི་ལོ་རྒྱུས་ཤིན་ཏུ་མང་བའི་ནང་ནས་ ༡༩༥༨
ལོར་ སྒ་སྐྱེ་རྒུ་མདོར་ནང་ཆེན་དེམ་ཆི་ཉེར་ལྔའི་ཚོགས་འདུའི་སྐབས་རི་ལ་ཉེན་ ཡོལ་དུ་སོང་རྗེས། རྒྱ་དམག་གིས་རྭ་ཉག་དགོན་པ་གཏོར་གཤིགས་གཏོང་བར་གདོང་ལེན་བྱས་ནས་རང་སྲོག་ བློས་བཏང་གིས་རང་དགོན་སྲུང་སྐྱོབ་ཀྱིས་ཉིན་མཚན་བསྟུད་མར་གཡུལ་འཐབ་དྲག་པོ་ བྱས་ཏེ། རྒྱ་དམག་བརྒྱ་ཕྲག་མང་པོ་ཤི་ལམ་དུ་བཏང༌།
མཐར་རང་ཡང་རྨས་སྐྱོན་ དྲག་པོ་ཕོག་པའི་དཔའ་བོའི་ལག་རྗེས་ཤིན་ཏུ་མང་བ་དེ་དག་ དེབ་ཕྲེང་རྗེས་མ་རྣམས་སུ་འགོད་པར་བྱ་ལ། འདིར་སྐབས་སུ་བབ་པ་ནི། ཁོང་ཕ་ཡུལ་ནས་ལྷ་སར་བྲོས་བྱོལ་དུ་ཡོང་རྗེས་རང་ཁོངས་སྒ་བ་དང༌། དར་རྒྱས་པ་ཚོ་གཅིག་བཅས་ཀྱི་སྣེ་འཁྲིད་དེ་དྭངས་བླང་དམག་མི་སུམ་ཅུ་ལྷག་ཙམ། ལྷ་རྒྱལ་རི་ཆུ་སྒང་དམག་སྒར་ཨ་མའི་ཁོངས་སུ་འཛུལ་ཞུགས་བྱས།
དེ་རྗེས་རྩེད་ ཐང་དུ་རྒྱ་རྒོལ་གཡུལ་འཐབ་ཏུ་མངགས་སྐབས་སྒ་པ་རུ་ཤོག་གིས་དམག་ སྤྱིར་བསྐོ་བཞག་བྱས། རྒྱ་གར་སླེབས་རྗེས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇབ་དམག་སློབ་སྦྱོང་སྤྲད་ ནས། གནམ་གྲུའི་ནང་དུ་བོད་ཀྱི་ས་ཁུལ་བྱང་འདམ་གཞུང་དུ་འཕངས་པ་དང༌། དེར་རྒྱ་དང་རྒོལ་འཛིང་དྲག་པོ་བྱས་མཐར་རང་སྲོག་བློས་བཏང་བྱས་པའི་ལོ་རྒྱུས་ ཀྱང་མང་སྟེ། འཕྲོས་གླེང་ཙམ་མོ།།
(6)གྲྭ་བཞི་དམག་སྒར་གྱི་གཞུང་དམག་མང་པོ་དང་བླངས་དམག་སྒར་དུ་ཞུགས་པ།
            གྲྭ་བཞི་དམག་སྒར་གྱི་གཞུང་དམག་མང་པོ་དང་བླངས་དམག་སྒར་དུ་ཞུགས་ཚུལ་ཐད།གྲྭ་ བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་གྱི་མི་ཚེ་ལོ་རྒྱུས་རགས་བསྡུས་ལས། ལྷོ་ཁ་གྲི་གུ་ཐང་དུ་བསྟན་སྲུང་དྭངས་བླང་དམག་དངོས་སུ་ཚུགས་རྗེས། ཆོལ་གསུམ་དྭངས་བླང་སེར་སྐྱ་མང་པོ་ལྷོ་ཕྱོགས་རིམ་ཐོན་ཞུ་སྐབས་ཞབས་ཟུར་བློ་ བཟང་ཡེ་ཤེས། མིང་གཞན་ལ་ངག་དབང་སེང་གེ་ཅན༌།
ང་དང་རྒྱལ་རྩེ་ལྡིང་དཔོན་རྣམ་ རྒྱལ་དབང་འདུས་དང༌། ལྡིང་དཔོན་པ་སྒ་རྒྱལ་པོ་ཅན་འགོ་དམག་གོ་ལག་རང་འགྲིགས། ཀ་དང་སྐུ་སྲུང་དམག་དགེ་དོན་གྲུབ་རྒྱལ་མཚན་ཅན་དང༌། ཁ་དང་གྲ་བཞི་དམག་མི་འཆི་མེད་དོན་གྲུབ་སོགས། གོ་ལག་རང་འགྲིགས་ལྷོ་ཕྱོགས་རིམ་ཐོན་གྱིས་བསྟན་སྲུང་དྭངས་བླང་དམག་དང་འཐབ་ ཕྱོགས་གཅིག་གྱུར་ཞུས་ཡོད། ཅེས་བཀོད་འདུག
            འདིའི་སྐོར་རྒྱའི་ཡིག་ཆ་ལས། བོད་དམག་གི་ཚོགས་འདུ་འཚོགས་ནས། ཉི་མ་ཁ་ཤས་ཀྱི་རྗེས་སུ་ཏཱ་ལའི་བླ་མས་བཀའ་ཤག་གི་བཀའ་བློན་ཡོངས་རྫོགས་དང༌། རྩིས་དྲུང༌། དམག་སྤྱི། གདན་ས་གསུམ་གྱི་མཁན་པོ་མཁན་ཟུར་ཡོངས་རྫོགས་བཅས། ཚོགས་འདུ་ཞིག་བསྐོང་འཚོགས་བྱས་ཏེ།
ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་དགོས་ པའི་སྐོར་གྱི་གྲོས་ཆོད་ཅིག་བཞག་སྟེ་ གུང་ཁྲན་ཏང་གི་མིག་བཀབ་པའི་ཆེད། དུ་བའི་མདེའུ་ཞིག་བརྒྱབ་པ་རེད། དེ་རྗེས་བཀའ་ཤག་གིས་ནོར་བུ་གླིང་ཁར་གསང་བའི་ཚོགས་འདུ་ཞིག་འཚོགས་ཏེ། ངོ་ལོག་ཟིང་སློང་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་ཐག་བཅད་པ་མ་ཟད། མི་ངན་གྱིས་ཞུ་གཏུགས་སྔོན་ལ་རྒྱག
ཅེས་པའི་དཔེ་ལྟར་འཐུས་མི་ཚོ་ཁག་གཅིག་ པེ་ཅིང་དུ་གཏང་ནས། ཀྲུང་དབྱང་ལ་ཁོ་པ་ཚོ་ནི་སེམས་ཐག་གཙང་བཅད་ཀྱིས་ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་ བྱེད་མཁན་ཡིན་པ་དང༌། ཁོ་ཚོ་ལ་ཀྲུང་དབྱང་གིས་གོ་ནོར་ཐེབས་ཡོད་ལུགས་དང༌། བོད་ལྗོངས་སུ་ལྷགས་པའི་གནས་ཚུལ་རྣམས་ཀྱི་འགན་ཡོངས་རྫོགས། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་དང༌།
བོད་དམག་ཁུལ་ཁང་ལ་ཁག་དཀྲི་བྱ་རྒྱུ་ བཅས་ལ་གྲོས་ཐག་བཅད་ཡོད་པ་རེད། ཚོགས་འདུ་གྲོལ་རྗེས་སུ་པེ་ཅིང་དུ་འགྲོ་མཁན་གྱི་འཐུས་མི་གཏན་འཁེལ་བྱས་པར་མ་ ཟད། བོད་དམག་རྣམས་ཚོ་དང་ཚོ་བྱས་ནས་ལྷོ་ཁར་ཡོད་པའི་ངོ་ལོག་ཟིང་འཁྲུག་གི་དམག་སྒར་ ནང་ཞུགས་པར་འགྲོ་གི་ཡོད་པ་རེད།
            བོད་དམག་ཁུལ་ཁང་གི་གསང་འཕྲིན་ལས་ཁུངས་ནས། གོང་གསལ་གྱི་གནས་ཚུལ་རྣམས་ཤེས་རྟོགས་བྱུང་བའི་རྗེས་སུ། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཟླ་བ་ ༡༡ ཚེས་ ༦ ཉིན་ནུས་ཤུགས་ཡོད་ཚད་བཏོན་ཏེ། བཀའ་ཤག་ནང་གི་བསམ་ཚུལ་གཅིག་གྱུར་མི་ཡོང་བའི་ནང་དཀྲུག་ཁ་ཐོར་གྱི་སྲིད་བྱུས་ ལག་བསྟར་བྱས་པ་དང༌།
ཕྱོགས་གཅིག་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏང་ རྒྱུའི་བདེ་སྲུང་ལས་འགན་ཡོངས་ རྫོགས་བཀའ་ཤག་ལ་སྤྲད་དེ། གཡོལ་ཐབས་མེད་པ་བཟོས་པས་དམག་ཁུལ་ཁང་དང༌། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ལ་རང་དབང་གི་ནུས་པ་ཆེན་པོ་ཐོབ་པ་དང༌། དུས་མཚུངས་གོང་གསལ་གྱི་གནས་ཚུལ་རྣམས་ཀྲུང་དབྱང་ལ་སྙན་སེང་ཞུས། ཟླ་ ༡༢ ཚེས་ ༡༦
ཉིན་ཀྲུང་དབྱང་ནས་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་དང༌། བོད་དམག་ཁུལ་ཁང་ལ་གློག་ལན་འབྱོར་བའི་ནང་དུ། བྱེད་ཐབས་དེར་ཀྲུང་དབྱང་ནས་མོས་མཐུན་ཡོད། བོད་ཀྱི་གནས་བབས་སྐོར་ཀྲུང་དབྱང་ནས་ཤེས་རྟོགས་གསལ་པོ་ཡོད་པས་བཀའ་ཤག་གི་ འཐུས་མི་ཚོགས་པ་པེ་ཅིང་ལ་ཡོང་དགོས་པ་མི་འདུག ཀྲུང་དབྱང་ནས་གོ་ནོར་ཐེབས་པ་གང་ཡང་མེད།
གནད་དོན་ག་རེ་ཡོད་ནའང་བོད་ལྗོངས་ ལས་དོན་ཨུ་ཡོན་ལྷན་ཁང་ནས་ཏཱ་ལའི་བླ་མར་ཞུ་ དགོས་པའི་བཀའ་གནང་དོན་ལྟར༌། ཐན་ཀོན་སན་ནས་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། བརྒྱུད་བསྒྲགས་བྱས་ཡོད་པ་རེད། བཀའ་ཤག་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏང་རྒྱུའི་འགན་འཁྲི་ལས། གཡོལ་ཐབས་བྱེད་བཞིན་པའི་སྐབས་དེར།
ངོ་ལོག་ཟིང་སློང་པས་སླར་ཡང་བཅིངས་ བགྲོལ་དམག་འཐབ་བྱུས་ཀྱི་དྲ་བའི་ནང་དུ་ བླུགས་ཏེ་ཟ་རྒྱུའི་འཆར་གཞི་ཞིག་བཏིངས་པ་རེད། ཅེས་དང༌། ཕྱི་ཟླ་ ༡༠ པའི་ཚེས་ ༢༤ ཉིན་བོད་དམག་གི་མདའ་དཔོན་ཁག་བསངས་གསོལ་ལ་ཁ་གཡར་ཏེ་མདའ་དཔོན་གཉིས་པའི་ནང་དུ་ འཛོམས་ནས་ཚོགས་འདུ་འཚོགས་ཏེ། བོད་དམག་རྣམས་ངོ་ལོག་ཟིང་འཁྲུག་ནང་འཛུལ་ཞུགས་ཆོག་པ་ཐག་གཅོད་བྱས།
འོན་ ཀྱང་ཁོ་པ་ཚོས་ཕྱི་ཕྱོགས་སུ། ཇག་པ་ཚར་གཅོད་གཏོང་མཁན་འགྲོ་གི་ཡོད་པའི་ཁྱབ་བསྒྲགས་བྱས་ཏེ། མདའ་ཤོག་གཉིས་པ་དང༌། བཞི་པ། དྲུག་པ་བཅས་ཀྱི་དཔོན་དམག་མང་པོ་ཞིག་ནས་མཚོན་ཆ་འཁྱེར་ཏེ། ངོ་ལོག་ཟིང་འཁྲུག་ནང་ཞུགས་ཡོད་པ་རེད། ཅེས་བཀོད་འདུག
དམག་སྒར་ལྟེ་བ་ལྷ་རྒྱལ་རི་ལ་སྤོས།།
ཀ་ལོན་སྦུག་དང་མདོ་དབུས་སྐོར་གསུམ་ནས།།
བསྟན་སྲུང་དྭངས་བླངས་ཕོ་རྒོད་དཔའ་བོ་ཚོ།།
རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་འདུས།།

༼8༽

ཨ་རིའི་གོ་ལག་རོགས་རམ་ཐེངས་དང་པོ།

དེ་ ལྟར་ཆུ་སྒང་ནང་འཛུལ་ཞུགས་བྱེད་མཁན། ཆུ་བོ་རྒྱ་མཚོ་ལ་འདུས་པ་བཞིན་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ ནའང༌། གོ་ལག་རང་འགྲིག་ཤིན་ཏུ་དཀོན་པ་དང༌། དམག་སྤྱི་ལས་ཁུངས་ནས་གོ་མཚོན་མཁོ་སྤྲོད་བྱེད་རྒྱུའི་མཐུན་རྐྱེན་མེད་པ་བཅས་ ཀྱི་ཐོག་འགན་འཛིན་ལྷན་ཚོགས་ཀྱིས་ཚོགས་འདུ་བསྡུ་སྐོང་བྱས་ཏེ།
བྱང་སྐྱོད་ ཨ་འབྲུག་མགོན་པོ་བཀྲ་ཤིས་གྲི་གུ་ཐང་ནས་ཐོན་པ་ནས་བཟུང་ཨ་རིའི་གསང་ བའི་ལས་བྱེད་པ་ཨ་ཐར་དང༌། བློ་ཚེ་གཉིས་ཀྱི་བརྒྱུད་ནས་ཨ་རིར་གོ་མཚོན་གྱི་རོགས་རམ་མུ་མཐུད་ནས་ཞུ་དགོས་ ཀྱང༌། ཁོང་གཉིས་ད་བར་གར་འགྲོ་སུས་ཀྱང་ཤེས་ཀྱིན་མེད་པས་འབའ་པ་རྒན་ཡེ་ཤེས་ཁོང་གཉིས་ རྩད་གཅོད་དང༌།
འབྲེལ་མཐུད་བྱེད་མཁན་ཆེད་འཛུགས་གྱིས་ཁོང་གཉིས་དང་འབྲེལ་བ་ བྱས་ཏེ་ཁོང་གཉིས་ ཀྱིས་ཏར་ཐོག་ནས་ཨ་རིར་འཕྲལ་དུ་གོ་ལག་གི་རམ་འདེགས་དགོས་པའི་རེ་བ་དང༌། འབོད་སྐུལ་བྱེད་དགོས་པ་ཐག་གཅོད་བྱུང་བ་ལྟར། འབའ་པ་ཡེ་ཤེས་ནས་རི་ལུང་འཕྲང་གསུམ་ཉུལ་ཞིབ་བྱས་མཐར།
ཨ་ཐར་དང་བློ་ཚེ་ གཉིས་ལྷུན་རྩེ་རྫོང་ཁོངས་སུ་ཡོད་པ་དང་ཐུག་འཕྲད་བྱུང་ནས་དམག་ སྒར་ཨ་མའི་གནས་སྟངས་དང་གོ་མཚོན་གྱི་དཀའ་ངལ་གསལ་བཤད་ཐོག ཅི་མགྱོགས་ཀྱིས་ཨ་རིར་ཏར་ཐོག་ནས་གོ་མཚོན་གྱི་རོགས་རམ་དགོས་པའི་གནས་ལུགས་ རྒྱས་ཤིང་རྒྱས་པར་བཤད་ཀྱང༌། ཁོང་གཉིས་ལ་ཨ་རི་གསང་བའི་ལས་ཁུངས་ཀྱིས་ཨ་འབྲུག་མགོན་པོ་བཀྲ་ཤིས་སྐུ་དངོས་ དང་འབྲེལ་བ་བྱས་ཏེ།
གོ་མཚོན་རོགས་རམ་དང་རྩིས་སྤྲོད་དགོས་པ་ལས། དེ་མིན་སུ་ལའང་གང་མོས་སྤྲོད་བརྒྱུད་ཆོག་པའི་ཆོག་མཆན་མེད་སྟབས། དམག་སྒར་ཨ་མའི་ནང་ཨ་འབྲུག་སྦྱིན་བདག་མེད་པ་དང༌། ཡིད་ཆེས་འཕེར་བ་དང་རྒྱུས་མངའ་མེད་གཤིས། ཨ་རིའི་གསང་བའི་ལས་ཁུངས་ལ། གསལ་བཤད་ཀྱིས་ཆོག་མཆན་སྒུག་པ་མ་གཏོགས།
ཁ་ཐུག་རོགས་རམ་རགས་རྒྱུའི་གདེང་ཚོད་མེད་ལུགས་ཀྱི་རྒྱུ་མཚན་བཤད་དེ་ཁས་ལེན་མ་གནང་སྟབས་འབའ་པ་ཡེ་ཤེས་ཅན་ཕྱིར་ལོག་དགོས་པ་ཆགས་ཚུལ་བཤད།
དེ་ རྗེས་དུས་ཚོད་གང་འཚམས་སོང་རྗེས། མཚམས་ཤིག་ཏུ་དམག་སྒར་ཨ་མ་ནས་ལི་ཐང་དང༌། ཆ་ཕྲེང་གཉིས་ཀྱི་དམག་མི་མང་པོས་རྟ་དྲེལ་དེད་ནས་རི་ལ་འགྲོ་བར་མཐོང་ཡང་གཞན་ ཚོས་གནས་ཚུལ་མ་ཤེས། དེ་རྗེས་སྡེ་དགེ་དམག་མི་ཚོ་གཅིག་འོལ་ཚོད་ཀྱིས་ཁོང་ཚོ་འགྲོ་ཕྱོགས་སུ་སོང་བས་ སྔོན་དུ་འགྲོ་མཁན་ཚོས།
རྟ་དྲེལ་ལ་གོ་མཚོན་མང་པོ་བཀལ་ནས་འགྲོ་མཁན་ཚོ་ཚུར་ འོང་བ་དང་གདོང་ཐུག་བྱུང༌། ཁོང་ཚོ་སྔ་རྗེས་ཡོངས་རྫོགས་མཉམ་དུ་དམག་སྒར་ཨ་མའི་ནང༌། ཕྱིར་ལོག་མི་བྱ་ཀ་མེད་གྱུར་སྟབས། གོ་མཚོན་ཁག་དམག་སྒར་ཨ་མར་རྩིས་འབུལ་ཞུས། འོན་ཀྱང་དམག་སྒར་ཨ་མ་ནས་གོ་མཚོན་བགོ་འགྲེམ་མ་བྱས་སྟབས། ལི་ཐང་དང༌། ཆ་ཕྲེང་གཉིས་ཕུད།
དེ་མིན་དམག་མི་བྱིངས་ནས་ད་ཕན་གོ་མཚོན་གྱི་རོགས་རམ་མ་ སླེབས་པ་དང༌། སླེབས་ཡོད་པ་རྣམས་ཀྱང་བགོ་འགྲེམ་མ་བྱས་པར་སྦས་སྐུང་ཇི་ལྟར་བྱས་ཚུལ་སོགས་ལ་ དྭོགས་འཆར་དང༌། གླེང་སློང་མང་དུ་བྱུང་ཡང༌། དམག་སྒར་ཨ་མའི་འགན་འཛིན་ལྷན་ཚོགས་ཀྱིས། མ་འོངས་པའི་དམག་ཇུས་དང་བཀོད་སྒྲིག་འཛིན་སྐྱོང་བཅས་ལ་ཐུགས་ཞིབ་གནང་ཁུལ་གྱིས།
ནང་ཁུལ་གླེང་ཁའི་དོན་སྐྱོན་དེ་ཚོའི་སྐོར་རྩ་འཛིན་མ་བྱས།
འོན་ ཀྱང་རིམ་བཞིན་དམག་མང་ནང༌། བློ་དྭོགས་གླེང་མོལ་ཤུགས་ཆེ་བྱུང་བ་དང༌། ཨ་འབྲུག་འགོ་དམག་སྣེ་བསུར་འགྲོ་དགོས་པའི་གནད་དོན་སོགས་ལ་བརྟེན། གོ་མཚོན་རྣམས་བགོ་འགྲེམ་བྱ་དགོས་སུ་གྱུར་པའི་གོ་མཚོན་འདི་དག་ཇི་ལྟར་བྱུང་ བའི་སྐོར་ནི།
ས་ཁྱི་བོད་ཟླ་ ༧ ཚེས་ ༡༥ མཚན་མོ་ཆུ་ཚོད་ ༢༢ ཐོག་ཨ་རིའི་གནམ་གྲུས་གནམ་ཐོག་ནས་ཉི་གདུགས་ཅན་དོ་གྲངས་དགུ་གཡུགས་པའི་ནང་ཡོད་ པའི་གོ་ལག་གཤམ་གསལ།
༡ འཕྲེད་སྒྱོགས་རྒྱང་ཤེལ་རང་འགྲིགས་དང་གཉིས་དང་སྒྱོགས་མདེལ་དོ་གྲངས་ ༡༥ དོ་བོ་རེར་སྒྱོགས་མདེལ་གྲངས་ ༡༠ རེ།
༢ རིང་མདའ་བཀྲ་ཤིས་ཁ་རིང་མདེལ་བརྒྱད་རེ་འགྲོ་བ་ཨང་ ༣༠༣ ཅན་གྲངས་ ༡༠༠
༣ དབྱིན་ཇི་རིང་མདའ་གྲངས་ ༡༠༠ དང་མདེའུ་ ༡༠༠༠༠
༤ ལག་འབོམ་གྲངས་ ༦༠
༥ བྲོ་འབོམ་གྲངས་ ༦༠
༦ སབ་མེ་ཤི་གྷན་ ༢༠ དང་མདེའུ་གྲངས་ ༣༠༠༠
༧ ཐག་འབོམ་ ༡༠ ཁ་གཅོད་ ༤ འབོམ་ཁེབས་ ༩༠
༨ བུ་ར་མདེའུ་གྲངས་ ༡༠༠༠༠
༩ པ་མེ་ལི་མདེའུ་གྲངས་ ༡༠༠༠༠
༡༠ སྨན་ཆས་རང་འགྲིགས་ཀྱི་སྨན་སྒམ་ ༣༠
༡༡ ཧིན་སྒོར ༡༠༠༠༠༠
༡༢ ཆུ་ཚོད་རེ་ལེ་སེ་གྲངས ༢
༡༣ རྒྱང་ཤེལ་ཆེ་བ་ ༣
བཅས་ ཨ་རི་གསང་བའི་ལས་ཁུངས་ནས་རོགས་རམ་ཐོབ་པའི་གོ་མཚོན་རྣམས་ཡིན་པས་ལྷ་རྒྱལ་རིར་ ཡོད་པའི་དམག་སྒར་ལྟེ་བའི་གཙོ་འཛིན་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ་དང༌། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། སྲས་དོན་ཡོད་ཅན་གྱིས་གཙོས་པའི་གཙོ་འཛིན་དང༌། དམག་སྤྱི་རྣམས་ནས་དམག་མང་ལ་གནས་ལུགས་རྒྱུ་མཚན་དང་སྦྲགས་བགོ་འགྲེམ་བྱས།
གོ་མཚོན་དེ་དག་དམག་མང་ལ་བགོ་འགྲེམ་བྱེད་སྟངས་གཤམ་གསལ།
ཨ་ འབྲུག་འགོ་དམག་རྣམས་ཕེབས་བསུར་སྐྱོད་མཁན། འབའ་པ་ཕྱག་མཛོད་བཀྲིས་དང༌། ཆ་ཕྲེང་ཐུབ་བསྟན། གོ་འཇོ་ཨ་དགེ ཆབ་མདོ་བློ་བརྟན། དེ་མིན་སྨར་ཁམས་དང༌། དཀར་མཛེས་བཅས་ཀྱི་དཔུང་དམག་ལ་མེ་མདའ་ཨང་རྟགས་ ༣༠༣ ཅན་གྱི་རིང་མདའ་ ༤༥ མདེའུ་ ༤༦༥༠ ཀྲིང་ཀན་ ༨ དེའི་མདེའུ་ ༣༣ ཕྱིད་རས་དང༌། སྣུམ་ཀྲིང་རེ་བཅས།
འཕྱོངས་ རྒྱས་ས་སྲུང་དར་དགོན་དམག་སྤྱི་གསེ་གསེ་དང༌། རྟའུ་ནོར་བུ། གླིང་ཚང་ཡར་གླིང་དབང་རྒྱལ་བཅས་ཀྱི་དམག་ཤོག་ལ། ཨང་རྟགས་ ༣༠༣ ཅན་གྱི་རིང་མདའ་ལྔ༌། མདེའུ་ ༨༠༠ པཱ་མེ་ལིང་མདེའུ་ ༦༡༦ བཅས། ཀླུ་ཁང་གྲུ་ཁ་སྲུང་མཁན་དར་དགོན་གཙོ་འཛིན་སྐལ་བཟང་དབང་འདུས་དང༌། ཆ་ཕྲེང་རྒྱ་དཔོན་ཤེས་རབ་སོགས་ཀྱི་དམག་ཤོག་ལ་ཨང་རྟགས་ ༣༠༣ ཅན་གྱི་རིང་མདའ་ ༨ མདེའུ་ ༨༠༠
པཱ་མེ་ལིང་མདེའུ་ ༦༡༦ བཅས།
ཡར་ཀླུང་ས་སྲུང་བྲག་གཡབ་ གཙོ་འཛིན་ཨ་ཕྲུག་བླ་མ་དང༌། ཨ་མདོ་དམག་སྤྱི་སྦྱིན་པ་རྒྱ་མཚོ་དང༌། སྨར་ཁམས་བརྒྱ་དཔོན་བསྟན་འཕེལ་སོགས་ཀྱི་དམག་ཤོག་ལ་ཨང་རྟགས་གོང་མཚུངས་ ༣༠༣ ཅན་གྱི་རིང་མདའ་ ༩ མདེའུ་ ༩༠༠ པཱ་མེ་ལིང་མདེའུ་ ༨༤༢ བཅས། ཤོག་ཁ་སོ་སོའི་འགོ་འཛིན་བརྒྱུད་ནས་བགོ་འགྲེམས་བྱས།
   ཨ་རིའི་གསང་ལས་ཀྱི་ཐོག་མའི་དམིགས་ཡུལ་དང༌། འབྲེལ་བ་ཆགས་སྟངས། ཐོག་མཐའ་བར་གསུམ་དུ་གོ་མཚོན་སོགས་རོགས་རམ་བྱས་སྐོར་རག་བསྡུས་ཙམ་འགོད་ན། ཨ་རི་གསང་བའི་ལས་ཁུངས་ཀྱིས་གསང་བའི་བཀོད་སྒྲིག་གི་འོག གསང་བའི་ཏར་འཕྲིན་ཚོགས་ཆུང་སྔ་ཕྱི་ཐེངས་བརྒྱད་ཙམ་གཏོང་ལེན་བྱས་ཏེ། ལི་ཐང་དང༌། ལྕགས་ར་དཔའ་འབར།  བྱང་འདམ་གཞུང༌། གནམ་མཚོ་ཁ། སྨར་ཁམས། སྟོད་མངའ་རིས་སྒར་ཐོག
ཝ་ལུང༌། མཐའ་གློ་དམག་སྒར་སོགས་སུ་གནམ་ཐོག་ནས་མཆོང་སྟེ་ས་གནས་དེ་དག་ལ་ཡོད་པའི་ཡུལ་ དམག་དང་འབྲེལ་བ་བྱས་ནས་གཡུལ་འགྱེད་བསྟུད་མར་བྱས་པ་དང༌། ཨ་རི་གསང་བའི་ལས་ཁུངས་ནས་གོ་ལག་གི་རོགས་རམ་བྱས་པ་སོགས་ཀྱི་མཛད་རྗེས་ཤིན་ཏུ་ འགངས་ཆེ་བར་གྱུར་ཡོད།  
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་ དམག་གི་སྒྲིག་འཛུགས་དང་གསང་བའི་ལས་ཁུངས་དབར་ཐོག་མའི་དམིགས་ཡུལ་ནི། ༧གོང་ས་མཆོག་དང་རང་གཞུང་བཀའ་ཤག་དང་ཕན་ཚུན་འབྲེལ་བ་བྱས་ནས་རྒྱ་ནག་གུང་ཁྲན་ལ་ ཞི་དྲག་གི་རྒོལ་ལན་ཇི་ལྟར་བསློག་སྟངས་ཀྱི་འཆར་གཞི་ལངས་ཕྱོགས་བཟུང་རྒྱུ་དེ་ ཡིན་ཡང༌། གནས་ཚུལ་དེ་ལ་༧གོང་ས་མཆོག་དང་ཐད་ཀར་འབྲེལ་བ་བྱེད་སྟབས་མ་བྱུང་སྟབས།
ཕ་ ལྷ་མགྲོན་གཉེར་ཆེན་མོའི་བརྒྱུད་ནས་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་འབྲེལ་བ་ ཞུ་རྒྱུ་བྱས་ཀྱང༌། རང་གཞུང་དང་ཐད་ཀར་མངོན་གསལ་དོད་པོའི་འབྲེལ་བ་བྱེད་རྒྱུར་རང་གཞུང་ནས་དགག་བྱ་ གནང་བའི་རྒྱུ་མཚན་ལ་བརྟེན་ནས་ཨ་རི་གསང་བའི་འཆར་འགོད་ལ་འགྱུར་བ་ཐེབས་ཏེ། ཆུ་སྒང་བསྟན་སྲུང་དྭངས་བླང་དམག་གི་དངོས་ཡོད་དང་སྟོབས་ཤུགས་ཆིག་སྒྲིལ། དམིགས་ཡུལ།
མ་འོངས་པའི་འཆར་འཁོད་བཅས་མི་ངོ་དངོས་འཛོམ་ཐོག་ཕན་ཚུན་ངོ་སྤྲོད་དགོས་པའི་དགོངས་འཆར་བྱུང་དོན་ལྟར།
    ༼ཨ་རིའི་གསང་བའི་ལས་ཁུངས་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་དབར་ཐོག་མའི་འབྲེལ་བ་བྱུང་སྟངས་རོབ་ཙམ།༽
དང་ པོར་ཕྱི་ལོ་  ༡༩༥༥  ལོ་མཇུག་ནས་ཁམས་ཤར་ཕྱོགས་ལི་ཐང་ཁུལ་སོགས་སུ་རྒྱ་དམར་དང་འཐའ་འཛིངས་སྐབས་ལི་ ཐང་ནས་ལྷ་སར་འབྱོར་བའི་ཨ་ཐར་ནོར་བུ་ཅན་ཁག་གཅིག་ཕྱི་ལོ་  ༡༩༥༦  ལོར་ལྷ་ས་ནས་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་ལས་འགན་བཀོད་མངགས་དང་འབྲེལ་རྒྱ་གར་ གྱི་ས་གནས་ཀ་སྦུག་ཏུ་བཏང་བ་ལྟར་འབྱོར། དེར་ལི་ཐང་རྒྱ་ཏོ་བླ་རྒན་ངག་དབང་བསམ་འཕེལ་ཅན་ནས་ཐེ་ཝན་དང༌།
ཨ་རི་བཅས་སུ་ གསང་འབྲེལ་གྱིས་གོ་མཚོན་སོགས་རོགས་རམ་འཚོལ་ཐབས་བྱས་པ་དང༌། མུ་མཐུད་སྐུ་ཡི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང༌། རྒྱ་ལོ་དོན་འགྲུབ་རྣམ་གཉིས་དང་འབྲེལ་བ་ཞུས།
ཕྱི་ལོ་  ༡༩༥༧  ཟླ་  ༢  ཚེས་མཇུག་ཙམ་ནས་སྐུ་ཡི་གཅེན་པོ་རྒྱ་ལོ་དོན་འགྲུབ་ཀྱིས་སྣེ་ཤན་བྱས་ཏེ་ལི་ཐང་ ཨ་ཐར་དང༌། རྒྱ་ཏོ་དབང་འདུས། འབའ་པ་ལྕང་ར་བཀྲ་ཤིས ལི་ཐང་བློ་ཚེ། རྟ་མགྲིན་ཚེ་འཕེལ། ཚེ་དབང་རྡོ་རྗེ་ཅན་མི་ཁག་གཅིག་རྡོར་གླིང་ནས་སྦ་ལ་སྡེ་ཤིའི་གནམ་ཐང་བརྒྱུད་ཨ་ རིར་གསང་སྟབས་ཀྱིས་བཏང༌།
ཨ་རི་ནས་ཟླ་དྲུག་རིང་གསང་ཏར་གྱི་སློབ་སྦྱོང་ བྱེད་མཁན་རྣམས་ཀྱི་ནང་ནས་ལི་ཐང་ཨ་ཐར་ནོར་བུ་དང༌། བློ་ཚེ་གཉིས་ཚོད་ལྟ་སྔ་རྗེས་བྱས་མཐར། ཕྱི་ལོ་  ༡༩༥༧  ལོའི་བོད་ཟླ་  ༡༠  ཚེས་  ༢༠  ཉིན་ཨ་རི་ནས་གནམ་གྲུའི་ཐོག་ཡོང་སྟེ། བོད་ཀྱི་ལྷོ་ཁ་བསམ་ཡས་སུ་གཡུག
བསམ་ཡས་བྱེ་མའི་ནང་ནས་རི་མགོ་འགྲིམ་སྟེ་ མཐར་ལྷ་སའི་ཕྱོགས་སྤ་རིག་ཕུ་ཡི་རྫ་ མགོར་གབ་ཡིས་ཀྱིས་བོད་གཞུང་གི་མཐོ་རིམ་མི་སྣ་ཕ་ལྷ་བ་མགྲོན་གཉེར་ཆེན་མོ་དང༌། ཨ་འབྲུག་མགོན་པོ་བཀྲིས་ལ་འབྲེལ་བ་ཞུས་ཏེ། ཨ་རིའི་གསང་ལས་ཀྱི་འདོད་ཚུལ་ལྟར། ཁོང་ཚོའི་རོགས་རམ་བོད་གཞུང་ནས་ངོས་ལེན་དགོས་ལུགས་སྐོར་ཞུས་པར། ༧གོང་ས་མཆོག་ནས་མཁྱེན་རྟོགས་ཡོང་ཐབས་མེད་པའི་ཁར།
ཨ་རིའི་གསང་ལས་ཀྱི་ རོགས་རམ་བོད་གཞུང་ནས་ངོས་ལེན་གནང་ཐབས་མེད་པའི་སྐོར་ མགྲོན་གཉེར་ཆེན་མོ་ནས་དམག་སྤྱི་སྐལ་བཟང་ངག་དབང་དང་འབྲེལ་བ་ཞུས་མཐར། ཨ་འབྲུག་མགོན་པོ་བཀྲིས་དང་བཀའ་མོལ་གྱིས་མདོ་དོན་བོད་གཞུང་གིས་ཨ་རིའི་གསང་ ལས་ངོས་ལེན་གནང་རྒྱུ་མིན་པའི་ཐག་གཅོད་གནང༌།
དེ་ནས་ཕྱི་ལོ་  ༡༩༥༨  ལོའི་བོད་ཟླ་  ༤  པའི་ནང་ཨ་འབྲུག་འགོ་དམག་  ༧༠  ཙམ་དང་མཉམ་དུ་ཨ་ཐར་དང༌། བློ་ཚེ་གཉིས་ཀྱང་ཏར་ཆས་ཐང་བཅས་ལྷོ་ཁ་གྲི་གུ་ཐང་དུ་བསྐྱོད། ལྷོ་ཁ་ནས་ཨ་རིར་བོད་གཞུང་གིས་ངོས་ལེན་མེད་གནས་དང༌།
མདོ་ཁམས་ཆུ་བཞི་སྒང་ དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་འགོ་ཁྲིད་ ཨ་འབྲུག་མགོན་པོ་བཀྲིས་ཅན་ལ་གོ་མཚོན་སོགས་ཀྱི་རོགས་རམ་དགོས་ལུགས་ཏར་འཕྲིན་ བཏང༌།
ཏར་འཕྲིན་དེའི་ལན་དུ། ཁྱེད་ཚོས་རྒྱ་དམར་ལ་འཐབ་འཛིང་བྱ་རྒྱུ་ཡིན་ཚེ་འཆར་གཞི་ཇི་ཡོད་གསལ་པོ་དགོས་ ལུགས་སོགས་ཕར་ཚུར་འབྲེལ་མོལ་ཏར་འཕྲིན་ཐོག་བྱས་མཐར། ཞིབ་ཕྲའི་གནས་ཚུལ་ཤེས་ཆེད་ལི་ཐང་ཨ་ཐར་རྒྱ་གར་ནང་ཡོང་དགོས་ཞེས་ཟེར་ལུགས་ལ་ བརྟེན་ཨ་འབྲུག་མགོན་པོ་བཀྲིས་འགོ་དམག་སྙེ་མོར་གོ་མཛོད་ལེན་དུ་མ་བསྐྱོད་གོང་ འཆར་གཞི་དང་བཅས་ཨ་ཐར་དང༌།
ལི་ཐང་འཕྲིན་ལས་གཉིས་གསང་བ་དམ་པོའི་ཐོག་ནས་ སླར་རྒྱ་གར་དུ་བཏང་བ་ལྟར། ལྷོ་ཁ་ནས་སྣ་དཀར་རྩེ་བརྒྱུད་གྲོ་མོ་ཤར་སིང་མ་སོགས་ལ་རྒྱ་དམར་སྲུང་དམག་ཡོད་ པ་དག་ལ་ཐབས་ཤེས་ཀྱིས་རྒྱ་གར་ཀ་སྦུག་ནས་རྡོར་གླིང་དུ་འབྱོར། དེ་ནས་རྒྱ་ལོ་དོན་འགྲུབ་དང་བཅས་ཀ་ལི་ཀ་ཏར་བསྐྱོད། ཀ་ཏར་ཡོད་པའི་ཨ་རིའི་སྐུ་ཚབ་དེས་གནས་ལུགས་ཉམས་ཞིབ་འདྲི་རྩད་བྱས།
བོད་ གཞུང་ནས་ངོས་ལེན་མེད་པའི་སྐོར་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་དམག་གི་གནས་སྟངས་སྐོར་ཞིབ་ཕྲ་བཤད་ཅིང༌། ཨ་རིའི་སྐུ་ཚབ་ནས་ཆུ་སྒང་བསྟན་སྲུང་དྭངས་བླངས་དམག་ལ་ངོས་ལེན་གྱིས་རོགས་རམ་ བྱ་རྒྱུའི་ཁས་ལེན་བྱས། དུས་དེ་མཚུངས་སུ་ལྷོ་ཁ་ནས་བློ་ཚེས་ཨ་འབྲུག་འགོ་དམག་བྱང་བསྐྱོད་བྱས་སྐོར་ དང༌། གོ་མཚོན་རོགས་རམ་དགོས་པའི་ཏར་འཕྲིན་བཏང༌།
དེ་མཚམས་ལི་ཐང་ཨ་ཐར་དང༌། རོགས་ལི་ཐང་ནག་ལོད་བུ་ག། ལི་ཐང་དགའ་ལྡན་བཅས་རྒྱ་གར་ཀ་སྦུག་ནས་བོད་དུ་ཕྱིར་ལོག་བྱ་དགོས་གྱུར་པ་དང་ ཆབས་ཅིག་ཕྱིས་འབྱུང་ལས་དོན་བྱེད་ཕྱོགས་དང༌། འགན་འཁུར་བྱེད་སྟངས་སྐོར་བླང་བྱ་བཏོན་པའི་དོན་ཚན་གཤམ་གསལ།           
དོན་ ཚན་དང་པོ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླང་དམག་གི་སྤྱི་ཁྱབ་འགན་འཛིན་ཨ་ འབྲུག་མགོན་པོ་བཀྲིས་ཀྱིས་བཙན་རྒྱལ་རྒྱ་དམར་འགོག་རྒོལ་བྱེད་རྒྱུར་དྲག་པོའི་ སྒྲིག་འཛུགས་ཀྱི་མགོ་ཁྲིད་ཐུབ་པ་དང༌། དམག་ཇུས་བཀོད་འདོམས་ཐོག་སྟངས་འཛིན་བྱེད་ཐུབ་པའི་འཇོན་ཐང་ཡོད་པ་ངོས་འཛིན་ དགོས་རྒྱུ།
            དོན་ཚན་གཉིས་པ། ཨ་རིས་གོ་མཚོན་རོགས་རམ་བྱས་རྗེས་རྒྱ་ནག་གི་དམག་སྒར་ཆེ་ཁག་ཐོག་ཐད་ཀར་མཆོང་ རྒྱུག་དང་རྒོལ་འཛིང་མི་བྱེད་པར་གཡོལ་ཐབས་དང༌། ལྐོག་རྒོལ་གྱི་ཐོག་ནས་དགྲ་བོའི་སྟོབས་ཤུགས་གཅོག་ཐབས། གཞུང་ལམ་དང་ལམ་ཕྲན་རྣམས་སུ་སྒུག་ནས་མོ་ཊ་དང་འགྲུལ་སྐྱོད་དམག་མིར་རྒོལ་རྡུང་ གཏོར་བཤིག ས་ཕྱོགས་གང་སར་དམག་དཔུང་བཀྲམས་ཏེ་གཏན་ལྷིངས་བྱེད་པ།
རང་ཕྱོགས་ སྟོབས་ཤུགས་འཕེལ་ཐབས་སུ་དྭངས་དམག་མུ་མཐུད་བསྡུ་སྐོང་བྱེད་རྒྱུ། ཡུན་རིང་རྒྱུན་ཁྱོངས་ཀྱིས་དྭངས་བླང་དམག་གི་རྨང་གཞི་བརྟན་པོ་ཡོང་ཐབས་བྱེད་ རྒྱུ།
            དོན་ཚན་གསུམ་པ། ཆུ་སྒང་དམག་སྒར་སྤྱི་ཁྱབ་ཁང་བཟའ་བཅའ་དང་ས་བབ་གང་ཅིར་བལྟས་ཀྱང་གྲི་གུ་ཐང་དུ་ ཡག་པས་དེ་གར་དམག་སྒར་མུ་མཐུད་བསྡད་རྒྱུ། འོན་ཀྱང་དགྲ་ཕྱོགས་ཀྱི་གནས་བབ་དང་བསྟུན་ཨ་རི་གསང་བའི་ལས་ཁུངས་ལ་ཏར་ཐོག་ནས་ འབྲེལ་མཐུད་ཀྱིས་ས་གནས་གཞན་དུ་སྤོ་སྐྱོད་བྱེད་ཆོག་པ།
            དོན་ཚན་བཞི་པ། བོད་དོན་ཐོག་ཨ་རིས་ལངས་ཕྱོགས་འཛིན་སྟངས་ཀྱི་ལས་སྒོ་ཁག
༡ ཨ་རི་དང་རྒྱ་ནག་གཉིས་མཛའ་མཐུན་བརྟན་ལྷིངས་ཡོད་པ་དེ་ཉིད་ཆག་གྲུམ་མི་ཡོང་བའི་ ཐོག་ནས་ཐབས་མཁས་ཀྱིས་གོ་མཚོན་སོགས་ཀྱི་རོགས་རམ་བྱེད་རྒྱུ་དང༌། གསང་བའི་རོགས་རམ་གྱི་སྐོར་རྒྱ་ཕྱོགས་ནས་ཨ་རི་དང་འབྲེལ་བ་ཡོད་པའི་རྣམ་པ་ཅུང་ ཟད་ཙམ་ཡང་མི་ཐོན་པ། ད་སྔོན་གོ་མཚོན་སོགས་ཀྱི་རོགས་རམ་བྱས་པའི་གནས་ཚུལ་ཕྱི་གྱར་སོང་ཡོད་མེད་ཞིབ་ འཇུག་ཐོག
གལ་ཏེ་མེད་ན་མུ་མཐུད་ནས་གོ་མཚོན་གནམ་ཐོག་ནས་གཡུག་རྒྱུ། དགྲ་ཕྱོགས་ནས་དོགས་ཟོན་མི་ཡོང་བའི་ཆེད་ཏར་འཕྲིན་གསང་བའི་ལས་བྱེད་ཉུང་ཉུང་ བསྐོ་བཞག་བྱེད་རྒྱུ།
༢ གནམ་ཐོག་གོ་མཚོན་གཡུག་སྐབས་རྒྱལ་ཁབ་གཞན་གྱི་མཁའ་ལམ་སྔ་གཡར་དགོས་པ་དང༌། རྒྱལ་སྤྱིའི་གནས་སྟངས་ལ་གློ་བུར་འགྱུར་བ་ཐེབས་པའི་འགོག་རྐྱེན་འདྲ་བྱུང་ན་ གནམ་ཐང་བེད་སྤྱོད་ཐོག་ནས་གོ་མཚོན་རོགས་རམ་མཚམས་འཇོག་བྱེད་རྒྱུ།
༣ གོ་མཚོན་རོགས་རམ་མཁའ་ལམ་ནས་གཡུག་སྐབས་རྒྱ་གར་གྱི་མཁའ་ལམ་བེད་སྤྱོད་གཏོང་ དགོས་སྟབས་གལ་སྲིད་རྒྱ་གར་ནས་འགོག་རྒོལ་བྱེད་ན་ཨ་རི་ལ་མཛད་དཀའ་ཡོང་བས་དེ་ ཐོག་དྭོགས་ཟོན་བྱེད་རྒྱུ།
༤ ཨ་རིས་བོད་དོན་ཐོག་རྒྱབ་སྐྱོར་ལྷོད་མེད་ཡོད་ཀྱང་རྒྱ་དང་ཐད་ཀར་གདོང་གཏུག་ གིས་རྒོལ་འཛིང་ལ་འདོད་མཐུན་མེད་ཅིང༌། མུ་མཐུད་འཇབ་རྒོལ་གྱིས་དགྲ་བོའི་སྟོབས་ཤུགས་གཅོག་ཐབས་དང༌། རང་ཕྱོགས་ཀྱི་དམག་ཤུགས་སྐྱེད་བསྲིང་བྱ་རྒྱུ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
            དེའི་སྐོར་ཆུ་སྒང་ཡིག་ཆའི་ནང༌། སྐབས་དེར་ཆུ་སྒང་དམག་ཁོངས་སུ་ཞུགས་མཁན་ཉིན་རེ་བཞིན་ཇེ་མང་དུ་སོང་ཡང་དམག་ སྒར་ནས་གོ་ལག་མཁོ་སྤྲོད་བྱེད་རྒྱུ་མེད་སྟབས། འགོ་འཁྲིད་གྲོས་བསྡུར་བྱེད་སྐབས་ཨ་འབྲུག་མགོན་པོ་བཀྲ་ཤིས་གྲི་གུ་ནས་ཐོན་པ་ ནས་བཟུང་ལི་ཐང་བློ་ཚེ་དང༌། ཨ་ཐར་ལ་སྲུང་སྐྱོབ་ཆེད་ལི་ཐང་བ་གོ་ཧྲག་བཅུ་ཡོད་ཀྱང༌།
དང་པོ་འབྲེལ་མཐུད་ ལྟ་ཅི་གར་ཡོད་ཀྱང་མི་ཤེས་པའི་གནས་སུ་གྱུར་སྐབས། ད་ཆར་ཁོང་གཉིས་འཚོལ་ཞིབ་ཀྱིས་དམག་སྒར་ཉེ་འགྲམ་དུ་བཞག་སྟེ། ཕྱི་རྒྱལ་ནས་གོ་ལག་འཕྲལ་དུ་ཡོང་པའི་འབོད་སྐུལ་ཏར་ཐོག་ནས་བྱེད་རྒྱུའི་གྲོས་ འགྲིགས། འབའ་བ་རྒན་ཡེ་ཤེས་ཅན་ཁོང་གཉིས་འཚོལ་དུ་ཕྱིན། ཁོང་གཉིས་ཐུག་འཕྲད་བྱུང་བས་གནས་ལུགས་ཞིབ་གསལ་བཤད་པར།
ཕྱི་རྒྱལ་ནས་གོ་ལག་ རོགས་རམ་ཡོང་རྒྱུ་ཡོད་ཀྱང་འདི་གའི་དམག་སྒར་ལ་ཡིད་ཆེས་ མེད་ལུགས་བཤད་བྱུང༌། ཞེས་བརྗོད་དེ་འབའ་བ་ཡེ་ཤེས་དམག་སྒར་དུ་ཕྱིར་ལོག སྐབས་དེར་ཁོང་སར་ཕྱི་རྒྱལ་ནས་གོ་ལག་ཁག་འབྱོར་ཡོད་ཀྱང་འགོ་འཐུས་ཚང་མར་མ་བཤད་ པར་གློ་བུར་དུ་ལི་ཐང་དང་ཆ་ཕྲེང་བ་ཁག་གཅིག་ནས་དམག་སྒར་གྱི་རྟ་དྲེལ་དེད་ནས་ བསྐྱོད་པརདམག་མི་ཕལ་ཆེ་བས་གནད་དོན་མ་ཤེས།
དེ་མཇུག་སྡེ་དགེ་བ་ཁག་གཅིག་ ཀྱང་སོང་བའི་ལམ་བར་སྔོན་བསྐྱོད་ལི་ཐང་ཆ་ཕྲེང་བ་ ཚོ་གོ་ལག་བླངས་ནས་ཚུར་ཡོང་བ་དང་འཕྲད་དེ། ཚང་མ་དམག་སྒར་དུ་ཕྱིར་ལོག དེ་ནས་ཉིན་གཅིག་ཕྱི་རྒྱལ་ནས་གོ་ལག་འབྱོར་བར་བསྒྲགས་ཏེ་དམག་སྒར་དུ་དབྱིན་ མདའ་ཀྲིང་ཀན་ཁ་རིང་བརྒྱ་ཐམ་པ་དང༌། ཀྲིང་ཀན་ཉི་ཤུ། ལག་འབོམ་བདུན་ཅུ། མེ་སྒྱོགས་གཉིས་བཅས་འདུག་པ་ལས།
མེ་སྒྱོགས་དང་ཀྲིང་ཀན་ཁ་ཤས་ཏར་ཁང་སྲུང་ ཆེད་བློ་ཚེ་དང་ཨ་ཐར་གཉིས་ཀྱིས་ཉར། དབྱིན་མདའ་རྣམས་དམག་མི་ལ་བགོ་འགྲེམས་བྱས། དེ་ནས་ལི་ཐང་ཨ་ཐར་དམག་སྒར་དུ་སླེབས་ནས་འགོ་དམག་ཁག་གཅིག་ལ་མེ་སྒྱོགས་འཕེན་ སྟངས་སོགས་ཞིབ་ཏུ་བསླབས་ཐོག ཨ་ཐར་དང་བློ་ཚེ་གཉིས་ནས་ང་ཚོ་ཕྱི་རྒྱལ་དུ་སོང་ནས་འཇབ་དམག་རྒྱག་སྟངས་སློབ་ སྦྱོང་ལེགས་པར་ཐོན་ཟིན་པས།
རྒྱ་དམག་ལ་འཇབ་དམག་རྒྱབ་ན་ཕན་ནུས་ཐོན་པ་ཡོང་ ངེས་ཞེས་བཤད་ཀྱང༌། འགོ་དམག་ཚོས་ང་ཚོ་རྒྱ་མིར་དམག་འཐབ་བྱེད་པར་ཡོང་བ་ལས་ལྷོད་པོ་སྡོད་ཆེད་ཡོང་ བ་མིན་ཞེས་བརྗོད་དེ་མ་ཉན། སྐབས་དེར་ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་འགོ་དམག་ཉི་ཤུ་རྩ་བདུན་མི་རྟ་གོ་ཧྲག་ བྱས་ལྷ་རྒྱལ་རི་དམག་སྒར་དུ་འབྱོར། ཁོང་ཚོར་མེ་སྒྱོགས་གཅིག་རྩིས་སྤྲོད་དགོས་པའི་རེ་འདུན་ཞུས་པ་ལྟར།
མེ་ སྒྱོགས་གཅིག་དང་དེ་སྲུང་བྱེད་ཀྲིང་ཀན་བཞི་སྤྲད་པར། ཁོ་པས་དེ་འཕྲལ་ཚོད་ལྟའི་མེ་སྒྱོགས་གཉིས་བརྒྱབ་པས་མེ་སྒྱོགས་རྒྱག་སྟངས་རགས་ ཙམ་ཤེས་པར་འགྱུར། ཅེས་བཀོད་འདུག།
ཆུ་སྒང་དང་ཨ་རིའི་བར་གྱི་འབྲེལ་བ་ འབྱུང་བའི་རྒྱུད་རིམ་ཐད། དུས་ནམ་ཞིག་དང་རྐྱེན་གང་ལ་བརྟེན་པ། ལས་འགུལ་འབྲེལ་མཐུད་ག་འདྲ་བྱས་པ་བཅས་ཀྱི་སྐོར་ལ། དྲུང་ཡིག་ལྷ་ཚེ་མཆོག་གི་བཙན་རྒོལ་རྒྱལ་སྐྱོབ་ནང་མ་འཁོད་པའི་གནས་ཚུལ་ཁ་ཤས་ དང༌། འཁོད་ཀྱང་གསལ་པོ་མེད་པ་ཁག་གཅིག
(ལི་ ཐང་རྒྱ་རྡོ་སྐལ་བཟང་གིས་བཤད་ནས་ཕྲན་བེ་རི་འཇིགས་མེད་ཀྱིས་བྲིས་པ)ནང་ གསལ་འདུག་པ་འདིལྟར། བར་ལམ་ཞིག་ནས་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོ་རྒྱས་པ་ཞིག་ཚོགས་འཆར་ཡོད་པ་དེའི་ནང༌། རྒྱལ་བ་རིན་པོ་ཆེར་མགྲོན་བརྡ་འབྱོར་བར་མ་ཟད།
སྐབས་དེ་དང་བསྟུན་ནས་གནས་ མཇལ་ཕེབས་མཁན་བོད་མི་ཡོངས་རྫོགས་འཁོར་གླ་ཕྱེད་བཅག་ བཟོ་རྒྱུའི་གནས་ཚུལ་འབྱོར་བར། ྋགོང་ས་མཆོག་དུས་ཚེས་ཁྱད་པར་ཅན་དེར་ཕེབས་རྩིས་གནང་བར། རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེ་ཕེབས་ཆོག་གི་མ་རེད། དེ་བས་གོ་ཆོད་པའི་ཚབ་གཅིག་བཏང་ན་དེས་འགྲིག་གི་རེད་ཟེར་ནས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དམིགས་འཛུགས་བྱས།
གནས་ཚུལ་དེ་སྤྱི་ཚོགས་ནང་ ཁྱབ་པ་དང༌། ཨ་འབྲུག་ཚང་གིས་དེ་འདྲ་དཔེ་སྲིད་དོགས་མེད་མེད། གལ་ཆེན་པོ་འདི་འདྲ་ལ་རྒྱལ་རིན་པོ་ཆེ་སྐུ་དངོས་ཕེབས་ན་མ་གཏོགས་འགྲིག་ཀྱི་མ་ རེད་ཟེར་ནས། གདན་ས་གསུམ་ལ་རྒྱུད་སྐུལ་བྱས་པས། གདན་ས་གསུམ་ཀ་དེ་སྔོན་ཨ་འབྲུག་ཚང་མི་རབས་གསུམ་ཚུན་ཆད་ཀྱི་མཆོད་ཡོན་སྦྱིན་ བདག་ཡིན་པ་དང༌།
ལྷག་དོན་ད་ལྟའི་ཆར་ཨ་འབྲུག་ཚང་གིས་བོད་བསྟན་པའི་ཆབ་སྲིད་ ལ་ཐུགས་ཁུར་ཆེན་པོ་ བཞེས་བཞིན་པ་མཐོང་ཆོས་ཡིན་པས། གདན་ས་གསུམ་ཀས་ཁས་ལེན་གནང་ནས། རྒྱ་གཞུང་ལ་དུས་ཚེས་དེའི་ཐོག་རྒྱལ་བ་རིན་པོ་ཆེ་ངེས་པར་དུ་ཕེབས་དགོས་པའི་ཨུ་ ཚུགས་མུ་མཐུད་བྱས་མཐར། རྒྱ་གཞུང་གིས་ཁས་ལེན་མི་བྱེད་ཀ་མེད་ཀྱིས་གོང་ས་མཆོག་རྒྱ་གར་དུ་ཕེབས་རྒྱུར་ མོས་མཐུན་བྱེད་དགོས་བྱུང་འདུག
རྒྱ་ནག་གཞུང་གིས་ྋགོང་ས་མཆོག་རྒྱ་གར་ཕེབས་ རྒྱུར་འགོག་རྐྱེན་བཟོ་དགོས་དོན་ བཞིན། གལ་སྲིད་ྋགོང་ས་མཆོག་རྒྱ་གར་ཕེབས་ན། ཀྲུང་གོའི་བྱེད་སྟངས་ཐབས་སྐྱོ་བོ་མང་པོ་ཞིག་ྋགོང་ས་མཆོག་གིས་མཁྱེན་གྱི་ཡོད་ སྟབས། བོད་དུ་ཕྱིར་མི་ལོག་པར་རྒྱ་གར་གཏན་བཞུགས་བྱེད་རྒྱུར་དོགས་ཟོན་བྱེད་པ་ཡིན་ འདུག
ྋགོང་ས་མཆོག་རྒྱ་གར་འཕགས་ཡུལ་ཕེབས་གཏན་འཁེལ་བའི་གཏམ་བཟང་དེ་གོ་མ་ཐག ཨ་འབྲུག་ཚང་གིས་གསང་བ་དམ་དྲག་ཆེན་པོས་གལ་ཆེན་ལས་ཀ་ཁག་གཅིག་གི་ཆེད་དུ། ང་རང་རྒྱ་རྡོ་སྐལ་བཟང་རྒྱ་གར་ལ་མངགས་བྱུང༌།
            དེ་ཡང༌། རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་ཚར་བས། སླར་ཡང་གྱེན་ལངས་ཀྱི་ཆེད་ཨ་རི་དང་རྒྱ་གར། ཐེ་ཝན་སོགས་རྒྱལ་ཁབ་སུ་རག་གིས་རོགས་རམ་ཞུ་རྒྱུ།
            ༡ གོ་མཚོན་ལག་ཆ། 
            ༢ ཏར་གཏོང་བྱེད།
            གོང་གསལ་དེ་དག་གསང་བ་དམ་ཟབ་ཀྱིས་ཐོག་ནས་ལས་འགུལ་སྤེལ་དགོས་ལུགས་བཅས་རེད། དགུང་མོ་ཨ་འབྲུག་ཚང་ནས་ཐོན་ཁར་ངས་རྩེད་མོའི་ཟོལ་གྱིས། ད་དམག་འཁྲུག་གི་ལས་འགུལ་རྐྱང་རྐྱང་ལ་བསམ་བློ་གཏོང་བསྡད་ན་ཆོད་འདུག་གམ། ཨ་འབྲུག་ཚང་མི་རབས་གསུམ་གྱི་རིང་ལ་གདན་ས་གསུམ་གྱི་མཆོད་ཡོན་སྦྱིན་བདག་གནང་ ནས། ཚོགས་བསགས་སྒྲིབ་སྦྱང་དང༌།
མཆོད་འབུལ་དགེ་རྩ་ཁོ་ན་བྱས་པ་རེད། དེ་ཚོ་ལ་ཕུ་རྒྱབ་ནས་མི་བསད་ཁྲག་སྦྱོར་བྱེད་མ་བྱེད་འདུག་གམ་ལས་པས། ཁོང་གིས་ཁོག་དགོད་ཅིག་ཤོར་ནས། ང་ལི་ཐང་ཨ་འབྲུག་ཚང་མགོན་པོ་བཀྲ་ཤིས་རྒྱ་འོག་བསྡད་ནས་བདེ་བ་ཅན་དུ་སྐྱེས་པ་ ལས། བོད་རྒྱལ་ཁབ་ཀྱི་དོན་དུ་མི་བསད་ཁྲག་སྦྱོར་བྱས་ནས་དམྱལ་ཁམས་ནང་ལྷུང་ན་དགའ་ ཟེར།
            ཞོགས་པ་ནས་རྒྱ་གར་དུ་ཤར་བསྐྱོད་བྱས་ཏེ་ཕྱི་ཟླ་ ༩ ཚེས་ལ་རྒྱ་གར་དུ་འབྱོར་བྱུང༌། ལས་འགན་གཞི་བཟུང་གིས་བརྩད་བཅད་བྱས་པས། ཀ་ལོན་སྦུག་ཏུ་བོད་མིང་ཀརྨ་ཚེ་རིང་ཟེར་བ་རྒྱ་རིགས་ཨ་རིའི་གསང་བའི་ལས་བྱེད། དེ་སྔོན་ཁོང་ལི་ཐང་དུ་ཡོང་མྱོང་བར་མ་ཟད། རྒྱ་རྡོ་ཚང་གི་ནང་ལའང་ཡོང་མྱོང་འདུག་པ་ཁོང་དང༌། ཕན་ཚུན་སྐད་ཆ་བྱས་པས།
ཁོང་ གིས་རྒྱུས་ཡོད་ལམ་སྟོན་འོག་ཀ་ལེན་ཀ་ཏ་ནང་གི་གསང་བའི་ལས་ཁུངས་དང་དུས་ སྒྲིག་མཚམས་སྦྱོར་གནང་བ་ལྟར། ང་རང་ཀ་ལོན་སྦུག་ཏུ་བསྡད་པའི་སྐབས་ཤིག་ལ། ཁྱེད་རང་ཀ་ལི་ཀ་ཏ་ལ་ཤོག་ཅེས་ལན་འབྱོར་བ་དང༌། ཀ་ཏ་ལ་སོང་བས་གསང་ལས་ཀརྨ་ཚེ་རིང་ནས་ང་རང་མོ་ཊ་ཞིག་གི་ནང་ཡར་ཙམ་མར་ཙམ་རེ་ འཁྲིད་ནས་གླིང་ཁ་དེ་འདྲ་ནས་སོང༌།
གང་མཚམས་སོང་རྗེས་གཞི་ནས་ཨ་རི་གསང་ལས་ཀྱི་མོ་ཊ་ཞིག་གི་ནང་དུ་གསང་བའི་ལས་ཁུངས་ལ་འཁྲིད་བྱུང༌།
            གསང་བའི་ལས་ཁུངས་ནས་མཇལ་འཕྲད་གོ་སྐབས་གནང་བའི་སྐབས། དོན་ཚན་དང་པོ་དེ། དེ་རིང་ཁྱེད་རང་ཚོ་མོ་ཊ་ནང་ཡར་འཁྲིད་མར་འཁྲིད་ཐེངས་མང་བྱས་རྗེས་གཞི་ནས་གསང་ བའི་ལས་ཁུངས་སུ་གདན་འདྲེན་ཞུས་པ་དེར། ཁྱེད་ཀྱིས་བསམ་ན་ང་ཚོ་ཨ་རི་བ་རྒྱ་མི་ལ་ཞེད་ཀྱི་འདུག་དྲན་སྲིད་ཀྱང༌། དེ་འདྲ་མ་རེད། ང་ཚོ་རྒྱ་མིར་སྤུ་རྩེ་ཡང་ཞེད་ཀྱི་མ་རེད།
དེང་སང་རྒྱ་དཀར་ ནག་དབར་གྱི་མཐུན་ཟབ་མོ་ཡོད་སྟབས། གལ་སྲིད་ཁྱེད་རང་གསང་བའི་ལས་བྱ་བ་ཞིག་ཡིན་པ་རྒྱ་གར་གྱིས་ཤེས་ན་རྒྱ་མི་ལ་ རྩིས་སྤྲོད་བྱེད་སྲིད་པས། ཁྱེད་རང་གི་བདེ་འཇགས་སྲུང་སྐྱོབ་ཆེད་ཡིན་ཟེར།
            དོན་ཚན་གཉིས་པ་ད། གུང་ཁྲན་ཏང་འདི་ ༡༩༥༠ ལོ་ནས་ཁམས་ལ་སླེབས་པ་རེད། དེ་ནས་ད་ལྟའི་བར་ཁམས་དང་རྒྱ་མིའི་དབར་གནས་ཚུལ་ཇི་ལྷག་སྐོར་དེ་གསུངས་རོགས་ ཟེར། ངས་ ༡༩༤༩ ལོར་ཁམས་རྒྱལ་ཐང་ལ་རྒྱ་བོད་འཁྲུག་འཛིང་བྱུང་བ་ནས། ལི་ཐང་དུ་རྒྱ་སླེབས་པ་སོགས་ལོ་རབས་ཁ་ཤས་ནང་གི་བྱུང་རིམ་ཡོངས་རྫོགས་གཅིག་ གཅིག་གཉིས་གཉིས་བྱས་ནས་གསལ་བཤད་བྱས་པས།
གནས་ཚུལ་གལ་ཆེ་བ་ཕལ་ཆེར་ཁོ་ཚོས་ཤེས་ཀྱི་འདུག་ཀྱང་བསྐྱར་བཤད་བྱེད་བཅུག་བྱུང༌།
            དོན་ཚན་གསུམ་པ། ལྷ་སར་བོད་མི་དམངས་ཀྱི་ཚོགས་པ་སོགས་ཀྱི་ལོ་རྒྱུས་གནས་ཚུལ་བཤད་རོགས་ཟེར་བ་ ལྟར། ཨ་ལོ་ཆོས་མཛད་ཀྱིས་མགོ་ཁྲིད་ནས་མི་དམངས་ཚོགས་པ་གསར་འཛུགས་བྱས་པ་ནས་ཨ་ལོ་ ཆོས་མཛད་བཙོན་འཇུག་གློད་གྲོལ་བར་གྱི་བརྒྱུད་རིམ་དང༌། ལྷ་སའི་ཁུལ་གྱི་རྒྱ་བོད་གནས་སྟངས་ཐད་ཨ་འབྲུག་ཚང་གི་འཆར་གཞི་ལས་འགུལ་གང་ཡོད་ དང༌།
ལྷ་སའི་རྒྱ་མིའི་དམག་སྒར་དང་རྒྱ་ནག་གི་བྱེད་སྟངས་སོགས་གནས་སྟངས་གང་ ཤེས་གསལ་ བཤད་བྱས། དོན་སྙིང་ཨ་འབྲུག་ཚང་གིས་ཨ་རི་ལ་རྒྱ་བོད་དམག་འཁྲུག་གཏན་འཁེལ་ཞིང༌། ཁམས་དང་རྒྱ་དམག་འཁྲུག་འཛིང་བྱེད་བཞིན་པ་ཡིན་སྟབས། དེའི་ཐོག་གོ་ཚོན་དང་ཏར་གཏོང་བྱེད་ཀྱི་རོགས་སྐྱོར་ངེས་པར་དུ་དགོས་རྒྱུ་བཅས་ ཀྱི་མངགས་ཆ་བརྟན་པོ་བྱས་ཚུལ་རྣམས་གསལ་བཤད་བྱས།
            དོན་ཚན་བཞི་པ་དེ། བོད་མདོ་དབུས་གཉིས་སུ་ཕྱེས་ནས་བོད་མདོ་ཁམས་ཁུལ་དུ་རྒྱ་བོད་དམག་འཁྲུག་ལངས་ ཚར་བས། ད་ཆར་ཛ་དྲག་ཆགས་ཡོད་པ་རེད། དབུས་ལྷ་སའི་ཁུལ་དུ་ད་དུང་དམག་འཁྲུག་ལངས་མ་ཚར་བས། དེ་ཙམ་ཛ་དྲག་ཆག་མེད་པའི་གནས་སྟངས་དེ་གཉིས་དང་འབྲེལ་ནས་གསང་བའི་ལས་ཁུངས་ཐོག་ ནས་ལས་ཚན་ཁག་གཉིས་སུ་བགོས་ནས། ཕན་ཚུན་སོ་སོར་བྱེད་པ་ལས།
དབུས་ན་རྒྱལ་ལོ་ དོན་འགྲུབ་ཀྱི་སྒྲིག་འཛུགས་དང༌། མདོ་ཁམས་སུ་ཁྱེད་ཚོས་ལས་འགུལ་སྤེལ་དགོས་ཟེར་བར། ངས་ལས་ཁུངས་ཁག་བགོས་གནང་དགོས་དོན་མེད། ལྷ་སྲས་རྒྱལ་ལོ་དོན་འགྲུབ་ཀྱི་བརྒྱུད་ནས་འབྲེལ་མཐུད་གནང་ན། ཁོང་ྋགོང་ས་ཏཱ་ལའི་བླ་མའི་སྐུ་མཆེད་རེད། ང་ཚོས་ཆོལ་ཁ་གསུམ་ནས་ཁོང་ལ་ཆ་འཇོག་ཞུ་གི་རེད།
ང་ཚོ་ཁམས་རིགས་ཡོངས་སུ་རྫོགས་པས་ཁོང་ལ་གུས་བརྩི་ཆ་འཇོག་བྱེད་ཀྱི་ཡོད་ཅེས་ཞུས།
            ཁོང་གིས། ཡིན་ནའང༌། ཁྱེད་ཁོང་ལ་རྒྱུས་ཡོད་པ་མ་རེད། རྒྱལ་ལོ་དོན་འགྲུབ་མི་ལོ་བཅུ་གསུམ་ནས་རྒྱ་ནག་གི་སློབ་གྲྭ་འགྲིམས་ནས་འཚར་ ལོངས་བྱུང་བའི་མི་རེད། ཁོའི་ཀླད་པའི་ནང་རྒྱ་ནག་གི་ལྟ་གྲུབ་དང་ཡང་ན་ལྟ་གྲུབ་དེའི་བག་ཆགས་ཏན་ཏན་ཡོད་ པ་རེད། དེར་བརྟེན་ཁོང་ལ་དེ་ཙམ་ཡིད་ཆེས་བློ་འཁེལ་བཟོ་ཐབས་ཡོད་པ་མ་རེད་གསུངས་ཀྱང༌། ངས་ད་དུང་ཨུ་ཚུགས་བྱས་ནས།
ཁོང་ཏཱ་ལའི་བླ་མའི་སྐུ་མཆེད་རེད། བློ་འཁེལ་རྐྱང་གནང་ན་འགྲིག་གི་རེད་ཅེས་མཐའ་བསྐྱལ་ཞུས་པ་ཡིན། མཐའ་མར་ཁམས་རིགས་རིག་པ་གསལ་བའི་མི་དྲུག་རྒྱལ་ལོ་བརྒྱུད་ནས་ཨ་རི་ལ་ཏར་གཏོང་ རྒྱུའི་སློབ་སྦྱོང་ལ་ལེན་རྒྱུ་ཐག་གཅོད་བྱུང༌། དེ་ནས་ང་རང་ཀ་ལི་ཀ་ཏ་ནས་ཕྱིར་ཀ་ལོན་སྦུག་ཏུ་འབྱོར་ནས་ཉིན་ཤས་རྗེས་ལྷ་སྲས་ རྒྱལ་ལོ་དོན་འགྲུབ་ཀ་ལོན་སྦུག་ཏུ་སླེབས་བྱུང༌།
ཕྱག་རོགས་ངའི་ཇོ་ལགས་རྒྱ་ རྡོ་དབང་འདུས་དང་ལྷན་རྡོ་རྗེ་གླིང་དུ་ཁོ་རང་གི་ནང་ དུ་འཁྲིད་ནས་ཉིན་འགའ་སོང་རྗེས། ངའི་ཇོ་ལགས་ཕྱིར་ཀ་ལོན་སྦུག་ཏུ་སླེབས་བྱུང༌། ཁོང་གི་གདོང་ལ་ལྷ་སྲས་རྒྱལ་ལོས་ཁྱེད་ཀྱིས་བློ་གཏིང་ནས་འཁེལ་ཆོག་པའི་མི་ལྔ་ འཁྲིད་ཤོག དེ་ཡང་དང་པོ་ནས་ཁ་མ་སྲོང་བར་གློག་བརྙན་ལྟ་མཁན་འགྲོ་ཟེར་ནས་ཁྲིད་ཤོག
དེ་ མིན་སྐད་ཆ་གཞན་བཤད་མ་བཞག་ཟེར་འདུག དེ་ལྟར་བྱས་ནས་ཁོང་གི་ལི་ཐང་ཚེ་དབང་རྡོ་རྗེ་དང༌། ལི་ཐང་ཨ་ཐར། ལི་ཐང་བློ་ཚེ།  ལི་ཐང་རྟ་རྡོ། རྟ་མགྲིན་ཚེ་འཕེལ། འབའ་བ་བཀྲ་ཤིས་བཅས་གློག་བརྙན་ཁང་གི་སྒོ་འགྲམ་དུ་སླེབས་པ་དང༌།
རྒྱལ་ལོ་ དོན་འགྲུབ་ཀྱིས་མོ་ཊ་ནང་བཞག་ནས་ཐད་ཀར་ཕྱི་ལི་གུ་རི་ལ་འཁྲིད་ནས་འཇར་ པན་གྱི་ས་ཁུལ་ཞིག་ཏུ་འཇབ་དམག་དང་ཏར་འཕྲིན་གྱི་སློབ་སྦྱོང་སྤྲད་པར་བརྫངས།
            གོང་གསལ་མི་དེ་དག་གི་ནང་མི་བུ་ཕྲུག་ཚོས་ཀྱང་ཁོང་ཚོ་གར་སོང་མི་ཤེས་པར་བོར་ བརླགས་ཤོར་བའི་བཟོ་འདྲ་བོ་བྱས་པ་རེད། དཔེར་ན། ཁོང་ཚོ་སོང་ནས་མི་རིང་བར་ལི་ཐང་ཨ་ཐར་གྱི་ཨ་མ་ཀ་སྦུག་ཏུ་ཡོད་པ་ཁོང་གིས་ང་ལ་ ངའི་བུ་ཁྱོད་ཀྱི་རྗེས་སུ་འབྲངས་ནས་མཐོང་ས་མེད་པ་ཆགས་སོང༌། གལ་སྲིད། སྲོག་ཉེན་འདྲ་བྱུང་ཡོད་ན་འགན་ཁྱེད་ཀྱིས་འཁུར་དགོས།
ངའི་བུ་འདི་ནས་སོང་ འདུག འདིར་སླེབས་འདུག་ཟེར་བ་ཞིག་མ་ཤེས་ན་ང་ཁྱེད་ཚོའི་སྒོ་འགྲམ་དུ་ཉལ་ནས་ཤི་རྒྱུ་ ཡིན་ཟེར་བ་སོགས་བཤད་ཀྱང་གནས་ཚུལ་གསང་བ་ཡིན་སྟབས། ཅི་བཤད་འདི་བཤད་མེད་ནས་བཞག་དགོས་བྱུང༌།
            འཆར་གཞི་འདི་མ་འགྲིག་པའི་སྔོན་ཙམ་ཞིག་ལ་ལྷ་ས་ནས་ཨ་འབྲུག་ཚང་གིས་ཏར་འཕྲིན་ ཞིག་འབྱོར་བྱུང་བ་དེའི་ནང༌། ངས་ཁྱེད་ལ་སྔ་ས་ནས་མངགས་པའི་ཤིང་བཟོ་མཁས་པ་དེ་རག་བྱུང་ངམ། དེང་སང་འདིར་ཤིང་བཟོ་མཁས་པ་ཐེབས་ཆགས་པའི་སྒང་ཡིན། གལ་སྲིད་ཤིང་བཟོ་མཁས་པ་ཞིག་རག་ན་ཤིང་བཟོ་ལས་སར་མཁོ་བའི་དུས་ལ་བབ་ཡོད། ཅེས་འཁོད་འདུག དེ་ནི།
དོན་དངོས་ཀྱི་ཤིང་བཟོ་མིན་པར་གསང་བའི་ཏར་འཕྲིན་གཏོང་མཁན་ཞིག་རག་ན་ལྷ་ས་དམག་འཁྲུག་ནང་ཕན་ཐོག་ཆེན་པོ་ཡོད་པའི་དོན་རེད།
            དེ་སྔོན་ནས་ང་ཚོའི་ནང་ཁུལ་ཚོང་ཟོག་དང་ཅ་དངོས་ཀྱི་མིང་ཐོག་ནས་ཆབ་སྲིད་དང་ དམག་འཁྲུག་གི་སྐད་ཆ་བཤད་ཐུབ་ཀྱི་ཡོད། གཞན་གྱིས་གནས་ཚུལ་འདི་ཇི་ལྟ་བ་བཞིན་ཤེས་ཐུབ་ཀྱི་མ་རེད། ངས་དེའི་ལན་དུ། ད་ལྟ་ངས་འཚོལ་བཞིན་པ་ཡིན། གཅིག་བྱས་ན་ཟླ་བ་གཅིག་གི་རྗེས་ལ་རག་སྲིད། བློ་བདེ་བོ་བྱོས་ཅེས་བཏང་བ་ཡིན།
            དེ་ནས་ཉིན་གཅིག་ལྷ་སྲས་རྒྱལ་ལོ་དོན་འགྲུབ་ཀྱིས་ང་རང་ལ། ཁྱེད་ཀྱིས་བོད་ཀྱི་ཕྱུ་བ་སོགས་དུས་རྒྱུན་བོད་པའི་ཚོང་པ་ཚོའི་ཆ་ལུགས་ཀྱི་ གྱོན་ཆས་ཆ་ཚང༌། ཐབ་ཆས་དང་བཅས་པའི་ཐོག་དངུལ་དཀར་པོ་རྡོ་ཚད་སུམ་བརྒྱ་བཅས་གྲ་སྒྲིག་གྱིས་ཞེས་ མངགས་བྱུང་བ་ལྟར་ཆ་ཚང་གྲ་སྒྲིག་བྱས་ནས་བསྐུར།
            ཕྱི་ཟླ་ ༩ ཚེས་ ༡༣ ཡན་མན་ཞིག་ལ་འཇབ་དམག་སྡེ་ཚན་དང་པོའི་ནང་ནས་ཏར་གཏོང་མཁན་ཡག་ཤོས་ལི་ཐང་ཨ་ཐར་ དང༌། ལི་ཐང་བློ་ཚེ་གཉིས་ལྷ་ས་བསམ་ཡས་སུ་ཨ་རི་གསང་བའི་ལས་ཁུངས་ཀྱིས་གནམ་གྲུའི་ ཐོག་ནས་གཡུགས་འདུག ཨ་འབྲུག་ཚང་གིས་སྐྱ་མི་བཅོ་ལྔ་བསུ་མཁན་བཏང་བ་དང་ཐུག་འཕྲད་བྱུང༌། དེ་ནས་ཁོང་གཉིས་འབྲས་སྤུངས་དགེ་འཕེལ་རིར་གབ་ཡིབ་དང༌།
དེ་ནས་ྋགོང་ས་མཆོག་ གི་སྐུ་དྲུང་བཅར་རྩིས་བྱས་ཀྱང་བཅར་སྟབས་མ་བདེ་བར་ཕ་ལྷ་ མགྲོན་གཉེར་ལ་གནས་ཚུལ་ཆ་ཚང་ཞུས་པས། ཨ་འབྲུག་ཚང་དང་ཕ་ལྷ་མགྲོན་གཉེར་གཉིས་གསང་བའི་ཐོག་ནས་འབྲེལ་བ་ཡོད་པ་སོགས་ གཞན་དུ་གསལ།
            དེ་རྗེས་འཇབ་དམག་སློབ་གཉེར་བ་མི་བཞི་ལི་ཐང་མོ་ལ་ཤོག་པའི་ནང་རྒྱ་རྡོ་ཚང་གི་ མདུན་ཐང་དུ་ཨ་རི་གསང་བའི་ལས་ཁུངས་ཀྱིས་གནམ་གྲུ་ནང་ནས་གཡུགས་རྒྱུ་ཡིན་པ་ལ་ས་ ཚིགས་ཅུང་ཟད་བརྒལ་ཏེ། མ་ལེ་དགུ་ཙམ་གྱི་ས་སྤོས་མགོ་གྲོང་དུ་གཡུགས་འདུག གནམ་གྲུ་ནང་ནས་དངོས་སུ་མཆོངས་དུས་འབའ་པ་བཀྲ་ཤིས་མཆོངས་མ་ཐུབ་པར་ཕུད། དེ་བྱིངས་མི་གསུམ་ལི་ཐང་དུ་བབ་པའི་རྗེས།
མོ་ལྷ་ཤོག་པ་སྤོས་མགོ་གྲོང་དུ་ འགྲོ་རྩིས་ཀྱིས་དང་པོ་འཁོད་ཉེ་བའི་ཤིང་ནགས་ གསེབ་ཏུ་གབ་ཡིབས་བྱས། ཞོགས་པ་ནམ་ལངས་པ་དང་གྲོང་ཚོའི་ནང་དུ་རྒྱང་ཤེལ་རྒྱབ་ནས་བལྟས་པས། གྲོང་ཚོའི་ནང་རྒྱ་མི་ཡོད་པ་མ་ཟད། གནམ་གྲུ་ཡོང་པ་ཡང་ཤེས་འདུག་མོད། འོན་ཀྱང་ལི་ཐང་ལྕགས་མགུ་ཨ་ཁུ་ཚུལ་ཁྲིམས་ཀྱིས་སྣེ་འཁྲིད་པའི་ཡུལ་དམག་གིས་ དམག་བསྐྱལ་བྱས་པས།
རྒྱ་དམག་གིས་བྱེད་ཐབས་གང་ཡང་རག་མི་འདུག མཚམས་ཤིག་ནས་གྲོང་མི་དང་རྒྱ་དམག་འཁྲུག་པ་བྱས་པའི་མེ་མདའི་སྒྲ་འུར་བ་དང༌། ཁོང་ཚོ་གྲོང་ཚོར་འཛུལ་རྒྱུའི་འཆར་གཞི་འགྱུར་བ་བཏང་ནས། རྒྱབ་ལོག་གི་རྫ་གསེབ་ཏུ་ཕྱིན་པས་སྐྱ་མི་ཞིག་དང་ཐུག སྐྱ་མི་དེས་ང་རང་དེ་སྔོན་རྒྱ་མིའི་ལས་བྱེད་ཡིན། ད་རེས་རྒྱ་ལ་ངོ་ལོག་ནས་བྲོས་བྱོལ་ལ་ཡོང་བ་ཡིན།
ང་རང་ཆས་བུད་དམག་དཔུང་ མེད་ས་ཞིག་ཏུ་འགྲོ་དགོས་ཀྱང་ཆ་རྒྱུས་མེད། ཁྱེད་ཚོས་རྒྱུས་སྟོན་བཟོ་རོགས་ཅེས་བཤད་པར། དམག་སྒར་ཨ་མ་ཡོད་ས་དེ་ས་ཐག་ཧ་ཅང་རིང་པས། ཁྱེད་རང་འགྲོ་མི་དགོས། དེ་བས་འདི་ནས་ཁ་ཐག་ཉེ་བའི་སར་དམག་མི་ཉིས་བརྒྱ་ཙམ་ཡོད་པའི་དམག་སྒར་ཞིག་འདུག་ པ་དེར་བསྐྱལ་ན་འགྲིག་གོ་ཞེས་ལབ་པས། འགྲིག་འགྲིག་ཟེར་བ་ལྟར།
ལ་ཕར་རྒྱབ་ ཕྱོགས་ཀྱི་དམག་སྒར་དེར་བསྐྱལ། དེ་ནི་རྟ་དབོན་ཕུན་ཚོགས་དོན་འགྲུབ་ཀྱིས་སྣེ་འཁྲིད་པའི་དམག་སྒར་རེད་འདུག ཁོ་རང་དེ་གར་བསྐྱལ། ཁོང་གསུམ་ལི་ཐང་གི་དམག་སྒར་ཆེ་ཤོས་དེ་རྟ་པ་རྫ་ར་ལ་རྒྱབ་ཡོད་པ་དེར་སོང་ནས་ དམག་བཀོད་སྟངས་འཛིན་དང་ཨ་རི་གསང་བའི་ལས་ཁུངས་དང་བོད་ཀྱི་འཇབ་དམག་དབར་འབྲེལ་ བ་ཡོད་པ་ཤེས་རྗེས་ས་གནས་གང་ནས།
རྒྱ་ལ་ངོ་ལོག་ཇེ་མང་དུ་སོང་ནས་དམག་སྒར་ འདིའི་ནང་དམག་མི་ཁྲི་ལྔ་ལྷག་ཙམ་འདུ་ འཛོམས་བྱས་པ་མ་ཟད། ལི་ཐང་རྫོང་དཔོན་སོགས་ལས་བྱེད་གནད་ཡོད་མང་པོ་ཞིག་ཀྱང་འཛོམས་པ་རེད།                      དེ་རྗེས་ཟླ་བ་གཅིག་ཙམ་གྱི་རྗེས་ལ་རྒྱ་གཞུང་གིས་ཡི་གེ་ཞིག་འབྱོར་བ་དེའི་ནང༌། ལི་ཐང་རྒྱ་རྡོ་དབང་འདུས་སོགས་ལ་ཁྱེད་ཚོས་གང་དུ་ཡོད་པ་དང༌། གང་ནས་ཡོང་ཡོད་པ།
ག་ རེ་བྱེད་རྩིས་ཡོད་པ། ད་ལྟ་གང་དུ་ཡོད་པ་ཆ་ཚང་ང་ཚོས་ཤེས་ཀྱི་ཡོད། ང་ཚོས་ནན་ཏན་བྱས་ནས་ཞུ་རྒྱུ་ཞིག་ལ། ཁྱོད་ཚོས་རང་འགུལ་གྱིས་ཀྲུང་དབྱང་ལ་མགོ་བཏགས་ན། ང་ཚོས་ཉེས་ཆད་མེད་པར་དགའ་བསུ་ཞུ་རྒྱུ་ཡིན། ད་དུང་ཨུ་ཚུགས་བྱས་ནས་སྔར་མུས་ལྟར་བསྡད་ན། ཉིན་གཅིག་ཀྲུང་དབྱང་གི་ལག་འོག་ཏུ་ཚུད་རྒྱུ་ལས་གཞན་དུ་འགྲོ་ས་གང་ཡང་མེད་ངེས་ ཡིན་པས།
ད་ལྟ་ནས་བསམ་བློ་ཐོངས་ཞེས་འཁོད་ཡོད་འདུག
            དེ་བཞིན་སྔ་ཕྱི་ཐེངས་འགར་ཡི་གེ་དེ་འདྲ་སླེབས་འདུག་ཀྱང༌། དེ་དག་ལ་ལན་གང་ཡང་མ་བྱས་པར་རང་མལ་བཞག་འདུག དམག་སྒར་ནང་ནས་ཨ་རི་གསང་བའི་ལས་ཁུངས་ལ་གོ་ལག་རོགས་པ་དུས་ཐོག་ཏུ་དགོས་ཀྱི་ འདུག ད་ལྟ་གཉན་འཕྲང་ཧ་ཅང་ཆེ་བའི་དུས་ཡིན། དམག་མི་ཁྲི་ཕྲག་མང་པོ་ཡོད་ཀྱང༌། གོ་ལག་ཆ་ཡོད་མཁན་ཉུང་ཉུང་ཡིན་ཞེས་བཏང་ནའང༌། རྒྱང་ཐག་རིང་བ་དང༌།
ཡུལ་དུས་ གནས་བབ་ལ་བརྟེན་ནས་གོ་ལག་དུས་ཐོག་ཏུ་ཕན་ཐོག་བྱུང་མི་འདུག རྒྱ་ནག་གཞུང་གིས་དོགས་ཟོན་ཆེན་པོ་བྱུང་ནས་རྒྱལ་ཐང་དང་དར་མདོ་བཅས་སི་ཁྲོན་ དང་ཡུན་ནན་ཕྱོགས་གཉིས་ཀ་ནས་དམག་དཔུང་གཏོས་ཆེན་འབྱོར་བ་མ་ཟད། ལོ་མང་རིང་འདང་བའི་བཟའ་མ་དང་གོ་ཚོན་གྲ་སྒྲིག་ཨང་གསར་བྱས་ཏེ་བསྐོར་བ་དང༌།
ཕྱོགས་ གང་ས་ནས་ཨ་རིས་མདའ་ཚོན་རོགས་རམ་མ་བྱས་སྔོན་ནས་དམག་སྒར་གཏོར་བཤིག་བཏང་ རྒྱུའི་འཆར་གཞི་ལྟར་གློ་བུར་དུ་དམག་འཁྲུག་ཆེན་པོ་རྒྱབ་པས། ཆས་བུད་དམག་སྒར་ཆེ་བ་ཞིག་འཐོར་ཞིག་ཏུ་སོང་ཞིང༌། ཏར་འཕྲིན་སློབ་ཐོན་པ་ཚེ་དབང་རྡོ་དང་རྟ་མགྲིན་ཚེ་འཕེལ་གཉིས་ཀ་གཡུལ་སར་གྲོངས་ སོང་བས།
བསྐྱར་དུ་ཏར་འཕྲིན་ཐོག་ནས་འབྲེལ་མཐུད་བྱ་རྒྱུའི་རེ་བ་རྫོགས་ནས་ ངའི་ཇོ་ལགས་ རྒྱ་རྡོ་དབང་འདུས་ཉེན་ཡོལ་ལ་ལྷ་སར་ཕྱིར་ཡོང་དགོས་འདུག ཅེས་བཤད་ཡོད་པ་རེད།
 
ཨ་འབྲུག་མགོན་བཀྲས་གསང་བའི་ཇུས་གཞི་ལྟར།།
ཨ་ཐར་བློ་ཚེ་སོགས་ཀྱིས་གསང་ལས་སྤེལ།།
ཨ་རིས་གནམ་ནས་གོ་མཚོན་གཡུག་པ་ཡིས།།
ཨ་རེ་ཁམས་པའི་བློ་ཁོག་སླར་ཡང་འཕེལ།།

༼9༽

གོང་དཀར་གཡུལ་འགྱེད།

 
ཀོང་ པོ་རྨ་གཞུང་གཡུལ་འབྱེད་སྐབས། ཁ་འཐོར་སོང་བའི་ལི་ཐང་དམག་སྤྱི་དབྲ་ཕྲུག་ངག་དབང་སོགས། བྱང་བསྐྱོད་དམག་དཔུང་ཁག་གཅིག་ལྷ་སར་འབྱོར། ཨ་འབྲུག་ཆོས་གྲགས་དང༌། སྔོན་ནས་མནའ་བཞག་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་དང༌། རུ་དཔོན་དབང་ལྡན་བཀྲིས་ལགས་གཉིས་དང༌། ལི་ཐང་ཆོས་འཕགས་སོགས་ཁ་ཤས་ཀྱང་ཐུགས་འཕྲད་བྱུང།
ཁོ་ཚོས་ཨ་འབྲུག་མགོན་པོ་ བཀྲ་ཤིས་མཆོག་གི་འགོ་དམག་རྣམས་ཀྱིས་དཔའ་ངར་ཆེན་པོས་ བསྟན་དགྲ་རྒྱ་དམག་དང་གཡུལ་འཁྲུག་རིམ་པར་མཛད་པའི་ནང་བསྟན་དགྲ་རྒྱ་དམག་སྟོང་ ཕྲག་མང་པོ་བསད་རྨས་བཏང་སྟེ། ད་ཆ་ཨ་འབྲུག་མགོན་པོ་བཀྲིས་འགོ་དམག་ལྷོ་ཁར་འབྱོར་ཟིན་པ་མ་ཟད། རིང་པོར་མི་ཐོགས་པར་ལྷ་སར་མཇལ་བཅར་ཡོང་རྩིས་ཡོད།
ཅེས་སོགས་སྦྱར་འགྲེམས་ ཡི་གེ་མང་དུ་བྲིས་ཏེ་ཞོལ་རྡོ་རིང་ཕྱི་མ་དང༌། ལྷ་སའི་བར་སྐོར། གདན་ས་ཁག་སོགས་སུ་སྦྱར་འགྲེམས་བྱས། དེ་ནས་གྲ་བཞི་རུ་དཔོན་དབང་ལྡན་ལགས་བརྒྱུད་བོད་གཞུང་ལ་དབྱིན་མདའ་ཉིས་བརྒྱ་ ནས་སུམ་བརྒྱའི་བར་དང༌། ཀྲིང་ཀན་ཉི་ཤུ། མེ་སྒྱོགས་ཆུང་གྲས་དྲུག་བཅས་རོགས་རམ་ཞུས་ཀྱང་ཉིན་ཤས་སོང་ནས་རུ་དཔོན་དབང་ ལྡན་བཀྲ་ཤིས་དང༌།
དེ་མིན་བརྒྱ་དཔོན་གཅིག པུའུ་ལི་སིའི་བརྒྱ་དཔོན་ཡིན་ཟེར་བ་གཅིག་བཅས་བྱོན་ནས། གཞུང་གི་མཛོད་ནས་གོ་ལག་འདོན་པར་རྒྱ་མིས་ཤེས་དྭོགས་ཆེ་བ་དང༌། གལ་ཏེ་བཏོན་ཐུབ་ནའང་གོ་ལག་རྣམས་ལྷུ་ཕྲལ་ནས་བཞག་ཡོད་པས་རེ་རེ་ལྷུ་བསྒྲིག་པར་ ཉིན་གཉིས་གསུམ་འགོར་ལུགས།
དམག་སྒར་སོ་སོར་རྩིས་སྤྲོད་ཟིན་པའི་མེ་མདའ་ རྣམས་རྒྱ་མིས་རྟག་པར་རྩིས་བཤེར་ བཏང་བས་སྤྲོད་ཐབས་མེད་ཚུལ་གསུངས་ནས། ༧གོང་ས་མཆོག་གི་གསོལ་རས་ཡིན་ཞེས་ཁ་བཏགས་ནང་མཛོད་གཉིས་དང༌། འཇིགས་བྱེད་མ་ཧེའི་ཕྱག་ཚྭ་གཉིས། བོད་དངུལ་བརྒྱ་ལོར་ལྔ་བཅུ་ཐམ་པ་བཅས་དང༌། ཁོང་གསུམ་ཐུན་མོང་ལ་དབྱིན་མདའི་མདེའུ་ཆིག་སྟོང་ལྔ་བརྒྱ་དང་ཀྲིང་ཀན་མདེའུ་ དྲུག་ཅུ་བཅས་སྩལ།
མགྲོན་གཉེར་ཆེན་མོས། ཁྱེད་ཚོ་ལྷ་སའི་གྲོང་ནས་འཕྲལ་དུ་ཕྱིར་ཐོན་དགོས་ལུགས་བཀའ་ཕེབས་ཀྱི་འདུག་ཅེས་ བརྗོད། རྩེ་དྲུང་བློ་བཟང་ཡེ་ཤེས་ཀྱིས་དབྱིན་མདའི་མདེའུ་ཆིག་སྟོང་ཐམ་པ་བསྐུར། སྐབས་དེར་སྤང་ལུང་རྒྱ་ཆེན་གྱི་བཀའ་ལུང་དུའང་ལྷ་ས་ནས་གང་མྱུར་ཐོན་དགོས་པའི་ བཀའ་ཕེབས།
            དེ་ནས་དབྲ་ཕྲུག་ངག་དབང་དང༌། ལི་ཐང་སྐྱ་ལི་ཚེ་འཕེལ། སྒ་པ་པ་སངས། བྲག་གཡབ་མཁས་གྲུབ། དཀར་མཛེས་སྤྱང་ལི་དང༌། སྒྲོལ་མ། སྒ་པ་བསོད་ནམས་གཡུང་དྲུང༌། སྨར་ཁམས་ངག་དབང་བློ་བཟང་སོགས་རྟ་པ་དྲུག་ཅུ་རེ་གཉིས་ཡོད་པ་ཁག་བགོས་ཀྱིས། ལྷ་ས་ནས་ཐོན་ཏེ་རིམ་གྱིས་ཆུ་ཤུར་བརྒྱུད་ལྕགས་ཟམ་གྲུ་ཐོན། དེར་ཉིན་ཤས་སྡོད་རྩིས་བྱས།
སྤྱི་ཟླ་ ༡༢ ཚེས་ ༡༧ ཉིན་ནངས་པར་ལི་ཐང་དབྲ་ཕྲུག་བསོད་ནམས་ཚེ་རིང་གིས་སྡོད་ཁང་ཐོག་སོང་ནས། འཁོར་ལམ་ཐོག་བལྟས་པས་ཆུ་ཤུར་ཕྱོགས་ནས་རྒྱ་མིའི་མོ་ཊ་ཁྱོན་ཆེ་ཞིག་ཡོང་བ་ མཐོང་འཕྲལ་འགོ་དམག་ཚོར་ལན་བརྡ་བྱུང་བ་ན། སླར་ཡང་རྒྱང་ཤེལ་ནས་བལྟས་པས་མོ་ཊ་སུམ་ཅུ་སྐོར་ཡོད་པ་དང༌། རྒྱ་དམག་ལ་ལས་ཆུ་འགྲམ་དུ་མེ་སྒྱོགས་འཛུགས་པ་དང༌། ལ་ལས་རི་རྩེ་བཟུང་བ།
ལ་ ལས་མོ་ཊ་གྲུ་འདོན་གྱིས་ཟིང་ལོང་ཆེ་བ་མཐོང་བས། རང་རེའི་འགོ་དམག་ཚང་མས་རྒྱ་མིའི་མོ་ཊ་བཅོམ་རྒྱུར་གྲོས་མཐུན་བྱུང༌། བཅོམ་ཐབས་ཐད། མང་ཆེ་བས་གྲུ་ནང་བཅོམ་ཚེ་གོ་ལག་རྫས་མདེལ་ཆུའི་ནང་ལྷུང་སྟེ་རང་རེར་ཐོབ་དཀའ་ བས་ཕན་ཐོགས་མེད། ལམ་དུ་སྒུག་རྒྱུ་རང་བྱེད་ཐབས་བཟང་ཟེར་བས། ཚང་མས་བདེན་པར་གོ་ནས་དེ་རང་ལ་ཆ་བཞག
འོན་ཀྱང་རང་རེའི་རྟ་དམག་དྲུག་ཅུ་རེ་ གཉིས་ལ་རིང་མདའ་བཞི་བཅུ་སྐོར་ལས་མེད་ པའི་ཁར། བུ་ར་དང་པཱ་མེ་ལི་རྣམས་ལ་མདེའུ་ཉུང་ཤས་ལས་མེད་ཅིང༌། ཀྲིང་ཀན་དང་ཐུང་མདའ་བཅོ་ལྔ་སྐོར་ལས་མེད་པས་དཀའ་ངལ་བྱུང་ཡང༌། དེ་ནུབ་རི་རྩེ་བཟུང་ཞིང༌། འཁོར་ལམ་དུ་སྒུག་རྭ་རིམ་པ་བཟོས་ནས་བསྡད་ཀྱང་རྒྱ་མིའི་མོ་ཊ་མ་འབྱོར་གོང་ནམ་ གསལ།
དེ་ནས་མོ་ཊའི་འཁོར་ལམ་བཅད་དེ་གོང་དཀར་རྫོང་དུ་བསྐྱོད།
            གོང་དཀར་དུ་འགྲུལ་པ་ཡར་འགྲོ་མི་ཚང་མ་བཀག་སྟེ་བསྡད་པ་ན་ཚེས་ ༡༨ ནངས་པར་གྲོང་གསེབ་པས་རྒྱ་མིའི་མོ་ཊ་ཡོང་ཚུལ་ལན་བརྡ་བྱས་བྱུང༌། དེ་འཕྲལ་རྒྱང་ཤེལ་ནས་བལྟས་པས་རྒྱ་དམག་ཚོས་འཁོར་ལམ་ཆད་སར་ཤིང་པང་འཛུགས་པ་ དང༌། བྱེ་ཐང་བསྐོར་བ་སོགས་ཐབས་སྣ་ཚོགས་ཀྱིས་རྒྱང་རིང་ནས་ཡོང་བ་མཐོང་བ། ལི་ཐང་རྡོབ་རྡོབ་ལུག་ར་དང༌།
དབྲ་ཕྲུག་བསོད་ནམས་ཚེ་རིང་གཉིས་ས་ཆ་མཐོ་ས་ ཞིག་ཏུ་བཏང༌། ཚ་རོང་པ་སྒ་རིག་འཛིན། ཨ་ཚོགས་དོན་གྲུབ་དང༌། གཏན་བཀྲ་སོགས་དམག་དོན་ཉམས་མྱོང་ཅན་མི་བཅུ་སྒུག་ར་དང་པོར་བསྡད། ལི་ཐང་སྐྱ་ལི་ཚེ་འཕེལ་དང༌། སྐུ་ཞབས་གསེར་ཟོང་སོགས་ཁག་གཅིག་སྒུག་ར་གཉིས་པར་བསྡད། དབྲ་ཕྲུག་ངག་དབང་དང༌། རྩེད་ཐང་ནས་ཡར་འབྱོར་བའི་དམག་ཤོག་སྡེ་དགེ་ནོར་བུ་དང༌།
ཨ་སྔོ་བུ་ནམ་མཁའ་ སོགས་ཁག་གཅིག་སྒུག་ར་གསུམ་པར་བསྡད། སྒ་པ་གཡུང་དྲུང་དང༌། སྒ་པ་བསོད་ནམས་སོགས་ཁག་གཅིག་སྒུག་ར་བཞི་པར་བསྡད། བསོད་ནམས་ཆོས་འཕགས་དང༌། འཇིགས་མེད་སྙན་གྲགས་སོགས་ཁག་གཅིག་སྒུག་ར་ལྔ་པར་བསྡད། གོང་དཀར་དགོན་པའི་གྲ་པ་ན་གཞོན་ཁག་གཅིག་དང༌། ཡུལ་མི་ཁག་གཅིག་རྫོང་རྙིང་པའི་ནང་བཞག་སྟེ་རྦབ་རྡོ་སྒྲིལ་རྒྱུ་བྱས།
སྒུག་ ར་སོ་སོའི་མདུན་མོ་ཊ་གཉིས་ཙམ་འབྱོར་མཚམས། མེ་མདའ་བརྒྱབ་རྒྱུ་བྱས་ནས་སྒུག་བསྡད་པའི་སྐབས། དང་ཐོག་གོ་མཚོན་ལྡན་པའི་རྒྱ་དམག་མོ་ཊ་ཆེ་བ་གཉིས་རྒྱུགས་བྱུང་བའི་མཇུག་ནས། བྱེ་མ་བླུགས་པའི་མོ་ཊ་གོང་མཚུངས་གཉིས་རེ་བཅས་སྤེལ་ནས་རྒྱུགས་ཡོང་གི་འདུག་ པར། སྒུག་ར་གསུམ་པར་འབྱོར་མཚམས་རྒྱ་དཔོན་ཞིག་གིས། དམག་སྐད་ཅིག་བརྒྱབ་སོང་བས།
མོ་ཊ་རྣམས་ཁྲིག་གེར་བཀག་སྟེ་རྒྱ་དམག་འགའ་མོ་ ཊ་ནས་དོན་ཏེ་ལམ་ཟུར་ནས་ཡར་ཙམ་ རྒྱུགས་བྱུང༌། རྒྱ་དམག་གིས་ཤེས་རྟོགས་བྱུང་འདུག་སྙམ་པའི་མུར། རྒྱ་དཔོན་དེས་སླར་ཡང་དམག་སྐད་ཅིག་བརྒྱབ་སོང་བས་རྒྱ་དམག་རྣམས་ཕྱིར་ལོགས་ཏེ། མོ་ཊའི་ཐོག་འཛེགས་ནས་བསྐྱོད།
དེ་ནས་སྒུག་ར་དང་པོའི་ཐད་ནས་མེ་མདའ་དགུ་ ཤོག་གཅིག་འཕེན་རྗེས་དེ་འཕྲལ་སྒུག་ར་ སོ་སོའི་མདུན་གྱི་མོ་ཊ་རྣམས་ལ་དུས་གཅིག་ཏུ་བོའུ་རུབ་བརྒྱབ་པས། མོ་ཊ་འགའ་རེའི་འོག་ནས་རྒྱ་དམག་བསད་པའི་ཁྲག་རྒྱུན་འཛག་ཅིང༌། རྒྱ་དམག་འགའ་མོ་ཊ་ནས་བབས་ཏེ་ཆུ་འགྲམ་དུ་བྲོས། གྲམ་རྡོའི་གསེབ་ནས་ཚུར་མེ་མདའ་འཕེན་བྱུང་ཡང་རང་དམག་ལ་སྐྱོན་ཆ་མ་བྱུང་ཞིང༌།
དེ་ རྣམས་ཀྱང་བོའུ་རུབ་ཀྱིས་བསད། རྒྱ་མིའི་དཔོན་པོ་རྨས་མ་ཞིག་བྲག་ཕུག་ཅིག་ཏུ་འཛུལ་ཏེ། མེ་མདའ་རིང་ཐུང་གསུམ་རེས་མོས་ཀྱིས་འཕེན་ནས། མོ་ཊའི་ནང་ཡོད་གོ་ལག་རྣམས་ལེན་མ་བཅུག་པའི་སྐབས། རང་ཕྱོགས་དམག་མི་ཁག་གཅིག་གིས་རྒྱབ་ནས་བསྐོར་ཏེ་ཉེ་མཚམས་སླེབས་པ་ན། རྒྱ་དཔོན་དེས་ལག་འབོམ་ཞིག་གཡུགས་བྱུང་ཡང་རང་དམག་རྣམས་རང་སར་ཉལ་བས་སྐྱོན་མ་ བྱུང༌།
དེ་འཕྲལ་རང་དམག་ཚོས་མེ་མདའ་འཕེན་པས་རྒྱ་དཔོན་དེ་བསད་ནས་ཁོ་པའི་ གོ་ལག་རིང་ ཐུང་གསུམ་པོ་ཐོབ། དེ་ནས་རང་དམག་གོ་ལག་མེད་པ་བཅུ་གསུམ་མོ་ཊའི་ཐོག་འཛེགས། མོ་ཏྲ་དེའི་ནང་རྒྱ་དམག་རྨས་མ་ཞིག་ལུས་ཡོད་པ་དེས་ལག་འབོམ་གཡུག་བྱུང་ཡང་ སྐྱོན་ཆ་མ་བྱུང༌། རྨས་མ་དེ་རང་དམག་ཅིག་གིས་མོ་ཊའི་འོག་ནས་མེ་མདའ་བརྒྱབ་ཏེ་བསད།
རྒྱ་རོའི་གསེབ་ནས་ཁྲག་གིས་མ་གོས་པའི་གོ་ལག་རྫས་མདེལ་ཚང་མ་བླངས།
            རྗེས་ནས་ཡོང་བའི་རྒྱ་དམག་ཡོད་པའི་མོ་ཊ་ཞིག་ལ། མེ་མདའ་འཕེན་པ་ན། མོ་ཊ་དང་རྒྱ་དམག་རང་འགྲིག་ཆུར་མཆོངས་ཤོར་བས་ཕན་ཚུན་གཉིས་ཀར་ཕན་མེད་དུ་གྱུར། མོ་ཊ་རྗེས་མའི་རྒྱ་དམག་རྣམས་རང་སར་བབས་ཏེ་མེ་སྒྱོགས་དང༌། མེ་མདའ་མང་དུ་འཕེན་བྱུང་བར། རང་དམག་ཚོས་ཀྱང་སྐབས་དེར། དགྲ་ལག་ནས་ཐོབ་པའི་ཅུས་ཀང་རྣམས་རང་དམག་ཅུས་ཀང་འཕེན་ཤེས་པ་དྲུག་འདུག་པ་ལ་ བགོས་ཏེ།
དགྲ་ལན་སློག་ནས་དེ་ཉིན་དགོང་དྲོ་ཚོུད་གསུམ་པའི་བར་རྒོལ་འཛིངས་བྱས་མཐར་རིམ་གྱིས་ཕྱིར་འཐེན་བྱས།
            གོང་གསལ་དགྲ་འཐབ་འདིའི་ནང་བསྟན་དགྲ་རྒྱ་དམག་ཧ་ཅང་མང་པོ་བསད་རྨས་བཏང༌། མོ་ཊ་ཆེ་བ་བཞི་གཏོར། མེ་མདའ་སྤྱིར་བཏང་རིང་ཐུང་བརྒྱ་སྐོར་དང༌། ཅུས་ཀང་བརྒྱད་ལ་མདའ་ལྔ་བཅུ་འགྲོ་བའི་ལྕགས་ཤོག་འཁོར་ལོ་གྲངས་བཞི་བཅུ་ཞེ་ བརྒྱད། མེ་མདའི་མདེལ་གྲངས་ཆིག་ཁྲི་ལྷག་ཙམ། ལག་འབོམ་ཁྱོན་ཆེ་བཅས་ཐོབ། རང་དམག་འདས་གྲོངས་སོང་བ་ལི་ཐང་སྐྱ་ལུ་ཚེ་འཕེལ་དང༌།
སྨར་ཁམས་བརྒྱ་དཔོན་ ངག་དབང་བློ་བཟང༌། གོ་འཇོ་བ་མི་གཉིས་བཅས་བཞི་རྐྱེན་འདས་ཤོར། དེ་ནས་རང་ཕྱོགས་ཀྱི་འགོ་དམག་རྣམས་ཉེ་མཚམས་གོང་དཀར་རྫོང་གཞིས་ཁུལ་ཡས་མས་ བསྡད་དེ་ལྷོ་ཁའི་དམག་སྒར་ལྟེ་བ་ལ་གནས་ཚུལ་ཞུ་མཁན་བང་མི་སྔོན་དུ་བརྫངས།
            དེའི་སྐོར་རྒྱའི་ཡིག་ཆ་ལས། ཟླ་ ༡༢ ཚེས་ ༡༧ ཉིན་བོད་དམག་ཁུལ་ཁང་ནས་ལྷོ་ཁར་བཅའ་སྡོད་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་དང་དམག་ དཔུང་བཅས་ལ། བཅའ་དངོས་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་རུ་ཁག་ཞིག་མདའ་ཤོག་ཨང་ ༡༥༥ པའི་རུ་ཤོག་གསུམ་པའི་རུ་དཔོན་ཏུའུ་ཞའོ་མོག་གི་བཀོད་འདོམས་འོག སྲུང་སྐྱོབ་དམག་བརྒྱ་ཤོག་གཉིས་དང་རླངས་འཁོར་ངོ་གྲངས་ ༢༧
བཅས་གཏོང་རྒྱུ་ ཡིན་པར་ངོ་ལོག་ཇག་ཚོགས་ནས་ཤེས་ཏེ་ཟླ་ ༡༢ ཚེས་ ༡༦ ཉིན་ལྷ་ས་དང་རྩེད་ཐང་བར་གྱི་ས་ཁུལ་དུ་ཇག་པ་མི་གྲངས་ ༧༠༠ ཙམ་ནས་འཇབ་རྡུང་གཏོང་རྒྱུའི་ངན་བྱུས་བཤམས་ཡོད་པ་རེད།
            དམག་ཁུལ་ཁང་གི་གསང་འཕྲིན་ཉུལ་ཞིབ་པས་གནས་ཚུལ་དེ་དམག་ཁུལ་ཁང་ལ་སྙན་སེང་ཞུས་ པ་དང༌། དམག་ཁུལ་ཁང་ནས་མདའ་ཤོག་ཨང་ ༡༥༥ ལ་ཉེན་ཁ་ཡོད་ལུགས་ཀྱིས་བརྡ་བཏང་བར་བརྟེན་རུ་ཤོག་གསུམ་པ་དང༌། སྐྱེལ་འདྲེན་རུ་ཁག་བཅས་རྡོག་ཐོན་མ་བྱས་གོང་དུ་དམག་ཁུལ་ཁང་ནས་ལྷོ་ཁ་རྩེད་ཐང་ དུ་ཡོད་པའི་དཔུང་དམག་ལ། ཁོང་ཚོ་བསུ་བར་ཡོང་དགོས་པའི་བཀའ་བཏང་བ་དང༌། མདའ་ཤོག་ཨང་ ༡༥༥
པའི་ཆབ་སྲིད་ཨུ་ཡོན་ཆའོ་ཞོད་ཐིང་ནས་རུ་གསུམ་པའི་རུ་ དཔོན་ཏུའུ་ཞའོ་མོག་ལ། རྩེད་ཐང་དང་གོང་དཀར་བར་དུ་ཇག་པས་འགུལ་བསྐྱོད་བྱེད་བཞིན་པའིགནས་ཚུལ་ངོ་ སྤྲོད་དང་འབྲེལ། ལམ་བར་གཟབ་གཟབ་བྱེད་དགོས་སྐོར་གྱི་མངགས་བྱ་བྱེད། ཏུའུ་ཞའོ་མོག་གི་སེམས་ནང་དུ་དམག་ཁུལ་ཁང་རི་བོང་ཅལ་འདྲོག་དེ་འདྲ་བྱེད་དགོས་ དོན་ཅི་ཡོད་སྙམ་ནས་ཁོག་བགོད་ཤོར་བ་དང་ཁ་ནས། ཧེ་ཧེ།
ཇག་རྒན་ཁ་ཤས་ལ་དེ་ འདྲ་སྐྲག་འདར་བྱེད་དགོས་དོན་ཅི་ཡོད། གལ་སྲིད་ང་ལ་དངོས་གནས་དམག་རྒྱག་ཆོག་པའི་བཀའ་ཐོབ་པ་ཡིན་ན། ང་ཏུའུ་ཞའོ་མོག་གི་དམག་མི་བརྒྱ་ཤོག་གཅིག་འཁྲིད་ནས། བོད་ལྗོངས་ཡོངས་རྫོགས་འཆམ་ལ་འབེབས་ཐུབ་ངེས་རེད་ཅེས་འུར་སྒྲོག་བྱས། ཆའོ་ཞོད་ཐིང་གི་སེམས་ལ་ཏུའུ་ཞའོ་རོག་དངོས་འབྲེལ་གྱི་དཔའ་བློ་ཁོག་ཡོད་ལ་དམག་ རྒྱག་དགོས་ན།
དམག་བྱུས་དམག་རྩལ་གྱི་ཉམས་མྱོང་ཡོད་མཁན་ཞིག་ཡིན་ཀྱང་གཟབ་ གཟབ་བྱས་ན་དགའ་སྙམ་ ནས་ཁོང་ལ་དངོས་འབྲེལ་རེད། ཡིན་ནའང་ང་ཚོ་ལམ་གཞུང་དགྲ་ས་ལ་ཡོད་པ་དང༌། དགྲ་བོ་ཡིབ་ནས་བསྡད་ཡོད་སྟབས་གཟབ་གཟབ་བྱེད་དགོས་ཞེས་སླར་ཡང་དྲན་སྐུལ་བཏང་ བར། ཁོ་པས་ཆབ་སྲིད་ཨུ་ཡོན་ལ་ཁ་གཏད་གཅོག་ན་བདེ་པོ་མེད་སྟབས། སྐད་གསང་མཐོན་པོའི་སྒོ་ནས་ཆབ་སྲིད་ཨུ་ཡོན་ལགས།
ཁྱེད་རང་ཐུགས་ཁྲལ་གནང་མི་དགོས། ངས་ལས་འགན་མ་འགྲུབ་པར་ཁ་ཚུར་སློག་ནས་ཁྱེད་རང་མཇལ་བར་མི་ཡོང་ཞེས་ལབ་སྟེ་རྡོག་ཐོན་བྱས་ཡོད་པ་རེད།
            རླངས་འཁོར་རུ་ཁག་དེ་ཆུ་ཤུལ་རྫོང་དུ་སླེབས་སྐབས་དེར་ཞག་གཅིག་བསྡད་པ་དང་ཚེས་ ༡༨ ཉིན་རུ་དཔོན་ཏུའུ་ཞའོ་མོག་གིས་མདའ་ཤོག་ཨང་ ༡༥༥ པས་བཀོད་བྱུས་ལྟར་བརྒྱ་ཤོག་དང་པོ་ཆུ་ཤུལ་དུ་ས་སྲུང་བཞག་སྟེ་ཁོ་པས་བརྒྱ་ཤོག་ གསུམ་པ་འཁྲིད་དེ་གོང་དཀར་ཕྱོགས་སུ་བསྐྱོད། ཡར་ཀླུང་གཙང་པོ་བརྒལ་ནས་ཡུན་ཙམ་སོང་རྗེས་མི་སེར་ཁ་ཤས་ཚུར་ཡོང་བ་དང་འཕྲད་ སྟབས།
ཏུའུ་ཞའོ་མོག་རླངས་འཁོར་ཐོག་ནས་མར་འབབ་སྟེ་ཁོང་ཚོར་མདུན་ངོས་སུ་ ཇག་པ་ཡོད་ མེད་སྐད་ཆ་དྲིས་པར་མི་སེར་ཚོས་འདུག་ལབ། ཏུའུ་ཞའོ་མོག་ནས་ཇག་པ་ཡོད་པ་ཤེས་ནའང་ད་དུང་གདོང་ལེན་སོ་ལྟ་དམག་སྔོན་དུ་བཏང་ མེད། ཁོ་པས་རླངས་འཁོར་རུ་ཁག་གི་འགན་འཁུར་བར། ང་རླངས་འཁོར་ཞིག་འཁྲིད་ནས་སྔོན་ལ་འགྲོ་རྒྱུ་ཡིན་ཞེས་ལབ་སྟེ་སྔོན་དུ་བསྐྱོད།
གོང་ དཀར་ས་མཚམས་སུ་སླེབས་པ་དང་མདུན་ངོས་སུ་རི་མགོ་ཆུང་ཆུང་ཞིག་མཐོང་བ་དང༌། བརྒྱ་ཤོག་གསུམ་པའི་བརྒྱ་དཔོན་ཇག་པའི་འཇབ་རྡུང་ཕོག་རྒྱུར་དོགས་ནས་ཏུའུ་ཞའོ་ མོག་ལ་རུ་དཔོན་ལགས། མདུན་དུ་གདོང་ལེན་སོ་ལྟ་དམག་ཞིག་བཏང་ན་ལབ་པར། ཏུའུ་ཞའོ་མོག་ནས་བསམ་བློ་ཞིག་བཏང་སྟེ་བརྒྱ་དཔོན་ལ་བཅུ་ཤོག་གཅིག་ལ་མེ་མདའ་ སྦག་སྦག་ཞིག་འཁྱེར་ནས་སྔོན་དུ་ཐོངས་ལབ་པ་དང༌།
སོ་ལྟ་དམག་སྔོན་ལ་ཐོན་ཚར་བ་དང་རླངས་འཁོར་རུ་ཁག་དལ་པོའི་ངང་རྗེས་སུ་བལྟ་བཞིན་ཡོང༌།
            སོ་ལྟ་དམག་རྣམས་ཇག་པའི་སྒུག་ར་དང་རྒྱང་ཐག་སྤྱི་ཁྲེ་ ༡༠ ཙམ་གྱི་འཁྲིས་སུ་སླེབས་ནའང་མེ་མདའ་མ་བརྒྱབ་པར་བརྟེན་ཇག་པ་མི་འདུག་བསམ་ནས་ ཕྱིར་ལོག་པ་དང༌། ཏུའུ་ཞའོ་མོག་གིས་གདོང་ལེན་དམག་རི་མགོར་སླེབས་ནའང་མེ་མདའ་རྒྱག་མཁན་མེད་ སྟབས། ཇག་པ་མེད་ངེས་རེད་བསམ་སྟེ་གདོང་ལེན་དམག་ལ་ཚུར་མགྱོགས་པོ་ཤོག
ཇག་ པའི་དྲི་མ་ཙམ་ཡང་ཚོར་རྒྱུ་མེད་པར་ད་དུང་དུས་ཚོད་འགོར་འགྱངས་བྱས་ན་སང་ ཉིན་ཡང་རྩེད་ཐང་ལ་སླེབས་ཐུབ་ཀྱི་མེད་པ་རེད། ཚང་མ་བུ་མོ་ནང་བཞིན་ལྷག་པ་བརྒྱབ་པ་དང་ཆར་བ་འབབ་རྒྱུར་ཞེད་སྡོད་མཁན་རེད་ཅེས་ ཚིག་ངན་ལབ་བཞིན་རླངས་འཁོར་རྣམས་མྱུར་དུ་བསྐྱོད་དགོས་པའི་བཀའ་བཏང་སྟེ་ཁོང་ རྣམས་རླངས་འཁོར་ཐོག་འཛེགས་ཏེ་མདུན་དུ་བསྐྱོད།
            རླངས་འཁོར་རུ་ཁག་ཇག་པའི་མདའ་ཚད་ལ་སླེབས་ནའང་ཇག་པས་མེ་མདའ་མ་བརྒྱབ་ཅིང༌། སྔོན་བསྐྱོད་རླངས་འཁོར་རི་གཤམ་གྱི་གཙང་པོའི་འགྲམ་དུ་སླེབས་པ་དང༌། ལྕི་བའི་མེ་མདའ་སྦག་སྦག་གི་སྒྲ་གྲགས་པ་དང་ཁ་ལོ་བར་མེ་མདེལ་ཕོག་སྟེ་འདས་ གྲོངས་སོང༌། ཁ་ལོ་བ་མེད་པའི་རླངས་འཁོར་དེ། ཡར་ཀླུང་གཙང་པའི་ནང་དུ་ལྷུང་སོང་བར་བརྟེན།
ཏུའུ་ཞའོ་མོག་གིས་གཙོས་པའི་ རླངས་འཁོར་ཐོག་ཡོད་པའི་འགོ་དམག་ཚང་མ་རྐྱེན་ལམ་ དུ་སོང༌། རླངས་འཁོར་དང་པོ་ཡར་ཀླུང་གཙང་པོའི་ནང་དུ་ལྷུང་བའི་རྗེས་སུ། རླངས་འཁོར་གཞན་རྣམས་ལམ་ཐོག་བཀག་སྡོད་བྱས་དགོས་བྱུང་བའི་སྐབས་དང་བསྟུན་ནས། དགྲ་བོའི་མེ་མདེལ་ཡོངས་རྫོགས་རླངས་འཁོར་རུ་ཁག་ལ་བརྒྱབ། བརྒྱ་ཤོག་གསུམ་པའི་བརྒྱ་དཔོན་གྱིས།
འཕྲལ་དུ་དཔུང་དམག་རྣམས་རྩ་འཛུགས་བྱས་ ཏེ་དགྲ་བོར་རྒོལ་ལན་སློག་ཀྱང༌། དགྲ་བོའི་མེ་ཤུགས་ཧ་ཅང་གི་ཛ་དྲག་ཆེ་སྟབས་ཕན་ནུས་ཐོན་མ་ཐུབ། ཇག་པས་ཛ་དྲག་གི་ཚུར་རྒོལ་བྱེད་བཞིན་པར་བརྟེན། ལྷོ་ཁ་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཧྲིན་ཕུང་ལུའུ་ནས་ལས་དོན་ རུ་ཁག་གི་ལས་བྱེད་པ་དང༌། རླངས་འཁོར་རུ་ཁག་གི་འགོ་དམག་བཅས་ཚང་མ་སྒྲིག་འཛུགས་བྱས་ཏེ།
བརྒྱ་ཤོག་ གསུམ་པ་ལ་གཞོགས་འདེགས་ཀྱིས་དམག་འཐབ་བྱས་པར། དགྲ་བོས་གདོང་མཆོངས་ཀྱི་ཚུར་རྒོལ་ཕྱིར་སློག་བཏང༌། དགྲ་བོས་སླར་ཡར་གདོང་མཆོངས་ཀྱིས་ཚུར་རྒོལ་ཨང་གཉིས་པ་འགོ་བཙུགས་པ་དང༌། ལྷོ་ཁ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཞོན་པར༌། དགྲ་བོའི་མེ་མདེལ་ཕོག་སྟེ་འདས་གྲོངས་སོང་བ་དང་དུས་མཚུངས་བརྒྱ་ཤོག་ ༣
པའི་ དམག་དམངས་བཅུ་སྐོར་ཞིག་ཀྱང་བསད་རྨས་བཏང༌། བརྒྱ་ཤོག་གསུམ་པའི་བརྒྱ་དཔོན་དང་རླངས་འཁོར་རུ་ཁག་གི་འགན་འཁུར་བ་བཅས་ནས་ཁག་ སོ་སོས་དམག་དཔུང་རྣམས་ལ༌། དགྲ་བོའི་ཚུར་རྒོལ་འགོག་ཐབས་དང༌། དཔུང་སྣོན་དམག་དཔུང་མ་སླེབས་ཀྱི་བར་དུ་རླངས་འཁོར་ཐོག་གི་བཅའ་དངོས་རྣམས་ལ་ སྲུང་སྐྱོབ་ཐུབ་པ་དགོས་པའི་སློབ་སྟོན་དང་འཐབ་བྱུས་བཏོན།
ཇག་པས་དམག་འཐབ་ ཛ་དྲག་ཆེ་རུ་བཏང་སྟེ་མགྱོགས་མྱུར་དུ་ཚར་གཅོད་བྱེད་དགོས་བསམས་ ཏེ། མེ་མཚོན་ཤུགས་དྲག་ཆེན་པོས་ཚུར་རྒོལ་བྱས་པར་བརྟེན་རླངས་འཁོར་ངོ་གྲངས་ ༧ གྱི་སྣུམ་སྒམ་ལ་མེ་མདེལ་ཕོག་སྟེ་རླངས་འཁོར་རྣམས་མེར་ཤོར། བརྒྱ་དཔོན་གྱིས་རླངས་འཁོར་སྐྱོབ་ཆེད་དུ་མེ་གསོད་མཁན་དམག་མི་བཏང་ཡང་ཕན་ནུས་ མ་ཐོན་པར་རླངས་འཁོར་ ༧ པོ་མེ་སྐྱོན་ཤོར།
དགྲ་བོས་མེ་མདའ་སྦག་སྦག་ལ་ བརྟེན་ནས། བརྒྱ་ཤོག་གསུམ་པའི་མེ་གསོད་མཁན་རྣམས་ལ་ཚུར་རྒོལ་བྱས་སྟབས་དམག་མི་ ༧ དེ་གར་ཤི་བ་དང་ ༡༢ ལ་རྨས་སྐྱོན་ཕོག
བརྒྱ་ཤོག་གསུམ་པའི་བརྒྱ་དཔོན་དང་ རླངས་འཁོར་རུ་ཁག་གི་འགོ་ཁྲིད་གཉིས་ནས་རྨས་ དམག་དང་བཅས་པའི་དམག་མི་ཡོངས་རྫོགས་རྩ་འཛུགས་བྱས་ཏེ་ཁག་བགོས་ནས་མེས་འཚིགས་ བཞིན་པའི་རླངས་འཁོར་རྣམས་དང་ཁ་ཐག་ཉེ་བའི་རླངས་འཁོར་རྣམས་ཕར་ཚུར་འབུད་རྒྱག་ བརྒྱབ་པ་དང༌། ཕྱོགས་གཅིག་ནས་དགྲ་བོས་ཡང་ཡང་ཚུར་རྒོལ་ལ་རྒོལ་ལེན་སློག་སྟེ། ཆུ་ཚོད་ ༡༡ ཡས་མས་ནས་ཉིན་གཞུང་ཆུ་ཚོད་ ༡
བར་དམག་འཐབ་བྱས་ཏེ་དགྲ་བོ་རེ་ ཞིག་ཕྱིར་འཐེན་བྱས། ཆུ་ཚོད་གཅིག་ཙམ་སོང་རྗེས་སླར་ཡང་ཇག་པས་རེས་མོས་བྱེད་ནས་གདོང་མཆོངས་དམག་འཐབ་ བྱས་ཐབས་ལ་བརྟེན་ནས་ཚུར་རྒོལ་འགོ་བཙུགས་པར་མ་ཟད། རླངས་འཁོར་གྱི་སྣུམ་སྒམ་ལ་མེ་མདའ་རྒྱག་རྒྱུའི་འཐབ་བྱུས་ལ་བརྟེན་ནས། རླངས་འཁོར་དྲུག་གི་སྣུམ་སྒམ་ལ་མེ་མདེལ་ཕོག་ཀྱང་མེ་སྤར་ཐུབ་མེད།
ཇག་པས་རེས་མོས་ཀྱིས་ཚུར་རྒོལ་བྱས་ཏེ་ནམ་ལངས་པ་དང་དཔུང་སྣོན་ཡོང་རྒྱུར་བློ་དོགས་ཀྱིས་གཞི་ནས་ཕྱིར་འཐེན་བྱས་ཡོད།
            རུ་གསུམ་པའི་རུ་དཔོན་དང༌། རླངས་འཁོར་རུ་ཁག་ལྷ་ས་ནས་ཐོན་སྐབས་དམག་ཁུལ་ཁང་ནས་ལྷོ་ཁ་བཅའ་སྡོད་དམག་ལ། བསུ་བར་འགྲོ་དགོས་པའི་བཀའ་བཏང་བ་བཞིན། མདའ་དཔོན་གཞོན་པ་དབྱིན་ཁྲོན་ཧའོ་ནས་དམག་མི་ལྡིང་ཤོག་གཉིས་འཁྲིད་དེ། རྩེད་ཐང་ནས་གོང་དཀར་ཕྱོགས་སུ་ཡོང་བར་ལྕེ་བདེ་ཞོལ་དུ་འབྱོར་སྐབས།
ཟ་འབྲུ་ གྲ་སྒྲིག་ཡག་པོ་མེད་པས་ཕར་རྩེད་ཐང་ལ་ཕྱིར་ལོག་བྱེད་དགོས་བྱུང༌། ཆའོ་ཞོད་ཐིང་གིས་ལྷ་ས་ནས་བཏང་བའི་དཔུང་སྣོན་བརྒྱ་ཤོག་གསུམ། སྐྱེལ་འདྲེན་རུ་ཁག་ཡོད་སར་སླེབས་སྐབས་དམག་ཐག་ཆོད་ཟིན། རུ་གསུམ་པའི་རུ་དཔོན་དང༌། ལྷོ་ཁ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་གཉིས་ཀྱི་གཙོས་འགོ་ དམག་ ༣༧ ལ་སྲོག་སྐྱོན་བྱུང་བ་དང༌། མི་གྲངས་ ༢༢
ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཅེས་བཀོད་ཡོད་པ་རེད།
            ལྷོ་ཁ་གོང་དཀར་རྫོང་གི་གཙང་འགྲམ་ན།།
            ཕོ་རྒོད་དྭངས་བླངས་དཔའ་བོ་ཁྱུ་གཅིག་གིས།།
            དགྲ་བོའི་མདའ་རྫས་དམག་དང་མོ་ཊ་སོགས།།
            ཕྲོགས་བཅོམ་བསྲེགས་བརྡུངས་བྱས་པའི་ལོ་རྒྱུས་རིང༌།།       

༼10༽

གྲ་ནང་གཡུལ་འགྱེད།

 
            གོང་གསལ་ཚོགས་ཆེན་དེའི་ཐོག རྩེད་ཐང་རྒྱ་མིའི་དམག་སྒར་འབུར་འཇོམ་གཏོང་རྒྱུའི་ཐད་མིག་སྔར་དྭོགས་ཟོན་ བྱེད་རྒྱུ་གནད་འགག་ཆེ་ཤོས་ཞིག་ནི། ལྷ་ས་ནས་གྲ་ནང་བརྒྱུད་དེ་རྒྱ་དམག་དང༌། གོ་མཚོན་མོ་ཊའི་ནང་ལྐོག་ནས་རྩེད་ཐང་དུ་དབོར་རྒྱུ་དེ་རེད། རང་ཕྱོགས་དམག་སྒར་ནས་དེ་ཉིད་འགོག་བསྲུང་གི་ཆེད་ལི་ཐང་པ་རུ་དཔོན་ཀུན་དགའ་ བསམ་གཏན་དང༌།
ཆབ་མདོ་དམག་སྤྱི་བྱང་རི་ལྷ་རྒྱལ། གཙང་ཁ་བསྟན་པ་དར་རྒྱས། སྡེ་དགེ་དམག་སྤྱི་ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌། སྒ་པ་དམག་སྤྱི་བུ་བཀྲ་ཡག སྡེ་དགེ་བརྒྱ་དཔོན་འཇུ་ཆེན་བསོད་ནམས་ཕུན་ཚོགས། ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་སོགས། དྭང་བླངས་དམག་དཔུང་བརྒྱ་དང་སུམ་ཅུ་ནས་མེ་སྒྱོགས་དང༌། ཀྲིང་ཀན་ཁྱེར་ཏེ་གྲ་ནང་དཔུང་འཇུག་བྱས། དགྲ་བོའི་དམག་དང༌།
མོ་ཊ་སོགས་ཡོང་ མིན་ལྟ་མཁན་སོ་པ་གསུམ་རེ་རྒྱུན་འཛུགས་བྱས། དེར་ཡོད་འགོ་དམག་རྣམས་གྲོས་བསྡུར་གྱིས་ས་བབ་ལ་ལྟོས་པའི་དམག་བཀོད་བྱས་ཁར་ལྷ་ ས་ནས་མར་དང༌། རྩེད་ཐང་ནས་ཡར་རྒྱ་དམག་དང༌། མདའ་མཚོན་ཁྱེར་མཁན་གྱི་རླང་འཁོར་རིགས་གང་ཞིག་བྱུང་ན་གཏོར་ཐུབ་པ་བྱེད་དགོས། གདོང་མཆོང་བྱེད་མཁན་ཁས་ལེན་དོན་ཤོག་ལབ་པས། རང་དམག་ཁྲོད་ནས་ཁས་ལེན་པ་བཅོ་བརྒྱད་ལངས།
ཁོང་ཚོས་བྱིན་རླབས་དང་དམ་རྫས་ ཟོས་རྗེས་མཚོན་ཆ་ཁུར་ནས་སྔོན་ལ་ཐོན། འགེལ་དྲེལ་དང་ཞོན་རྟ་རྣམས་གྲོང་ཚོ་ཆུང་ཆུང་ཞིག་ཡོད་པ་དེར་དེད་ནས་བསྲུང་བྱ་ བྱས།
རང་དམག་བྱིངས་རྣམས་དཔུང་ཁག་གཉིས་སུ་བགོས་ཏེ་སྡེ་དགེ་ཆུ་རྡོ་བུ་ དབང་ཕྱུག་ཚེ་རིང་དང༌། སྒ་བ་བུ་བཀྲ་ཡག་ཅན་དཔུང་ཁག་གཅིག་གྲ་མདར་ཞེས་པའི་ལུང་པ་དེར་སྒུག་ར་དང་པོར་ བྱས་ནས་སྒུག ཆབ་མདོ་བྱང་རི་ལྷ་རྒྱལ་དང༌། ལི་ཐང་ཀུན་དགའ་བསམ་གཏན་ཅན་དཔུང་ཁག་གཅིག་སྔོན་ལ་འཐོན་ནས་སྒུག་ར་གཉིས་པར་གྲ་ སྒྲིག་ཨང་གསར་བྱས།
རི་སྒང་ཁག་ལ་སོ་པ་བཙུགས་སྟེ་གྲ་སྒྲིག་བྱས་ནས་བསྡད། སྤྱི་ཟླ་ ༡༢ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཚོུད་བརྒྱད་པ་ཙམ་ལ་རྩེད་ཐང་ནས་དགྲ་ཕྱོགས་ཀྱི་མོ་ཊ་གཉིས་ཡོང་ གི་ཡོད་པར་མཐོང་འཕྲལ། སོ་པ་ཚོས་ཞྭ་མོ་གཡུགས་ཏེ་རང་ཕྱོགས་དམག་དཔུང་ལ་གསང་བརྡ་སྤྲད།
རང་ཕྱོགས་ འགོ་དམག་ཚོས་རྒྱ་དམག་ཡོང་གི་ཡོད་པའི་གནས་ཚུལ་ཤེས་ཚོར་བྱུང་མ་ཐག་ གྲ་མདར་མོ་ཊའི་འཁོར་ལམ་གྱི་ཟུར་བརྒྱུད་ནས་ཆུ་ཡུར་རིང་པོ་ཞིག་ཡོད་པ་དེའི་ནང་ དུ་གོ་མཚོན་ཡོད་པའི་རང་དམག་ཚོ་སྔོན་དང༌། མེད་མཁན་ཚོ་མཇུག་ཏུ་བྱས་ནས་སྒུག དེ་མཚམས་རྒྱ་དམག་མོ་ཊ་གཉིས་མུ་མཐུད་སྒུག་ར་དང་པོའི་ཉེ་འགྲམ་དུ་སླེབས་བྱུང་ བ་དང༌།
སྒུག་ར་དང་པོའི་དཔུང་དམག་རྣམས་ཀྱིས་མདེའུ་ལ་ཕོངས་སེམས་མེད་པར་བོའུ་རུབ་བརྒྱབ་པས།
ཐོག་ མར་མོ་ཊ་དང་པོ་གཏོང་མཁན་གྱི་ཁ་ལོ་བ་དེ་མེ་མདའི་ཁ་ནས་ཤི་ལམ་དུ་བཏང་བས་མོ་ཊ་ ཆུ་ཡུར་ནང་དུ་ལྷུང༌། དེར་ཡོད་དམག་མི་རྣམས་ཀྱིས་བོའུ་རུབ་རྒྱབ། མོ་ཊ་གཉིས་པ་དེའི་འཁོར་ལོ་ལའང་མེ་མདའ་ཕོག་སྟེ་འགག་སོང་བས།
སྒུག་ར་དང་པོ་ དང་གཉིས་པའི་ནང་ཡོད་པའི་ཁས་ལེན་པ་རྣམས་ཐེ་ཚོམ་མེད་པར་མོ་ཊའི་ ཐོག་ཏུ་རྒྱུགས་སྟེ་མོ་ཊ་གཉིས་ནང་ཡོད་པའི་རྒྱ་དམག་ཕལ་ཆེར་བསད་རྨས་བཏང༌། དེ་ནས་ཐེ་ཚོམ་མེད་པར་གྲི་དང་སྟ་རེ་ཁུར་ཏེ་མོ་ཊའི་སྟེང་དུ་མཆོངས་ནས་རྒྱ་དམག་ འགའ་ཞིག་ལུས་ཡོད་པ་རྣམས་ཀྱང་བསད་པ་དང༌།
མུ་མཐུད་མོ་ཊའི་ནང་གི་གོ་མཚོན་ ཡོད་རིགས་འཕྲོག་བཅོམ་བྱེད་རྩིས་སྐབས་མོ་ཊ་དེ་ གཉིས་ནང་སྡོད་མཁན་རྒྱ་དམག་རྐང་གཅིག་ལུས་ཡོད་པ་དེར་རང་ཕྱོགས་དམག་མི་ཚོས་དོ་ སྣང་མ་བྱུང་བར་གདོང་མཆོང་ཆེ་དྲགས་པ་དང༌། རྒྱ་དམག་དེས་ཅུས་ཀང་ཞིག་ཁྱེར་ནས་མོ་ཊའི་འོག་ནས་རང་ཕྱོགས་དམག་ཐོག་ཏུ་གང་ བྱུང་བརྒྱབ་སྟེ། ཆ་ཕྲེང་བློ་བཟང་དང༌།
ས་འདུ་དམག་ཤོག་བེ་རི་ཞི་ཚེ་བ་འགའ་ ཞིག་བཅས་བསད་ཤོར། རང་དམག་ཚོ་དོགས་ཟོན་དང་ང་རྒྱལ་ལྷག་པར་ལངས་ནས་གྲི་དང་མེ་མདའ་སྟ་རེ་སོགས་གང་ ཟིན་གྱིས་བཙགས་ནས་དགྲ་ངན་དེ་ཤི་ལམ་དུ་བཏང༌། གཞི་ནས་རང་དམག་ཚོས་མོ་ཊ་གཉིས་ནང་ཡོད་པའི་ཅ་ལག་རྣམས་བསྔོགས་བཤེར་བྱས་པས་མང་ ཆེ་བ་གོ་ལག་རེད།
 གོང་གསལ་རྒྱ་དམག་གཅིག་ལུས་འདུག་པ་དེ་ནི། རང་དམག་རྣམས་དཔའ་ངར་ཆེ་དྲགས་པ་དང༌། ཚོད་དཔོག་བྱེད་སྟངས་ནོར་བའི་རྐྱེན་གྱིས་དགྲ་བོ་མོ་ཊའི་འོག་ཏུ་ཙི་ཙི་བཞིན་ གབ་ཡིབས་བྱས་པ་དེ་ཉིད་མ་མཐོང་པས་རང་ཤོག་ཁས་ལེན་པ་འགའ་རེར་ཤི་རྨས་ཀྱི་གད་ཆག་ འཚབ་ཆེ་དེ་བཞིན་བྱུང་བ་ཡིན་འདུག ཕྱིས་སུ་གོ་གསལ་ལྟར་ན་མོ་ཊ་རེ་རེའི་ནང་རྒྱ་དམག་དྲུག་ཅུ་རེ་ཡོད་པ་རེད་ཟེར།
གང་ ལྟར་ཡང་རྒྱ་དམག་བསད་པའི་ཁྲག་རྣམས་མོ་ཊའི་འོག་ནས་འཛག་པ་དང༌། ད་དུང་ལམ་ཁ་གཡས་གཡོན་རྣམས་སུའང་ཁྲག་གིས་དམར་པོ་ཆགས་ཤིང༌། བྱ་རྒོད་ཤ་ཡིས་ངོམས་པ་དང༌།    རི་སྤྱང་ཁྲག་གིས་བཟི་བའི་གཏམ་རྒྱུད་ཀྱིས། ཆུ་སྒང་དཔའ་བོའི་མཚན་སྙན་སྒང་ནས་འཕུར་ཏེ་འཛམ་གླིང་གང་སར་ཁྱབ། 
            རང་དམག་སླར་ཡང་དགྲ་ཕྱོགས་ཀྱི་མོ་ཊ་དང་དམག་མི་སླེབས་རྒྱུའི་དོགས་ཟོན་མེད་པར། གོང་གསལ་མོ་ཊ་གཉིས་ནང་གོ་མཚོན་བསྡུ་ལེན་བྱེད་བཞིན་པའི་སྐབས། སླར་ཡང་མོ་ཊ་གཅིག་བྱ་འཕུར་བ་ལྟར་རྒྱུགས་བྱུང་བ་དེ་ནི། ད་སྔོན་གྱི་མོ་ཊ་གཉིས་དང་མི་འདྲ་བར་དམག་མི་ཤས་ཅིག་གིས་ཡོངས་སུ་ཁེངས་འདུག
རྗེས་ ལ་ཤེས་གསལ་ལྟར་ན་མོ་ཊ་སྔ་མ་གཉིས་ནང་གོ་མཚོན་ཡོད་སྟབས་ཕྱི་མ་རྒྱ་དམག་ ཚོས་མོ་ཊ་སྲུང་སྐྱོབ་རྒྱབ་འདེད་བྱེད་མཁན་རེད་ཟེར། རང་ཕྱོགས་དམག་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་མེ་མདའ་བརྒྱབ་པ་དང༌། ཆ་ཕྲེང་ཀོ་བ་རྒྱལ་མཚན་ནས་མེ་སྒྱོགས་ཁ་ཕྱོགས་མོ་ཊ་ལ་གཏད་དེ་མོ་ཊ་གཏོར་ཐབས་ བྱས།
གལ་སྲིད་མེ་སྒྱོགས་ཀྱིས་དགྲ་བོའི་མོ་ཊ་གཏོར་སྐྱོན་མ་ཐུབ་ཚེ་གྲི་དང་ མེ་མདས་ ཕན་ཚུན་གདོང་གཏུག་ཤི་འཛིང་རོ་འཐམ་བྱེད་རྒྱུ་སེམས་ཐག་བཅད་དེ་རང་ཕྱོགས་དམག་ མི་ཚོས་གྲ་སྒྲིག་ཨང་སར་བྱས་ནས་སྒུག་པ་དང༌། དགྲ་ཕྱོགས་ནས་སྔོན་སོང་མོ་ཊ་གཏོར་སྐྱོན་བཏང་ཟིན་པ་དང༌། ད་དུང་མུ་མཐུད་སྒུག་ར་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པའམ་ཚོད་དཔག་བྱས་ ཏེ།
མོ་ཊ་དེ་གར་བསྡད་ནས་རྒྱ་དམག་རེ་རེ་བཞིན་གཅིག་མཆོང་གཉིས་མཆོང་གིས་ ཕྱི་ལ་དོན་ ནས་ལམ་ཟུར་གཡས་གཡོན་དུ་སྒུག་ར་སྤྲད་ཁུལ་བྱེད་བཞིན་པའི་མུར། རང་ཕྱོགས་ནས་ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་གྱིས་མེ་སྒྱོགས་གཅིག་མུ་མཐུད་དུ་ ཐེངས་གཉིས་འཕངས་བྱུང་བ་དང༌།
ལྡིར་སྒྲ་དང་ཐལ་འཚུབ་འདྲེས་མའི་ཁྲོད་དགྲ་ བོའི་མོ་ཊ་རྡུལ་ཕྲན་བཞིན་གཏོར་བ་མ་ ཟད་ཉེ་མཚམས་རྒྱ་དམག་མང་པོ་ཤི་ལམ་དུ་བརྫངས། མ་གཞི་ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་ཁོང་གི་མི་ཚེའི་ནང་ཉེ་སྔོན་ལི་ཐང་ཨ་ཐར་ གྱིས་མེ་སྒྱོགས་རྒྱག་སྟངས་ཀྱི་ཟབ་སྦྱོང་ཐེངས་གཅིག་སྤྲད་པ་དང༌།
ཚོད་ལྟའི་ མེ་སྒྱོགས་ཁ་ཤས་རྒྱག་མྱོང་བ་ལས་དགྲ་བོ་དང་གདོང་གཏུག་གིས་མེ་ སྒྱོགས་རྒྱང་འཕེན་བྱེད་པ་ཐེངས་དང་པོ་ཡིན་ཀྱང༌། དགྲ་ཕྱོགས་ཀྱི་དམག་མང་ཐོག་ཏག་ཏག་འཁེལ་བ་ནི། བོད་མི་རིགས་འདི་དཔའ་རྩལ་བརྟན་ལྷིང་དང་བློ་རྩལ་མྱུར་གསལ་ལྡན་པའི་བདེན་དཔང་ ཞིག་ཀྱང་ཡིན་ལ།
བོད་སྲུང་དགྲ་ལྷ་ཚོས་མི་མངོན་པའི་དབྱིངས་ནས་ཁ་འཛིན་རྒྱབ་ རྟེན་གྱི་འཕྲིན་ལས་ ཀྱི་གྲུ་ཆར་ཞིག་ཀྱང་ཡིན་སྲིད། ཚུར་རྒོལ་བྱེད་འཆར་རམ་རང་སྲོག་སྲུང་ཆེད་གང་ཡིན་ཀྱང་རྒྱ་དམག་འགའ་ཞིག་རི་ ལྡེབས་སུ་འཛེགས་འགྲོ་བ་རྣམས་ལ། ཡང་བསྐྱར་མེ་སྒྱོགས་དང་མེ་མདའ་གང་བྱུང་གིས་བཙགས་ནས་གཅིག་ཀྱང་མ་ལུས་པ་ཤི་ལམ་ དུ་བརྫངས།
མོ་ཊའི་ལམ་འོག་གི་གཙང་པོའི་འགྲམ་རྒྱུད་ནས་རང་སྲོག་སྲུང་ཆེད་ བྲོས་ཤོར་བ་འགའ་ ཞིག་ཕུད། དེ་བྱིངས་སྔ་ཕྱིའི་མོ་ཊ་གསུམ་གྱི་ནང་དུ་ཡོད་པའི་རྒྱ་དམག་ཐམས་ཅད་བསད།
            གོང་གསལ་དམག་འཐབ་དེའི་ནང༌། དགྲ་ཕྱོགས་མོ་ཊ་ཆེ་བ་གསུམ་གཏོར་བ་དང༌། རྒྱ་དམག་མང་པོ་དེ་ཙམ་དམར་དམར་གསོད་བཏང་བ། སྦི་རིན་ཀན་དྲུག་དང༌། རིང་མདའ་བརྒྱ་དང་དྲུག ཐུང་མདའ་གཉིས། ལག་འབོམ་ཉིས་བརྒྱ་བཅས་འཕྲོག་བཅོམ་བྱས་པ་དང༌། རང་ཕྱོགས་གོང་གསལ་ལྟར་དང་བླངས་དཔའ་བོ་མི་བཞི་འདས་གྲོངས་སོང་བ་དང༌།
དམག་ སྤྱི་བུ་བཀྲ་ཡག་གི་འགེལ་དྲེལ་གསུམ་དང་རྟ་གཉིས་རྒྱབ་ཆ་དང་བཅས་པ་བརླགས་ ཤོར་བ་ཕུད། དེ་མིན་རྨས་སྐྱོན་སོགས་གང་ཡང་མ་བྱུང༌། གྲ་ནང་གི་དམག་འཐབ་སྐོར་དམག་སྒར་ལྟེ་བ་ལ་སྙན་སྒྲོན་དང་སྦྲག དགྲ་བོའི་ལག་ནས་འཕྲོག་པའི་གོ་མཚོན་རྣམས་རྩིས་འབུལ་ཞུས་ལན་དུ།
མི་རེར་ དབྱིན་མདེལ་ཉི་ཤུ་རྩ་དྲུག་དང་པཱ་མི་ལི་བཅུ་དྲུག་བཅས་གསོལ་རས་གནང་ ཐོག་དཔུང་ཁག་འདིར་གཡུལ་རྒྱལ་དམག་སྒར་ཞེས་བཏགས། དམག་འཐབ་འདིའི་ཐོག་རྒྱལ་ཁའི་མཚན་སྙན་གང་སར་བརྡལ་བཞིན་ས་གནས་དེར་ས་སྲུང་དམག་ ཁ་ཤས་བསྡད་པ་དང༌། ལྕེ་ལྡེ་ཞོལ་དུ་ལི་ཐང་བརྒྱ་དཔོན་བླ་མ་བརྒྱུད་པ་ཅན་དམག་དཔུང་ཁག་གཅིག་བཞག
            དེ་མིན་རང་དམག་རྣམས། དབུས་ཆུ་སྒད་དམག་སྤྱི་ཁང་ནས་སྔོན་གྱི་འཆར་གཞི་ལྟར། རྩེད་ཐང་མ་གཏོགས་ལྷོ་ཁ་ས་ཁུལ་ཀུན་ཏུ་རྒྱ་དམག་མཐའ་སྐྲོད་བཏང་ཟིན་པ་དེ་དག་ལ། སླར་ཡང་རྒྱ་དམག་ལྐོག་འཛུལ་བྱེད་པར་ཡོང་མིན་སྐོར་སྲུང་ཆེད། ཆབ་མདོ་དམག་སྤྱི་བྱང་རི་ལྷ་རྒྱལ་དང༌། ལི་ཐང་ཀུན་དགའ་བསམ་གཏན། སྡེ་དགེ་ཆུ་རྡོ་བུ།
ས་འདུ་བརྒྱ་དཔོན་གཙང་ཁ་བསྟན་པ་དར་རྒྱས་སྒ་བ་བརྒྱ་ དཔོན་འཇམ་དགའ་བཅས་ཀྱིས་ འབྲེལ་ཡོད་རང་འོག དམག་གི་དཔུང་སྡེ་གོང་དཀར་རྫོང་དང༌། ལྕགས་ཟམ་ཆུ་བོ་རི་གཞན་ཡང་ས་གནད་ཆེ་ཁག་ཕན་ཚུན་འབྲེལ་འཐུད་ཀྱིས་ས་གནད་ཆེ་ས་ རྣམས་སྐོར་སྲུང་བྱས་ནས་བསྡད།
སྒ་བ་དམག་སྤྱི་བུ་བཀྲ་ཡག་དང༌། སྨར་ཁམས་བརྒྱ་དཔོན་ཆོས་མཛད། སྨར་ཁམས་རྒྱ་དཔོན་དབང་ལྡན། སྒ་བ་བརྒྱ་དཔོན་གཡང་ཚེ་རིང༌། སྒ་བ་བརྒྱ་དཔོན་རྡོབ་རྡོབ་བཅས་ཀྱིས་སྣེ་འཁྲིད་པའི་རང་ཕྱོགས་དམག་མི་ཚོ་གཅིག་ པད་སྡེ་ཁུལ་དང༌། སྣང་དཀར་རྩེ།  གོང་དཀར་ཕྱོགས་བཅས་ལ་འབྲེལ་མཐུད་སྐོར་སྲུང་དུ་བཞག
            དེའི་སྐོར་གཙང་ཁ་བསྟན་པ་དར་རྒྱས་ཀྱི་མི་ཚེ་ལོ་རྒྱུས་ལས། ང་གོང་དཀར་ལ་འགྲོ་ཁར་ས་འདུ་བློ་བཟང་སྙན་གྲགས་ཕེབས་ཏེ།  ང་ལ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ལྕེ་བདེ་ཞོལ་དུ་བཞུགས་ཡོད་པ་རེད། ཁྱོད་རང་ཡར་ཕྱོགས་རྒན་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས། རྒན་རིན་པོ་ཆེ་འདི་ཕྱོགས་སུ་དྲངས་ཨེ་ཐུབ་བལྟ་ནས་དྲངས་ཐུབ་ན་དྲངས་ནས་མར་ཤོག
དྲངས་ མ་ཐུབ་ན་དམག་མི་གཞན་དང་མཉམ་གོང་དཀར་རུ་འགྲོ་དགོས་རེད་ཟེར་ནས། རྒན་རིན་པོ་ཆེ་ཏྲེ་ཧོར་སྐྱོར་དཔོན་ལ་འབུལ་རྒྱུ་ཡི་གེ་ཞིག་བསྐུར་བྱུང༌། ང་ལྕེ་བདེ་ཞོལ་དུ་རྒན་རིན་པོ་ཆེའི་སྐུ་མདུན་བཅར་སྐབས་རྒན་རིན་པོ་ཆེ་མཚམས་ལ་ བཞུགས་ནས་མཇལ་ཁ་ཡང་རག་གི་མི་འདུག རྒན་རིན་པོ་ཆེའི་གསོལ་དཔོན་སྐུ་ཚ་རྒན་དགེ་ལེགས་དང་མཇལ་ནས་གོང་གསལ་གྱི་གནས་ ཚུལ་རྣམས་ཞུ་དུས།
དགེ་ལེགས་ཀྱིས་རྒན་རིན་པོ་ཆེར་དེ་འདྲ་ཞུ་ན་རྒན་རིན་པོ་ ཆེ་བརླག་འགྲོ་གི་རེད། སྔོན་མ་འང་རྒན་ལ་དེ་འདྲ་ཞིག་ཞུས་པས་རྒན་བརླག་ནས་ཁག་པོ་ཞེ་དྲག་བྱུང་ཟེར། ངས་དེ་འདྲ་ཡིན་ན་རྩ་བ་ནས་ཞུ་མི་དགོས་ཞུས་ཏེ་ཡི་གེ་དེའང་སྤྲོད་མ་ཕོད།  མཐའ་མར་ངས་སྲུང་མདུད་གནང་རོགས་ཞུ་དུས་གསོལ་དཔོན་དགེ་ལེགས་ཀྱིས་རྒན་རིན་པོ་ ཆེའི་གདིང་བ་རྙིང་པ་ཞིག་གནང་བྱུང་བ་དེ་ཁུར།
སྒོའི་གསེབ་ནས་ཞལ་མཇལ་ཞིག་ ཞུས་ནས་དམག་སྒར་ཏུ་ཕྱིར་ལོག ང་ཚོ་འཕྱོང་རྒྱས་སུ་སླེབས་སྐབས་གྲྭ་ནང་ནས་རྒྱ་དམག་འགྲོ་གི་འདུག་ཟེར་ནས་བརྡ་ བྱུང༌། ང་ཚོ་དེར་འགྲོ་དུས་རྒྱ་དམག་གིས་ཇ་སྐོལ་ཤུལ་ཐབ་རྡོ་རྣམས་ཚ་བོར་གནས་ཀྱང་རྒྱ་ དམག་རྣམས་ནི་འགྲོ་ཟིན། དེ་ནས་ང་ཚོ་འཕྱོངས་རྒྱས་སུ་ཐོན་ཏེ་ཇ་བཀོལ་ནས་ཇ་འཐུང་མ་ཟིན་ཙམ་ལ།
སོ་པས་ རྒྱ་དམག་ཡོང་གི་འདུག་ཟེར་ནས་བརྡ་བྱུང་བ་དང་མཉམ། རང་རང་སོ་སོས་མེ་མདའ་ཁུར་ཏེ་ལམ་གྱི་གཡས་གཡོན་ཞིང་ཁའི་རྭ་བ་ནང་ནས་སྒུག་ར་ སྤྲོད་དེ་སྒུགས། མི་རིང་བར་རྒྱ་དམག་རླངས་འཁོར་བཞི་སླེབས་བྱུང༌། རླངས་འཁོར་བཞི་ཐོག་གི་རྒྱ་དམག་དེ་ཚོ་ནི་ཉེ་སྔོན་དབྲ་ཕྲུག་ངག་དབང་དང༌།  དཀར་མཛེས་སྤུས་མོ་འབུག་ཚང་སྒྲོལ་མ།
སྐྱོང་ལུ་ཁོ་ཚོ་ཨ་འབྲུག་སྦྱིན་བདག་ དང་མཉམ་བྱང་དུ་བསྐྱོད་དུས་རྒྱ་དང་འཐབ་པས་ ཁ་འཐོར་ནས་ལྷོ་ཕྱོགས་སུ་བསྐྱོད་ལམ་གོང་དཀར་འཕྲང་ལམ་ཞིག་ཏུ་རྒྱ་མིའི་དོལ་ སྐྱེལ་རླངས་འཁོར་འོང་བ་དང་ཐུག་ནས་རླངས་འཁོར་གཅིག་མེ་ལ་བསྲེགས། གཅིག་ཆུ་ནང་གཡུགས། དོལ་སྐྱེལ་དམག་མི་རྣམས་བསད་པ་དེའི་ར་མདའ་ལ་རྩེད་ཐང་དམག་སྒར་ནས་ཁས་ལེན་པ་ རླངས་འཁོར་བཞི་བཏང་བ་དེ་ཚོ་རེད་འདུག
དབྲ་ཕྲུག་ངག་དབང་སོགས་ཀྱིས་བསྲེགས་པའི་རླངས་འཁོར་དེ་མཐོང་བྱུང༌། དེ་མིན་ཆུ་ནང་གཡུག་ཡོད་པ་དེ་ནི་མཐོང་མ་བྱུང༌།
དེ་ ཉིན་ར་མདའ་ལ་ཡོང་བའི་རླངས་འཁོར་བཞི་པོ་དེ་ཐལ་རྡུལ་གྱི་གསེབ་ནས་བཤར་བྱུང༌།  དེ་བཞི་ལས་གཉིས་སྔོན་མ་དང་གཉིས་རྗེས་ལ་སྡོད་པའི་བར་ཐག་གང་ཙམ་ཆད་འདུག  ང་ཚོས་མོ་ཊ་དང་པོ་གཉིས་ལ་མེ་མདའ་རྒྱབ་ན་རྗེས་མ་གཉིས་ཤོར་དོགས་དང༌། རྗེས་མ་གཉིས་ལ་རྒྱབ་ན་དང་པོ་གཉིས་ཤོར་དོགས་ཀྱིས་ཐེ་ཚོམ་ངང་ཅུང་ཞིག་ལུས།
རླངས་ འཁོར་དང་པོ་གཉིས་ང་ཚོའི་མདུན་ཕྱོགས་སུ་ཐག་ཉེ་བཅར་བྱུང་བ་དང་མཉམ་དུ། རླངས་འཁོར་གྱི་འཁོར་ལོ་ལ་མདེའུ་དྲག་ཆར་འབབ་པ་ལྟར་བཙགས་པས། རླངས་འཁོར་གཉིས་ཀའི་འཁོར་ལོ་གཏོར་ཐུབ་སོང༌། རྒྱ་དམག་འགའ་ཞིག་རླངས་འཁོར་འོག་ཏུ་མཆོངས་ཏེ་མེ་མདའ་རྒྱབ་པ་དང༌། འགའ་ཞིག་གིས་རླངས་འཁོར་ཐོག་ནས་མེ་མདའ་རྒྱབ་བྱུང༌།
ང་ཚོས་ཀྱང་རྒོལ་ལན་ མཐའ་གཅིག་ཏུ་སྤྲོད་ཀྱང་ཕན་གནོད་ཞེ་དྲག་བཏང་ཐུབ་མ་སོང༌། ཚུར་བྷི་རིང་ཀན་དང་ཏྲིང་ཀེ་རེ་རྒྱབ་ཡོང་དུས་མགོ་བཀྱག་སར་རག་གི་མི་འདུག ང་རང་གིས་མདེའུ་སུམ་ཅུ་ཙམ་རྒྱབ་པ་ཡིན་ཏེ་ཕན་གནོད་ཞེ་དྲག་བཏང་ཐུབ་མ་སོང༌།  ངའི་བསམ་པ་ལ་ང་ཚོ་ཆུ་བཞི་སྒང་དྲུག་གིས་མི་ལ་མིང་བཏཊ། མཚོན་ལ་ཡུར་བ་སྤྲོད་དེ་འདིར་བཏང་བ་རེད།
རྒྱ་འདྲེ་དེ་ཚོ་ཤོར་ན་ག་ལ་འགྲིག དེ་བས་ཡང་ན་ས་འདུ་བརྒྱ་དཔོན་གཙང་ཁ་ཚང་བསྟན་པ་དར་རྒྱས་ཤི་འདུག་ཟེར་བ་ཞིག་ དང༌། ཡང་ན་ས་འདུ་བརྒྱ་དཔོན་གཙང་ཁ་ཚང་བསྟན་པ་དར་རྒྱས་ཀྱིས་དཔའ་རྟགས་བཞག་འདུག་ཟེར་ བ་ཞིག་མ་བྱེད་ན་འགྲིག་གི་མི་འདུག་བསམ་སྟེ། རང་གི་ལག་ལ་ཡོད་པའི་ཨོ་སུ་ཀྲོ་དེ་གཅིག་རྒྱབ་དུས་བྷི་རིང་ཀན་རྒྱབ་མཁན་རྒྱ་ དམག་ཞིག་རྨས་སོང༌།
སླར་ཡང་ཨོ་སུ་ཀྲོ་དེ་ལག་བོའུ་བྱས་ཏེ་དེར་རྒྱུགས་ཞོར་ དང༌། རྒྱབ་ཞོར་ངང་རླངས་འཁོར་རྩར་སླེབས་པ་དང༌།  རྒྱ་དམག་རྨས་མ་དེའི་ལག་གི་བྷི་རིང་ཀན་དེའི་ཁ་ནས་བཟུང་སྟེ་གཅིག་འཐེན་པས་བྷི་ རིང་ཀན་དེ་རང་ལག་ཏུ་ཐོབ་བྱུང་ཡང༌། འཁོར་ལོ་དེ་ཁྲོབ་སྒྲ་དང་བཅས་མོ་ཊའི་ནང་དུ་ཕྱིར་ཟག་སོང༌།
སྐབས་དེར་ རླངས་འཁོར་ཐོག་ནས་རྒྱ་དམག་གཅིག་གིས་མེ་མདའ་ཞིག་སྐག་སྒྲ་དང་བཅས་ ངའི་ཐོག་ལ་བརྒྱབ་པས་ང་རང་ཡང་ཕར་ཕྱོགས་དེར་གན་རྐྱལ་དུ་སྒྱེལ་སོང༌། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་ཐུགས་བྱིན་དང་མཚོན་སྲུང་གིས་སྐྱབས་ཏེ་ལུས་ལ་ རྨས་སྐྱོན་མ་བྱུང༌།  ཕར་ཤོག་དེ་ནས་དཀར་མཛེས་པདྨ་ཚེ་དབང་གིས་ང་ལ་བསྟན་དགའ་ངན་པ་རྒྱབ་ཨེ་བྱུང༌།  ང་དེར་སླེབས་ཡོང་ཟེར།
ངས་ཚུར་མ་ཡོང་ང་སྐྱོན་མི་འདུག་ལབ། རྒྱ་དམག་དེའི་ང་བསད་ཚར་བསམ་ནས་ཡང་བསྐྱར་མེ་མདའ་རྒྱབ་མ་བྱུང༌།  ང་རང་ཅུང་ཙམ་སྡོད་ནས་མེ་མདའ་གཉིས་པོ་དེ་ལག་ཏུ་དམ་པོར་བཟུང་ནས།  རྒྱུགས་ཐེངས་གཅིག་གིས་ཞིང་ཁའི་ར་བ་ལས་ཕ་རོལ་ཏུ་མཆོང་ཐུབ་སོང༌།   ས་འདུ་དམག་ཕྱོགས་ཀྱི་ཁོངས། བེ་རི་བའི་ཁས་ལེན་པ་གཉིས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱུགས་བྱུང་ཡང་སྟབས་མ་ ལེགས་ནས།
གཉིས་ཆར་བསད་ཤོར་སོང༌། མཐའ་མར་ང་ཚོས་ཀྱང་མོ་ཊ་དེའི་ནང་ཡོད་པའི་རྒྱ་དཔོན་གཉིས་མ་གཏོགས་ཐམས་ཅད་བསད་ ཐུབ་སོང་ཡང༌། རྒྱ་དཔོན་དེ་གཉིས་ནི་དངོས་གནས་དྲང་གནས་ངན་པ་ཞེ་དྲག་འདུག ང་ཚོས་ཁོ་གཉིས་བསད་མ་ཐུབ་ནས་ལུས་ས་རེད་བསམ་སྟེ་སེམས་ཁྲལ་བྱེད་དགོས་བྱུང༌། གལ་སྲིད་ཁོང་གཉིས་བསད་མ་ཐུབ་ན་མོ་ཊའི་ནང་གི་མདའ་རྫས་ཚོ་རང་དམག་གིས་ལེན་ཐབས་ ཡོད་པ་མ་རེད།
དེ་ནས་ང་ཚོས་ཕྱོགས་མཐའ་ནས་བསྐོར་ཏེ་མེ་མདའ་སེར་རྒོད་འབབ་པ་ ལྟར་རྒྱབ་པས་མཐར་ རྒྱ་དཔོན་གཉིས་པོ་དེ་བསད་ཐུབ་ཙམ་བྱུང༌།  དཀར་མཛེས་པདྨ་ཚེ་དབང་གིས་ང་ཚོས་གཏོར་ཟིན་པའི་རྒྱ་དམག་གི་མོ་ཊ་ནང་མེ་མདའ་ ལེན་འགྲོ་དགོས་ཟེར་ཡང༌།  མོ་ཊའི་ནང་ནས་ཁྲག་གི་ཐིག་པ་རྒྱག་གི་འདུག གཟུགས་པོ་ལ་ཁྲག་འགོས་ན། མཚོན་སྲུང་གི་ནུས་པ་ཉམས་འགྲོ་ཞེས་བཤད་ནས་བཀག་པ་ཡིན།
དམག་ འཐབ་དེའི་ནང་ས་འདུ་དམག་ཕྱོགས་ཀྱི་ཁོངས།  བེ་རི་མདའ་འགོ་བ་པདྨ་མགོན་པོའི་བུ་བསོད་ལྷ་ཡང་དགྲ་བོའི་མེ་མདའ་ཁར་མཆོང་ རྒྱུག་བྱེད་ཐལ་ཆེ་དྲགས་ནས། ཚེ་སྲོག་ལ་ཆག་གྲུམ་ཐེབས་འདུག་ཀྱང༌། ངས་རྗེས་མར་མ་གཏོགས་ཧ་གོ་མ་བྱུང༌། དེ་དུས་མོ་ཊ་རྗེས་མ་ནང་ཡོད་པའི་རྒྱ་དམག་ཚོ། ཉེ་འགྲམ་གྱི་རི་སྡེབས་ལ་འཛེགས་ནས།
ང་ཚོའི་ཐོག་མེ་མདའ་དྲག་ཆར་འབབ་པ་ ལྟར་བཙག་བྱུང་སྟབས། ཁོང་གི་སྐུ་ཕུང་ལེན་སར་ཇི་ཙམ་ཐབས་ཤེས་བྱས་ཀྱང་འགྲོ་ཐབས་མ་བྱུང༌། སྐབས་དེར་ང་ཚོའི་དམག་རོགས་ཚོས་བཤད་པ་ལྟར་ན།  གཏོར་ཟིན་པའི་མོ་ཊ་དེ་གཉིས་ཀྱི་ནང༌། མ་མཐའ་ཡང་དམག་མི་བཞི་བཅུ་རེ་ཡོད་འདུག་ཟེར་ཡང༌། ཤི་ལམ་དུ་བསྐྱོད་ཟིན་པའི་རྒྱ་དམག་དེ་ཚོའི་མེ་མདའ་དང་མེདའུ་སོགས་ལ་ལྟས་ན།
མི་ ཉི་ཤུ་ནས་སུམ་ཅུ་བར་ཡོད་ངེས། ཁྲག་འགོས་པའི་མདའ་རྫས་རྣམས་ཕུད། དེ་བྱིངས་བེད་སྤྱད་བྱས་ཟིན་པ་དང་མ་ཟིན་པའི་མདའ་རྫས་རིགས་གང་ཡོད་པ་རྣམས་ཁུར། མདའ་རྫས་ལྷག་མ་དང་མོ་ཊ་གཉིས་མེ་བསྲེག་བཏང་ལོང་མ་བྱུང་གོང༌།  མོ་ཊ་རྗེས་མའི་ནང་གི་རྒྱ་དམག་ཚོ་རི་ངོས་ལ་འཛེགས་ནས་ང་ཚོའི་ཐོག་མེ་མདའ་མང་ པོ་རྒྱབ་བྱུང་བས།
ང་ཚོ་ཕྱིར་བཀྱེད་བྱས་ཏེ་འཕྱོངས་རྒྱས་ཕྱོགས་སུ་ཕྱིན་པ་ ཡིན།  ཉིན་དེར་ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་གྱིས་ཁང་ཐོག་ནས་རྒྱ་དམག་ཐོག་ཏུ་མེ་ སྒྱོགས་ཁ་ཤས་རྒྱབ་སོང༌། དངོས་གནས་དྲང་གནས་མི་མང་པོ་བསད་ཡོད་ས་ཡོད། ཁོས་མེ་སྒྱོགས་བརྒྱབ་སྟེ་ཁང་ཐོག་ཏུ་སྡོད་པས་རྗེས་མར་མ་གཏོགས་རང་དམག་རྣམས་ ཐོན་ཟིན་པ་ཤེས་མི་འདུག
ཁོས་ང་ལ་ང་ཚོའི་དམག་སྤྱི་རྣམ་པ་གསོད་དགོས་ས་ རེད། ཁོ་ཚོ་བྲོས་པས་ངའི་མེ་སྒྱོགས་ཤོར་གྲབས་བྱས་བྱུང་ཟེར། ཁོའི་མེ་སྒྱོགས་རྟ་རྒྱབ་ལྔ་བྱས་ཏེ་འགྲོ་གི་འདུག སྤྱི་བཏང་ཁོ་ལ་གཡོག་པོ་སྤུས་གཙང་ཞེ་དྲག་འདུག་ཀྱང༌། ངས་ཁོ་ལ་ང་ས་འདུ་བརྒྱ་དཔོན་གཙང་ཁ་ཚང་བསྟན་པ་དར་རྒྱས་ཐར་ན་ཁྱོད་རང་ཐར་བ་ཞིག་ དང༌། མ་ཐར་ན་མཉམ་ཤི་བྱེད་ཆོག་ལབ་པ་ཡིན།
དེ་དུས་ང་ཚོའི་རྗེས་སུ་རྒྱ་དམག་ གིས་མེ་མདའ་རྒྱབ་ཀྱི་འདུག་ཀྱང་ང་ཚོའི་རྩར་ སླེབས་ཀྱི་མི་འདུག དེའི་དགོང་མོར་རྒྱའི་རླངས་འཁོར་མང་པོ་ཕར་རྒྱུགས་ཚུར་རྒྱུགས་བྱེད་སོང་ཡང༌། འཕྱོངས་རྒྱས་སུ་སླེབས་མ་སོང༌། དེ་ཉིན་ང་ཚོའི་དམག་མི་གསུམ་རྒྱ་དམག་གི་མོ་ཊ་ཐོག་རྒྱུགས་པའི་སྐབས་བསད་ཤོར་བ་ དང༌། གཞན་བཞི་རང་སར་མདེའུ་ཕོག་སྟེ་བསད་ཤོར་འདུག་པ་དང༌།
རང་ཕྱོགས་དང་ བླངས་དམག་མི་བདུན་རྐྱེན་ལམ་དུ་ཤོར་འདུག ཚུར་འཕྱོངས་རྒྱས་སུ་འོང་ནས། བསོད་ལྷའི་ཅ་དངོས་རྣམས་དགོན་པ་དག་ལ་མཆོད་འབུལ་བྱས།  ས་འདུ་དམག་ཤོག་བེ་རི་ཞི་ཚེ་བ་བསོད་ནམས་དོན་འགྲུབ་ཀྱི་རྟ་ལ་མེ་སྒྱོགས་ཐེབས་ དེ་བསད་ཤོར་འདུག བསོད་ལྷ་གྲོངས་མཁན་གྱི་རྟ་དེ་ཁོ་ལ་སྤྲོད།
ཁོ་དང་དཀར་ མཛེས་རྡོ་ལེབ་ཕུག་ཚང་བློ་བཟང་ཚེ་རིང་གཉིས་ལ་ང་རང་གིས་རྒྱ་དམག་ས་ ནས་འཕྲོག་པའི་བྷི་རིང་ཀན་དང་ཀྲིང་ཀན་དེ་གཉིས་དམག་སྒར་ནང་མར་བསྐུར།  ཞེས་འཁོད་འདུག
            འདིའི་སྐོར་རྒྱའི་ཡིག་ཆའི་ནང༌། སྐབས་དེར་བསམ་ཡུལ་ལས་འདས་པའི་གནས་ཚུལ་གཞན་ཞིག་བྱུང་བ་ནི། ཏུའུ་ཞའོ་མོག་ལ་དཔུང་རོགས་བཏང་བའི་དབྱིན་ཁྲོན་ཧའོ་ལ། ཇག་པའི་འཇབ་རྒོལ་ཕོག་པ་དེ་རེད།
དབྱིན་ཁྲོན་ཧའོ་རྩེད་ཐང་དམག་སྒར་དུ་ སླེབས་པ་དང་ལྷ་ས་ནས་ཁ་པར་འབྱོར་ཏེ་ཏུའུ་ ཞའོ་མོག་གི་རླངས་འཁོར་རུ་ཁག་ལ་གོང་དཀར་དུ་ཇག་པས་འཇབ་རྒོལ་ཕོག་འདུག་པས་དཔུང་ སྣོན་བརྒྱ་ཤོག་གཉིས་གཏོང་དགོས་པའི་བཀའ་ཕེབས། ཚེས་ ༡༩ ཞོགས་པ་ཆུ་ཚོད་ ༧ ཐོག་དབྱིན་ཁྲོན་ཧའོ་ཡིས། བརྒྱ་ཤོག་བདུན་པ་དང་བརྒྱད་པ་གཉིས་རླངས་འཁོར་བཞིའི་ནང་བགོས་ཏེ་གོང་དཀར་ ཕྱོགས་སུ་བསྐྱོད།
ཇག་པས་འཐབ་བྱུས་པ་ཅང་ཧའོ་ཐེང་གིས། གོང་དཀར་ས་ཁུལ་དུ་ཏོའུ་ཞའོ་མོག་གི་དཔུང་དམག་ལ་འཇབ་རྒོལ་བཏང་རྗེས་ལྷ་ས་ནས་ དཔུང་སྣོན་གཏོང་རྒྱུ་ཧ་ཅང་གི་དཀའ་ངལ་འཕྲད་ཡོད་པ་དང༌། ཆུ་ཤུར་ལ་བརྒྱ་ཤོག་གཅིག་ལས་མེད་སྟབས་འགུལ་བསྐྱོད་བྱེད་མི་ནུས། རྩེད་ཐང་ནས་དཔུང་རོགས་ཡོང་ངེས་ལ་ཐག་བཅད་དེ་རྩེད་ཐང་དང་གྲ་ནང་ས་ཆར་འཇབ་རྒོལ་ བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་རེད།
            དབྱིན་ཁྲོན་ཧའོ་ནས་ཏུའུ་ཞའོ་མོག་ལ་འཇབ་རྒོལ་ཕོག་སར་མྱུར་བ་སླེབས་པའི་ཆེད་ དུ། ཁོ་པས་རླངས་འཁོར་ནང་མགྱོགས་མྱུར་ངང་མདུན་དུ་བསྐྱོད། རླངས་འཁོར་གཞན་གསུམ་ནས་ཀྱང་མདའ་དཔོན་གཞོན་པའི་རྗེས་སུ་ཤར་བསྐྱོད་བྱས། ཉིན་གུང་ཡོལ་ནས་ཆུ་ཚོད་ ༢ དང་སྐར་མ་ ༣༠ ཐོག་དབྱིན་ཁྲོན་ཧའོ་ཡིས་སྣེ་ཁྲིད་པའི་དཔུང་དམག་རྣམས་ཇག་པའི་མཐའ་བསྐོར་སྒུག་ རའི་ནང་ཚུད་པ་དང༌།
དགྲ་བོས་ཕྱོགས་བཞི་མཚམས་བརྒྱད་ནས་མེ་མདའ་ཤུགས་ཆེན་ བརྒྱབ་པར་བརྟེན། རླངས་འཁོར་ཁ་ལོ་བ་གཉིས་ལ་མེ་མདའ་ཕོག་སྟེ་གྲོངས་པ་དང༌། རླངས་འཁོར་ལམ་ཟུར་དུ་བརྡབ་སྟེ་ལྷགས། སྐབས་དེར་རླངས་འཁོར་གཞན་གཉིས་ཀྱང་དེར་བཀག་སྡོད་བྱ་དགོས་གྱུར་སྟབས། རླངས་འཁོར་ཐོག་གི་དཔུང་དམག་རྣམས་མར་བབས་ནས་དགྲ་བོར་རྒོལ་ལན་སློག
ཐོན་ ཀྲང་གཞོན་པ་དབྱིན་ཁྲོན་ཧའོ་ཡིས་ཏུའུ་ཞའོ་མོག་ཡོད་པའི་གོང་དཀར་ས་གནས་ ཀྱི་དམག་འཐབ་སྔ་ས་ནས་མཇུག་བསྒྲིལ་ཚར་བ་མ་ཤེས་པར་ཁོང་ཚོའི་ཆེད་དུ་སྔ་ཙམ་ དཔུང་རོགས་སླེབས་ཐབས་སུ། དམག་མི་རྣམས་ལ་མདུན་ཕྱོགས་སུ་བཙན་རྒོལ་གྱིས་དཔུང་བསྐྱོད་དགོས་པའི་བཀའ་བཏང༌། དགྲ་བོས་ཀྱང་མདུན་ཕྱོགས་ནས་བཀག་རྒོལ་དྲག་པོ་བྱས་པ་མ་ཟད། གཡས་གཡོན་གཉིས་ནས་སྐབས་དང་བསྟུན་ནས།
ཚུར་རྒོལ་ཤུགས་ཆེན་བྱས་པར་བརྟེན་ ཐེངས་གཉིས་མདུན་བསྐྱོད་བྱས་པར། གྱོང་གུད་ཆེན་པོ་ཕོག་སྟེ་དགྲ་བོའི་སྒུག་ར་ལས་ཐར་ཐུབ་མེད། ཐེངས་གསུམ་པ་རྩ་འཛུགས་བྱས་ཏེ། ཕར་རྒོལ་བྱེད་སྐབས་གཡས་ཕྱོགས་ངོས་ནས་སུ་ཡིན་མིན་མ་ངེས་པའི་མེ་མདེལ་ཞིག་ དབྱིན་ཁྲོན་ཧའོ་ཡི་མགོ་ལ་ཕོག་སྟེ། འདས་གྲོངས་སོང་བ་དང༌། དམག་དམངས་རྣམས་ཀྱང་རེ་ཞིག་ཟང་ཟིང་དུ་གྱུར།
དགྲ་བོས་གོ་སྐབས་དེ་དམ་འཛིན་ བྱས་ནས་སྔར་ལས་ཛ་དྲག་ཆེ་བའི་ཚུར་རྒོལ་བྱས་ཏེ་ རླངས་འཁོར་གཉིས་མེར་བསྲེགས་བཏང་རྗེས། བརྒྱ་ཤོག་ ༧ པ་དང་ ༨ པའི་རྒྱ་དཔོན་གཉིས་ཀྱི་དགྲ་བོས་མཐའ་ཡོངས་སུ་བསྐོར་ཡོད་པས། ད་ཡོད་དམག་ས་རང་སྲུང་གིས། དམག་རོགས་མ་སླེབས་བར་རང་སྲུང་གི་འགོག་རྒོལ་བྱེད་དགོས་པའི་བཀོད་བརྡ་བཏང༌།
དགྲ་ བོས་བློ་དོགས་ཆེ་ཤོས་ནི་དཔུང་རོགས་སླེབས་རྒྱུ་དེ་ཡིན་སྟབས། དཔུང་རོགས་མ་སླེབས་གོང་དུ་བརྒྱ་ཤོག་གཉིས་རྩ་མེད་བཟོ་དགོས་བསམ་སྟེ། གཅིག་མཇུག་གཉིས་མཐུད་ཀྱིས་ཚུར་རྒོལ་དྲག་པོ་བྱེད་བཞིན་པར་བརྟེན། ལྷོ་ནུབ་ཕྱོགས་སུ་ཡོད་པའི་མེ་མདའ་སྦག་སྦག་གི་འཐབ་ར་དགྲ་བོར་ཤོར་ཏེ་ཇག་པ་དང་ རང་དམག་གཉིས་དམར་འཛིང་སྐབས་འགོ་དམག་ ༢༠ སྐོར་སྲོག་སྐྱོན་ཤོར།
བརྒྱ་དཔོན་ གཉིས་ཀྱིས་ལམ་སེང་དམག་མི་འཁྲིད་དེ་དཔུང་རོགས་ལ་སོང་བ་དང༌། བརྒྱ་ཤོག་བདུན་པའི་བརྒྱ་དཔོན་གྱིས་མེ་མདའ་སྦག་སྦག་ཞིག་འཁྱེར་ནས་གདོང་མཆོངས་ རྒོལ་འཛིང་གིས། ཇག་པས་མེ་མདའ་སྦག་སྦག་གི་འཐབ་ར་ནས་གོ་མཚོན་རྣམས་འཁྱེར་ཏེ་ཕྱིར་འཐེན་བྱས་པ་ དང༌། གོ་སྐབས་དེ་བཟུང་ནས་བྱང་ངོས་ཀྱི་རི་མགོ་ཞིག་བཟུང་ཐུབ་པ་བྱུང༌།
ཇག་ པས་ལམ་སེང་རི་མགོ་དེར་སླར་ཡང་ཛ་དྲག་གི་ཚུར་རྒོལ་ཡང་ཡང་བྱེད་བཞིན་པར་ བརྟེན། བརྒྱ་དཔོན་གཉིས་ཀྱིས་གོང་དཀར་ཕྱོགས་སུ་དཔུང་བསྐྱོད་མ་བྱས་ཚེ། ཚང་མ་རྩ་མེད་འགྲོ་རྒྱུའི་ཉེན་ཁའི་ནང་སླེབས་ཡོད་པར་ཤེས་ནས། མགྱོགས་མྱུར་དགྲ་བོའི་སྒུག་ར་ནས་ཕྱིར་ཐོན་ཐབས་སུ་དཔུང་དམག་རྣམས་རྩ་འཛུགས་ ཀྱིས། འཐབ་འཁྲུག་གང་མཚམས་བྱས།
མཐར་ས་མ་རུབ་ཙམ་དུ་དགྲ་བོའི་སྒུག་ར་ནས་ཐར་ ཏེ། ནུབ་ངོས་ཀྱི་རི་མགོ་ཆུང་ཆུང་ཞིག་ཟིན་ཐུབ་ཙམ་བྱུང་ཡོད། བརྒྱ་དཔོན་གཉིས་ནས་ཇག་པ་གློ་བུར་ཕྱིར་འཐེན་བྱེད་བཞིན་པ་མཐོང་བ་དང༌། ལྷ་ས་ནས་དཔུང་རོགས་དམག་སླེབས་པ་འདྲ་སྙམ་ཏེ་དམག་མི་རྣམས་རྩ་འཛུགས་ཀྱིས་ཇག་ པའི་རྗེས་དེད་བཏང་ཡང༌། ཁོ་ཚོ་ཚང་མ་རྟ་དམག་ཞེ་གཅིག་ཡིན་སྟབས་ཡུད་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཟིན།
དེ་ ནས་སླར་ཡང་དགྲ་བོའི་འཇབ་རྒོལ་གཏོང་སའི་གཡུལ་སར་ཚུར་ལོག་སྟེ་གཙང་བཤེར་ བྱས། སྐབས་དེའི་འཐབ་འཁྲུག་ནང་དུ་བཅིངས་འགྲོལ་དམག་ལ་གྱོང་གུད་ཆེན་པོ་ཕོག་ཡོད། མདའ་དཔོན་གཞོན་པ་དབྱིན་ཁྲོན་ཧའོ་ཡི་གཙོས་འགོ་དམག་ ༥༦ དང༌། རླངས་འཁོར་གཉིས་ལ་གཏོར་སྐྱོན་ཕོག་ཡོད།
            གོང་དཀར་དང་གྲ་ནང་གཉིས་ཀྱི་དམག་འཐབ་ནང༌། བཅིངས་འགྲོལ་དམག་ལ་གྱོང་གུད་ཚབས་ཆེན་ཕོག་ཡོད་སྟབས། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཧང་སང་པར་མ་ཟད། ཀྲུང་དབྱང་དམག་ཁུལ་ཁང་ཡང་ཧང་སང་སྟེ་བོད་ལྗོངས་ལས་དོན་ལ་མཐོང་ཆེན་བྱས་ཏེ་ ཕྱི་ཟླ་ ༡༢ ཚེས་ ༢༡
ཉིན་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ལའོ་རུས་ཆིང་གྱིས་པེ་ ཅིང་དུ་ནད་གསོ་བྱེད་ བཞིན་ཡོད་པའི་བོད་དམག་ཁུལ་ཁང་གི་དྲག་བྱུས་དམག་དཔོན་ཝང་ཁེན་འཕྲལ་དུ་ལྷ་སར་ ཕྱིར་ལོག་དགོས་པའི་བཀའ་བཏང་བ་བཞིན་ཝང་ཁེན་ལྷ་སར་འབྱོར་ཀྱང༌། དམག་ཁུལ་ཁང་གི་བཀོད་འདོམས་ལས་ཁུངས་ལ་མི་མང་དུ་སོང་ཡོད་པ་ཙམ་ལས། མིག་སྔའི་ཛ་དྲག་གི་གནས་ཚུལ་ལ་འགྱུར་བ་ཐེབས་ཐབས་མེད་པར་མ་ཟད།
ཁྱོན་ཡོངས་ནས་ཟིང་འཁྲུག་ལང་རྒྱུའི་ཉེན་ཁ་སྔར་ལས་ཆེ་བ་ཞིག་གི་དུས་སུ་སླེབས་ཡོད་པ་རེད། ཅེས་བཀོད་འདུག
 
ལྷོ་ཁའི་གྲྭ་ནང་ཞེས་བྱའི་འགག་འཕྲང་ནས།།
ཕྱིར་ཀྱེད་མེད་པར་མེ་མདའི་ཁ་ལ་རྒྱུགས།།
རྒྱ་དམག་བརྒྱ་ཕྲག་བསད་རྨས་བཏང་བ་དང༌།།
མོ་ཊ་གཏོར་ནས་མདའ་རྫས་སྟོང་ཕྲག་འཕྲོགས།།
 
                                   

༼11༽
དམག་སྒར་ཨ་མའི་ནང་བཞུགས་ཚོས་སྟངས་འཛིན་
                        དང༌། ཇུས་བཀོད་ཁག་འགའ་ཤས།

 
རང་ ཕྱོགས་དམག་དཔུང་ཚོས་གོང་གསལ་ལྟར། ཀླུ་ཁང་གྲུ་ཁ་དང་རྩེད་ཐང་སོགས་སུ་དམག་འཐབ་དཔུང་འཇུག་བྱེད་མུས་དེར། དམག་སྒར་ཨ་མའི་ནང་དུ་དགའ་ལྡན་རྡོབ་རྡོབ་གྲྭ་པ་བརྒྱ་དང་བརྒྱད་ཅུ་སྐོར་ཞིག ཆུ་སྒང་དམག་ཁོངས་སུ་གསར་ཞུགས་བྱས་པ་ལ། དམག་ཤོག་གཅིག་བྱས་ནས་འབའ་བ་རྒན་བུ་སྡུག་དམག་སྤྱི་དང༌། བརྒྱ་དཔོན་ཁ་ཤས་བཅས་བསྐོ་བཞག་བྱས།
དེ་རྗེས་དཀར་མཛེས་བ་རྒན་བུ་དགའ་སོགས་ སེར་འབྲས་ནས་ཀྱང་གྲྭ་པ་མང་པོ་སླེབས་ བྱུང་བ་རྣམས། ལུང་ཚན་ཁུངས་སོ་སོར་བཞག་པ་དང༌།  དེ་དང་དེས་མཚོན་ནས་ད་དུང་མུ་མཐུད་དམག་སྒར་དུ་གསར་ཞུགས་རྒྱུན་ཆད་མེད་པ་ འབྱོར་བ་རྣམས། དམག་སྤྱི་ལས་ཁུངས་བརྒྱུད་ནས་དམག་ཐོ་བཀོད་དེ་ཁོངས་སོ་སོའི་རུ་ཤོག་ནང་ཞུགས་ སུ་བཅུག
            དམག་སྒར་ལྟེ་བའི་འགན་འཛིན་ལྷན་ཚོགས་ཀྱིས་བྱང་བསྐྱོད་ཨ་འབྲུག་མགོན་པོ་བཀྲིས་ འགོ་དམག་རྣམས་དམག་སྒར་ལྟེ་བའི་ནང་ཕེབས་བསུ་དང་ཟླ་སྒྲིལ་ཆེད་བརྩད་གཅོད་དུ་ འགྲོ་རྒྱུ་གཏན་འཁེལ། མི་འགྲོའི་ཐད་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང༌། འབའ་པ་ཕྱག་མཛོད་བཀྲ་ཤིས ལི་ཐང་ཨ་བློ་ཟླ་བ་བཅས་ཀྱིས་སྣེ་ཁྲིད་དེ།
ཕྱོགས་ ཁག་སོ་སོའི་ནང་ནས་རྟ་དམག་བརྒྱ་བསྐོར་རེ་བསྡུས་ཏེ༌། རྟ་དམག་ལྔ་བརྒྱ་ཙམ་ཞིག་དམག་སྒར་ཨ་མ་ནས་ཐོན་ཏེ་དྭགས་པོ་རྒྱ་ཚར་འབྱོར། འོན་ཀྱང་དམག་སྒར་ལྟེ་བའི་འགན་འཛིན་ལྷན་ཚོགས་ཀྱི་བསམ་ཚུལ་ལ། བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དམག་སྒར་ལྟེ་བའི་འགོ་འཛིན་རང་དུ་བཞུགས་རྒྱུའི་རེ་ བ་ཞུས་ཡོད། ཚོགས་འདུ་དེའི་ནང་མང་མོས་འདོད་ཕྱོགས་ལྟར་མ་སོང་བར།
གོང་གསལ་ དཔོན་དམག་རྣམས་དྭགས་པོ་རྒྱ་ཚར་སྡོད་སྒར་སྒྲིག་རྗེས། རང་ཁོངས་ལི་ཐང་ཚེ་བཀྲ་བློ་བཟང་སོགས། རྟ་དམག་བཅུ་ཙམ་བྱང་རྒྱུད་དུ་ཨ་འབྲུག་སྦྱིན་བདག་རྩད་གཅོད་བཏང་བ་ལྟར། ཁོང་ཚོ་མུ་མཐུད་ཤར་བསྐྱོད་བྱས་པས་རྒྱ་ཤོད་བེ་དཀར་དུ། ཨ་འབྲུག་སྦྱིན་བདག་དང་དངོས་སུ་མཇལ་འཕྲད་བྱུང་བ་དང༌།
དམག་སྒར་ཨ་མའི་སྙན་ ཞུ་འབུལ་ཞུས་དང་ཕྱོགས་ཕན་ཚུན་གཉིས་ཀ་རྒྱ་དམག་དང་འཐབ་ འཛིང་ཁྲོད། དཀའ་སྡུག འཁྱག་ལྟོགས། རྒྱལ་ཁ། དམག་ཉེས། ཕམ་ཁ་བྱུང་རིམ་བཞིན་ཞིབ་བཤད་གནང་རེས་ཀྱིས་རྒྱུས་ལོན་བྱས་པ་དང༌། མཐའ་སྡོམ་དུ་དམག་སྤྱི་བཀོད་འདོམས་པ་ཨ་འབྲུག་མགོན་པོ་བཀྲིས་དཔུང་དམག་དང་བཅས་ པ་རེ་ཞིག་ལྷོ་ཁུལ་དུ་རང་འགར་ལོག་པ་ལས།
མུ་མཐུད་ནས་ཁམས་ཤར་ཕྱོགས་སུ་དཔུང་ འཇུག་བྱས་ཏེ། ཤོ་སྟར་ལྷོ་གསུམ་ཁུལ་གྱི་དམག་དོན་ཐོག་གལ་ཆེའི་བྱ་བ་འགའ་ཞིག་ལུས་ཡོད་པ་བཅས་ ལ་བརྟེན། ཕྱིར་ལོག་བྱེད་ཐབས་མེད་པ་དང༌། ལྷོ་ཁ་ཁུལ་དུ་ཡོད་པའི་དམག་སྒར་ལྟེ་བས་རེ་ཞིག་རྒྱ་དམག་ལ་ཕར་རྒོལ་བྱེད་མ་ཐུབ་ ནའང་སྐྱོན་མེད། དམག་སྒར་ལྟེ་བའི་སྒྲིག་འཛུགས་ཚགས་ཚུད་རྒྱུན་རིང་གནས་ཐབས་གནང་རྒྱུ་དང༌།
གལ་ སྲིད་ད་ཡོད་དམག་སྒར་ལྟེ་བ་འདི་བཞིན་འཐོར་ཞིག་སོང་ན། ཕྱིས་སུ་སླར་ཡང་རྒྱ་རྒོལ་བསྟན་སྲུང་དམག་སྒར་འདི་བཞིན་ཚུགས་ཐུབ་ཐབས་དཀའ་བ། གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་འགོ་དམག་དང་བཅས་པ་ལས་ཁུངས་ཨ་མའི་ནང་དབུ་ འཛིན་དུ་ཕྱིར་ཕེབས་དགོས་ལུགས་བཅས་ཀྱི་ཕྱག་བྲིས་བཀའ་ཡིག་ཕྱིར་ཕེབས་གནང་བ་ ལྟར། བང་ཆེན་ཚོ་ཕྱིར་ལོག་གིས་གནས་ཚུལ་རྒྱས་པར་གསལ་བཤད་ཐོག
བཀའ་རྒྱ་ཕྱག་ བྲིས་བཅས་དམག་སྒར་ལྟེ་བར་འབུལ་ལམ་ཞུས། སྐབས་དེར་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་སོགས་ཀྱི་དཔུང་ཁག་དྭགས་པོ་ནས་འོལ་ཁ་ སྤོས་ཟིན་ཀྱང་སླར་དམག་སྒར་ཨ་མའི་ནང་དུ་ཕྱིར་ལོག་བྱས།
            སྤྱི་ལོ་ ༡༩༥༨ ཟླ་བ་ ༡༢ ཚེས་ ༡ ཉིན་དམག་སྒར་ལྟེ་བའི་འགན་འཛིན་འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲ་ཤིས ཆ་ཕྲེང་གཙོ་འཛིན་སྲས་དགེ་སློང༌། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ། ཀོང་རག་གཙོ་འཛིན་ཀླུ་སྒྲུབ་ཕྱག་མཛོད། ལི་ཐང་གཙོ་འཛིན་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ། ཚ་རོང་གཙོ་འཛིན་དམ་པ་བློ་གྲོས། གོ་འཇོ་གཙོ་འཛིན་ཆོས་དྲུག་དོན་འགྲུབ་ཕུན་ཚོགས།
ཆབ་མདོ་གཙོ་འཛིན་རྡོ་ཚེ། ཆབ་མདོ་གཙོ་འཛིན་བློ་ཉི། སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ། སྒ་པ་གཙོ་འཛིན་དབང་ཆེན་ལྷ་མགོན། བྲག་གཡབ་གཙོ་འཛིན་ཨ་ཕྲུག་བླ་མ། མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན། འབའ་པ་དམག་སྤྱི་རྒན་ཡེ་ཤེས། ཨ་མདོ་དམག་སྤྱི་ལེགས་བཤད།  ལི་ཐང་དམག་སྤྱི་ཨ་བློ་ཟླ་བ། དར་དགོན་དམག་སྤྱི་དཔའ་ཆེན། སྡེ་དགེ་དམག་སྤྱི་ཕུར་མ་རི་རྣམ།
སྡེ་དགེ་དམག་ སྤྱི་འབའ་ཆུང་དཔོན་མཐུ་སྟོབས་མགོན་པོ་སོགས་གཙོ་འཛིན་དང་དམག་ སྤྱི་ཁག་དང༌། ཚོགས་དྲུང་ཆབ་མདོ་དཀོན་མཆོག་རྡོ་རྗེ་བཅས། ཉིན་གསུམ་རིང་ཚོགས་འདུ་ལྷན་འཛོམ་ཐོག དང་པོ་ཆབ་མདོ་གཙོ་འཛིན་རྡོ་ཚེ་ནས་ལྷོ་ཁའི་དམག་སྒར་གྱི་སྔ་ཕྱི་དམག་འཐབ་སྐོར་ གྱི་ལོ་རྒྱུས་དང༌།
དེ་རྗེས་དབྲ་ཕྲུག་ངག་དབང་གིས་བྱང་སྐྱོད་ཨ་འབྲུག་དམག་ དཔུང་གིས་སྔ་ཕྱིའི་དོན་ རྐྱེན་ཇི་བྱུང་གི་ངོ་སྤྲོད་བྱས། གྲོས་མོལ་དངོས་གཞིའི་ཐག་གཅོད་ཐོག་ཨ་རིའི་གསང་བའི་ལས་ཁུངས་ནས་གནང་བའི་གོ་ མཚོན་ཇི་ཡོད་ད་ཕྱིན་ནས་མི་སྒེར་ནས་སྒེར་ལ་རྩིས་སྤྲོད་མི་བྱེད་པར། དམག་སྤྱི་ལས་ཁུངས་རང་ནས་རྩིས་བཞེས་བདག་ཉར་དང༌། བབ་བསྟུན་བགོ་འགྲེམ་བྱེད་རྒྱུ་དང་གཅིག
ལས་ཁུངས་ཁག་གི་ལས་དོན་འཐུས་ཤོར་ མི་འགྲོ་བ་བྱེད་རྒྱུ་དང་གཉིས། རང་ཕྱོགས་ཀྱིས་བདག་བཟུང་བྱས་པའི་རྫོང་གཞིས་ཁག་ལ་དམ་འཛིན་ཐོག ལྷག་དོན་རྩེད་ཐང་རྒྱ་ཡི་དམག་སྒར་འབུར་འཇོམ་བྱེད་རྒྱུ་ལྷོད་གཡེང་མི་ཤོར་བ་ དང་གསུམ་སྟེ། ཚོགས་འདུའི་གྲོས་ཆོད་བྱུང་བ་ཁག་དམག་དམངས་ལ་གསལ་བསྒྲགས་བྱས།
            འདིའི་སྐོར་ཆུ་སྒང་མ་ཡིག་ཏུ། ཨ་འབྲུག་སྦྱིན་བདག་སོགས་བྱང་དམག་རྣམས་བར་ལམ་གོ་ཐོས་དང་བང་མི་སོགས། གང་ཡང་མ་འབྱོར་བས་ཚང་མ་སེམས་འཚབ་ངང་ཡོད་པ་ནས། ཉིན་མང་འགོ་འཐུས་ཚོགས་འདུའི་ཐོག་གཞིས་བྱེས་ཀྱི་དམག་རྣམས། མདའ་སྒྲིལ་ཐུབ་པ་ཞིག་མ་བྱུང་ན་མཐར་ཐུག་གི་དམིགས་ཡུལ་འགྲུབ་དཀའ་བ་དང༌།
དེའང་ ཨ་འབྲུག་སྦྱིན་བདག་སོགས་གསུ་ཐབས་དགོས་སྐོར་གྱི་གྲོས་བསྡུར་བྱས་མཐར་ བསུ་མཁན་འགྲོ་རྒྱུ་ཐག་ཆོད་བྱུང་མཚམས་སུ་འགྲོ་གྲབས་བྱས་སྐབས། སྡེ་དགེ་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང༌། འབའ་པ་ཕྱག་མཛོད་བཀྲ་ཤིས ལི་ཐང་ཨ་བློ་ཟླ་བ་སོགས་ཀྱིས་ང་ཚོ་བསྐྱོད་ཆོག་པ་ཞེས་ཞུས་ཏེ་འགྲོ་ཟེར་བ་དང༌། དེར་ཡོད་ནས་ཆུ་སྒང་གི་ལས་དོན་སྤྱི་དང༌།
ཡུལ་མིས་རྙོག་གླེང་ལ་ལས་ཁུངས་ནས་ བཤད་པས། ཉིན་ཤས་ཉན་མཁན་དཀའ་བས་གང་ཅིའི་ཐོག་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་བཞུགས་གལ་ལས་ ཕེབས་ན་འགྲིག་མིན་བཤད་ཀྱང་མ་ཉན་པར་ཁོང་རྣམས་སོ་སོའི་ཤོག་ནས་མི་རྟ་གོ་འགྲིག་ བརྒྱ་སྐོར་རེ་ཁྲིད་ནས་བསྡོམས་རྟ་པ་ལྔ་བརྒྱ་སྐོར་དྭགས་པོ་རྒྱ་ཚར་ཕྱིན།
རྣམ་ རྒྱལ་རྡོ་རྗེ་ནས་ལས་ཁུངས་སུ་ཁ་མ་སྲོང་པ་ལས་ལས་ཁུངས་འདིར་ཆུ་བཞི་སྒང་ དྲུག་གི་ཤོག་ཁ་མང་པོའི་དབུ་འཛིན་ཡོད་ཀྱང༌། དབང་ཆ་ཡོངས་རྫོགས་མི་གཅིག་གིས་བཟུང་ནས་བརྒྱ་གོ་གཅིག་ཆོད་བྱས། ང་ཚོ་འདིར་ཇ་འཐུང་མཁན་དང༌། ཁ་ལག་ཟ་མཁན་ལྟ་བུ་བྱས་ནས་བསྡད་པ་ལས་ཨ་འབྲུག་བསུ་མཁན་ཕྱིན་ན་དགའ་ཞེས་ཆབ་མདོ་ དྲུང་ཡིག་དཀོན་མཆོག་རྡོ་རྗེར་བཤད།
            དྭགས་པོ་རྒྱ་ཚར་འབྱོར་བ་དང་ཁོ་ཚོ་གྲོས་བསྡུར་སྐབས། དེང་སྐབས་ངོས་རྣམས་ནས་ཨ་འབྲུག་སྦྱིན་བདག་སོགས་བྱང་དམག་རྣམས་གར་ཡོད་ཙམ་ཡང་མ་ ཤེས་པར་དམག་མི་རྣམས་ཕྱོགས་གཅིག་ཏུ་ཕྱིན་ན་ཉེན་ཆེ་བས་སྔོན་དུ་བང་མི་བརྫངས་ ནས་དེ་རྗེས་ཅི་དགོས་ལྟ་རྒྱུ་གྲོས་ཏེ།
ལི་ཐང་ཚེ་བཀྲ་བློ་བཟང་འོག་མི་བཅུ་ བཏང་པ་རྒྱ་ཤོད་བེན་དཀར་དུ་ཨ་འབྲུག་སྦྱིན་ བདག་སོགས་དང་གཏུག་པར། ཨ་འབྲུག་སྦྱིན་བདག་ནས་ངོས་རྣམས་ལས་དོན་ཞིག་གི་སླད་ཤོ་ལྟར་ལྷོ་གསུམ་དུ་འགྲོ་ རྒྱུ་ལ། དེ་བར་དམག་སྒར་ཨ་མ་ནས་རྒྱ་མིར་ཕར་རྒོལ་མི་བྱེད་རྒྱུ་དང༌།
རྣམ་ རྒྱལ་རྡོ་རྗེ་ལས་ཁུངས་ཀྱི་དབུ་འཛིན་བྱས་ནས་བཞུགས་དགོས་སྐོར་བཤད་ནས་བང་ མི་རྣམས་དྭགས་པོ་རྒྱ་ཚར་ཕྱིར་འབྱོར། དེ་སྐབས་ལྷ་རྒྱལ་རི་དམག་སྒར་ཨ་མ་ནས་རྣམ་རྒྱལ་རྡོ་རྗེ་སོགས་ལྷ་རྒྱ་རིར་ཡོང་ དགོས་སྐོར་གྱི་ཡི་གེ་ལན་མང་དུ་བཏང་ཡང་མ་སོང་བ་མ་ཟད། ཡིག་ལེན་རྩུབ་བཤད་འགའ་བྱས་པས་ཅུང་ཞིག་རྒྱང་དུ་ཡོད་སྐབས།
དམག་སྒར་དུ་ཡོད་ པའི་འགོ་འཐུས་རྣམས་གྲོས་བྱས་ཐོག་ལི་ཐང་དབྲ་ཕྲུག་ངག་དབང་དང༌། ཆབ་མདོ་རྡོ་ཚེ་གཉིས་རྣམ་རྒྱལ་རྡོ་རྗེའི་སར་བཏང༌། རྣམ་རྒྱལ་རྡོ་རྗེའི་དམག་ཤོག་འགག་ཡོས་ཁ་ཟེར་སར་ཡོད་པར་དེར་ཕྱིན་ནས་ཉིན་ཤས་ རིང་ཕན་ཚུན་སྤྲོས་བཤད་བགྱིས་སྐབས།
མཐའ་མར་ཕན་ཚུན་བསམ་པ་མ་གང་བའི་སྐོར་ མང་པོ་ཤོད་རྒྱུ་ཡོད་ཀྱང་བསམ་ཤེས་གྲོས་ བསྡུར་ཁེ་ཉེན་འདེམ་ཁའི་སྒོ་ནས་དམག་གི་འགོ་འཐུས་རྣམས་ཀླུ་ཁང་གྲུ་ཁར་འཛོམས། དེ་བཞིན་ལྷ་རྒྱ་རི་ནས་མགོ་བྱེད་རྣམས་ཀྱང་དེར་ལྷན་འཛོམས་བཟོས༌། སྔར་བྱས་ཕན་ཚུན་གསལ་བཤད་ཐོག་འབྱུང་གྱུར་གྱི་འཆར་འགོད་བྱས་སྐབས་ཕྱི་རྒྱལ་ནས་ གོ་ལག་རོགས་རམ་བྱུང་བ་ཁག་གཅིག་ལི་ཐང་བློ་ཚེ་དང༌།
ཨ་ཐར་གཉིས་ནས་སྤྲད་མ་ བྱུང་ཟེར་བ། གོ་ལག་དམག་སྒར་དུ་འབྱོར་བ་རྣམས་ཀྱང་འཇང་ཚ་ཆོས་མཛད་ཀྱི་དབང་འོག་ཡོད་པ་ལས་ཕན་ ཐོགས་མེད་ལུགས་སོགས་མང་པོ་ཤོད་རྒྱུའི་རྙོག་གླིང་མང་བ་ཡོད་པ་རྣམས་བཟློག་སླད་ དམག་སྤྱི་ཁང་ཟུར་འཛུག་གིས། གོ་ལག་ཡོད་རིགས་དམག་སྤྱིའི་ལས་ཁུངས་ཀྱི་ལག་ཏུ་བཞག་རྒྱུ་བྱས། ཅེས་བཀོད་འདུག
            ལྷོ་བྱང་དྭངས་བླང་དཔའ་བོའི་འདུ་འཛོམས་ཐོག།
            ཕྱི་ཡི་དགྲ་ལ་ཁ་གཏོད་འཇལ་སྟངས་དང༌།།
            ནང་གི་གོ་མཚོན་དམག་ཇུས་སྟངས་འཛིན་སོགས།།
            ཕན་གནོད་བསྣོལ་མ་འཐབ་པའི་ཇུས་འགོད་མང༌།།