མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོའི་དམག་འཐབ་ལོ་རྒྱུས། བར་ཆ།
༼12༽
ཀོང་ཡུལ་སྟོད་སྨད་གང་ས་ནས་ཡུལ་དམག་གོ་ཧྲག་འདུ་འཛོམས་ཀྱིས་ལམ་བར་གཡུལ་འགྱེད།
སྡེ་ དགེ་དམག་སྤྱི་འབའ་ཆུང་དཔོན་ཐུབ་སྟོབས་མགོན་པོ་དང༌། སྡེ་དགེ་དམག་སྤྱི་ཕུ་མ་རིན་རྣམ། སྤང་ཁ་མགོན་པོ་བཅས་ཀྱི་འོག་དང༌། ཨ་མདོ་ཆོས་གྲགས་ཅན་གྱི་འོག་བཅས་དམག་མི་ཉིས་བརྒྱ་སྐོར་ཕྱི་ལྟར་ཨ་འབྲུག་འགོ་ དམག་བསུ་རུ་འགྲོ་མི་ཡིན་ཁུལ་དང༌། དོན་དུ་ཀོང་པོ་ཉིང་ཁྲིར་དམག་འཐབ་བྱ་འཆར་བྱས་ནས། དྭགས་པོ་བརྒྱུད་ཀོང་པོར་ཕྱིན་པར།
ལམ་བར་ནས་ཀོང་པོའི་ཡུལ་དུ་ཡོད་པའི་ རྒྱའི་དམག་སྒར་ཐོག དགྲ་བརྒྱབ་ནས་སྐར་མ་བཅོ་ལྔའི་ནང་གཏོར་རྒྱུའི་ཚོད་འཆར་གྱིས་བགྲོད་ལམ་དུ་ཟམ་ པ་ཁ་ཤས་ཡོད་པ་རྣམས་མེར་བསྲེགས་གཏོར་རྒོལ་གྱིས་ཕྱིན། དེ་ནས་རྒྱ་སྒར་དང་ཉེ་བའི་ས་ཆར་དམག་རྟ་རྣམས་བཞག
དམག་མི་ཉུང་ཤས་རྐང་ཐང་དུ་ སོང་སྟེ་དེ་ནུབ་མཚན་མོར་རྒྱ་མིའི་སོ་ཁང་ལ་འཆི་བ་ སྲོག་ལ་མི་འཛེམས་པར་རང་སྲོག་བློས་བཏང་གིས་སོ་ཁང་ལ་དམག་བརྒྱབ་པར། རྒྱ་སྒར་གྱི་མཐའ་ནས་དོང་གྲུས་ཡོད་སྟབས་རང་དམག་གིས་རྒྱ་སྒར་གཏོར་མ་ཐུབ་ཀྱང༌། རྒྱ་དམག་གི་ཐབ་ཚང་མེར་བསྲེགས་བཏང༌། རང་ཤོག་རྣམས་དཔལ་ཐལ་ཆེ་དྲག་པས།
དེ་ སྐབས་སྡེ་དགེ་བ་རྡོ་རྗེ་རྣམ་རྒྱལ་སོགས་མི་བདུན་བསད་ཤོར་དང༌། སྡེ་དགེ་བརྒྱ་དཔོན་ཡིད་ལྷུང་བ་ཇས་རུ་ཚེ་དབང་མགོན་པོ་སོགས་ཁ་ཤས་རྨས་སྐྱོན་ བྱས། རང་དམག་ཕྱིར་འཐེན་གྱིས་དྭགས་ལྷ་སྒམ་པོར་ཞག་འགའ་ཞིག་བསྡད། དེ་ནས་ཀོང་པོ་ང་ལ་བརྒལ་ཏེ་དུང་དཀར་དགོན་དུ་ཡོང༌། དུང་དཀར་དགོན་དུ་ལྷ་ཕབ་པས་ལྷའི་ལུང་བསྟན་དུ།
རང་དམག་རྣམས་ཀོང་སྨད་ཕྱོགས་ སུ་ཕྱིན་ན་བཟང་བར་ཕེབས་པ་ལྟར་ཕྱིན། ཀོང་པོ་སྨིན་གླིང་ཁུལ་ནས་བསྐྱོད་སྐབས་རྒྱ་དམར་གྱི་སོ་པ་རེད་ཟེར་བའི་མི་ གསུམ་གྱིས། ཆུ་བཞི་སྒང་དྲུག་གི་དམག་མང་པོ་ཡོང་གི་ཡོད་པའི་གཏམ་འཆལ་བཟོས་པས། སོ་པ་རེད་ཟེར་བའི་མི་གཅིག་བཟུང་སྟེ་བསད།
དེ་ནས་དམག་སྒར་ཀོང་པོ་སྦ་སྒར་ དུ་བསྡད། སྦ་སྒར་ཕྱུག་བདག་གིས་རྒྱའི་ཕྱོགས་བཟུང་སྟེ་རྒྱ་མིའི་ནང་ཕྱིན་ཚར་བར། སྦ་སྒར་ཕྱུག་བདག་གི་འབྲུ་རིགས་རྣམས་དང༌། དེ་མཚུངས་ཀོང་པོ་རྩེ་ལྷ་རྫོང་དུ་བོད་གཞུང་གི་འབྲུ་རིགས་བཅས་དམག་རྒྱག་ཏུ་ བླངས། རྩེ་ལྷ་རྫོང་དང༌། ཆབ་ནག ཐང་དཀར། བྲེ་མ་སྒང༌། སྨིན་གླིང་བཅས་སུ་རང་དམག་རྣམས་བཀྲམ་ནས་དམག་ས་བཟུང་སྟེ་བསྡད།
སྐབས་དེར་བསྟན་སྲུང་དྭང་བླངས་དམག་གི་སྤྱི་ཁྱབ་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་ མཆོག་གི་གཙོས། དམག་དཔུང་རྣམས་སྤོ་བོ་པྲ་མོག་ལམ་བརྒྱུད་དང༌། བྲག་གསུམ་གྱེན་ལ། ཡང་ན་བྱང་བརྒྱུད་ལྷ་རི་འགོ་དང༌། གང་འོས་ཕེབས་འཆར་སྐོར་ཨ་འབྲུག་མགོན་བཀྲ་ནས་ཀོང་པོ་བྲག་གསུམ་འགྱུར་མེད་ཀོང་ པོ་ཆེད་བཏང་གནས་འཕྲིན་འབྱོར་བ་དང༌། དེ་འཕྲལ་འཆར་གཞི་སྔོན་ཟིན་ལྟར།
ཀོང་ པོ་བྲག་གསུམ་འབྲུག་ལ་ཁུལ་ནས་ཀོང་པོ་བྱང་རྒྱུད་ཀྱི་དྭང་དམག་ནང་དོན་གོ་ སྒྲིག་ཟིན་པ་དང༌། ཀོང་པོར་སྔོན་བསྐྱོད་སྡེ་དགེ་དམག་ཤོག་དང༌། ཨ་མདོ་དམག་ཤོག་གཉིས་ཀྱིས་ལྷོ་ཁ་ནས་ཀོང་པོ་བར་དམག་ལམ་འཁེལ་ཡུལ་མི་མང་ལ། དོན་མེད་ངལ་དུབ་བཟོས་པའི་གླེང་གྲགས་ཆེན་པོ་བྱུང་སྟབས།
བཅོམ་འཕྲོག་བརྡབ་ གསིག་རིགས་ཇི་ལྟར་བྱུང་ཡོད་མེད་ཞིབ་འཇུག་ཆེད་ལྷོ་ཁ་ནས་ཤོག་ ཁའི་གཙོ་འཛིན་ཆབ་མདོ་རྡོ་ཚེ་དང༌། སྨར་ཁམས་རབ་རྒྱས། ཤོག་ཁའི་མི་འཐུས་རྒྱལ་ཐང་དམ་ཆོས་རྒྱལ་མཚན། བློ་གྲོས། ཨ་མདོ་ཁ་ཏོ་ཅན་གཙོས་རྟ་དམག་ ༢༥ ཀོང་པོར་འབྱོར་ཏེ་གནད་ཡོད་མི་སྣ་ཡོངས་རྫོགས་ཚོགས་འཛོམ་གྱིས་ལས་དོན་ཞུ་ ཕྱོགས་སྐོར་གྲོས་བསྡུར་ཞིབ་བྱས་མཐར།
ཨ་མདོ་དམག་ཤོག་ནས་མི་མང་ལ་བརྡབ་ གསིག་ཆེ་བ་བྱས་སྟབས། ལྷོ་ཁར་ཕྱིར་ལོག་བྱེད་རྒྱུ་དང༌། ཀོང་པོ་དང༌། སྡེ་དགེ་གཉིས་ཀྱི་དམག་ཤོག་རེ་ཞིག་ཀོང་པོ་བ་གར་རང་དུ་དམག་སྒར་བཏབ་སྟེ་སྤོ་ བོ་ཁུལ་འཇབ་དམག་ཁག་བགོས་བྱེད་རྒྱུའི་ཐག་གཅོད་བྱས། ཐོག་མར་རྩེ་ལྷ་རྫོང་འོག་ནས་མི་རྟ་གོ་ཧྲག་མདའ་རྫས་རང་འགྲིག་དམག་གྲངས་ ༣༠༠
ཐམ་ པའི་འཆར་བཀོད་ཞུས་ཡོད་ཀྱང་དངོས་གཞི་སྦ་གར་ཐང་དུ་ཟླ་ཚེས་དང་བསྟུན་ཏེ། དམག་བཀོད་མཛད་སྒོ་དང༌། གོ་ལག་ཞིབ་བཤེར་སྐབས་ཀོང་དམག་སྔོན་འཆར་ལས་བརྒལ་ཏེ་ཡུལ་དམག་གོ་ཧྲག་མདའ་རྫས་ རང་འགྲིག ༥༧༨ དུས་ཅིག་ཏུ་འདུས་ཤིང༌། བསྟན་སྲུང་དྭང་བླང་དམག་གི་དར་ཆ་མཁའ་དབྱིངས་སུ་བསྒྲེངས་ཏེ། དམག་སྤྱི་བརྒྱ་དཔོན་བཅས་ཀྱི་བཀོད་སྒྲིག་ཞུས།
ཀོང་དམག་གཙོ་འཛིན་ཀོང་སྟོད་ དྲི་མེད་སྟེང་མཁར་པདྨ་ཀུན་བཟང༌། དམག་སྤྱི་དེ་མོ་བདེ་སྐྱིད་ཁང་གསར་པད་མ་ཚེ་དབང༌། དམག་སྤྱི་གཞོན་པ་ཉིང་ཁྲི་དབང་ར་ལྷ་དབང་ཚེ་རིང༌། བརྒྱ་དཔོན་གཏམ་སྙན་སངས་རྒྱས་རྡོ་རྗེ་སོགས་ལ། སྐབས་བབས་དགོས་པ་གལ་ཆེའི་ལས་འགན་གནས་རིམ་བསྐོ་བཞག་དང་འབྲེལ་འབའ་ཆུང་མཐུ་ སྟོབས་མགོན་པོ་དང༌།
དམག་སྤྱི་བདེ་ཁང་པདྨ་ཚེ་དབང་གཉིས་ནས་དམག་ཁྲིམས་དང༌། ཐབས་བརྒྱ་ཇུས་སྟོང་གི་དགྲ་འཐབ་མཐའ་ནན་བྱེད་སྒོ་བཅས་ཀྱི་བཀའ་སློབ་ལྷུག་པོ་ གནང༌།
སྐབས་དེར་བརྒྱ་ཤོག་གཉིས་ནས་ཀོང་པོ་བྱང་ཕྱོགས་ཉིང་ཁྲི་དང༌། རྒྱ་མདའ་རྒྱུད་ཀྱི་མོ་ཊ་ལམ་ཁག་གཏོར་རྒོལ་བྱེད་རྒྱུ་དང༌། བརྒྱ་ཤོག་གཉིས་ཀྱིས་སྤོ་བོ་དང༌། ཆབ་མདོ་རྒྱུད་ཀྱི་འཁོར་ལམ་ཁག་ལ་སྒུག་ར་སྤྲད་དེ་གཏོར་རྒོལ་བྱེད་རྒྱུ་བཅས་ ཀྱི་གྲོས་ཐག་བཅད་བྱས།
དེ་བྱིངས་གནས་སྐབས་ཀོང་པོ་བ་གར་རང་དུ་བསྡད་དེ་ཀོང་ པོ་རྫོང་ཡོངས་ཀྱི་དྭང་ དམག་གོ་སྒྲིག་ཟིན་མཚམས་སུ་ཉིང་ཁྲིའི་རྒྱ་དམར་གྱི་སྤྱི་ཁྱབ་ལས་ཁུངས་དང༌། དམག་སྒར་ཐོག་དགྲ་འཐབ་བྱེད་རྒྱུ་བཅས་ཀྱི་ཐག་བཅད་བྱས།
གོང་གསལ་དམག་ཁག་ གཉིས་ཀྱི་མི་རྟའི་བཟའ་བཅའ་ཅི་དགོས་ལེགས་བསྡུར་སྐབས་ཀོང་སྨད་ གཏམ་སྙན་སངས་རྒྱས་རྡོ་རྗེ་ལགས་ནས་སྔ་འཕྲོས་མི་མང་ཡོངས་ལ་བརྡབ་སིག་མ་དགོས་ པར་ལོ་གསུམ་རིང་ཤ་མར་དང༌། འབྲུ་རིགས་དངུལ་སོགས་མི་རྟའི་དགོས་མཁོ་རྣམས། ཁོང་རང་གི་ཁྱིམ་ཚང་ནས་གཏོང་རྒྱུའི་དྭངས་བླང་ཁས་ལེན་གནང་བ་དང༌།
དེ་ནས་རིམ་བཞིན་ཡུལ་མི་འབྱོར་ལྡན་རྣམས་ཀྱིས་ལོ་གྲངས་རེས་མོས་ཀྱིས་མི་རྟའི་འགྲོ་གྲོན་གཏོང་རྒྱུའི་ཁས་ལེན་གནང༌།
ཚེ་སྲོག་གཤིན་སར་བསྐྱལ་ལ་མི་འཚེར་བའི།
ཕོ་རྒོད་དྭངས་བླངས་དཔའ་བོ་ཁྱུ་གཅིག་གིས།
དེ་ཤོད་ཀོང་པོ་རྒྱ་ཞིང་སྒུག་ར་ལ།
གཡུལ་འཐབ་དང་པོ་བྱས་པའི་ལོ་རྒྱུས་རིང༌།
ཀླུ་ཁང་གྲུ་ཁའི་གཡུལ་འགྱེད།
སྐབས་དེར་ལྷོ་ཁ་ཁུལ་གྱི་ཀླུ་ཁང་གྲུ་ཁའི་ས་སྲུང་དར་དགོན་གཙོ་འཛིན་སྐལ་བཟང་ དབང་ལྡན་དང༌། ཆ་ཕྲེང་བརྒྱ་དཔོན་བློ་བཟང་ཤེས་རབ། སྨར་ཁམས་གཙོ་འཛིན་འགུ་གྲགས་གསུམ་གྱིས་སྣེ་འཁྲིད་པའི་རང་ཕྱོགས་དཔུང་དམག་ཁག་ གིས་གྲུ་ཁ་བསྲུངས་མུར་སྐབས། རྒྱ་ཕྱོགས་ནས་གྲུ་ཁ་དེ་དམག་འཐབ་ཀྱི་འགག་སྒོ་གལ་ཆེ་ཞིག་ཏུ་རྩིས་ཏེ།
རྩེད་ ཐང་ཁུལ་དུ་ཡོད་པའི་རྒྱ་དམག་སྲུང་ཆེད། མལ་གྲོ་གང་དཀར་ཕྱོགས་ནས་རྒྱ་དམག་ཚོ་ཁག་གཅིག་ཤོག་རྒྱུགས་ཀྱིས། ཀླུ་ཁང་གྲུ་ཁར་དཔུང་འཇུག་བྱས་པའི་གནས་ཚུལ་བྱུང་བ་དང༌། གྲུ་ཁའི་ས་སྲུང་དཔུང་དམག་ཉུང་བ་དང༌། ས་གནད་གལ་ཆེ་ཡིན་པ་སོགས་ཀྱིས། རྒྱ་དམག་དཔུང་ཤུགས་བཙན་པོས་རྒོལ་རྡུང་ཚ་ནན་མི་ཕོག་པའི་ངེས་པ་མེད་པའི་ཚོད་ དཔག་བྱས་ཏེ།
ཡར་ཀླུང་ཕོ་བྲང་ཁུལ་སྡོད་དྭང་བླང་དམག་སྒར་ལ། གནས་ཚུལ་གསང་འཕྲིན་བསྐུར་དོན་ལྟར། ཡར་ཀླུང་དམག་སྒར་ནས་ཆ་ཕྲེང་རུ་ཤོག་དང༌། ཆབ་མདོ་རུ་ཤོག་གཉིས་དམག་སྣོན་དུ་བཏང༌། ཡར་ཀླུང་གི་དམག་རྣམས་གཙང་པོའི་འགྲམ་དུ་རྒྱ་དམག་དང་གདོང་ཐུག་བྱུང༌། ཉིན་མཚན་སྦྲེལ་ནས་གྲི་དང་མེ་མདའ་གང་ཟིན་གྱིས་དམར་འཛིང་རྒྱུན་རིང་བྱས། སྐབས་དེར་རྒྱ་དམག་སུམ་ཅུ་ཙམ་བསད་ཅིང༌།
རྨས་པ་ཧ་ཅང་མང་པོ་བྱས། མེ་མདའ་དང་བུ་རའི་མདེའུ་བརྒྱ་ཕྲག་མང་པོ་ཐོབ། རང་དམག་རྒྱལ་རོང་བ་གཅིག་དང༌། ཏྲེ་ཧོར་བ་གཅིག་བཅས་སྲོག་སྐྱོན་ཤོར།
གྲུ་སོའི་འགག་སྒོ་དེ་གལ་ཆེར་སོང་སྟབས་རྒྱ་དམག་ཚོས་དམག་འཐབ་དང་པོ་ཕམ་ཉེས་ འཁེལ་ཡང་གྲུ་སོ་དེ་ཉིད་བཙན་འཕྲོག་བྱེད་ཆེད་མུ་མཐུད་དེ་རྒྱ་དམག་ལྔ་བརྒྱ་ལས་ མི་ཉུང་བ་དམག་སྣོན་དུ་བྱུང་བ་དང༌། གྲུ་ཁའི་ས་སྲུང་རང་དམག་ཚོས་ཀྱང༌། དམག་ཇུས་ཐད་གྲོས་མོལ་གཟབ་ནན་བྱས་དོན་ལྟར། རྒྱ་ཕྱོགས་ནས་ཀླུ་ཁང་གྲུ་ཁར་དཔུང་འཇུག་སྔ་ཕྱི་རིམ་བྱས་དང༌།
རང་ཕྱོགས་ནས་ དཔུང་སྣོན་དང་བཅས་པས་འགོག་རྒོལ་དམག་འཐབ་སྐབས་ཕན་ཚུན་བསད་རྨས་ ཇི་བྱུང་དང༌། ད་དུང་གལ་ཆེའི་གྲུ་སོ་བརྟན་སྲུང་ཆེད། དམག་སྣོན་ཅི་མགྱོགས་གཏོང་དགོས་པའི་རྒྱུ་མཚན་དང་གནས་ལུགས་དམག་སྒར་ཨ་མར་གསང་ འཕྲིན་ཕུལ། གསང་བ་དང་ཛ་དྲག་གི་སྙན་འཕྲིན་དེ་འབྱོར་བ་དང༌། དམག་སྒར་ཨ་མའི་འགན་འཛིན་ལྷན་ཚོགས་འཚོགས་ནས་ཐག་གཅོད་གནང་དོན་བཞིན།
ཆབ་ མདོ་གཙོ་འཛིན་བློ་ཉི་དང༌། ཉག་རོང་བ་བརྒྱ་དཔོན་ཨ་ཚེ། སྒ་པ་བརྒྱ་དཔོན་ཨེ་ཆུང་སོགས་རྟ་དམག་གོ་ཧྲག་བརྒྱ་ཐམ་པ་འཕྲལ་དུ་ཀླུ་ཁང་གྲུ་ ཁར་བཤར། རང་ཕྱོགས་ཕན་ཚུན་མཉམ་སྒྲིལ་གྱིས་གོང་གསལ་རྒྱ་དམག་ཁག་དང་ཉིན་ཧྲིལ་པོ་གསུམ་ ཙམ་རིང་དམར་འཛིང་དྲག་པོ་བྱས། སྐབས་དེར་ཉུང་མཐར་ཡང་རྒྱ་དམག་ཉིས་བརྒྱ་ཙམ་བསད་ཡོད་ཚོད་དང༌། རྨས་པ་ཡང་དེ་དང་མཉམ་པ་བྱུང་ཡོད་ངེས།
རང་ཕྱོགས་ཉག་རོང་བ་བརྒྱ་དཔོན་ཨ་ཚེ་ དང༌། ཆ་ཕྲེང་བ་མི་གཅིག་བཅས་སྲོག་སྐྱོན་ཤོར་ཞིང༌། རྨས་སྐྱོན་བྱུང་བའང་འགའ་རེ་བྱུང༌། གནས་སྐབས་གྲུ་སོ་རྒྱ་ལག་ཏུ་མ་ཤོར་བའི་རྒྱལ་ཁ་ཐོབ་ཀྱང༌། ཆུ་ཕར་ཕྱོགས་ཀྱི་རྒྱ་དམག་རྣམས་ད་དུང་ཕྱི་འཐེན་མི་བྱེད་པར་འཇབ་རྒོལ་བྱེད་ རྒྱུའི་རྣམ་པ་ཡོད་སྟབས། དམག་སྒར་ཨ་མའི་ནང༌།
ད་དུང་ཆུ་ཕར་ཕྱོགས་ཀྱི་རྒྱ་ དམག་སྟོང་ཕྲག་ལྷག་ཙམ་མུ་མཐུད་སྡོད་སྒར་སྒྲིག་ནས། རང་རེར་ཚུར་རྒོལ་བྱེད་རྩིས་འདུག་པས། མང་ཉུང་དོ་སྙོམས་མི་ཡོང་བས། ད་དུང་དམག་སྣོན་ཡོང་བ་ཞེས་གསང་བའི་སྙན་འཕྲིན་འབུལ་ལམ་ཞུས། དམག་སྒར་ཨ་མས་དེ་ཉིད་གལ་ཆེར་རྩིས་ནས་རི་བོ་ཆེ་ཨ་བདེ་དང༌། ཆ་ཕྲེང་བློ་བཟང་ཤེས་རབ་སོགས་དམག་མི་བརྒྱད་ཅུ་ཐམ་པ་བཏང༌།
དཔུང་ཁག་དེའི་ ནང་ཆ་ཕྲེང་འགྱུར་མེད་སོགས་ཁས་ལེན་པའང་མང་པོ་ཡོད། རང་ཕྱོགས་ཤོག་ཁག་སྔ་ཕྱི་ཚང་མ་དཔུང་ཤུགས་ཆིག་སྒྲིལ་གྱིས། འཆི་བ་སྲོག་ལ་མི་བལྟ་བར་ཕར་རྒོལ་དྲག་པོས་མེ་མདའ་དྲག་ཆར་བབས་པ་ལྟར་བཙག་སྟེ། ཕན་ཚུན་འཐབ་འཁྲུག་ཡུན་རིང་བྱས། རྒྱ་དམག་བརྒྱ་ཚོ་མང་པོ་བསད་རྨས་ཅི་རིགས་ཀྱིས་ཕམ་ཉེས་ཆེས་ཆེར་ཐེབས་ཏེ།
འཐབ་ པའི་རེ་བ་མེད་པར་འཕྲོས་རྣམས་ཕྱིར་བྲོས་བྱས། རང་ཕྱོགས་དཀར་མཛེས་རྡོབ་རྡོབ་བློ་བཟང་དང༌། སྒ་པ་བརྒྱ་དཔོན་ཨེ་ཆུང༌། རྒྱལ་རོང་བ་ཞིག་བཅས་སྲོག་སྐྱོན་ཤོར། སྨར་ཁམས་བརྒྱ་དཔོན་ཚེ་གྲགས་དང༌། ཆབ་མདོ་བྱམས་པ་སོགས་འགའ་ཞིག་རྨས། གཞན་ཡང་སྡེ་དགེ་ཧོ་ཆོ་ཞབས་དྲུང་དང༌། སྐུ་ཚ་དབུ་ཉེས་ཤོར་བ་དང༌། སྐུ་གསུང་ཐུགས་རྟེན་དང༌། དངོས་ནོར་གང་ཡོད་དགྲ་བོར་ཤོར།
དེ་མཚུངས་གླིང་ཚང་རྒྱལ་པོའི་དངོས་ཆས་སྟོར་ བརླགས་ཤོར་བ་སོགས་ཡུལ་བུད་མང་པོར་ སྐྱོན་ཆག་ཆེན་པོ་བྱུང༌། གྲུ་སོ་འདིར་སྔ་ཕྱི་དགྲ་ཐེངས་གསུམ་ཙམ་བརྒྱབ་པའི་མཐའ་མ་ལ། རྒྱ་དམག་མཐར་སྐྲོད་བཏང་ནས་གྲུ་ཁ་བརྟན་སྲུང་ཐུབ་པ་བྱུང་བ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བཞག་པའི་ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོའི་ཤོག་ ལྷེ་ཡི་གྲུ་ཟུར་ཞིག་ཀྱང་ཡིན་ནོ།།
དེའི་སྐོར་ཆུ་སྒང་ཡིག་ཆའི་ནང༌། དེ་སྔོན་སྐབས་ཤིག་ཏུ་རྩེ་ཐང་དུ་ཡོད་པའི་རྒྱ་དམག་ཁག་གཅིག་ནས་ཀླུ་ཁང་གྲུ་ཁ་ གཟུང་འཆར་བྱས་པ་དང༌། ཀླུ་ཁང་གྲུ་ཁར་ཡོད་པའི་ཆུ་བཞི་སྒང་དྲུག་གི་ས་སྲུང་པ་དང༌། དེའི་དམག་སྣོན་དུ་ཡར་ལུང་ཕོ་བྲང་ཕྱོགས་ནས་ཆབ་མདོ་དང༌། ཆ་ཕྲེང་གཉིས་བཏང་ནས། ཉིན་མཚན་གཉིས་རིང་གཙང་པོའི་འགྲམ་དུ་འཛིང་པས་རྒྱ་དམག་སུམ་བཅུ་སྐོར་བསད་ནས།
བུ་ རའི་མདའ་ཡང་གང་འཚམས་ཐོབ། ཚུར་རྒྱལ་རོང་བ་ཞིག་དང་ཏྲེ་ཧོར་བ་གཅིག་བཅས་བསད་ཤོར་བ་དང༌། གཞན་འགའ་ཞིག་ལ་རྨས་སྐྱོན་བྱུང་ཡང༌། ཀླུ་ཁང་གྲུ་ཁའི་གྲུ་སོ་མ་ཤོར་བ་སྔར་བཞིན་གནས། ཅེས་བཀོད་འདུག གྲུ་སོ་འདི་ནི་བོད་མི་བཙན་བྱོལ་བ་ཡོང་བའི་འགག་སྒོ་གལ་ཆེ་ཞིག་ཡིན།
ལྷོ་ཁ་རྩེད་ཐང་ཀླུ་ཁང་གྲུ་ཁ་ནས།།
དྭངས་བླང་ཁས་ལེན་དཔའ་བོ་ཁྱུ་གཅིག་གིས།།
འཆི་བ་སྲོག་དང་བསྡུས་པའི་དམར་འཛིང་གིས།།
གྲུ་སོ་བརྟན་སྲུང་བྱས་པའི་ལོ་རྒྱུས་སྙན།།
རྩེད་ཐང་གཡུལ་འགྱེད་ཐེངས་གསུམ་པ།
ལྷོ་ཁའི་ཁུལ་གྱི་རྫོང་གཞིས་ཁག་གི་ནང་དུ་འཛུལ་བའི་རྒྱ་དམག་དང༌། རྒྱའི་ལས་བྱེད་པ་ཕལ་ཆེ་བ་ནི་རང་དམག་གིས་རྒོལ་རྡུང་མཐར་སྐྲོད་བཏང་བ་དང༌། ས་ཁུལ་འགའ་ཞིག་ལ་མུ་མཐུད་ནས་རྒོལ་འཛིང་དཔུང་འཇུག་བྱེད་བཞིན་ཡོད་པ་མ་ཟད། ས་ཁུལ་མང་པོར་རྒྱལ་ཁའི་དར་ཆ་བསྒྲེངས་བའི་ཟིལ་ཤུགས་ལ་བརྟེན་ནས།
ས་ཁུལ་ འགའ་རེའི་རྒྱ་དམག་མང་པོ་ཤུགས་མ་ཐུབ་ཀྱིས་ཕྱིར་འཐེན་བྱས་ཏེ་ལྷོ་ཁུལ་ ཕལ་ཆེར་གཙང་མ་ཆགས་ཟིན་མོད། ད་དུང་རྩེད་ཐང་གྲོང་ཁྱེར་ནང་དང༌། གུང་པོ་རིའི་ས་འོག་ཏུ་ཡོད་པའི་དམག་སྒར་ལ། རྒོལ་རྡུང་རབ་དང་རིམ་པ་མང་པོ་ཞིག་བྱས་པས། ད་ཆ་ཚུལ་རྒོལ་བྱེད་པའི་ནུས་ཤུགས་ཟད་ཟིན་ནའང༌། མུ་མཐུད་བཙན་ས་དམ་བཟུང་བྱེད་ཀྱི་ཡོད་པ་དང༌།
ལྷག་པར་ས་གནས་དེ་ལྷོ་ཁའི་ ཁུལ་གྱི་ས་གནད་གཙོ་བོ་ཞིག་ཡིན་སྟབས། རྒྱ་དམག་ལྷགས་ལུས་ཡོངས་རྫོགས་ཀྱིས་དམག་ས་བརྟན་སྲུང་དམ་འཁྱོངས་བྱས་ཡོད་པ་ རེད། ཡིན་ནའང་རང་ཕྱོགས་ནས་རྒོལ་རྡུང་མཐའ་སྐོར་བྱས་རྐྱེན། ཁོང་ཚོར་སྐྱར་དུ་དམག་སྣོན་ཡོངས་ཐབས་མེད་པ་དང༌། ཐ་ན་རྒྱ་དམག་དེ་ཚོ་ས་འོག དམག་སྒར་གྱི་དམག་མི་ཕྱིར་གོམ་པ་གང་ཙམ་ཡང་ཐོན་ཐུབ་ཀྱི་མེད་པ་རེད།
སྐབས་དེར་དམག་སྒར་ཨ་མ་ནས་འགན་འཛིན་ལྷན་འཛོམ་གྱིས་གྲོས་དོན། རྩེད་ཐང་རྒྱ་དམག་གཅིག་ཀྱང་མ་ལུས་པ་མཐར་སྐྲོད་བཏང་མ་ཐུབ་ན་ལྷོ་ལམ་གཙང་མ་ཆགས་ ཐབས་མེད་པས། རྩེད་ཐང་རྒྱ་དམག་མཐའ་སྐྲོད་གཏོང་བར་དམག་སྣོན་འཕར་སྣོན་གཏོང་རྒྱུའི་ཐག་གཅོད་ བྱུང་བ་ལྟར་འབའ་པ་དམག་སྤྱི་ཨ་ལེགས་དང༌། རྟའུ་དམག་སྤྱི་མཁས་གྲུབ།
དར་ དགོན་དམག་སྤྱི་དཔལ་ཆེན་སོགས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་ཁག་གཅིག་ལྷ་ རྒྱལ་རི་ནས་འཕྱོངས་རྒྱས་སུ་འབྱོར། འཕྱོངས་རྒྱས་བྲག་བཙན་ཞེས་པའི་ལྷ་སྲུང་ཞིག་ལ་བཀའ་ལུང་ཞུས་པས་ཕྱིར་ཕེབས་བཞིན། ལོ་དེའི་བོད་ཟླ་ ༡༢ ཚེས་ ༡༠ ཉིན་རྩེ་ཐང་རྒྱ་དམག་ཐོག་འཇབ་རྒོལ་བྱེད་རྒྱུའི་གྲ་སྒྲིག་ཨང་སར་བྱས།
ད་ རེས་ནི་སྔར་བྲག་གཡབ་ཨ་འཕྲུག་བླ་མས་རྒོལ་རྡུང་བཏང་བའི་སྐབས་དང་མི་འདྲ་བར། རྒྱ་དམག་གིས་དམག་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་སྟེ། ས་འོག་ནས་ཆུ་བཏོན་པ་དང༌། དམག་སྒར་ཕན་ཚུན་འགྲོ་སྐྱོད་ཐུབ་པའི་ས་དོང་བྲུས་པ། རྩེ་ཐང་ཉེ་འཁྲིས་རི་རྩེའི་དམག་སྒར་ནས་རྩེད་ཐང་དམག་སྒར་བར་ས་འོག་ནས་དོང་ལམ་ བྲུས་ཏེ་བཙན་ས་བཟུང་ཐབས་བྱེད་པ་དེ་རེད།
དེར་བརྟེན་རང་ཕྱོགས་དམག་དཔུང་གི་ ནང་ནས། ཁས་ལེན་པ་སུམ་ཅུ་ཙམ་ཡོད་པ་དེ་དག་སྔོན་དང༌། དེ་བྱིངས་རྣམས་མཇུག་ཏུ་ཤར་སྐྱོད་ཀྱིས་རྩེད་ཐང་གྲོང་པའི་ཉེ་འགྲམ་དུ་འབྱོར། ཐོག་མར་དགྲ་བོའི་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་ཉག་རོང་བ་དམག་སྤྱི་སྐལ་རྡོ་དང༌། དར་དགོན་དམག་སྤྱི་དཔལ་ཆེན་གཉིས་འཆར་བཀོད་ལྟར། རྩེད་ཐང་གུང་པོ་རིའི་རྩེ་ལ་འཛེགས་ནས་རྒྱང་ཤེལ་ནང་བལྟས་པས།
རྩེད་ཐང་སྒང་ སྦུག་ཏུ་ཡོད་པའི་རྒྱའི་དམག་སྒར་གྱི་ཆགས་ཚུལ་མཐོང་ཞིང༌། དམག་སྒར་འདིའི་ཕྱི་རོལ་རླངས་འཁོར་ལམ་གྱི་ཟུར་དུ་སོ་ཁང་མང་པོ་ཡོད་པ་དང༌། རྩེད་ཐང་གྲོང་པའི་ནང་འཛུལ་རྒྱུ་ལས་སླ་ཙམ་ཡོད་ཀྱང་དམག་སྒར་གྱི་འཁྲིས་སུ་བཅར་ རྒྱུ་ལས་སླ་པོ་ཞིག་མེད་པར་ཤེས། དེ་ཉིན་ཆུ་ཚོད་དགུ་པའི་ཐོག་འཁྲིས་ཀྱི་ཞིང་ཁའི་ནང༌།
རྒྱ་དམག་ཉིས་རྒྱ་ཙམ་ དམག་སྦྱོང་རུ་སྒྲིག་བྱེད་ཀྱི་ཡོད་པ་མཐོང༌། དགྲ་ཕྱོགས་ཀྱི་གནས་སྟངས་རགས་རིམ་ཙམ་ཚོད་དཔག་ཐུབ་པ་དང༌། གོང་གསལ་དམག་དཔོན་གཉིས་གོང་པོ་རི་ནས་ཕྱིར་ལོག
ཕྱི་ཉིན་དབྲ་ཕྲུག་ངག་དབང་དང༌། ཉག་རོང་སྐལ་བཟང་རྡོ་རྗེ། དར་དགོན་དཔལ་ཆེན་གསུམ་གྱི་རུ་ཤོག་ནས། ལི་ཐང་པ་ངག་དབང་བསྟན་འཛིན་དང༌། རྫ་ཡུལ་བ་པད་མ་ཅན་ཁས་ལེན་པ་བཞི་བཅུ་ཞེ་བརྒྱད་ཀྱིས་ཐོག་དྲངས། རྩེད་ཐང་དགོན་པའི་གྲྭ་པ་གཅིག་གིས་ལམ་སྣེ་ཁྲིད་ནས་རྩེད་ཐང་སྒང་སྦུག་ཉེ་མཚམས་ སུ་སླེབས། ནམ་མ་ལངས་གོང་སྔར་ཉིན་རྒྱ་དམག་རུ་སྒྲིག་བྱེད་སའི་ཞིང་ཁ་དེར།
ཕྱོགས་ གང་སར་ནས་སྒུག་ནས་བསྡད། བོད་ཟླ་ ༡༢ ཚེས་ ༡༡ ཉིན་ནམ་གསལ་བ་ན། རྒྱ་དམག་རྣམས་ས་དོང་བརྒྱུད་ནས་ཐབ་ཚང་དུ་འགྲོ་བར་མཐོང༌། ཚོུད་བཅུ་པ་ཟིན་ཀྱང་ད་དུང་རྒྱ་དམག་རུ་སྒྲིག་བྱེད་པར་མ་ཡོང་བས། དེ་ཉིན་གྱི་འཇབ་རྒོལ་དེ་ལམ་ལྷོངས་མ་བྱུང༌། རྗེས་སུ་ཞིབ་འཇུག་བྱེད་དུས་དེ་ཉིན་གཟའ་ཉི་མའི་གུང་གསེང་འཁེལ་བ་གཞི་ནས་ཤེས།
དམག་ བཀོད་ཀྱི་བྱུང་རིམ་འདིས་དགྲ་ཕྱོགས་དང་དམག་འཐབ་བཀོད་ཇུས་གང་འདྲ་ཞིག་བྱས་ ནའང༌། ཡུལ་དུས་གནས་སྟངས་ཡོངས་རྫོགས་བསམ་གཞིགས་ཀྱིས་བརྟག་དཔྱད་བྱེད་དགོས་པའི་བསླབ་ བྱ་ནན་པོ་ཞིག་བཏོན་ཡོད། འོན་ཀྱང་རང་ཕྱོགས་དམག་དཔུང་གིས་མུ་མཐུད་ནས་སྒུག་སྡོད་བྱས་པས།
ཆུ་ཚོད་ གཉིས་པ་ཡོལ་ཙམ་ནས་རྩེད་ཐང་དམག་སྒར་ནང་གི་དམག་མི་ཁག་ཅིག་རླངས་འཁོར་ ལམ་དུ་འཆམ་སྐྱོད་ཡོང་བ་དང༌། རྒྱ་དམག་གི་ལས་བྱེད་པ་འགའ་ཤས་ཀྱིས་རྐང་འཁོར་ཞོན་ནས་ཐོན་བྱུང་བར། རང་ཕྱོགས་ནས་མེ་མདའ་བརྒྱབ་པས་རྒྱ་དམག་བཞི་ལྔ་ཙམ་བསད་རྨས་བཏང༌། དེ་མ་ཐག་རྒྱ་མིའི་སོ་ཁུངས་ཚང་མ་ནས་མེ་མདའ་དྲག་ཆར་འབབ་པ་ལྟར་འཕངས་བྱུང་ཡང༌།
རང་ དམག་རྣམས་ཞིང་ཁའི་གསེབ་ཏུ་གབ་གཡོལ་བྱས་པས་སུ་ལའང་རྨས་སྐྱོན་སོགས་མ་ བྱུང༌། ས་རུབ་རྗེས་རང་དམག་རྣམས་གཞི་ནས་ཕྱི་འཐེན་གྱིས་དེ་ཉིན་གྱི་དམག་འཐབ་ཐོག་འདོད་ པ་ལྟར་གྲུབ་འབྲས་མ་བྱུང་བ་དང༌། སང་ཉིན་སླར་ཡང་དགྲ་ཕྱོགས་རྒོལ་རྡུང་བྱེད་སྟངས་སོགས་གྲོས་བསྡུར་བྱུང་དོན། བོད་ཟླ་ ༡༢ ཚེས་ ༡༢
ཕྱི་ཉིན་རྩེད་ཐང་དམག་སྒར་ཐོད་ཀྱི་སོ་ཁུངས་ལྷགས་མ་དེ་ ཡོངས་སུ་གཏོར་རྒྱུ་གཏན་ འཁེལ་བྱས། དེའི་ཆེད་ཉག་རོང་སྐལ་རྡོ་དང༌། དར་དགོན་དཔལ་ཆེན་གཉིས་ཀྱིས་སྣེ་ཁྲིད་པའི་ཨ་མདོ་དང༌། ཆ་ཕྲེང༌། རྒྱལ་ཐང༌། བྲག་མགོ རྟའུ། བེ་རི། བྲག་གཡབ། སྡེ་དགེ སྒ་བ་བརྒྱ་དཔོན་ཀུན་བཟང་འཕྲིན་ལས་དང༌། ཤར་རི་བླ་མ།
སྒ་བ་བརྒྱ་དཔོན་བསོད་ནམས་སོགས་ནས་ཁས་ལེན་པ་སུམ་ཅུ་ཐོན་པ་རྣམས་སོ་ཁང་དེར་མཆོང་རྒྱུག་བྱེད་རྒྱུའི་དམ་བཅའ་བཞག
དེའི་མཚན་མོ་རང་དུ་རྩེད་ཐང་དགོན་པའི་གཤམ་ནས། རིམ་གྱིས་མཚན་འགྲོས་བྱས་ཏེ། ནམ་གསལ་ལ་ཉེ་བའི་སྐབས་རྩེད་ཐང་རྒྱ་དམག་གི་སོ་ཁང་དང་པོ་དང༌། རི་རྩེ། རྫོང་གཞིས་བཅས་ཁག་སོ་སོ་ནས་ཐེ་ཚོམ་མེད་པར་གདོང་མཆོང་བྱས་པས། སོ་ཁང་གི་ལྕགས་སྐུད་ར་བའི་འཁྲིས་སུ་སླེབས།
རྒྱ་དམག་གིས་འཇབ་རྒོལ་ཡོང་ རྒྱུའི་དྭོགས་ཟོན་གྱིས་གཟེར་ལྕགས་ཀྱི་ངོས་སུ་ལག་ འབམ་མང་པོ་བཏགས་ཡོད་པས། ལྕགས་སྐུད་འགུལ་སྐྱོད་བྱུང་མ་ཐག་ལག་འབམ་མང་པོ་འབར་གས་བྱུང་བ་དང་ཆབས་ཅིག མེ་སྒྱོགས་མང་པོ་དུས་གཅིག་ལ་བརྒྱབ་ཅིང་ལག་འབམ་གྱི་འགད་སྒྲ་བཅས་ཀྱིས་ལུང་པ་ ཡོངས་སུ་འགེངས། ཁས་ལེན་ཤི་ཕོད་རུ་ཁག་གི་དམག་མི་རྣམས་ཤི་རྨས་ཅི་ཙམ་བྱུང་ཡང༌།
ཕྱིར་ འགྱེད་རྟ་རྔ་ཙམ་མེད་པར་སོ་ཁང་དང་པོའི་ནང་མཆོངས་ཏེ། སོ་ཁང་དེའི་ནང་གི་རྒྱ་དམག་རྣམས་གྲི་དང་མེ་མདའ་གང་ཟིན་གྱིས་བསད་ནས་སོ་ཁང་དེ་ གཙང་དག་བཟོས་ཏེ་བླངས། ད་དུང་མུ་མཐུད་སོ་ཁང་གཉིས་པ་དང་གསུམ་པ་བཅས་ལའང་རིམ་གྱིས་མཆོངས་ཏེ། དགྲ་ཕྱོགས་ཀྱི་མེ་མདའ་དང་ལག་འབོམ་སྲན་མ་བརྔོ་བ་ལྟ་བུའི་གསེབ་ཏུ་མེ་མདའ་ འཕེན་ཞོར།
རྒྱུག་ཤར་གློད་དེ་ནང་དུ་མཆོངས་ནས་རྒྱ་དམག་རྣམས་སྐེ་བཅད་པ་དང༌། བྲང་བཤག་པ་སོགས་ཀྱིས་གཅིག་ཀྱང་མ་ལུས་པ་ཚར་བཅད། སྐབས་དེར་རང་དམག་ཁས་ལེན་པ་བཅོ་ལྔ་ཙམ་སྡེབས་བསད་ཤོར།
རྩེད་ཐང་རི་རྒྱུད་ཀྱི་ནུབ་ངོས་ནས་རྒན་བྱམས་པ་དངོས་གྲུབ་དང༌། དར་དགོན་ཀ་ལུ་དར་རྒྱས། རིག་འཛིན། ཉག་རོང་ཨ་དབང༌། རྒྱལ་ཐང་བསོད་ནམས་དབང་འདུས། ཆ་ཕྲེང་སྟོབས་རྒྱས། ཆ་ཕྲེང་ངག་དབང༌། བྲག་གཡབ་ཨ་རྡོ། ཉག་རོང་བ་ཞིག་བཅས་རྨས་སྐྱོན་ཤོར། རྩེད་ཐང་རི་རྒྱུད་ནུབ་ངོས་ནས་འཇབ་རྒོལ་བྱེད་མཁན་གྱི་ཁྲོད་ནས། ཉག་རོང་བཀྲ་ཤིས་ཚེ་རིང༌།
ཆབ་མདོ་བརྒྱ་དཔོན་ཡུལ་པ་བསོད་ནམསབཅས་འདས་གྲོངས་ ཤོར། ཉག་རོང་དམག་སྤྱི་སྐལ་རྡོ། དར་དགོན་དམག་སྤྱི་དཔལ་ཆེན། ལི་ཐང་སྡེ་བ་དགེ་ལེགས། སྒ་བ་སྒ་ཕྲུག་བློ་བཟང༌། སྡེ་དགེ་ནོར་བུ། སྡེ་དགེ་ཨ་སྔོ་བུ་ནམ་མཁའ། ལི་ཐང་ཆོས་འཕགས། ལི་ཐང་རྡོབ་རྡོབ་ལུག་ར། ལི་ཐང་འགྱུར་མེད་སྙན་གྲགས། ཀོང་རག་བསམ་འགྲུབ། ཚ་བ་རོང་པ་བསམ་འགྲུབ། སྒ་བ་བརྒྱ་དཔོན་བསོད་ནམས།
ཆབ་མདོ་ལྷོ་པ་ཁམས་པ་བཅས་རྨས་སྐྱོན་ཤོར་ནས་རྩེད་ཐང་དགོན་དུ་ཕྱིར་ལོག་བྱེད་དགོས་བྱུང༌།
སོ་ཁང་ལྷག་མ་རྣམས་ཧ་ཅང་བཙན་པས་བྱ་ཐབས་མ་བྱུང་བའི་ངང་དུ་ས་རུབ་པ་དང༌། རང་དམག་རྣམས་ཕྱིར་འཐེན་བྱེད་ཞོར་དགྲ་བོའི་ལྕགས་རིའི་ངོས་སུ་བཏགས་པའི་འབམ་ རྣམས། འཕྲོ་བརླག་གཏོང་ཆེད་ལྕགས་ཁྲར་ཐག་པ་བཏགས་ཏེ་འཐེན་པས། དགྲ་བོའི་ལག་འབོམ་རྣམས་འགད་ནས་གནམ་ས་རལ་བ་ལྟ་བུའི་སྐད་སྒྲ་གྲགས། དགྲ་ཕྱོགས་ནས་གནས་ཚུལ་གསལ་པོ་མ་ཤེས་སྟབས།
ལྕགས་རིའི་འགྲམ་དུ་མེ་མདའ་དང་ མེ་སྒྱོགས་མང་པོ་བརྒྱབ་ཀྱང༌། རང་དམག་ལ་རྨས་སྐྱོན་གང་ཡང་མ་བྱུང༌། རྒྱལ་ཕམ་ཀྱི་དབྱེ་བ་མ་ཆོད་ཀྱང་དཔའ་བོའི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་ལ་ཞེན་ ནི། བུ་རབས་ཚ་རྒྱུད་རྣམས་ལ་བཞག་པའི་ལོ་རྒྱུས་ཀྱི་དྲན་ཐོ་ཞིག་ཡིན་ངེས།
རྩེ་ཐང་རི་རྒྱུད་དུ་ཡོད་པའི་རྒྱ་དམག་གི་བཙན་རྫོང་དེ་ཉིད་ཉིན་མང་པོར་ཆུ་བཀག་ བྱས་ཀྱང་བཟོ་ལྟ་མ་ཤོར་བར། རྗེས་སུ་བལྟ་དུས་ཁོང་ཚོས་ས་འོག་ནས་ཆུ་བཏོན་ཡོད་འདུག བུད་ཤིང་འཐུ་མཁན་རྒྱ་དམག་འགའ་ཤས་ཕྱིར་ཐོན་པ་རྣམས། བསད་རྒྱུ་ལས་ཐབས་ཤེས་ཅི་ཡང་མེད་པར་ཉིན་སྐྱེལ་མཚན་འབུད་ཀྱིས་བསྐོར་ནས་སྒུག་ སྡོད་བྱས།
ལྷག་པར་རྩེད་ཐང་རི་རྩེར་ཡོད་པའི་བཙན་རྫོང་དེ་ཤིན་ཏུ་ནས་གལ་ཆེ་ སྟབས། དེར་ཡོད་རྒྱ་དམག་རྣམས་ལྟོ་བཀག་བྱེད་ཕྱིར། ཕར་ཚུར་མི་འགྲོ་གཅིག་ཀྱང་མི་བཏང་བར་ཡུན་རིང་བཀག་འགོག་བྱས་ཀྱང༌། ཕན་འབྲས་གང་ཡང་མ་ཐོན། དེ་ནི་ཁོང་ཚོས་ས་འོག་ནས་དོང་ལམ་བྲུས་ཏེ་རྩེད་ཐང་གྲོང་པའི་བར་ཡར་མར་འགྲོ་ སྐྱོད་ཐུབ་ཀྱི་ཡོད་པ་ཡིན་འདུག
འདིའི་སྐོར་རྩེ་ཐང་སྲུང་སྐྱོབ་དམག་འཐབ་ཉིན་བདུན་བཅུ་དོན་བཞི་ཞེས་པའི་རྒྱའི་ ཡིག་ཆའི་ནང༌། སྤྱི་ཟླ་ ༡ ཚེས་ ༢༥ ཉིན་ངོ་ལོག་ཇག་པ་མི་གྲངས་ ༥༠༠ ལྷག་ཙམ་གྱིས་སྣེ་གདོང་རྫོང་མཁར་གྱི་ཕྱོགས་ནས་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་ གནས་སའི་ཤར་ལྷོའི་མཚམས་ཀྱི་རི་རྩེར་བསྟུད་མར་དཔུང་འཇུག་བྱས་ཏེ།
མཐོ་ས་ བླངས་ནས་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་སྒོ་རྭའི་ཁ་ལོ་བསྒྱུར་རྒྱུའི་ རེ་ངན་བཅངས་ཡོད་ཀྱང་འགྲུབ་མེད། རི་རྩེ་དེར་ཆད་ཆད་མཐུད་མཐུད་ཀྱིས་ཚེས་ ༢༧ བར་དཔུང་འཇུག་བྱས་ཤིང༌། ཉེན་ཁ་ཆེ་ཤོས་ནི་ངོ་ལོག་ཇག་པས་མི་ཚོགས་ཀྱི་འཐབ་ཇུས་སྤྱད་དེ། འཛིང་རགས་ནང་དུ་དཔུང་འཇུག་བྱེད་སྐབས་སུ་ཡིན་ཀྱང༌།
རང་རེའི་བཀོད་འཐབ་པ་ ཚོས་དཔའ་ངར་ཞུམ་མེད་ཀྱི་སྒོ་ནས་འགོག་རྒོལ་བྱས་པར་བརྟེན་ སླར་དགྲ་བོ་ཕྱིར་ཟློག་སྟེ་གང་སར་ངོ་ལོག་ཇག་པའི་ཕུང་རོས་ཁེངས་པར་གྱུར། ཞེས་བྲིས་འདུག
རང་རེའི་དམག་སྒར་ཨ་མ་ནས་མུ་མཐུད་རྩེད་ཐང་རྒྱ་དམག་ཐོག་ རྒོལ་རྡུང་དང་འབུར་འཇོམ་བྱེད་དགོས་པའི་བཀའ་ཕེབས་བཞིན། དེར་ཡོད་འགོ་དམག་ཚོས་ཅི་དགའ་གང་ལེགས་ཀྱི་གྲོས་མོལ་བྱས་མཐར། རང་སྲོག་བློས་གཏོང་གིས་དགྲ་བོའི་མེ་མདའི་ཁར་མདུན་མཆོང་བྱེད་རྒྱུ་ལས། དེ་མིན་ཐབས་ལམ་གསར་པ་ཅི་ཡང་མ་རྙེད། འདིར་ཤེས་དགོས་པ་ཞིག་ལ།
རྩེད་ཐང་གི་ རྒྱ་དམག་རྣམས་མཐར་སྐྲོད་གཙང་དག་ཅིག་མ་ཐུབ་ཀྱང༌། ཚུར་རྒོལ་དང་ཕྱིར་བསྐྱོད་གང་ཡང་བྱེད་ཐབས་མེད་པར་བཟོས་ཡོད་པ་ནི་དེ་སྔོན་ རྩེད་ཐང་ཁུལ། དམག་འཁྲུག་རིམ་པར་བྱས་པའི་གྲུབ་འབྲས་ཀྱི་ཆ་ཤས་ཞིག་རེད། ད་ལེན་རྩེད་ཐང་རི་རྩེའི་སོ་ཁང་ལ་ཕར་རྒོལ་མི་བྱེད་པར་སོ་ཁང་དེ་དག་གི་ལྟེ་ གནས་རྩེད་ཐང་མཐིལ་གྱི་དམག་སྒར་ཁོ་ནར་ཕར་རྒོལ་བྱེད་རྒྱུ་བྱས།
དེ་ཉིན་དཀར་ མཛེས་དམག་ཤོག་ནས་རྡོ་ལུ་འབྱར་པོ་ཞེས་པ་ཁས་ལེན་པ་དོན། གྲོ་འབོམ་གང་འཚམས་ཞིག་ཁྱེར་ནས་རྒྱུག་ཐེངས་གཅིག་གིས་དགྲ་ཕྱོགས་དམག་སྒར་གྱི་ ལྷོ་ངོས་ཁང་ཟུར་དུ་བཞག་ཏེ་ཚུར་མཆོངས་ནས་མེ་འབར་མདེའུ་ཞིག་གྲོ་འབོམ་ལ་རྒྱབ་ མ་ཐག་ལྡིར་སྒྲ་དང་བཅས་དམག་ཁང་དེའི་ལྷོ་ངོས་ཞིག་རལ་དུ་ཕྱིན། ཐལ་འཚུབ་ཀྱིས་རེ་ཞིག་གྲོང་ཁྱིམ་ཕན་ཚུན་ཡོངས་སུ་སྒྲིབ།
རྡོ་ལུ་འབྱར་པོ་ ཕྱིར་མཆོང་བྱེད་སྐབས་རྒལ་པར་མེ་མདའ་ཐེབས་ཏེ་རྨས་སྐྱོན་ཆེ་ ཙམ་ཤོར། འདི་ནི་གླིང་སྒྲུང་མིན་ལ་ལྷ་སྒྲུང་ཡང་མིན་པའི་དཔའ་བོ་ཁེར་རྒྱུག་གི་ལོ་ རྒྱུས་དངོས་བྱུང་གི་སྒྲུང་གཏམ་གསར་པ་ཞིག་ཡིན་ལ།
ལོ་རྒྱུས་ཀྱི་སྒྲུང་གཏམ་ གསར་པ་འདི་བཞིན་ལུས་སྲོག་གཉིས་ཀས་གསར་སྐྲུན་བྱེད་ མཁན་འདི་ཉིད་གཅིག་པོ་མིན་པར་འདི་དང་འདྲ་བའི་དཔའ་རྒོད་ཇི་སྙེད་ཅིག་འཇིག་ རྟེན་འདིར་གྱེས་མཇལ་ཞུས་ནས་གཤེགས་ཡོད་ལ། མི་ཡུལ་གྱི་འཇིག་རྟེན་འདིར་མངར་སྐྱུར་གྱི་འཚོ་བ་མྱོངས་ནས་འཚོ་བཞིན་པའང་ཉུང་ ཉུང་ཞིག་མིན། འདི་ནི་དཔེ་མཚོན་ཙམ་ཞིག་སྟེ།
ཆུ་སྒང་དམག་དོན་མ་ཡིག་ནང་ འཁོད་པ་ཙམ་ཞིག་ཟུར་དུ་བཏོན་པ་ཡིན་གྱི། འདི་འདྲ་བའི་དཔའ་བོ་རང་གི་ལུས་སྲོག་གཉིས་ཀ་ལ་མི་རྩི་མཁན་ཇི་སྙེད་ཅིག་ཡོད་པ་ དེའང་ཤེས་དགོས་པ་ཡིན། སྔ་ཕྱིར་དམག་འཐབ་དེ་དག་གི་ཁྲོད་རྒྱལ་ཁའི་འཛུམ་མདངས་དང་ཕམ་ཁའི་ངུ་སྒྲ་འདྲེས་ པའི་ལོ་རྒྱུས་ཀྱི་ཟུར་ཐོ་མི་ཉུང་བ་ཞིག་བཞག་ཡོད་པའི་སྲིབ་ཀ་ནས།
ཆུ་སྒང་ དྭངས་བླང་དཔའ་བོའི་ཤ་ཁྲག་གི་རིན་ཐང་ལ་ཕྱི་འདང་རེ་རྒྱབ་སྟེ་མིག་ཆུ་ དང་མ་ཎིའི་ཞལ་འདེབས་རེ་མེད་ནའང༌། ངན་སྨྲས་དང་མཆིལ་ཞགས་ཀྱི་མདུང་རྩེ་སྐོར་བ་ནི་ཚུལ་ལུགས་དང་མཐུན་མིན་དཀར་ནག་ གི་ལས་འབྲས་ལ་འདྲི་ནས་ཐག་གཅོད་གནང་དགོས་པ་ཞིག་ཡིན།
འདིའི་སྐོར་ཆུ་སྒང་ཡིག་ཆ་ལས། དབྲ་ཕྲུག་ངག་དབང་དང༌། དར་དགོན་དཔལ་ཆེན་སོགས་རང་དམག་རྣམས་ལྷ་རྒྱལ་རི་ནས་འཕྱངས་རྒྱས་སུ་ཡོང༌། འཕྱོངས་རྒྱས་བྲག་བཙན་གྱི་བཀའ་ལུང་བཞིན། བོད་ཟླ་ ༡༢ ཚེས་ ༡༠ ལ་རྩེ་ཐང་རྒྱ་སྒར་དུ་དམག་རྒྱག་འཆར་གྱིས་ལི་ཐང་དབྲ་ཕྲུག་ངག་དབང་ཕྱོགས་ནས་ཁས་ ལེན་པ་སུམ་ཅུ་དང༌།
དར་དགོན་དཔའ་ཆེན་ཕྱོགས་ནས་ཁས་ལེན་པ་སུམ་ཅུ་བཅས་ཁས་ ལེན་པ་དྲུག་ཅུ་བཟོས། དར་དགོན་དཔའ་ཆེན་དང་ཉག་རོང་སྐལ་བཟང་རྡོ་རྗེ་གཉིས་རྩེ་ཐང་གང་སྦུག་ཏུ་ཡོད་ པའི་རྒྱ་དམག་གི་ས་གནས་བརྟག་ཕྱིར་མཚན་མོ་རྩེ་ཐང་གོང་པོ་རི་མགོར་ཕྱིན་ནས་ཉི་ གུང་རྒྱང་ཤེལ་ནང་ལྟ་སྐབས། རྒྱ་སྒར་གྱི་ལྕགས་རིའི་ཕྱིར་མོ་ཊའི་ལམ་འོག་ཏུ་ཞིང་སྟོང་ལྟག་འོག་གསུམ་དང༌།
སོ་ ཁང་ཤིན་ཏུ་མང་བ་འདུག་པར། སྔ་དྲོ་ཆུ་ཚོད་དགུ་ཙམ་ལ་ཞིང་ཁ་སྟོང་པའྀ་ནང་རྒྱ་དཔོན་གཉིས་ཀྱི་འོག་རྒྱ་དམག་ ཉིས་བརྒྱ་སྐོར་རུ་སྒྲིགས་ནས་ལེགས་སྦྱར་བཤད་པ་དང༌། དེར་དམག་རྟ་ཉི་ཤུ་སྐོར་ཡོད་པ་བཅས་ཤེས་ཚོར་བྱུང། མཚན་མོ་དམག་སྒར་དུ་ཕྱིར་ལོག་ནས་གནས་ཚུལ་ཆད་ལུས་མེད་པ་བཤད་དེ་རྒྱ་སྒར་ཐུབ་ རེ་དཀའ་བའི་སྐོར་བཤད།
འོན་ཀྱང་དཀའ་སླ་གང་ཡིན་རུང་དམག་མི་རྒྱག་མཐུ་མེད་ལ་ བརྟེན་ལི་ཐང་དབྲ་ཕྲུག་ངག་ དབང་དང༌། དར་དགོན་དཔའ་ཆེན། ཉག་རོང་སྐལ་བཟང་རྡོ་རྗེ་སོགས་ཁས་ལེན་པ་མི་བཞི་བཅུ་ཞེ་བརྒྱད་དང་རྩེད་ཐང་ དགོན་གྱི་གྲྭ་པ་རྒྱ་སྒར་དུ་འགྲོ་ལམ་རྒྱུས་ཡོད་གཅིག་ཁྲིད་ནས་མཚན་བཤར་གྱིས་ རྒྱ་སྒར་ལྕགས་རིའི་ཕྱི། ཞིང་སྟོང་གི་མཐར་ཁག་གསུམ་བགོས་ཏེ་བསྒུག
གནམ་ གཤིས་ཤིན་ཏུ་གྲང་ཡང་ཨུ་ཚུགས་ཀྱིས་བསྡད་ནས་རྒྱ་དམག་རྣམས་ཁ་སང་བཞིན་རུ་ སྒྲིགས་བྱུང་ན་མེ་མདའ་རྒྱག་འཆར་སྐབས་ནམ་ལངས་པ་དང༌། སོ་ཁང་ཚང་མར་རྒྱ་དམག་ཡོད་པ་རྣམས་ས་དོང་བརྒྱུད་ཁང་པའི་ནང་ཇ་འཐུང་དུ་ཕྱིན། ཆུ་ཚོད་བརྒྱད་སྐོར་དུ་སོང་ཡང་རུ་སྒྲིག་ཡོང་མཁན་མེད།
རྒྱ་མི་རྟ་ཞོན་བཅུ་ གཉིས་རྩེ་ཐང་གཤམ་ནས་ཕྱི་ལོག་བྱས་པར་མེ་མདའ་རྒྱབ་ཆོག་ཡོད་ ཀྱང་མ་རྒྱབ་པར་བསྒུག ཆུ་ཚོད་ ༡༠ སོང་བ་དང་དེ་ཉིན་གཟའ་ཉི་མའི་གུང་སིང་ཡིན་པས་རྒྱ་དམག་རྣམས་དུག་ལོག་འཁྲུད་ མཁན་བྱུང་བ་དང༌། གུང་སེང་ཡིན་པས་དེ་ཉིན་རུ་བསྒྲིགས་མེད་པ་ཤེས། རང་དམག་ཚང་མ་སོ་ཁང་གི་འཁྲིས་སུ་ཡོད་སྟབས་ཉིན་མོ་ཕྱི་འཐེན་བྱེད་མི་ཐུབ་པར་ གནས་བཞིན་པའི་སྐབས།
ཆུ་ཚོད་གཉིས་པ་ཙམ་དུ་རྩེ་ཐང་དུ་ཡོད་པའི་རྒྱ་དམག་དང་ རྒྱའི་ལས་བྱེད་བོད་རིགས་ རྐང་འཁོར་ཞོན་མཁན་བཅས་ཉིས་བརྒྱ་སྐོར་ཙམ་རྒྱ་མིའི་དམག་སྒར་དུ་ཚོགས་འདུ་འགྲོ་ བ་རྣམས་ལྕགས་རིའི་མཐར་འབྱོར་བ་དང༌།
ཚང་མས་མེ་མདའ་མཉམ་རུབ་ཀྱིས་རྒྱབ་པས་ རྒྱ་མི་སུམ་ཅུ་ནས་བཞི་བཅུའི་བར་བསད་ཡོད་ ཚོད་ལ་ཡུད་ཙམ་སོང་རྗེས་སུ་སོ་ཁུང་ཚང་མ་ནས་མེ་མདའ་དང་མེ་སྒྱོགས་སོགས་ཚད་མེད་ རྒྱབ་བྱུང་ཡང༌། ས་རུབ་ཀྱི་བར་ཕྱི་འཐེན་བྱ་མ་ཐུབ་པར་ལུས། ས་རུབ་པ་དང་རང་དམག་ཕྱིར་འཐེན་བྱས།
སླར་ཡང་ཚང་མ་གྲོས་བསྡུར་བྱས་ཏེ་རྩེད་ཐང་རྩེ་ཚོགས་པའི་ཐོད་ཀྱི་སོ་ཁང་ལྷགས་མ་ ལེན་ཆེད་ཁས་ལེན་པ་དོན་བཅུག་པས། ཁས་ལེན་པ་མི་དྲུག་ཅུ་བྱུང་བ་ལི་ཐང་དབྲ་ཕྲུག་ངག་དབང་འོག སྒ་པ་བརྒྱ་དཔོན་བསོད་ནམས་དང༌། སྒ་པ་བརྒྱ་དཔོན་གཡུང་དྲུང༌། སྒ་པ་བརྒྱ་དཔོན་དབང་ཆེན་ལྷ་སྒྱབས། ཤར་གླིང་བླ་མ་སོགས་སྒ་པ་དང༌། སྡེ་དགེ རྟའུ།
ལི་ཐང་བཅས་ཀྱི་ཁས་ལེན་པ་གསུམ་བཅུ་དང༌། དར་དགོན་དཔའ་ཆེན་དང༌། ཉག་རོང་སྐལ་བཟང་རྡོ་རྗེ་གཉིས་ཀྱི་འོག་ཏུ་དར་དགོན། ཉག་རོང༌། ཆབ་མདོ། ཆ་ཕྲེང༌། རྒྱལ་ཐང་བཅས་ཀྱི་ཁས་ལེན་སུམ་ཅུ་སོ་ཁང་ནང་མཆོང་རྒྱུ་མནའ་བཞག མཚན་མོ་རྩེད་ཐང་དགོན་གཤམ་བརྒྱུད་ནས་ཕྱིན། ནམ་སྐྱ་གཏོང་བ་དང་དམག་དུང་བུད་པ་ན། ཤར་ནུབ་ཁག་གཉིས་ནས་གཅིག་གཉིས་གསུམ་ཟེར་ནས་ཚང་མ་མཆོངས་པས།
སོ་ཁང་ཕྱིར་ གཟེར་ལྕགས་ཡོད་སར་འབྱོར་བ་དང༌། གཟེར་ལྕགས་ངོས་སུ་འབོམ་མང་པོ་བཏགས་འདུག་པ་རྣམས་ཁ་གས་ཏེ་ཚང་མར་མེ་སྒྱོགས་མང་ པོ་དུས་གཅིག་ཏུ་རྒྱབ་བྱུང་བསམ་པ་ལྟ་བུ་བྱུང་ཡང་སོམ་ཉི་སྤང་ཏེ་སོ་ཁང་ལྷགས་ མའི་ནང་མཆོང་ནས་དེར་ལག་འབོམ་དང༌། མེ་མདའ་སོགས་ཅི་རིགས་རྒྱབ་ནས་སོ་ཁང་གསུམ་ལེན་ཐུབ་པ་བྱུང་ཡང༌།
རིའི་མགོ་ ནས་རྒྱ་ཁང་བར་ས་འོག་ནས་འགྲོ་ཡུལ་མེད་སྟབས་ཕན་ཐོག་མ་བྱུང་ཁར། དེའི་ཐོག་གི་སོ་ཁང་ནས་ལག་འབོམ་རྦ་རྡོ་བཞིན་བསྒྲིལ་བྱུང་བས་འོག་ཏུ་ཡོད་པའི་ སྒ་པ་ཤར་གླིང་བླ་མས་འབམ་མ་འགད་གོང་ཕྱིར་འཕངས་ནས་དགྲ་རྫོང་གང་འཚམ་འཐོར་ཞིག་ བཏང་མཐར།
སླར་ཡང་དགྲ་རྫོང་ནས་འབམ་ཞིག་འཕངས་བྱུང་བ་དེ་ཉིད་ལག་ཏུ་བླངས་ནས་ཕྱིར་འཕེན་ལོང་མ་བྱུང་གོང་འབོམ་གས་ནས་སྐུ་ལུས་ལྷགས་མེད་དུ་འབར།
བཤད་ སྲོལ་གཞན་ཞིག་ལ་སྒ་པ་ཁས་ལེན་པ་ཤར་གླིང་བླ་མ་ཉི་དགས་ལག་འབོམ་གཉིས་ཁུར་ནས་ དགྲ་བོའི་སོ་ཁུངས་ནང་དུ་ཐེ་ཚོམ་མེད་པར་བརྒྱུགས་པར་རྒྱ་དམག་གིས་སྦི་རིན་ཀན་ རྒྱབ་པས་ལག་འབོམ་གཉིས་ཀ་དུས་གཅིག་ཏུ་འགད་དེ་དགྲ་བོའི་སོ་ཁུངས་དང་ཁོང་གི་ སྐུ་ཕུང་གཉིས་ཀ་འཐོར་ཞིག་ཏུ་སོང་ཞེས་ཟེར།
གང་ལྟར་ཡང་ཁོང་གིས་གཙོས་རང་ ཕྱོགས་ཁས་ལེན་པ་དགྲ་བོའི་གཟེར་ལྕགས་ནང་དུ་ཡོད་པ་ མི་བཅོ་ལྔ་སྐོར་སྲོག་སྐྱོན་ཤོར། དར་དགོན་དཔའ་ཆེན་དང༌། ཉག་རོང་སྐལ་བཟང་རྡོ་རྗེ། སྒ་པ་གཡུ་དྲུང་སོགས་རྨས་སྐྱོན་ཤོར་ནས་ཕྱིར་ལོག་ཏེ་རྩེད་ཐང་དགོན་དུ་བསྡད།
དེ་ ནས་རྒྱ་མིའི་རྫས་མདེལ་འཕྲོ་བརླག་གཏོང་ཆེད་གཟེ་ལྕགས་ལ་ཐག་པ་བཏགས་ནས་འཐེན་ པས་གཟེ་ལྕགས་ཀྱི་ལག་འབོམ་རྣམས་འགད་པ་ན་རྒྱ་དམག་རྣམས་ཀྱིས་སོ་ཁང་དུ་དམག་ཡོང་ གི་ཡོད་འདུག་བསམ་ནས་དེའི་ཕྱོགས་ལག་འབོམ་དང༌། བྷི་རི་ཀན་མེ་སྒྱོགས་སོགས་དོ་པོ་མང་པོ་རྒྱབ་བཅུག་སྟེ་དངོས་གནས་མདའ་རྫས་ འཕྲོ་བརླག་མང་པོ་བཏང་ཐུབ་ཡོད་ཀྱང་མདེལ་རྫས་ཟད་མཐའ་མེད།
དེ་འདྲ་བ་ཉིན་ཤས་ རིང་བྱས། རྒྱ་དམག་རྣམས་ས་དོང་དུ་ཡོད་སྟབས་ཆུ་བཀག་རྒྱབ་ན་རྒྱ་དམག་རྣམས་ཕྱིར་དོན་ཡོང་ བསམ་ནས་ཡུལ་དགོན་གཉིས་ཀྱི་ས་ཆ་ཚང་མར་དམག་མི་བཀྲམ་སྟེ་ཕྱི་ནས་ཆུ་ལེན་དུ་མ་ བཅུག་ཀྱང༌། ས་དོང་ནང་དུ་ཆུ་ཡོད་འདུག་པར་བརྟེན་གནོད་སྐྱོན་མ་ཐུབ།
འོན་ ཀྱང་རྗེས་སུ་འབུད་ཤིང་ཟད་རྐྱེན་ཤིང་སྒྲུག་ཕྱིར་མཚན་མོ་རྒྱ་དམག་རེ་ཟུུང་ བྱས་ནས་ཕྱིར་ཡོང་བ་རྣམས་ལ་མེ་མདའ་རྒྱབ་ནས་འགའ་རེ་བསད་པ་དང༌། འགའ་རེ་ཤོར་བ་སོགས་བྱས། ཞེས་འཁོད་འདུག
རྩེ་ཐང་དགྲ་བོའི་སྒུག་ར་བཙན་པོའི་ནང༌།
གཅེས་པའི་སྲོག་གི་རིན་ཐང་མི་བརྩི་བར།
ཕོ་རྒོད་དཔའ་བོ་མང་པོ་གདོང་མཆོང་གིས།
གཡུལ་འཐབ་གསུམ་པ་བྱས་པའི་ལོ་རྒྱུས་སྙན།
༼15༽
རྩེད་ཐང་གཡུལ་འགྱེད་ཐེངས་བཞི་པ།
གོང་ གསལ་རྩེད་ཐང་རྒྱ་སྒར་ལ་རྒོལ་རྡུང་གཏོང་མཁན་རང་ཕྱོགས་ཀྱི་འགོ་དམག་རྣམས་ཀྱིས་ གྲོས་འཆར་བྱུང་དོན་ལྟར། རྩེད་ཐང་རྒྱ་དམག་ལ་སྔ་ཕྱི་དམག་འཐབ་རྒོལ་རྡུང་བྱས་ཚུལ་དང༌། དགྲ་ཕྱོགས་ཆག་ཉིལ་དང༌། རང་ཕྱོགས་བསད་རྨས་ཇི་བྱུང༌། མཐའ་སྡོམ་གྱི་དམག་སའི་གནས་སྟངས་གསལ་འཁོད་ཐོག ད་དུང་མུ་མཐུད་དགྲ་ཕྱོགས་འབུར་འཇོམ་བྱེད་ཕྱོགས་དང༌།
དེའི་ཆ་རྐྱེན་དུ་ དཔུང་སྣོན་དགོས་ལུགས་སོགས་རྒྱུ་མཚན་གནས་ལུགས་ལྡན་པའི་སྙན་ ཞུ་སྔ་ཕྱིར་དམག་སྒར་ཨ་མར་བཏང༌། སྤྱི་ལོ ༡༩༥༩ ཟླ་བ ༢ ཚེས་ཤར་ལ་དམག་སྒར་ཨ་མ་ནས་འགན་འཛིན་ལྷན་ཚོགས་ཐོག་རྩེད་ཐང་ལ་འཇབ་དམག་དཔུང་ སྣོན་འགྲོ་རྒྱུ་གཏན་འཁེལ་བྱས། དཔུང་སྣོན་དམག་དཔུང་གི་འགོ་འཛིན་ས་འདུ་བརྒྱ་དཔོན་གཤོང་གཉེར་བསོད་ནམས་དབང་ རྒྱལ་དང༌།
ས་འདུ་བརྒྱ་དཔོན་བདག་པོ་ཚེ་དབང་འཕྲིན་ལས་གཉིས་ཀྱིས་སྣེ་ཁྲིད་ པའི་དམག་ཤོག་ གཙོས་སྒ་པ་འོ་རྫོང་བེ་ཅང་རིན་འཛིན་ཚེ་དབང་གིས་སྣེ་འཁྲིད་པའི་སྒ་བ་དམག་ཤོག་ སོགས་ཤོག་ཁག་རེ་ནས་དམག་མི་བཅུ་རེ་བསྡུ་རུག་གིས་དཔུང་དམག་བརྒྱ་ལྷག་རྩེད་ཐང་ ཕྱོགས་སུ་བཏང༌། སྔར་ཡོད་འགོ་དམག་ཚོས་ཕེབས་བསུ་དང་འབྲེལ་མཇལ་འཕྲད་ཐོག་སྔ་ཕྱིར་དམག་འཐབ་ཀྱི་ བྱུང་རིམ་དང༌།
ད་ལྟའི་དམག་འཐབ་ཀྱི་ཇུས་འགོད་སོགས་གྲོས་འཆར་ལྷུག་པོ་གནང༌།
དམག་སྒར་ཨ་མ་ནས། སྨར་ཁམས་གཙོ་འཛིན་བསྟན་འཕེལ་བརྒྱུད། གཤོང་གཉེར་ཚང་བསོད་ནམས་དབང་རྒྱལ་ས་འདུ་རུ་ཤོག་གི་དམག་སྤྱི་བསྐོ་བཞག་ཟིན་ པའི་དམ་འབྱར་བཀའ་ཡིག་སྩལ་བ་བཞིན། དེ་ནས་བཟུང་དམག་སྤྱིའི་གོ་གནས་བཟུང༌། ཉིན་ཤས་རིང་དགྲ་ཕྱོགས་སུ་མེ་མདའ་རེ་གཉིས་འཕངས་ཏེ། རྒྱ་དམག་ཕྱིར་ཐོན་མི་ཐུབ་པའི་བཀག་སྐྱིལ་བྱས་ནས་སྡོད་པའི་སྐབས་དེར།
སྟབས་ ལེགས་པ་ཞིག་ལ་རྒྱ་བློ་བཟང་བཀྲ་ཤིས་ཨ་འབྲུག་ཚང་དང་མཉམ་དུ་བྱང་བསྐྱོད་ རྨ་གཞུང་ནས་རྒྱ་དང་དམག་འཐབ་དྲག་པོ་བྱས་སྐབས་ཁ་འཐོར་ནས་རིམ་བཞིན་རྩེད་ཐང་དུ་ མཉམ་འཛོམ་བྱུང༌། ཁོང་ནི་རྒྱ་ནག་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དམག་འཐབ་ལན་མང་བྱས་པའི་ནང་དུ་ ཞུགས་མྱོང་བའི་ཉམས་མྱོང་ཅན་རྒྱུས་ཡོད་ཀྱི་དཔའ་བོ་ཞིག་ཡིན་སྟབས་ཁོང་ལ་བློ་ འདྲི་བྱས།
ཁོང་གིས་འབོམ་བརྒྱབ་ནས་དགྲ་རྫོང་གཏོར་རྒྱུ་མ་གཏོགས་གྲི་དང་མེ་མདའ་ཁུར་ནས་དགྲ་རྫོང་ཐོག་གདོང་མཆོང་བྱས་ན་ཤི་རྨས་ཆེ་བ་ལས་མེད།
དཔའ་བོས་གླེན་འཛིང་རྒྱལ་ཁའི་གཞི་རྩ་མིན། །
ཐབས་ཇུས་སྟོང་གིས་དགྲ་བོའི་སྲོག་སྙིང་ལེན། །
ཞེས་ པའི་སྡོམ་ཚིག་དེའི་བླང་བྱ་བཏོན་ཏེ། ཁོང་གིས་འཛུབ་ཁྲིད་འོག་འབར་རྫས་བསྡུས་སྦྱོར་གྱིས་འབོག་རས་མང་པོ་རྒྱངས་ཏེ་ མེ་སྦར་བ་དང་འགད་ཆོག་ཆོག་བྱས། ཕྱི་ཉིན་དམག་དཔུང་ཚོར་འབར་རྫས་དགྲ་ཕྱོགས་སུ་གཡུག་སྟངས་དང༌། མེ་སྦར་སྟངས་ཀྱི་སློབ་ཁྲིད་དང་ཟབ་སྦྱོང་སྤྲད། དེ་ནས་དམག་མང་ཁྲོད་ཁས་ལེན་ ཐོན་བཅུག་པས་སྡེ་དགེ་བརྒྱ་དཔོན་ནོར་བུ་དང༌། སྒ་བ་སེངྒེ༌།
དབུས་པ་བརྒྱ་ དཔོན་རྡོབ་རྡོབ་དང༌། ལི་ཐང་ངག་དབང་བསྟན་འཛིན། རྫ་ཡུལ་བ་པད་མ། སྡེ་དགེ་ཨ་སྔོ་བུ་ནམ་མཁའ་སོགས་ཁས་ལེན་མི་གྲངས་ཉི་ཤུ་རྩ་བཞི་ཐོན། སྤྱི་ཟླ་ ༢ ཚེས ༨ ཉིན་གོང་གསལ་རང་དམག་གི་བརྒྱ་དཔོན་དེ་གཉིས་ཀྱིས་སྣེ་ཁྲིད་དེ། འབར་རྫས་འབོག་རས་རྒྱབ་ཏུ་ཁུར་ཏེ། ཁས་ལེན་པ་བཞི་ཚན་རེ་བྱས་ནས་ཐོན། དགྲ་ཕྱོགས་ཀྱིས་ལག་འབོམ་དང༌།
མེ་མདའ་ཚོད་མེད་ཁོང་ཚོར་བརྒྱབ་སྟེ་གནམ་ས་ གཉིས་ཀ་འུར་སྒྲ་དང་ཐལ་འཚུབ་ཀྱིས་ སྒྲིབ་པ་བྱས་པའི་གསེབ་ནས། རང་དམག་རྣམས་ཐེ་ཚོམ་དང་ཕྱིར་འགྱེད་མེད་པར་དགྲ་བོའི་དམག་ཁང་ལ་གཏད་དེ་རྒྱུགས། ལི་ཐང་དམག་སྤྱི་དབྲ་ཕྲུག་ངག་དབང་དང༌། ས་འདུ་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ་གཉིས་ཀྱིས་སྣེ་ཁྲིད་དེ་དགྲ་ བོའི་དམག་ཁང་སྟེང་ཤོད་གཉིས་དང༌།
སོ་སྲུང་ཁག་ལ་ཀི་སྒྲ་དང་སྭོ་སྒྲ་སྒྲོགས་ བཞིན། མེ་མདའ་དྲག་ཆར་འབབ་པ་ལྟར་བཙགས་པས། རྒྱ་དམག་གིས་ཕྱོགས་གཅིག་ནས་རང་རེའི་མེ་མདའ་འཕེན་མཁན་ཚོ་ལ་གབ་དགོས་པ་དང༌། ཕྱོགས་གཅིག་ནས་འབར་རྫས་ཁུར་མཁན་ཚོ་ལ་ཁ་གཏད་བྱེད་དགོས་སྟབས་ཁོ་ཚོས་སྔ་མ་ནང་ བཞིན་སོ་ཁུང་ནས་མེ་མདའ་ཤུགས་ཆེན་རྒྱག་མི་ཐུབ་པ་དང༌། དེ་ཡང་ཚོད་མདའ་མ་གཏོགས་དམིགས་གཏད་བྱས་ནས།
རྒྱག་མི་ཐུབ་པའི་གོ་སྐབས་དང་ བསྟུན་ནས། ཁས་ལེན་ཤི་ཕོད་རུ་ཁག་གིས་འབར་རྫས་འབོག་རས་རྣམས་ཁུར་ནས་རྒྱུགས་ཤར་གློད། དགྲ་བོའི་དམག་ཁང་གི་འཁྲིས་སུ་སླེབས་པ་དང་མེ་སྦར་ནས་ཚུར་རྒྱུགས། འབར་རྫས་གད་ནས་དགྲ་རྫོང་གི་ལོག་ཅིག་ཞིག་ནས་ཐལ་འཚུབ་ཀྱིས་ནམ་མཁའ་ཡོངས་སུ་ བསྒྲིབ། དེ་བཞིན་ཉིན་བཞིའི་བར་འབར་རྫས་ཐེངས་བཞི་བཞག་པའི་ཐ་མར་དགྲ་རྫོང་ཕལ་ཆེ་བ་ འཐོར་ཞིག་སོང༌།
རང་ཕྱོགས་དམག་དཔུང་རྣམས་དམག་སྤྱི་བརྒྱ་དཔོན་ཚོས་སྣེ་ ཁྲིད་དེ་ཕྱོགས་གང་སར་ ནས་སྐེད་གྲི་གྱེན་ལ་འཕྱར་བཞིན། འཐོར་ཞིག་སོང་ཟིན་པའི་དགྲ་རྫོང་ལ་གཏད་ནས་རྒྱུགས། ཡ་མཚན་པ་ཞིག་ལ་དགྲ་རྫོང་དེ་གཏོར་བཤིག་བཏང་ཡོད་སྟབས། ས་རྡོའི་འོག་མནན་པའི་རྒྱ་རོ་འགའ་ཞིག་ལས་རྒྱ་དམག་གསོན་པོ་གཅིག་ཀྱང་མཐོང་ རྒྱུ་མེད།
རང་དམག་ཚོས་འཐོར་ཞིག་སོང་བའི་ཁང་ཤུལ་དུ་ཞིབ་འཇུག་བྱས་པས་ཁང་པ་ དེའི་ཟུར་ཞིག་ ནས་མི་ལུས་ཐར་ཙམ་གྱི་ཨི་ཁུངས་ཞིག་འདུག་པ་དེའི་ནང་འཛུལ་ནས་འགྲོ་ན། བཙན་རྫོང་དམག་ཁང་དེ་དང་ཐག་མི་རིང་བར་རྒྱ་དམག་གི་ཁང་པ་གཞན་ཞིག་འདུག་པ་དེའི་ ནང་སླེབས་ཐུབ་པ་རེད་འདུག རྒྱ་དམག་ལྷགས་མ་རྣམས་ཨི་ཁུངས་དེ་ནས་ཕར་ཕྱོགས་དེར་ཐོན་ཚར་བ་རེད་འདུག
རྒྱ་ དམག་གི་འཛིང་རགས་བྱས་པའི་བྱེ་མ་དོ་པོ་འགའ་ཞིག་དབོར་ཏེ་ཨི་ཁུངས་དེའི་ནང་ བརྫངས་ནས་བཞག ཉིན་ཤས་རིང་རྒྱ་དམག་རྣམས། དམག་ཁང་ཕར་ཕྱོགས་དེའི་ནང་དགུན་ཁའི་འཕྱི་བ་ནང་བཞིན་ཕྱི་ལ་ཐོན་མཁན་གཅིག་ཀྱང་ མེད་པར། འཇམ་ཐེམ་མེར་གནས།
འདིའི་སྐོར་ལྷོ་ཁའི་ཁུལ་དུ་བསྟན་སྲུང་དྭངས་བླང་དམག་གིས་བོད་སྐྱོབ་རྒྱ་རྒོལ་ གྱི་དམག་འཐབ་ལོ་རྒྱུས་ཕྱོགས་སྡོམ་ཙམ་བཀོད་པ། རྒྱ་ཕྱོགས་ཀྱི་ལྷོ་ཁ་རྩོ་སྒྲིག་པུའུ་ཡིས་བསྒྲིགས་པའི་རྩེད་ཐང་སྲུང་སྐྱོབ་ དམག་འཐབ་ཉིན་བདུན་ཅུ་དོན་བཞི་ཞེས་པའི་ཆེད་རྩོམ་དེའི་ནང༌། དེ་རྗེས་ངོ་ལོག་ཇག་པས་དམག་མི་ ༡༥༠༠ ལྷག་ཙམ་ཁ་སྣོན་བྱས་པ་མ་ཟད།
ད་ལྟའི་ ཟངས་རི་རྫོང་ཁོངས་ཀྱི་རོང་དང༌། གྲ་ནང་རྫོང་ཁོངས་ཀྱི་གྲ་ཕྱི། སྣེ་གདོང་རྫོང་ཁོངས་ཀྱི་ཁྲ་འབྲུག་སོགས་སུ་དམག་མི་ ༦༠༠ ཙམ་འདུས་སྡོད་ཀྱིས་རྗེས་གྲབས་སུ་བཞག་ཡོད། ཚུར་རྒོལ་ཐེངས་དང་པོར་ཁོ་པ་ཚོར་གྱོང་གུན་ཕོག་པར་བརྟེན་ཚུར་རྒོལ་གྱི་གལ་ ཆེའི་ཁ་ཕྱོགས་དེ་ས་སྲུང་ཉིང་ལག་རུ་ཁག་གི་བརྒྱ་ཤོག་བདུན་པ་དང༌།
ཡན་ལག་ལས་ དོན་ཨུ་ཡོན་ལྷན་ཁང་གི་ནོར་སྲིད་དཔལ་འབྱོར་པུའུ། གནམ་གཤིས་ས་ཚུགས། འཕྲོད་བསྟེན་ཁང་སོགས་ཀྱི་ཚན་པས་གནས་སྲུང་བྱས་པའི་རྩེད་ཐང་ཤར་ལྷོར་བསྒྱུར་བ་ རེད། ཟླ་ ༢ ཚེས་ ༨
ཉིན་གྱི་མཚན་མོར་ངོ་ལོག་ཇག་པས་མེ་སྒྱོགས་གཅིག་བསྡུས་ ཀྱིས་ཡན་ལག་ལས་དོན་ཨུ་ ཡོན་ལྷན་ཁང་གི་ཡུལ་དམག་རུ་འབྲིང་གི་ཙུའུ་ཞིག་གིས་སྲུང་བྱ་འགན་འཁུར་བའི་ཤག་ ལྷོ་རྡོ་རྗེ་ཚང་གི་ལྷོ་ནུབ་ཟུར་གྱི་གཡུལ་ས་ཡོངས་གཏོར་བ་དང༌། རང་རེའི་སྲུང་བྱ་ཙུའུ་ཡི་བློ་མཐུན་ཚང་མ་ས་འོག་གི་བཙན་རྫོང་ནང་དུ་ནོན་པ་རེད།
སྐབས་ དེར་དགྲ་བོས་ཤོར་ཁའི་ནང་ནས་གཡུལ་སར་མཆོངས་ཡོང་ཞིང༌། ཉེན་ཁ་ཛ་དྲག་ཆེ་བའི་སྐབས་དེར་བོད་རིགས་གཞོན་ནུ་ལས་བྱེད་པ་བློ་མཐུན་ཧོང་ཧུན་ གྱིས་གློ་བུར་དུ་ས་འོག་ནས་ཕྱིར་ཐོན་ཏེ་རང་སྲོག་ལ་མ་འཛེམས་པར་ལག་འབོམ་གཉིས་ དབྱུགས་པས་དགྲ་བོ་རེ་ཞིག་ཕྱིར་བཟློག་ཅིང༌། དེས་རང་རེའི་སྔོན་གྲབས་རུ་ཁག་བདེ་བླག་ངང་འབྱོར་ཐུབ་པ་དང༌། གཡུལ་ས་སྲུང་ཐུབ་པ་བྱུང༌།
ཞེས་བཀོད་ཡོད་པ་རེད།
དེ་རྗེས་མཚན་མོ་ཞིག་ ལ་རང་ཕྱོགས་དཀར་མཛེས་གདོང་ར་ཁང་སྟེང་ཚང་ཕུན་རྒྱལ་དང༌། རྒྱལ་ཐང་བརྒྱ་དཔོན་གཉིས་སོ་སྲུང་བསྡད་ཡོད་པ་དང༌། དེ་ནུབ་རྩེད་ཐང་རྒྱ་དམག་ཚོ་གཅིག་ས་གནས་གཞན་ཞིག་ཏུ་མཚན་འགྲོས་ཀྱིས་སྐོར་ འགྲོ་བྱེད་པ་དང་གདོང་ཐུག་ཐེབས་ཏེ། དམར་འཛིང་བྱས་འདུག དགོང་མོ་དེར་མེ་མདའ་སྲན་མ་རྔོ་བ་ལྟར་བྱས་ནས་རྒྱག་རེས་བྱུང་ཡང༌།
རང་ ཕྱོགས་ནས་ཁ་གཏད་སུ་ཡིན་མ་ཤེས་པའི་མུར་དེར། རྒྱལ་ཐང་བརྒྱ་དཔོན་གྱིས། དམག་སྤྱི་གཤོང་གཉེར་བུ་ལ་ཁོང་ཚོ་སོ་སྲུང་སྡོད་སྐབས་རྒྱ་དམག་དང་གདོང་ཐུག་ བྱུང་ལུགས་དང༌། མ་མཐའ་ཡང་རྒྱ་དམག་སུམ་ཅུ་ལྷག་བསད་རྨས་བྱས་མཐར། རང་ཕྱོགས་དཀར་མཛེས་བརྒྱ་དཔོན་ཕུན་དབང་འདས་གྲོངས་སོང་ལུགས་སྙན་ཞུ་དང་སྦྲགས།
དཀར་ མཛེས་བརྒྱ་དཔོན་གྱི་གྲི་དང་མེ་མདའ་རྣམས་དགྲ་ཁ་ནས་བླངས་ཏེ་དཀར་མཛེས་རུ་ ཤོག་ལ་ཕྱིར་སྤྲོད་བྱས། གཤོང་གཉེར་བུ་གཙོས་དེར་ཡོད་དཀར་མཛེས་རུ་ཤོག་གི་དམག་མི་ཡོངས་རྫོགས་གཅིག་ཤོར་ གཉིས་ཤོར་གྱིས་མཚན་མོར་ར་མདར་སོང་ཡང༌། དགྲ་ཕྱོགས་ཀྱིས་སྔ་ས་ནས་གྲ་སྒྲིགས་བརྟན་པོ་བྱས་ཟིན་སྟབས་ཚོད་མདའ་མང་པོ་ བརྒྱབ་ནས་དགྲ་དང་ཐག་ཉེ་ཙམ་ཡང་བཅར་ས་མ་རྙེད།
ད་དུང་སྐབས་འགར་གནམ་རྒྱང་ སྒྲོན་མེ་རེ་འཕེན་ནས་གནམ་ས་ཡོངས་རྫོགས་ཉིན་མོ་ལྟར་ གསལ་པོ་ཆགས་ཡོངས་བས། གབ་ཁུངས་འཚོལ་རྒྱུ་ཡང་ཁག་པོ་ཆགས་སྟབས་དེ་ནུབ་ཕྱིར་འཐེན་མི་བྱེད་མཐུ་མེད་ གྱུར།
ཕྱིར་ཉིན་ས་འདུ་དམག་སྤྱི་གཤོང་གཉེར་བུ་ཅན་རྒྱ་དམག་སྡོད་སའི་ཁང་པ་དང་ཁད་ཉེ་ བའི་བར་དུ་གྲོང་པའི་ཁང་པ་རྣམས་སྔར་ནས་ཕན་ཚུན་འགྲོ་སྐྱོད་ཐུབ་པའི་ཨི་ཁུང་ ཕུག་ཡོད་པ་བརྒྱུད་ནས་རྒྱུགས་ཏེ་དཀར་མཛེས་བརྒྱ་དཔོན་གྱི་སྐུ་ཕུང་རྩད་བཅད་པས།
དགྲ་ བོའི་དམག་ཁང་དང་ཁད་ཉེ་བའི་ཞིང་ར་ཞིག་གི་ཕག་ཏུ་བྱ་ཕོ་རོག་གཅིག་ཡར་འཕུར་ མར་བབས་བྱེད་པར་བརྟགས་ཏེ་མཚན་མོ་དམག་མི་ཁག་ཅིག་སོང་ནས་དཀར་མཛེས་བརྒྱ་དཔོན་ གྱི་སྐུ་ཕུང་ཆུ་ལ་བསྐྱུར་ཞིང༌། ཚ་བོ་པདྨ་ཆོས་འབྱོར་དང་ཅ་དངོས་གང་ཡོད་བཅས་དམག་སྒར་ཨ་མར་སྙན་ཞུ་དང་སྦྲགས་ ཕྱིར་བཏང་བྱས།
རང་ཕྱོགས་དགྲ་ཁར་འདས་གྲོངས་སོང་བའི་དམག་མི་ཀུན་གྱི་སྐུ་ ཕུང་དུར་འཇུག་དང༌། བསད་རྨས་ཇི་བྱུང་བརྟག་ཞིབ་ནན་པོ་བྱེད་པ་ལས་འོལ་ཚོད་ཀྱིས་བསྐྱུར་འཇོག་བྱེད་ རྒྱུའི་ལོ་རྒྱུས་ངན་པ་ཟུར་ཙམ་ཡང་བཞག་མྱོངས་མེད་པ་ནི་དྭང་བླང་དཔའ་བོའི་ལོ་ རྒྱུས་ཀྱི་གཟི་བརྗིད་སྣོན་མ་ཞིག་ཡིན་ན། འདི་ཉིད་ལོ་རྒྱུས་ཀྱི་ས་བོན་ཁ་གསལ་ལག་སོན་བྱུང་བ་བཀོད་པ་ལྟར།
གཞན་དང་གཞན་ལའང་དེ་བཞིན་དུ་བྱུང་བ་མཁྱེན་དགོས།
དེ་ནས་ཉིན་ཤས་སོང་རྗེས་ས་ཁུལ་དེའི་ཡུལ་མི་ཚོའི་ངོས་ནས་སྔར་གཏོར་ཟིན་པའི་ དམག་སྒར་དང་ཉེ་བའི་སར་ཡོད་པའི་དམག་ཁང་དེའི་ནང་གི་རྒྱ་དམག་དང༌། རི་ཕར་ངོས་ཀྱི་རི་རྩེར་བཙན་རྫོང་འཛིང་རགས་ཡོད་པའི་རྒྱ་དམག་གཉིས་མཚན་མོར་ཡར་ མར་འགྲོ་བསྐྱོད་བྱེད་ཀྱི་འདུག་ཟེར་བ་གོ་བས།
རང་ཕྱོགས་དམག་སྒར་ནས་ས་འདུ་ དམག་སྤྱི་གཤོང་གཉེར་བུ་བསོད་ནམས་དབང་རྒྱལ་ཁས་ ལེན་ཐོན་ནས་རྒྱལ་རྩེ་ཞལ་ངོ་སོགས་དམག་མི་ཉི་ཤུ་ཙམ་ཁྲིད་དེ། ཉེ་འདབས་གླིང་ཁ་ཞིག་ཡོད་པར་དེར་མཚན་འགྲོས་བྱས། གླིང་ཁ་སྲུང་མཁན་རྒན་པོ་ཞིག་འདུག་པ་དེ་ལ་སྐད་ཆ་དྲིས་པས། ཁོས་རྒྱ་དམག་ཧ་ཅང་མང་པོ་ནི་མཐོང་མ་བྱུང༌།
མང་མཐའ་བརྒྱ་སྐོར་ཞིག་དང་ཉུང་ མཐར་བཅུ་སྐོར་རེ་ཙམ་སྐབས་འགར་ཡར་མར་འགྲོ་ བསྐྱོད་བྱེད་ཀྱི་འདུག རྒྱུན་དུ་འགྲོ་བ་ནི་མཐོང་རྒྱུ་མ་བྱུང་ཟེར། རང་ཕྱོགས་དམག་མི་ཚོས་དེ་ནུབ་མཚན་སྒུག་བྱེད་རྒྱུའི་གྲ་སྒྲིག་ཏུ་གླིང་ཁའི་ གྱང་ར་གང་འཚམ་རྫོགས་ཏེ་གླིང་ཁའི་སྒོ་དང་གྱང་ལྡེབས་ཕན་ཚུན་བར་ས་བགོས་བརྒྱབ་ ནས་མཚན་གང་སྒུག་ཀྱང་སུ་ཡང་མ་སླེབས།
ཕྱི་ཉིན་གླིང་ཁ་སྲུང་མཁན་རྒན་པོ་དེ་ སར་གབ་ཡིབས་བྱས་ནས་བསྡད། མཚན་མོ་ས་རུབ་པ་དང་མཉམ་དུ་སྔར་ནུབ་བཞིན་སྒུག་ར་སྤྲད་པར་སོང་བ་དང་རྒྱ་དམག་ བརྒྱ་ལྷག་གླིང་ཁའི་འཁྲིས་ནས་ཚུར་ཡོང་བ་དང་འཁེལ་བས། རང་ཕྱོགས་ནས་སྒུག་ར་ཡིད་ཚིམས་པ་ཞིག་བྱེད་ལོང་མ་བྱུང་གོང་ནས་མེ་མདའ་འཕེན་ རེས་བྱེད་དགོས་བྱུང༌།
རྒྱལ་ཕམ་དབྱེ་ཐག་མི་ཆོད་བར་ཚོུད་གཉིས་རིང་རང་སྲོག་ བློས་གཏོང་གིས་འཕེན་རེས་ བྱས། གྱང་རའི་སྒོ་འགྲམ་དེ་ནས་རྒྱ་དཔོན་ཞིག་གིས་ངར་ཤ་ལངས་ནས་ཕོའུ་མ། ཕོའུ་མ། ཏཱ་མ། ཏཱ་མ་(རྒྱུགས་ཤིག རྒྱུགས་ཤིག རྒྱོབ་ཅིག རྒྱོབ་ཅིག་ཅེས་པའི་དོན་)ཞེས་ངར་སྒྲ་སྒྲོག་བཞིན་འདུག
བར་མཚམས་ཤིག་ནས་ འབོད་སྐད་སྒྲོག་པའི་ངར་སྒྲ་དེ་འཇམ་སོང་བས་རང་ཕྱོགས་དཔའ་བོ་ ཞིག་གིས་རྒྱ་དཔོན་དེ་ཤི་ལམ་དུ་བཏང་ཡོད་པ་འདྲ། མཚན་ཕྱེད་མ་ཟིན་ཙམ་ནས་འཇམ་ཐེམ་མེར་ཆགས། རང་ཕྱོགས་དམག་མི་རྣམས་རེ་རེ་བཞིན་ཕྱིར་འཐེན་ནས་དམག་འཐབ་ཀྱི་མཐའ་འབྲས་ལ་ བརྟག་ཞིབ་བྱས་པས། གླིང་ཁའི་ནང་དུ་རང་ཕྱོགས་དཔའ་བོ་གསུམ་ཤི་ལམ་དུ་ཤོར་འདུག་ཅིང༌།
རྒྱ་དམག་ མ་མཐའ་ལ་ལྔ་བཅུ་ཡས་མས་ཞིག་བསད་རྨས་བཏང་ཡོད་པའི་ཁོག་རྩིས་བྱས་ན་རང་ ཕྱོགས་ལ་རྒྱལ་ཁ་ཚད་མེད་ཐོབ་ཡོད་ནའང༌། དཔའ་བོ་གསུམ་གཡུལ་སར་འདས་གྲོང་སོང་བས་བློ་ཕམ་ཚད་མེད་བྱས། ནམ་རྒྱུན་རྩེད་ཐང་རི་རྩེ་ན་ཡོད་པའི་རྒྱ་དམག་གི་སྒུག་ར་དེ་ནས་ཀླུང་དུ་མེ་ མདའ་བརྒྱབ་སྟེ་ཡུལ་མི་དང༌། རྟ་མཛོ། ར་ལུག ཁྱི་ཕག་སོགས་འདྲ་མིན་གང་བྱུང་དུ་བསད་ཡོང་གི་ཡོད།
དེར་བརྟེན་ཕྱི་ཉིན་ས་མ་ རུབ་བར་གླིང་ཁ་དེར་གབ་ཅིང༌། ས་རུབ་པ་དང་ཕྱིར་འཐེན་བྱས་ཏེ་འདས་ཟིན་པའི་དམག་མི་ཚོའི་ཕུང་པོ་ཚོ་ཆུ་ལ་ བསྐྱུར་ནས་དམག་སྒར་དུ་ཕྱིར་ལོག མུན་ཁྲོད་ཀྱི་དམག་འཐབ་ཆུང་ངུ་དེ་ནི་ལོ་རྒྱུས་ཀྱི་ཟུར་ཐོ་ཁ་གསལ་ཞིག་ལག་སོན་ བྱུང་བ་ལྟར་བཀོད་པ་ཡིན་གྱི།
འདིར་ལོ་རྒྱུས་ཀྱི་དཔྱད་གཞིའི་ས་བོན་ལག་སོན་ མ་བྱུང་བའི་དངོས་བྱུང་དམག་འཐབ་ ཀྱི་ལོ་རྒྱུས་དེ་དང་དེ་འདྲ་བ་ནི་མང་པོ་བྱུང་ཡོད་པ་བཤད་ཅི་དགོས། སླར་དམག་སྒར་ཨ་མ་ནས་རྩེད་ཐང་རྒྱ་དམག་ལ་མུ་མཐུད་དེ་རྒོལ་རྡུང་བྱེད་རྒྱུ་དང༌། དམག་ཁང་ཤར་ལྷོའི་ཕྱོགས་ནས་འཇབ་རྒོལ་བྱེད་བདེ་བས་དེ་ཕྱོགས་མཚན་འཇབ་ཀྱིས་ དཔུང་འཇུག་བྱེད་རྒྱུ་ཐག་བཅད་བྱས་ཀྱང༌།
དགྲ་ཕྱོགས་ནས་དམག་ཁང་གི་ཉེ་འཁོར་ ཆུ་ཡུར་བྲུས་ཏེ་ཐད་ཀར་རྒོལ་རྡུང་བྱེད་ རྒྱུར་སྔ་ས་ནས་གྲ་སྒྲིག་གཟབ་ནན་བྱས་ཟིན་སྟབས། རང་ཕྱོགས་ཀྱི་ཁས་ལེན་པ་ཚོས་གཅེས་སྲོག་ཕངས་མེད་ཀྱིས་མཚན་མོ་ཆུ་ཡུར་གྱི་ ཕྱོགས་གང་ས་ནས་གདུང་ཟམ་བཙུགས་ཏེ་དཔུང་འཇུག་བྱས།
དགྲ་ཕྱོགས་ནས་ཡོང་སྲིད་ པའི་དམག་དོན་ཐོག་གྲ་སྒྲིག་ཨང་སར་བྱས་ནས་ཡོད་སྟབས་ ཕྱོགས་གང་ས་ནས་མེ་མདའ་འདྲ་མིན་མང་པོ་གྲངས་ཁ་མེད་པར་འཕེན་པས་རང་ཕྱོགས་དམག་ མི་མང་པོ་ཆུ་ཡུར་ནང་ལྷུང་བ་དང༌། འགའ་ཞིག་གདུང་ཟམ་བརྒལ་ནས་ཕར་ཕྱོགས་སྐྱོད་ཐུབ་ཙམ་བྱུང་ཡང་མང་ཉུང་དང་གོ་ལག ས་བབ་གང་ཅིའི་ཆ་ནས་ཡ་ལན་བསློག་ཐབས་བྲལ་ཏེ་ཕྱིར་བྲོས་བྱེད་དགོས་བྱུང༌།
སྟབས་ ལེགས་པ་ཞིག་ལ་དགྲ་བོའི་མེ་མདའ་དྲག་ཆར་ཕབ་པ་ལྟ་བུའི་ཁྲོད་དུ་གདུང་ཟམ་ གྱི་གར་སྟེགས་ཐོག་ཆེས་ཡ་མཚན་པའི་དམག་འཐབ་ཀྱི་ཟློས་གར་འཚུབ་མོ་དེའི་ནང་རང་ ཕྱོགས་ལ་བསད་རྨས་རིགས་མ་བྱུང་བ་ནི། ལས་དབང་གིས་རྒྱབ་སྐྱོར་བྱས་པ་ཞིག་མིན་ན་ལམ་འགྲོའི་མདུད་པ་དམ་པོ་ཞིག་ཐེབས་པ་ ཡིན་སྲིད།
གཞན་དུ་ཉེ་རབས་དཔའ་བོ་ཁྱུ་གཅིག་གི་དམག་ཇུས་ཀྱི་ཆུ་ཚད་དང་ཉམས་ མྱོང་ལ་ཐེར་ འདོན་བྱེད་པའི་སློབ་ཚན་དང༌། གླེན་རྟགས་ཚ་བའི་དཔའ་རྒོད་ཁྱུ་གཅིག་གིས་བཞག་པའི་ལོ་རྒྱུས་ཀྱི་ཁ་བྱང་སྐྱུར་ མོ་ཞིག་ཀྱང་ཡིན།
མི་མཐོང་སྨག་གིས་བསྟིམས་པའི་མཚན་མོ་ལ།།
དམར་པོ་རྒྱ་ཡིས་བཟུང་པའི་བཙན་རྫོང་ནང༌།།
མཆོང་རྒྱུགས་བྱས་པའི་དྭངས་བླང་ཕོ་རྒོད་ཚོའི།།
དཔའ་བོའི་མཚན་སྙན་དབྱར་གྱི་རྔ་བཞིན་ལྡིར།།
༼16༽
རྩེད་ཐང་གཡུལ་འགྱེད་ཐེངས་ལྔ་པ།
རྩེད་ ཐང་ཁུལ་སྡོད་རང་ཕྱོགས་དམག་དཔུང་གིས་ས་ཐོག་ནས་ཉིན་མོར་རྒོལ་རྡུང་བྱེད་པ་དང༌། མཚན་མོར་འཇབ་རྒོལ་བྱེད་པ་སོགས་དུས་ཡུན་ཟླ་བ་གཉིས་ལྷག་རིང་ཤི་འཛིང་རོ་འཐམ་ གྱིས་དམག་འཐབ་དེ་ཙམ་བྱས་ཀྱང༌། དགྲ་ཕྱོགས་བཙན་བཀག་བྱེད་ཐུབ་ཙམ་མ་གཏོགས་རྩ་མེད་དང་མཐར་སྐྲོད་ཀྱི་རྒྱལ་ཁ་ད་ དུང་མ་ཐོབ་པ་དང༌། ས་ཐོག་ན་དམག་འཐབ་བྱེད་ཕྱོགས་ཐབས་ཤེས་རྫོགས་སོང་བས།
ད་ ནི་ས་འོག་ནས་དོང་བྲུས་ཏེ་དགྲ་བོའི་དམག་ཁང་འོག་ཏུ་འབར་རྫས་བཞག་སྟེ་རྩ་ གཏོར་གཏོང་རྒྱུ་ཁོ་ནར་ཐབས་ལམ་ཡག་ཤོས་སུ་རྩིས་ཏེ། འགོ་དམག་ཡོངས་རྫོགས་གྲོས་འཆར་བྱུང་དོན་བཞིན། བེ་རི་ཐབས་མཁས་སོགས་མེ་མདའ་མེད་པའི་དམག་མི་ཚོས་ས་དོང་བྲུས།
ཁ་གཏད་རྒྱ་ དམག་གིས་ཀྱང་རང་ཕྱོགས་དམག་ཁང་ཐད་དུ་ལྐོག་ནས་ཚུར་ས་དོང་བྲུས་ཡོང་ གི་ཡོད་འདུག་ཀྱང་རང་ཕྱོགས་ནས་གནས་ཚུལ་དེ་ག་ལ་ཤེས། ཉིན་ཞིག་རང་ཕྱོགས་ཀྱི་ས་དོང་གི་ཀླད་ནས་ལྕགས་མདའ་ཞིག་གིས་ཐད་ཀར་ཕུག་ཡོང༌། དེ་ནི་རྒྱ་དམག་གིས་ཨི་ཁུང་དེ་གོང་མ་དང༌། རང་ཕྱོགས་ཀྱི་ཨི་ཁུང་དེ་འོག་མ་འཁེལ་བ་མ་གཏོགས་ཕན་ཚུན་དོང་ལམ་འགོ་ཐུག་ཡོང་བ་ རེད་འདུག
དེ་མ་ཐག་རྒྱ་དམག་གིས་ཤེས་རྟོགས་བྱུང་སྟེ་གོང་ནས་འོག་ཏུ་མེ་མདའ་ སྦག་སྦག་ཚོད་ མདའ་མང་པོ་བརྒྱབ་བྱུང་ཡང་རང་ཕྱོགས་ལ་གནོད་པ་གང་ཡང་མ་བྱུང༌། རང་ཕྱོགས་ཀྱི་ཨི་ཁུངས་ནང་རྩ་དང་ཤིང་མང་བརྒྱངས། མེ་སྦར་ཏེ་དུ་བ་བདུག་པ་ལས་གཞན་ཅི་བྱེད་མེད་པར་ལུས།
སྟབས་ལེགས་པ་ཞིག་ལ་ དགྲ་བོས་ཚུར་དོང་བྲུས་ཡོད་པ་དེ་ཤེས་པ་རེད་མ་གཏོགས་གལ་ཏེ་ གནས་ཚུལ་དེ་ཤེས་གསལ་བྱུང་མེད་ན་རང་ཕྱོགས་སྡོད་ཁང་དང་བཅས་པ་ཐལ་བ་བཟོ་རྒྱུ་ རང་རེད།
དམག་འཐབ་དེའི་མཇུག་འབྲས་རྒྱལ་ཁའི་ཁེ་བཟང་ཞིག་མ་ཐོབ་ནའང་དགྲ་ ཕྱོགས་ཀྱི་ཇུས་ ངན་རྒྱུས་ལོན་སྔོན་འགོག་བྱེད་ཐུབ་པ་ནི་ཡུན་རིང་ས་དོང་བྲུས་པའི་གྲུབ་འབྲས་ སྟོང་ཟད་དུ་མ་སོང་བའི་དོན་འབྲས་ཞིག་ཡིན་ནོ།།
སླར་ཡང་ཉིན་ཤས་རྗེས་སྔར་བའི་སྤྱང་གྲུང་འཛོམས་པའི་སྒོ་ནས་དགྲ་བོའི་ཁང་པའི་ འོག་ས་དོང་བྲུས་ཏེ་འབར་རྫས་བཞག་རྒྱུའི་དམག་ཇུས་ཐོག་ཐག་གཅོད་བྱས། ཕར་ཕྱོགས་གཞན་ཞིག་ནས་ཉིན་མང་པོའི་རིང་སྔར་བཞིན་ས་དོང་བྲུས།
རིང་ཚད་ཐག་ པས་འཇལ་ཏེ་ད་ཕལ་ཆེར་དགྲ་ཁང་གི་ཐད་དུ་སླེབས་འདུག་བསམས་པར་བྱས་ནས་ འབར་རྫས་དོ་པོ་མང་པོ་བརྩེགས་ཤིང་བུད་ཐིག་རང་ཕྱོགས་ཀྱི་དོང་ཁ་བར་དུ་བྲན་ནས་ མེ་སྦར། རང་ཕྱོགས་དམག་དཔུང་ཚོས་ད་ཡིན་ན་སྐད་གྲགས་མི་རབས་མང་པོ་ལ་ལྷགས་པ་ཞིག་བཟོས་ ཡོད་བསམས་ནས་ལྟད་མོ་བལྟས།
དེ་དུས་དྭངས་བླང་དཔའ་བོ་བགྲེས་སོང་ཚོས་གནའ་ སྔོན་མར་རྒྱ་ཧིན་ཧིན་གྱི་དམག་ བོད་དུ་ཕྱུར་དུས་སེ་ར་དགོན་པ་དང་བོད་གཞུང་དམག་དཔུང་གཉིས་ཁ་སྒྲིལ་ཏེ། རྒྱའི་དམག་སྒར་འོག་ས་དོང་བྲུས་ནས་འབར་རྫས་དོ་པོ་མང་པོ་བརྩེགས།
བུད་ཐིག་ དོང་ཁ་བྲན་ནས་མེ་སྦར་བས་རྒྱ་དམག་རྩ་མེད་ཤུལ་བརླག་ཏུ་སོང་བའི་ལོ་ རྒྱུས་ཀྱི་གླེགས་བམ་སྙན་པོ་དེ་ཐེངས་གཅིག་སེམས་ལ་ཝ་ལེར་ཤར་ཡོད་ཤས་ཆེ། བསམ་ཡུལ་ལས་འདས་པ་ཞིག་ལ་ལྡིར་སྒྲ་ཆེན་པོ་ཞིག་དང་མཉམ་དུ་འབར་རྫས་འགད་བྱུང་ ཡང་དགྲ་བོའི་གནས་ཁང་གཏོར་བཤིག་ཅུང་ཟད་ཙམ་ཡང་མ་ཐེབས་པར། རང་ཕྱོགས་ཀྱི་ས་དོང་བྲུ་སའི་ཁང་པ་དེ་སྐྱ་ཐར་རེར་གཏོར་བ་མ་ཟད།
རེ་ཞིག་ཐལ་ འཚུབ་ཀྱིས་གནམ་ས་བསྒྲིབ་ནས་ཅི་ཡང་མི་མཐོང་བར་གྱུར་སོང༌། དེ་ནི་ད་སྔོན་རང་ཕྱོགས་ལ་ས་དོང་ནང་འབར་རྫས་བཞག་སྟངས་ཀྱི་དམག་སྦྱོང་དང་ཉམས་ མྱོང་མེད་པས་ལེན་པ་རེད། ས་དོང་ནང་འབར་རྫས་བཞག་དུས་ས་དོང་སྦུག་ཕར་ཙམ་ཚུར་ཙམ་ཀྱོག་ནས་བཞག་དགོས་པ་དང༌། ད་དུང་འབར་རྫས་ཐོག་ས་རྡོ་གང་བྱུང་གིས་མནན་དགོས་པ་རེད་འདུག
དེ་ལྟར་མ་བྱས་ ན་འབར་རྫས་ཀྱི་ནུས་ཤུགས་གང་ཡོད་ཨི་ཁུངས་ནང་ནས་ཕྱིར་རྒྱུགས་ ཡོང་གི་ཡོད་པ་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཁང་པ་དེའི་ནང་རང་དམག་གཅིག་ཀྱང་མེད་པར་ཕྱིར་རོལ་ དུ་ལྟད་མོ་བལྟ་མཁན་སོང་བ་དང་འཁེལ་ནས་རང་ཕྱོགས་བསད་རྨས་ཅི་ཡང་མ་བྱུང་བ་ནི་ བོད་སྲུང་དགྲ་ལྷ་ཚོའི་འཕྲིན་ལས་ཡིན་སྲིད།
དམག་འཐབ་འདིས་མ་འོངས་པའི་བུ་ རབས་ཚ་རྒྱུད་རྣམས་ལ་བྱིན་པ་ནི་ལྷག་བསམ་དང་དཔའ་ རྩལ་ལ་སྤྱང་གྲུང་དང་ཉམས་མྱོང་གིས་རམ་འདེགས་དགོས་ཤིང༌། སྦྱོང་རྡར་དང་ཚོད་ལྟའི་སྔོན་འགྲོ་དགོས་པའི་བདེན་དཔང་གི་བླང་བྱ་ཞིག་ཀྱང་ སྟེར་བ་ཡིན་ནོ།།
སླར་ཡང་ཉིན་ཤས་རྗེས་རས་ཆད་དགུ་མཐུད་ཀྱི་དཔེ་ལྟར་ཁ་གཏད་དམག་སྒར་རྩ་གཏོར་ གཏོང་བའི་ཐབས་ལམ་གསར་པ་གཞན་ཞིག་མ་རྙེད་བར་སྔར་གྱི་ཐབས་ལམ་དེ་ཉིད་ཡང་སྐྱར་ བེད་སྤྱོད་ཀྱིས་ཟུར་གཞན་ཞིག་ནས་ས་དོང་བྲུས། སྐབས་དེར་ལྷ་ས་ནས་རྒྱ་མིས་སོ་པ་གཏོང་བ་ཞིག་འཛིན་བཟུང་གིས་དེའི་སྐེད་པར་ཐག་ པ་བཏགས་ཏེ་ས་སྟེང་ནས་རྒྱ་དམག་གི་ཁང་པའི་བར་བཏང༌།
དེ་ནས་ཚུར་འཐེན་ཏེ་ཐག་ པ་འདོམ་འཇལ་གྱིས་ཚད་འཇལ་ཏེ། རིང་ཚད་དེ་དང་མཉམ་པའི་ས་དོང་བྲུས་རྗེས་ས་སྦུག་ཕར་ཙམ་ཀྱོག་སྟེ་འབར་རྫས་དོ་ པོ་མང་པོ་བརྩེགས་པ་དང་ས་རྡོ་མང་པོས་མནན་ཏེ་བུད་ཐིག་དོང་ཁ་བར་འཐེན་ནས་མེ་ སྦར། གང་འཚམ་ཞིག་ནས་ལྡིར་སྒྲ་དང་བཅས་འགད་བྱུང་བ་དང༌། རྒྱ་དམག་གི་ཁང་པ་དེའི་ལོག་ཞིག་ནས་ཐལ་འཚུབ་ཕྱུར་ཞིང་འཐོར་ཞིག་ཏུ་སོང༌།
ཐལ་ འཚུབ་ཀྱིས་རེ་ཞིག་ཉི་འོད་ཀྱང་སྒྲིབ་ནས་གསལ་པོ་མི་མཐོང་བར་གྱུར། ཡིན་ནའང་ད་དུང་ས་དོང་ཅུང་ཟད་ཐུང་དྲགས་པས་ང་རང་ཕྱོགས་ཀྱི་འདོད་པ་ལྟར་དགྲ་ཁང་ གི་དཀྱིལ་དུ་སླེབས་ཐུབ་ཡོད་མི་འདུག རྒྱ་དམག་གྲངས་ཀ་ཇི་ཙམ་བསད་ཡོད་མེད་ཤེས་མ་བྱུང༌། རང་དམག་ཚོས་ཀི་ཤར་དང་བཅས་རྒྱུགས་ཤར་གློད་དེ་དགྲ་རྫོང་ཡོངས་སུ་བླངས།
ཁོ་ ཚོ་སྔར་བཞིན་ས་དོང་ནང་ནས་ཕར་ཕྱོགས་ཁང་པ་གཞན་ཞིག་ཏུ་བཙན་རྫོང་བཟུང་ཟིན་ འདུག་ཅིང༌། ད་དུང་རི་རྩེའི་བཙན་རྫོང་དེ་ནས་མེ་མདས་རྒྱུན་ཆད་མེད་པར་བཙགས་ཡོང་བས་རང་དགར་ རྒྱུགས་ཐལ་ཆེ་བ་བྱེད་རྒྱུ་མེད་པས་རང་དམག་དཔའ་ཚོད་མི་བཟུང་ཀ་མེད་གྱུར།
དམག་ འཐབ་འདིས་དགྲ་ཕྱོགས་ཕམ་ཉེས་གང་འཚམ་བཏང་བ་དེ་དམག་ཇུས་དང་སྦྱོང་བརྡར་ལ་ དཔག་ནས་བཤད་ན་རྒྱལ་ཁ་ཆུང་ཆུང་ཞིག་ཡིན་ལ། མི་རབས་རྗེས་མ་ལ་ངོམས་རྒྱུ་ཡོད་པའི་གཏམ་རྒྱུད་ཐུང་ཐུང་ཞིག་ཀྱང་གསར་སྐྲུན་ བྱས་པ་ཡིན་ནོ།།
དེའི་སྐོར་རྒྱའི་ཡིག་ཆ་ལས། ཚེས་ ༢༥ ཉིན་ལྷོ་ཁར་ཡོད་པའི་ཆུ་སྒང་ངོ་ལོག་ཇག་ཚོགས་ཀྱི་དམག་མི་ ༣༠༠༠ ཙམ་གྱིས་ལྷོ་ཁ་ལས་དོན་ཨུ་ཡོན་ལྷན་ཁང་དང༌། རྩེད་ཐང་བཅའ་སྡོད་དམག་མདའ་ཤོག་ཨང་ ༡༥༩ པའི་རུ་གསུམ་པ་མཐའ་བསྐོར་ཏེ་ཚུར་རྒོལ་བྱེད་བཞིན་པར་བརྟེན། ཐན་ཀོན་སན་ལ་དཔུང་སྣོན་གཏང་རྒྱུའི་དམག་མི་གཏན་ནས་མེད་སྟབས་ཅི་བྱ་གཏོལ་མེད་ ཀྱི་གནས་སུ་ལྷུང༌།
ཁོ་པས་ཁྲིན་ཏུའུ་དམག་ཁུལ་ཁང་ལ་དཔུང་རོགས་ཞུས་པར་དམག་ ཁུལ་ཁང་ནས་གནམ་གྲུ་བཏང་ སྟེ་ཁྱུང་པོ་སྟེང་ཆེན་སོགས་སུ་མཁའ་ཐོག་ནས་གཏོར་རྒོལ་ཤུགས་ཆེན་བཏང༌།
ས་ གནས་མང་པོ་ཞིག་ལ་ངོ་ལོག་ཟིང་འཁྲུག་ལངས་ཏེ་ཛ་དྲག་གི་གནས་སྐབས་དེར་བོད་དམག་ ཁུལ་ཁང་གི་གསང་འཕྲིན་ལས་ཁུངས་ནས་བཀའ་ཤག་ལོག་སྤྱོད་རུ་ཚོགས་ཀྱིས་ཁྱོན་ཡོངས་ ནས་ངོ་ལོག་ཟིང་འཁྲུག་བསླང་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་གསང་བའི་གནས་ཚུལ་ འབྱོར།
ཐོན་ཀོན་སན་གྱིས་གལ་སྲིད་དེ་ལྟར་ཡིན་ན་བོད་དམག་ཁུལ་ཁང་གི་སྟོབས་ ཤུགས་ཀྱིས་ དགྲ་བོར་ཁ་གཏད་བྱེད་དཀའ་བས་རྒྱལ་ནང་ནས་དཔུང་སྣོན་དམག་དཔུང་བོད་དུ་མ་སླེབས་ བར་དམག་འཁྲུག་ལངས་རྒྱུར་འགོག་ཐབས་བྱེད་དགོས་བསམ་ནས་ཀྲང་ཅི་ཨུའུ་དང་ནང་གྲོས་ བྱས་ཏེ་ཆབ་སྲིད་བརྩོན་ལེན་དང༌། འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགུལ་སྤེལ་རྒྱུར་ཐག་གཅོད་བྱས།
དེ་ནས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགུལ་སྤེལ། ཅེས་བཀོད་འདུག
(སྒ་པ་དམག་ཤོག་ལྷོ་ཁར་དྭངས་བླངས་དམག་ཁོངས་སུ་སྔ་ཕྱིར་ཞུགས་པ་)ལྷ་སར་ཡོད་ པའི་ནང་ཆེན་ཉེར་ལྔའི་མི་སྣ་རྣམས་ཕྱི་ལོ་ ༡༩༥༨ ཟླ་ ༦ པའི་ནང་གྲོས་སྡུར་གྱིས་མི་རྟ་གོ་ཧྲག་དང་གོ་ལག་རང་འགྲིགསརྣམས། ཡང་ན་ལྷོ་ཁ་ཆུ་སྒང་དམག་སྒར་ནང་དུ་ཞུགས་རྒྱུ་དང༌། ཡང་ན་རང་ས་སྲུང་མཁན་རང་ཡུལ་དུ་འགྲོ་རྒྱུ་མ་གཏོགས༌།
རང་གར་ལྷ་སར་ཁེ་ཚོང་ རྒྱབ་ནས་སྡོད་མི་ཆོག་པའི་ཐག་གཅོད་བྱས་པ་ལྟར། སྒ་པ་དབང་ཆེན་ལྷ་མགོན་དང༌། དགེ་ལེགས་ཕུན་ཚོགས། སྐྱེ་རྒུ་མདོ་རྡོ་བརྐོ་པད་མ་སྟོབས་ལྡན། གོ་ཤུ་འཇམ་དགའ། ཆུ་ཁ་བསོད་སྟོབས་བཅས་ཀྱིས་སྣེ་ཁྲིད་པའི་སྒ་པ་ཤོག་ཁག་གཅིག་ལྷོ་ཁའི་དམག་སྒར་ དུ་འཛུལ་ཞུགས་བྱས། ལྷོ་ཁ་ནས་སྒ་པ་དབང་ཆེན་ལྷ་མགོན་ཟ་དང་སྒ་པ་གཙོ་འཛིན་གྱི་གོ་ས་དང༌།
དགེ་ལེགས་ཕུན་ཚོགས་ལ་དམག་སྤྱིའི་གོ་ས་སྤྲད།
(གྲའུ་དཔོན་རིན་ཆེན་ཚེ་རིང་ཅན་རང་ཡུལ་ཕྱོགས་ཕྱིར་བསྐྱོད་བྱས་པ།) ཕྱི་ལོ་ ༡༩༥༨ ཟླ་ ༦ ནང་གྲའུ་དཔོན་རིན་ཆེན་ཚེ་རིང་ཅན་རང་ཡུལ་ཁམས་ཁུལ་དུ་དམག་བསྐུལ་ཆེད་ལྷ་ས་ནས་ ཕྱིར་བསྐྱོད་སྐབས་སྤེན་ཐོག་བསམ་པ་དང༌། ཉི་མ་བཀྲ་ཤིས། ཨ་དཔོག་བསོད་ནམས་དོན་འགྲུབ་སོགས་ཤོག་ཁག་གཅིག་གྲའུ་དཔོན་དང་མཉམ་དུ་རང་ཡུལ་ དུ་ཤར་བསྐྱོད་བྱས།
གྲའུ་དཔོན་ནག་ཆུར་སླེབས་དུས་ནང་ཆེན་ཉེར་ལྔས་རྒྱ་ལ་ རྒོལ་འཛིངས་བྱས་པའི་གནས་ ཚུལ་ཤེས་གསལ་བྱུང་བ་བཞིན། སྒ་པ་བུ་བཀྲ་ཡག་དང༌། གཡང་ཚེ་རིང་གཉིས་ཨ་འབྲུག་ཚང་སར་ནང་ཆེན་ཉེར་ལྔའི་ཕྱོགས་སུ་རྒྱ་བོད་ཟིང་ འཁྲུག་བྱས་པའི་གནས་ཚུལ་དང༌། གོ་ལག་རགས་ཐབས་སྐོར་ཞུ་མཁན་བང་ཆེན་བཏང༌། ལམ་དུ་འཁེལ་བའི་འབྲོང་པ་སྟོད་སྨད་དང༌། ཡུལ་ཤུལ་ཀླ་ཤི་ཤོག། སྒེ་སྨད་དཔོན།
དགེ་ རྒྱས་ཁ་སྦའི་ཤོག། རི་ཕུག་ཀ་བྲག། བེ་རི་བྲག་རྒྱམ་སོགས་གནད་ཡོད་མི་སྣ་རྣམས་དང༌། ལྷག་དོན་ནང་ཆེན་རྒྱལ་པོས་གཙོས། དིམ་ཆིངས་ཉེར་ལྔའི་དཔོན་ཁག་རྣམས་ལ། དབུས་ཕྱོགས་ནས་ཆུ་སྒང་བསྟན་སྲུང་དམག་གིས་ལྷོ་ཁར་དམག་གི་བརྟེན་གཞི་བྱས་ཏེ་ དགྲ་བོ་དང་དམག་འཐབ་བྱས་དང་བྱེད་བཞིན་པའི་སྐོར་དང༌། རང་ཡུལ་དགྲ་ལག་ཏུ་ཤོར་ཟིན་ནའང།
རྒྱལ་ས་ལྷ་ས་སྲུང་སྐྱོབ་ཆེད་བྱང་བརྒྱུད་ མོ་ཊའི་འགྲོ་ལམ་བཀག་འགོག་ཐུབ་ན་དགེ་ མཚན་ཆེ་སྐོར། གོ་ལག་སོགས་རིམ་པས་ཐབས་ཤེས་ཆོག་པ་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་འཁོད་པའི་ཞུ་ཡིག་ རིམ་འབུལ་བྱས། དེ་བཞིན་དཔོན་རུ་སྨད་མའི་དཔོན་གྲགས་པ་རྣམ་རྒྱལ་བརྒྱུད་འགོ་ལོག་སོགས་ལའང་ གོང་གསལ་གནས་ལུགས་ཞིབ་ཕྲ་བཀོད་དེ་བང་མི་ཆེད་བཏང་བྱས་ནའང༌།
བསྟན་དགྲ་རྒྱ་ དམར་གྱིས་དེ་སྔོན་གནའ་བཞག་བྱས་པའི་མཚོ་སྔོན་ཁུལ་དཔོན་ཁག་ཡོངས་ རྫོགས་ལོ་དེའི་བོད་ཟླ་ ༥ ཚེས་ ༡༥ ནས་བཟུང་ཉིན་ བརྒྱ་དུས་གཅིག་ལ་རྒྱ་དམག་དང་རྒོལ་འཛིངས་བྱས་དང་མ་བྱས་ཀྱི་ཁྱད་པ་མེད་པར་བསད་ བཟུང་ཅི་རིགས་ཀྱིས་གཏོར་རྒོལ་བཏང་ཟིན་པ་རེད།
གོང་གསལ་གྲའུ་དཔོན་གྱི་དམག་ ཤོག་དེས་འབྲེལ་བ་དང་རྒྱུད་སྐུལ་བྱས་པའི་ཁོངས་ནས་ བེ་ཅང་བསོད་ནམས་རྒྱ་མཚོས་སྣེ་ཁྲིད་པའི་ཧ་ཤུལ་སོགས་དང༌། འབོ་མགོ་དགོན་གྱི་གྲྭ་རིགས་ཚོ་དཔུང་བསྒྲིགས་ཏེ་རྒྱ་དམག་དང་ཉིན་མཚན་བརྒྱད་ དགྲ་འཐབ་བྱས། རྒྱ་དམག་མང་དུ་བསད་མཐར་དགོན་པ་དགྲ་ལག་ཏུ་ཤོར། རྫ་སྲིབ་དཔོན་རྡོ་ལྷ། དགེ་རྒྱས་བར་མ་དཔོན་མཐུ་སྟོབས།
དགེ་རྒྱས་རི་ཕུ་ སྐར་གྲགས། འབྲོང་སར་དཔོན་གྲགས་པ་རྣམ་རྒྱལ་ཤོག་གིས་གཙོས་དགེ་འབྲོང་གཉིས་ཀྱི་དམག་ ༨༠༠ ཙམ་ཡོད་པའི་དམག་སྒར་གྱིས་རྫ་སྟོད་རྫོང་གི་རྒྱ་སྒར་ལ་རྒོལ་འཛིངས་ཉིན་མང་བྱས་ ནས་རྒྱ་དམག་མང་ཙམ་བསད། ནང་ཆེན་ཟུར་མང་དཔོན་རྡོ་ལྷས་གཙོས་ནང་སྡེ་ཤོག་ཆེན་ ༡༨་
དམག་རུབ་ཀྱིསརང་ཁུལ་རྒྱ་སྒར་ཆུང་ཁག་རྣམས་རྩ་གཏོར་བྱས་རྗེས་ཤོ་མདའ་ རྫོང་གི་ རྒྱ་སྒར་ལ་ཉིན་ཞག་བཅུ་གཉིས་དགྲ་འཐབ་བྱས། རྒྱ་དམག་རྣམས་ཟ་འཐུང་བཀག་ནས་བཞག་ཡོད་པའི་སྐབསསྐྱེ་རྒུ་མདོ་ནས་རྒྱ་དམག་སྟོང་ ཕྲག་མང་པོ་དུས་གཅིག་ཏུ་རྫོང་སོ་སོར་འབྱོར་བར་བརྟེན་གོ་མཚོན་དང་དམག་འབོར་ གྱི་གནས་བབ་ལ་བརྟེན་ནསརྫ་སྟོད་དང་ནང་ཆེན་ཤོ་མདོ་རྫོང་གཉིས་ཀ་ས་ཤོར།
འབྲི་ སྟོད་རྫོང་དུ་ཨ་དབྱངས་རྒྱལ་བསྟན་རབ་རྒྱས་གཙོས་རང་དམག་ ༤༠ ཙམ་གྱིས་རྒྱ་ཡི་སྒར་ཐོག་དགྲ་བརྒྱབ་སྟེ་རྒྱ་དམག་མང་དུ་བསད། རྒྱ་རྟ་ ༧༠ ཙམ་དེད་ནས་བྱང་སྒོ་གཞུང་དམག་སྒར་དུ་འབྱོར།
དེ་བཞིན་བྱང་ཐང་གི་ས་ཕྱོགས་གང་ས་ནས་རྒྱ་དམག་སྟོང་ཕྲག་མང་པོ་ཡོང་སྟེ། ཟླ་བ་གཅིག་ལྷག་རིང་དམག་འཁྲུག་བྱས། སྐབས་དེར་འབྲི་སྟོད་དང༌། རྫ་སྟོད། མུག་གཞུང་དང༌། ཨག་གཞུང་སོགས་ཀྱི་ཤར་ལྷོ་ནུབ་བཅས་ཕྱོགས་གསུམ་ནས་ཨ་དབྱང་བེ་ཅང་༼རོང་པོ་༽ སོགས་གནད་ཡོད་དུ་མས་སྣེ་འཁྲིད་པའི་མི་དམངས་སྟོང་ཕྲག་མང་པོ་བྱང་སྒོ་གཞུང་དུ་ བྲོས་བྱོལ་ལ་འཛོམས།
ཁོང་ཚོས་རང་སྲུང་བཙན་རྒོལ་གྱི་བྱ་ཕྱོགས་གྲོས་བྱས་ དོན་ལྟར་ཕྱོགས་ཁག་ཕན་ཚུན་ བགོས་ནས་གང་སར་བཀྲམ། གྲའུ་དཔོན་གྱི་རང་ཁོངས་མི་དམངས་ཁྲོད་ནསགཞི་རྒྱ་ཆེ་བའི་དྭངས་བླང་དམག་མི་རྩ་ འཛུགས་བྱས་ཏེ། བྱང་སྒོ་གཞུང་དུ་དྭངས་བླང་དམག་སྒར་བཏབ། ཟླ་བ ༩ ཚེས ༢༢ ཉིན་སྔ་དྲོ་ཆུ་ཚོད ༧ པའི་ཐོག་གྲའུར་དཔོན་དང༌། བློན་ཚེ་རྒྱལ། བེ་ཅང་ཤེས་རབ་ཉི་མ་སོགས་མི་རྟ་གོ་ཧྲག་ ༢༣
རྫ་རྒན་རག་པའི་རི་རྩེར་སར་ སྲུང་དུ་བསྐྱོད་སྐབས་དགྲ་བོའི་གནམ་གྲུ་གཉིས་སྒོ་ སྨད་ནས་ནུབ་ཕྱོགས་སུ་ཡོང་སྐབས་རྫ་རྒན་རགས་པའི་རི་རྐེད་ཙམ་ལ་སླེབས་དུས་གནམ་ གྲུ་གཅིག་སྒོ་སྟོད་ནས་མར་ཡོང་སྐབས་འཕུར་ཏེ་སྦི་རི་ཀན་སོགས་མཚོན་ཆ་འདྲ་མིན་ འཕངས་ཏེ་རང་ཕྱོགས་མི་དམངས་ཆག་ཉིལ་གཏོང་གྲབསབྱས་པར།
ཁ་ཐུག་དེར་སྦི་རི་ཀན་ དང་མེ་མདའ་འདྲ་མིན་གྱིས་བཙག་ནས་དགྲ་བོའི་གནམ་གྲུ་གཅིག་ ཐང་ལ་འཕངས། གནམ་གྲུ་དེའི་ནང་རྒྱ་དམག་ལྔ་ཡོད་པའི་ནང་ནས་གཉིས་ཤི་ཟིན་ཅིང༌། ལྷག་མ་གསུམ་ནས་མགོ་འདོགས་མ་བྱས་པར་མ་ཟད། ཐུང་མདའ་འཕེན་ནས་རང་མི་གཅིག་བསད་བྱུང་བས། དེ་ཕྲལ་བོའུ་རུབ་རྒྱབ་ནས་གསུམ་ག་བསད་ནས་གོ་ལག་བླངས།
ཕྱི་ཉིན་རི་བོ་དེའི་ ནུབ་ངོས་ནས་རྒྱ་དམག་བརྒྱ་ཚོ་མང་པོ་གྲའུ་དཔོན་ཅན་གྱི་ དམག་ས་དེར་འཇབ་རྒོལ་བྱས་པ་དང༌། བེ་ཅང་ཤེས་རབ་ཉི་མས་སྣེ་ཁྲིད་པའི་དམག་མི་ཁག་གཅིག་མཆོང་གཉིས་མཆོང་གིས་སྒུག་ ར་བཟུང་ནས་སྦི་རི་ཀན་སོགས་ཀྱིས་བཙགས་ཏེ་རྒོལ་རྡུང་ཚ་ནན་བཏང༌།
ཚུར་ཡང་བེ་ ཅང་དེ་ཉིད་ཀྱི་བྲང་ལ་མེ་མདའ་ཕོག་སྟེ་མདེའུ་རྒྱབ་ལོག་ནས་ཐོན་ཀྱང་ སྟབས་ལེགས་ཤིང་ཡ་མཚན་པ་ཞིག་ལ་མཆི་སྐྱོན་མ་བྱུང་བར་རྗེས་སུ་དྲགས་སྐྱེད་བྱུང་ འདུག དམག་འཐབ་དེའི་ནང་རྒྱ་དམག་བརྒྱ་ཚོ་མང་པོ་བསད། རང་ཕྱོགས་རྒན་བྱིས་དར་གསུམ་བསྡོམས་པའི་བརྒྱ་ཕྲག་ལྷག་གི་ཚེ་སྲོག་ཤོར།
དེ་ འདྲའི་མུ་ནས་སྒོ་གཞུང་སྟོད་སྨད་བར་གསུམ་ནས་རྒྱ་དམག་སྟོང་ཕྲག་མང་པོས་གོ་ མཚོན་ཆར་ལྟར་འབབ་པའི་འོག་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་བྱས་ སྟབས་མི་རྣམས་གསོན་གྱི་རེ་བ་དང་ཡོངས་སུ་བྲལ། འོན་ཀྱང་དཀོན་མཆོག་ཐུགས་རྗེས་མི་ཡོད་ཚད་སྲོག་དང་མ་བྲལ་ཙམ་བྱུང༌། དཔེར་ན།
ཚེ་ དབང་མགོན་པོ་ཟེར་བའི་མནའ་མ་སྒ་ཞེ་འོག་ཚང་གི་བུ་མོར་ཕྲུ་གུ་སྐྱེས་རྒྱུ་ ཡོད་པ་དྲོད་བྲོད་ཁོག་ཕྱི་ལོག་ཏུ་ཟག་ནས་ཡོད་ནའང༌། ད་དུང་ཨ་མ་མ་ཤི་བར་ཕྲུ་གུས་མིག་ཧྲིལ་ཧྲིལ་བྱས་ནས་རིལ་ཏེ་ཡོད་པ་ལྟ་བུ་རེད།
གང་ ལྟར་ད་ནི་དམག་འབོར་དང་གོ་མཚོན་དམག་ཇུས་གང་ཐད་ནས་ཐ་མའི་རྒྱལ་ཁ་ཐོབ་ རྒྱུའི་རེ་བ་དང་བྲལ་བས་མུ་མཐུད་རང་སར་སྡོད་རྒྱུའི་དུས་ཚོད་རྫོགས་ནས་དབུས་ ཕྱོགས་སུ་ཤར་བསྐྱོད་བྱས། འཕན་པོར་འབྱོར་པ་དང་བང་ཆེན་བརྒྱུད་ནས་ཕ་ལྷ་མགྲོན་གཉེར་ལ་གསང་བའི་སྙན་ཞུ་ ཕུལ་བའི་བཀའ་ལན་དུ།
རྒྱ་དམག་དང་ཆུ་སྒང་བར་རྙོག་གླེང་བྱུང་བས་གཞུང་གིས་ འདི་བྱེད་ལམ་སྟོན་བྱེད་ སྟབས་མི་བདེ་བས་རང་ངོས་ནས་བསམ་ཤེས་བྱེད་དགོས་པའི་བཀའ་འཕྲིན་འབྱོར། ཕྱི་ལོ་ ༡༩༥༩ བོད་ཟླ་ ༡ ཚེས ༦ ཉིན་འཕན་པཽ་ཕྱོགས་སུ་གནས་པ་དང༌། དེ་ནས་སྟོད་ལུང་རྒྱུད་ནས་མཚུར་ཕུར་ཡོང་འཆར་ཡང༌། རྒྱལ་དབང་ཀརྨ་པ་རིན་པོ་ཆེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང༌།
སངས་རྒྱས་ གཉན་པ་རིན་པོ་ཆེ་གཉིས་རྒྱུད་ནས་མཚུར་ཕུ་འཆམ་གྱི་དུས་ཆེན་ཞིག་འཁེལ་ སྟབས་རྒྱ་དཔོན་མང་པོ་སྐུ་མགྲོན་ཡོད་པས་ཁྱེད་རང་མཚུར་ཕུར་མ་ཡོང་བར་ཀརྨ་པ་ རིན་པོ་ཆེ་མཆོག་གི་དངོས་ཆས་ཁག་གཅིག་ཆུ་སྒང་དམག་དཔུང་རྒྱུད་ནས་འབྲུག་ཡུལ་དུ་ སྐྱེལ་ཐབས་དགོས་པའི་བཀའ་མངགས་གནང༌། ང་ཚོ་ལྕགས་ཟམ་ཆུ་བོ་རི་ལ་སླེབས་པ་དང༌།
ས་ ཁུལ་དེའི་ས་སྲུང་བསྟན་སྲུང་དམག་མི་ཆབ་མདོ་དམག་སྤྱི་བྱང་རི་ལྷ་རྒྱལ་དང༌། གུ་ཤུ་འཇམ་དགའ། སྡེ་དགེ་ཆུ་རྡོ་བུ་བཅས་ཀྱིས་སྣེ་ལེན་དང་ཕེབས་བསུ་བྱས། བོད་ཤར་ཕྱོགས་ཁུལ་གྱི་གནས་ཚུལ་དང་དབུས་ལྷོ་བྱང་གཉིས་ཀྱི་དགྲ་འཐབ་ལོ་རྒྱུས་ ཕན་ཚུན་བཤད་རེས་དང་གོང་གསལ་ཀརྨ་པའི་མངགས་ཆ་བྱས་པའི་སྐོར་རྣམས་ཀྱང་དོ་དན་ནན་ པོར་མངགས་ཆ་བྱས་དོན་ལྟར།
རྗེས་ནས་རྒྱལ་དབང་ཀརྨ་པའི་རྟེན་གསུམ་རྩ་ཆེན་ རིགས་དྲེལ་རྒྱབ་སུམ་ཅུ་ཙམ། ༧སྐྱབས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་སྟོན་འཁོར་དང་ཕྱག་མཛོད་རྒྱ་བོ་ཞིག་དང་ མཉམ་དུ་མཇལ་བྱུང་བ་རྣམས་ལམ་འཁེལ་པད་ལྡེ་དང༌། དུ་བ་རྫོང་ནས་ཆུ་སྒང་ས་གནས་དམག་སྒར་རྣམས་ཀྱིས་རོགས་སྐྱོང་གནང་ནས་འབྲུག་ཡུལ་ དུ་བདེ་བླག་ངང་སླེབས་སོང་འདུག
གྲའུ་དཔོན་གྱིས་བྱང་རི་ལྷ་རྒྱལ་དང༌། ཆུ་རྡོ་བུ་གཉིས་ལ་མེ་མདའ་སྦག་སྦག་གཅིག་དང་མདེའུ་བརྒྱ། དེ་ནས་པད་བདེར་སླེབས་པ་དང༌། བུ་བཀྲ་ཡག་གཙོས་པའི་དམག་ཤོག་དེར་མེ་མདའ་སྦག་སྦག་གཅིག་དང་མདེའུ་སྤྲད། དེ་ནས་ཡར་ཀླུང་རྩེད་ཐང་དུ་སླེབས་པ་དང་དེར་ཡོད་དམག་སྒར་ལ་མེ་མདའ་སྦག་སྦག་ གཅིག་དང་མདེལ་སྒམ་གཅིག་སྤྲད། དེ་ནས་བང་ཆེན་སྔོན་གཏང་དང་འབྲེལ་ནས།
ལྷ་ རྒྱལ་རིར་ཆུ་སྒང་དམག་དཔུང་ལྟེ་བ་ནང་དངོས་སུ་ཞུགས་ཏེ་དམག་ཐོ་བཀོད། ཆུ་སྒང་ལས་ཁུངས་ཨ་མ་ནས་གྲའུ་དཔོན་གཙོ་འཛིན་དང༌། སྒ་པ་ཚེ་རྒྱལ་དམག་སྤྱི་གོ་ས་བསྐོ་བཞག་གནང༌།
རྩེད་ཐང་བཙན་ས་བཟུང་པའི་དགྲ་བོ་རྣམས།།
ཨ་བྲ་བཞིན་དུ་ས་འོག་བཙུད་པའི་རྗེས།།
ས་དོང་ནང་དུ་འབར་རྫས་བཞག་པ་དང༌།།
ས་ཕུང་གནམ་ལ་གཏོར་བའི་ལོ་རྒྱུས་བཞག།།
༼17༽
ལྷོ་ཁའི་ཁུལ་དུ་བསྟན་སྲུང་དྭངས་བླང་དམག་གིས་བོད་སྐྱོབ་རྒྱ་རྒོལ་གྱི་དམག་འཐབ་ལོ་རྒྱུས་ཕྱོགས་སྡོམ་ཙམ་བཀོད་པ།
རྒྱ་ཕྱོགས་ནས་བོད་ལྗོངས་ལྷོ་ཁ་རྩོམ་སྒྲིག་པུའུ་ཡིས་བསྒྲིགས་པའི་རྩེད་ཐང་ སྲུང་སྐྱོབ་དམག་འཐབ་ཉིན་བདུན་ཅུ་དོན་བཞི་ཞེས་པའི་ཆེད་རྩོམ་དེའི་ནང༌། ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠
ཉིན་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ ཤོག་ཁག་གིས་མངོན་གསལ་དོད་ པོས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ བརྩིས་མེད་དུ་བཏང་ཞིང༌། ལྷ་སར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་མ་བསླང་གོང་ཨ་འབྲུག་ཚང་ མགོན་པོ་བཀྲ་ཤིས་དང༌། ལི་ཐང་ཇ་མ་ཚང་བསམ་འཕེལ།
སྡེ་དགེ་བྱ་རྒོད་ཚང་རྣམ་ རྒྱལ་རྡོ་རྗེས་གཙོ་བྱས་པའི་ངོ་ལོག་ཟིང་འཁྲུག་པ་ཁ་ ཅིག་ལྷོ་ཁར་བྱང་ངོས་ཀྱི་ཡར་ཀླུང་གཙང་པོས་རང་བྱུང་སྲུང་ཡོལ་དང༌། ལྷོ་ངོས་ཕྱི་རྒྱལ་ས་མཚམས་འབྲེལ་བས་རོགས་སྐྱོར་ཐོབ་བདེ་བ།
དེ་བཞིན་ས་རྒྱ་ ལེགས་ཤིང་ཐོན་རྫས་ཕུན་སུམ་ཚོགས་པ་སོགས་ཆ་རྐྱེན་ལེགས་པོར་ བརྟེན་ཏེ་མངོན་གསལ་དོད་པོས་ལྷོ་ཁ་འདི་བཞིན་བོད་ཡོངས་ཀྱི་གསར་བརྗེར་ངོ་རྒོལ་ བྱེད་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་གི་ཇུས་འགོད་དང༌། ངན་སྐུལ། བཀོད་འདོམས་བཅས་ཀྱི་རྟེན་གཞིར་བཟུང་ཞིང༌། ཁོ་ཚོ་གང་དུ་སླེབས་ཀྱང་དེ་གར་འཕྲོག་བཅོམ་བྱེད་པ་དང༌། བཙན་གཡེམ་བྱེད་པ།
གསོད་བསྲེགས་བྱེད་པ་བཅས་ངལ་རྩོལ་མི་དམངས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད།
༡༩༥༨ ལོའི་ཟླ་ ༦ པར་ངོ་ལོག་ཟིང་འཁྲུག་པས་ད་ལྟའི་ལྷོ་ཁ་མཚོ་སྨད་རྫོང་གྲི་གུ་ཤང་དུ་ཆུ་བཞི་ སྒང་དྲུག་སྒྲིག་འཛུགས་ཀྱི་མིང་ཐོག་ནས་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེའི་ཚོགས་ འདུ་སྐོང་འཚོགས་བྱས་ཏེ་བསྟན་སྲུང་དམག་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་ དང༌། བཙན་རྒྱལ་རིང་ལུགས་དང་ངན་པ་ལག་འབྲེལ་བྱས་ནས་ཕྱི་རྒྱལ་བས་ནང་སྐྱེལ་བྱས་པའི་ མཚོན་ཆ་དང༌།
གནམ་གྲུ་ལས་འཕངས་པའི་དངོས་རྫས་མུ་མཐུད་བསྡུ་ལེན་བྱས་ཐོག་ འཆར་གཞི་ཡོད་པ་དང༌། རྩ་འཛུགས་ཡོད་པའི་སྒོ་ནས་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཕྱོགས་ཡོངས་ ནས་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་ནང་གྲོས་དང་བཀོད་སྒྲིག་བྱས་པ་རེད།
ཁོ་ པ་ཚོས་ཕྱོགས་གཅིག་ནས་ངོ་ཚ་ཁྲེལ་མེད་ཀྱིས་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་ པའི་མིང་བྱང་འཁྱེར་ནས་བོད་རང་བཙན་ཡིན་ཞེས་སྐད་ཅོར་རྒྱག་པ་དང༌། ཕྱོགས་གཞན་ཞིག་ནས་ངོ་ལོག་ཟིང་འཁྲུག་གི་དྲག་པོའི་གཙོ་ཤུགས་སྐོང་འཐེན་བྱས་ཏེ་ ལྷོ་ཁར་ཡོད་པའི་རང་རེའི་ལས་ཁུངས་དང༌། དམག་དཔུང༌། རླངས་འཁོར་རུ་ཁག་བཅས་ལ་ཚུར་རྒོལ་དང༌། བསྐོར་བརྡུང༌། འཇབ་རྒོལ་བཅས་བྱས་ཡོད།
དེ་ ཡང་ཐོག་མར་ ༡༩༥༨ ལོའི་ཟླ་ ༡༠ ཚེས་ ༢ ཉིན་བར་ལྷོ་ཁ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང༌། ས་སྲུང་དམག་ཡན་ལག་རུ་ཁག་ལ་འཇབ་རྒོལ་བྱས་པ་དང༌། ཟླ་ ༡༠ ཚེས་ ༢༢ ཉིན་ནས་ཚེས་ ༢༥ ཉིན་བར་སླར་ཡང་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གནས་སར་བསྐོར་བརྡུང་བྱས་ཤིང༌། མུ་མཐུད་སྤྱི་ཟླ་ ༡༢ ཚེས་ ༡༨ ཉིན་དང་ཚེས་ ༡༩
ཉིན་གོང་དཀར་དང་གྲ་ནང་དུ་ ལས་དོན་སྒྲུབ་མཁན་བཅིངས་འགྲོལ་དམག་མིའི་རླངས་འཁོར་ རུ་ཁག་ལ་འཇབ་རྒོལ་ཐེངས་གཉིས་བྱས་ཏེ་རང་དམག་ལ་གྱོང་གུད་ཆེན་པོ་བཟོས་ཡོད།
ལྷོ་ཁ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་དང༌། དེ་གའི་བཅའ་སྡོད་དམག་གིས་གོང་རིམ་གྱི་མཛུབ་སྟོན་ལྟར་ངོ་ལོག་ཟིང་འཁྲུག་པའི་ ནག་ཉེས་ཀྱི་བྱ་སྤྱོད་ལ་ཐོག་མཐའ་བར་གསུམ་དུ་གུ་ཡངས་བཟོད་སྒོམ་གྱི་རྣམ་འགྱུར་ བཟུང་ནས་ཁོ་ཚོ་མཐའ་མཇུག་ཐོལ་བྱུང་འགྱོད་བཤགས་ཐུབ་རྒྱུའི་རེ་སྒུག་བྱས་པ་དང༌།
ཐ་ ན་ངོ་ལོག་ཟིང་འཁྲུག་གི་ངན་སྤྱོད་ཤུགས་ཆེན་དུ་འཕེལ་སྐབས་སུའང་འབད་བརྩོན་ ཆེ་ཤོས་བྱས་ཏེ་ཁོ་པ་ཚོས་གཡང་ས་ནས་རྟ་ཁ་བསྐོར་རྒྱུའི་རེ་བ་བྱས་ཡོད། འོན་ཏེ་ངོ་ལོག་ཟིང་འཁྲུག་པ་ཚོས་ངན་པ་མཁྲེགས་བཟུང་གིས་རང་རེའི་ཏང་གི་ལྷག་ བསམ་རྩེར་སོན་དེ་བཞིན་ནུས་མེད་གཉོད་ཆུང་དང༌།
ཐུབ་ཚོད་གཏོང་བདེ་བར་བརྩིས་ཏེ་ཁྱོན་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཀྱང་མཐར་རང་སྲོག་རང་གིས་གཅོད་པའི་ལམ་དུ་སླེབས་ཡོད།
༡༩༥༩ ལོའི་ལོ་འགོར་ལྷོ་ཁ་ས་ཁུལ་དུ་ངོ་ལོག་ཇག་པའི་སྤྱོད་ངན་ཉིན་བཞིན་སྨྱོ་ཧམ་ཆེ་ རུ་སོང༌། ཟླ་ ༡ ཚེས་ ༢༠ ཉིན་ངོ་ལོག་ཟིང་འཁྲུག་པས་དྲག་ཆས་སྟོབས་ཤུགས་གྲངས་ ༡༥༠༠ ལྷག་ཙམ་སྐོང་འཐེན་བྱས་ནས་རྩེད་ཐང་གི་རང་རེ་གནས་སའི་ཉེ་འཁོར་དུ་འགུལ་སྐྱོད་ བྱེད་པ་མ་ཟད། ངོ་ལོག་ཇག་པའི་སྤྱི་ཁྱབ་པུའུ་དེ་རྩེད་ཐང་དང་བར་ཐག་ཆེས་ཉེ་བའི་ཕོ་བྲང་གཞིས་ ཀར་སྤོས།
ཆེས་མང་བའི་དགྲ་བོའི་དམག་ཤུགས་ཚུར་འོང་ཞིང༌། གྲི་བཏོན་གཞུ་བཀང་གི་རྣམ་པའི་མདུན་དུ་རང་རེས་གནད་ཆེ་ས་སྲུང་བའི་རྩ་དོན་ རྒྱུན་འཁྱོངས་བྱས་ནས་ལྷོ་ཁ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཡུན་ ཞང་དང༌། ཧྲུའུ་ཅི་གཞོན་པ་ཀྲང་ཙེང་ཝུན། ས་སྲུང་རུ་ཁག་གི་འགན་འཁུར་བ་ཧོང་ཡོའོ་ཧྲེན།
གེང་ཙེ་ལན་བཅས་ཀྱི་གཅིག་ གྱུར་བཀོད་འདོམས་འོག་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་ བཟོ་བ་ཡོད་དོ་ཅོག་གིས་དྲག་ཆས་སྤྲས་ནས་བཙན་རྫོང་བཟོ་བ་དང༌། འགྲིམ་འགྲུལ་ས་འོག་བསྔོགས་པ། འགོག་སྲུང་མ་ལག་བསྐྲུན་པ་བཅས་གཡུལ་ཐོག་དགྲ་སྒུག་གིས་རྩེད་ཐང་བརྟན་སྲུང་བྱས་ ཡོད།
ཟླ་ ༡ ཚེས་ ༢༥ ཉིན་ངོ་ལོག་ཇག་པ་མི་གྲངས་ ༥༠༠ ལྷག་ཙམ་གྱིས་སྣེ་གདོང་རྫོང་མཁར་གྱི་ཕྱོགས་ནས་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་ གནས་སའི་ཤར་ལྷོའི་མཚམས་ཀྱི་རི་རྩེར་བསྟུད་མར་དཔུང་འཇུག་བྱས་ཏེ་མཐོ་ས་བླངས་ ནས་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་སྒོ་རྭའི་ཁ་ལོ་བསྒྱུར་རྒྱུའི་རེ་ངན་བཅངས་ ཡོད་ཀྱང་འགྲུབ་མེད། རི་རྩེ་དེར་ཆད་ཆད་མཐུད་མཐུད་ཀྱིས་ཚེས་ ༢༧
བར་དཔུང་ འཇུག་བྱས་ཤིང༌། ཉེ་ཁ་ཆེ་ཤོས་ནི་ངོ་ལོག་ཇག་པས་མི་ཚོགས་ཀྱི་འཐབ་ཇུས་སྤྱད་དེ་འཛིང་རགས་ནང་དུ་ དཔུང་འཇུག་བྱེད་སྐབས་སུ་ཡིན་ཀྱང་རང་རེའི་བཀོད་འཐབ་པ་ཚོས་དཔའ་ངར་ཞུམ་མེད་ ཀྱི་སྒོ་ནས་འགོག་རྒོལ་བྱས་པར་བརྟེན་སླར་དགྲ་བོ་ཕྱིར་ཟློག་སྟེ་གང་སར་ངོ་ལོག་ ཇག་པའི་ཕུང་རོས་ཁེངས་པར་གྱུར།
དེ་རྗེས་ངོ་ལོག་ཇག་པས་དམག་མི་ ༡༥༠༠ ལྷག་ཙམ་ཁ་སྣོན་བྱས་པ་མ་ཟད། ད་ལྟའི་ཟངས་རི་རྫོང་ཁོངས་ཀྱི་རོང་དང༌། གྲ་ནང་རྫོང་ཁོངས་ཀྱི་གྲ་ཕྱི། སྣེ་གདོང་རྫོང་ཁོངས་ཀྱི་ཁྲ་འབྲུག་སོགས་སུ་དམག་མི་ ༦༠༠ ཙམ་འདུས་སྡོད་ཀྱིས་རྗེས་གྲབས་སུ་བཞག་ཡོད།
ཚུར་རྒོལ་ཐེངས་དང་པོར་ཁོ་པ་ ཚོར་གྱོང་གུན་ཕོག་པར་བརྟེན་ཚུར་རྒོལ་གྱི་གལ་ ཆེའི་ཁ་ཕྱོགས་དེ་ས་སྲུང་ཉིང་ལག་རུ་ཁག་གི་བརྒྱ་ཤོག་བདུན་པ་དང༌། ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ནོར་སྲིད་དཔལ་འབྱོར་པུའུ། གནམ་གཤིས་ས་ཚུགས། འཕྲོད་བསྟེན་ཁང་སོགས་ཚན་པས་གནས་སྲུང་བྱས་པའི་རྩེད་ཐང་ཤར་ལྷོར་བསྒྱུར་བ་རེད། ཟླ་ ༢ ཚེས་ ༨
ཉིན་གྱི་མཚན་མོར་ངོ་ལོག་ཇག་པས་མེ་སྒྱོགས་གཅིག་བསྡུས་ཀྱིས་ ཡན་ལག་ལས་དོན་ཨུ་ ཡོན་ལྷན་ཁང་གི་ཡུལ་དམག་རུ་འབྲིང་གི་ཙུའུ་ཞིག་གིས་སྲུང་བྱ་འགན་འཁུར་བའི་ཤག་ ལྷོ་རྡོ་རྗེ་ཚང་གི་ལྷོ་ནུབ་ཟུར་གྱི་གཡུལ་ས་ཡོངས་གཏོར་བ་དང༌། རང་རེའི་སྲུང་བྱ་ཙུའུ་ཡི་བློ་མཐུན་ཚང་མ་ས་འོག་གི་བཙན་རྫོང་ནང་དུ་ནོན་པ་རེད།
སྐབས་ དེར་དགྲ་བོས་ཤོར་ཁའི་ནང་ནས་གཡུལ་སར་མཆོངས་ཡོང་ཞིང༌། ཉེན་ཁ་ཛ་དྲག་ཆེ་བའི་སྐབས་དེར་བོད་རིགས་གཞོན་ནུ་ལས་བྱེད་པ་བློ་མཐུན་ཧོང་ཧུན་ གྱིས་གློ་བུར་དུ་ས་འོག་ནས་ཕྱིར་ཐོན་ཏེ་རང་སྲོག་ལ་མ་འཛེམས་པར་ལག་འབོམ་གཉིས་ དབྱུགས་པས་དགྲ་བོ་རེ་ཞིག་ཕྱིར་བཟློག་ཅིང༌། དེས་རང་རེའི་སྔོན་གྲབས་རུ་ཁག་བདེ་བླག་ངང་འབྱོར་ཐུབ་པ་དང༌། གཡུལ་ས་སྲུང་ཐུབ་པ་བྱུང༌།
ངོ་ལོག་ཇག་པས་ཚུར་རྒོལ་ཐེངས་ཁ་ཤས་བྱས་ཀྱང་ཚང་ མར་ཕམ་ཁ་འཁེལ་བ་དང༌། ཤི་རྨས་ཆེན་པོ་བྱུང་བར་བརྟེན་རྩེད་ཐང་ཉེ་འཁོར་གྱི་དམག་དོན་ལྟེ་གནད་ཁ་ཤས་ བཟུང་སྟེ་རང་རེ་དང་ཁ་གཏད་དུ་ལངས་ཤིང༌། ཁོ་པ་ཚོས་སྔ་རྗེས་སུ་བྱ་ཐབས་སྣ་ཚོགས་རེས་མོས་ངང་སྤྱད་དེ་ཚུར་རྒོལ་བྱས། ཟླ་ ༣ པའི་ཟླ་མཇུག་ཏུ་སླེབས་དུས་ལྷོ་ཁའི་ངོ་ལོག་ཇག་པ་མི་གྲངས་ཆིག་ཁྲི་ལྷག་ཙམ་ཟིན་ ཡོད།
རང་རེའི་བཀོད་འཐབ་པ་དང༌། ཡུལ་དམག ས་གནས་ཀྱི་ལས་བྱེད་པ་བཅས་ཚང་མས་ཡུན་རིང་བརྟན་སྲུང་རྒྱུན་འཁྱོངས་བྱས་པ་དང༌། མེ་ཤུགས་ཀྱི་དགེ་མཚན་བེད་སྤྱད་ནས་མེ་སྒྱོགས་དང་སྦག་སྦག་མེ་མདས་དགྲ་བོ་འབོར་ ཆེན་བསད་རྨས་བཏང༌།
སྔ་རྟིང་དུ་དགྲ་བོའི་ཚུར་རྒོལ་ཐེངས་སུམ་ཅུ་སོ་བརྒྱད་ ཕྱིར་བཟློག་བྱས་ཏེ་རང་ རེ་ལས་ལྡབ་ལྔ་ལྷག་གིས་མང་བའི་དམག་ཤུགས་ལ་བརྟེན་ནས་རང་རེ་རྩ་མེད་གཏོང་དགོས་ བསམས་པའི་ངོ་ལོག་ཇག་པའི་དམིགས་ཡུལ་དང་རེ་སྟོང་དེ་ཐལ་བའི་རྡུལ་དུ་བརླགས་པ་མ་ ཟད། ཡན་ལག་རུ་ཆུང་མངགས་གཏོང་བྱས་ནས་མཚན་མོར་ཕར་རྒོལ་དང༌།
དགྲ་བོའི་རྟེན་ གཞིར་ཉུལ་རྟོགས་བྱས་པས་ངོ་ལོག་ཇག་པ་ཉིན་པར་གང་བྱུང་འགུལ་མི་ ཕོད་པ་དང༌། མཚན་མོར་འཇབ་རྒོལ་ཕོག་སྟེ་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟར་གནས་བཟོད་མི་ བདེ་བ་བཟོས་པས་ངར་ཤུགས་ཉིན་བཞིན་ཉམས་དམས་སུ་སོང༌།
འབྲུ་རིགས་ཆད་པ་དང༌། ཆུ་ཤིང་དཀོན་པ། ནམ་འཆི་ངེས་མེད་ཀྱི་དཀའ་ངལ་ཧ་ཅང་ཆེ་བའི་ཉིན་དེ་དག་གི་ནང་རང་རེའི་དམག་དམངས་ བར་དང༌། བོད་རྒྱ་བར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དཔའ་ངར་ཆེ་ལ་སྤྲོ་སྣང་ལྡན་ པའི་རྣམ་པ་གསལ་པོར་མངོན་ཞིང༌། ཚང་མས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་ཏེ་ཕན་ཚུན་དབར་བརྩེ་དུང་ཟབ་མོ་བཙུགས་ ཡོད།
ལྷོ་ཁའི་གྲགས་ཅན་གྱི་མཐོ་རིམ་རྒྱལ་གཅེས་མི་སྣ་ཀ་ཆུང་ཚེ་རིང་དོན་ གྲུབ་སྟངས་ དཔྱལ་དང་བཅས་པའི་ནང་མི་ཚང་མས་ཀྱང་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ ནང་བཞུགས་ནས་ཚང་མ་དང་ལྷན་དུ་མཉམ་ཤི་མཉམ་གསོན་དང༌། དཀའ་སྡུག་མཉམ་མྱོང་གནང༌། ཁོང་ཚོའི་བུ་བསྟན་འཛིན་ནོར་བུ་སྟབས་མ་ལེགས་པར་དམག་འཐབ་ནང་སྐུ་གཤེགས་པས་ སྟངས་དཔྱལ་གཉིས་པོར་གདུང་བ་ཆེན་པོ་ཡོད་མོད།
འོན་ཀྱང་སེམས་ཐག་གཙང་བཅད་ ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང༌། དྲོ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་ཆོད་ སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད། ལྷ་སའི་རྒོལ་ལན་དམག་འཐབ་ལ་རྒྱལ་ཁ་ཐོབ་རྗེས་ཟླ་ ༤ ཚེས་ ༣
ཉིན་བོད་དམག་ ཁུལ་ཁང་གིས་ལྷོ་ཁའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་དགོས་པའི་ བཀའ་བཏང་སྟེ་ལྷ་སའི་དམག་དཔུང་ལམ་བུ་ཁག་གསུམ་ལ་བགོས་ནས་རྩེད་ཐང་ལ་བསྐོར་ འཛོམས་བྱས། དེའི་ནང་གི་དཔུང་ཆེན་ཞིག་གིས་ཟླ་ ༤ ཚེས་ ༧ ཉིན་ད་ལྟའི་སྣེ་གདོང་རྫོང་ཁོངས་འོན་ཁུལ་དུ་དགྲ་བོ་མི་གྲངས་ ༥༠༠
ལྷག་ཙམ་ ཚར་གཅོད་བྱས་རྗེས་ཉིན་དེ་གའི་མཚན་མོའི་ཆུ་ཚོད་དགུ་པར་ཡར་ཀླུང་གཙང་ པོ་བརྒལ་བ་དང༌། ཟླ་ ༤ ཚེས་ ༨ ཉིན་ནམ་སྐྱ་བརྡ་གཏོང་སྐབས་རྩེད་ཐང་ས་སྲུང་དམག་གི་རམ་འདེགས་འོག་རྩེད་ཐང་དུ་ ཡོད་པའི་ངོ་ལོག་ཇག་པར་ཕར་རྒོལ་དྲག་པོ་བྱས་པས་མཐར་དགྲ་བོ་རྫ་ཁོག་ནང་གི་རུས་ སྦལ་ལྟར་དུ་གྱུར་ཅིང༌། རྩེད་ཐང་རྒྱབ་ངོས་ཀྱི་གོང་པོ་རིའི་རྩེར་བཀར་ནས་ཚར་གཅོད་བྱས།
དེ་ནས་བཟུང་ རྩེད་ཐང་སྲུང་སྐྱོབ་དམག་འཐབ་རྒྱལ་ཁའི་ངང་མཇུག་འགྲིལ། སྲུང་སྐྱོབ་དམག་འཐབ་དེའི་ནང་རང་རེའི་ནོར་སྲིད་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་ གཞོན་པ་ཝང་དབྱི་ཕིན་དང༌། སྤྱི་ཚོགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་ཁེ་ཆན་སོགས་བློ་མཐུན་བཅུ་དྲུག་སྐུ་ གཤེགས། ཞེས་བྲིས་ཡོད་པ་རེད།
གོང་གསལ་རྒྱ་ཕྱོགས་ནས་བཀོད་པའི་ལོ་རྒྱུས་ ཀྱི་ཟུར་ཐོ་འདིའི་ཐོག་ནས་བསྟན་སྲུང་དང་བླང་དམག་གིས་ལྷོ་ཁུལ་དགྲ་འཐབ་སྔ་ ཕྱིར་རིམ་པ་ཇི་ཙམ་བྱས་པ་དང༌། རྒྱ་དམག་ལ་གྱོང་གུད་ཇི་ཙམ་བཟོས་ཡོད་པའི་སྔོན་བྱུང་གི་ལོ་རྒྱུས་རྗེན་པར་ མཚོན་འདུག་ལ། གཞན་ལོག་སྤྱོད་པ་དང༌། ངོ་ལོག་ཇག་པ།
བཅོམ་འཕྲོག་རྡུང་ བརྡེགས་བྱེད་མཁན་སོགས་ངན་སྨྲས་འདྲ་མིན་བྱེད་པ་ནི་དགྲ་བོའི་ བརྗོད་བབ་ཙམ་ལས་དོན་དངོས་མིན་པ་ནི་༧གོང་ས་མཆོག་གི་མཛད་རྣམ་དུ། རྒྱ་མི་ཚོར་གལ་གནད་ཆེ་ཆུང་མཉམ་བསྲེས་ཀྱི་བྱེད་སྟངས་ཡ་མཚན་ཞིག་ཡོད།
ཁོང་ ཚོས་འུ་ཐུག་གི་གནས་ཚུལ་དེ་འདྲའི་སྐབས་རྒྱ་མིར་མཚོན་ཆ་བཟུང་སྟེ་ངོ་རྒོལ་ བྱེད་མཁན་སྐོར་འགྲེལ་བཤད་བྱེད་དུས་ལོག་སྤྱོད་པ་ཟེར་དགོས་ཞེས་ཨུ་ཚུགས་བྱེད་ ཀྱི་ཡོད། རྒྱ་དམར་ཚོས་ཚིག་དེར་དམིགས་བསལ་གྱི་གོ་དོན་ཡོད་པའི་འདུ་ཤེས་བྱེད་ཀྱང༌། གཞན་དག་ཚང་མས་ཚིག་དེ་འཇབ་དམག་གི་མིང་ཚབ་ཏུ་བེད་སྤྱོད་བྱེད་ཁུལ་བྱས་པ་རེད།
རྒྱ་ མིའི་ཡིད་ངོར་ཚིག་དེ་དམོད་ཚིག་མཐར་ཐུག་ཡིན་ཁུལ་ཡིན་ཤག་ཀྱང༌། ང་ཚོས་ནི་བསྟོད་བསྔགས་ལྟ་བུར་བེད་སྤྱོད་བྱས། ང་ཚོ་དང༌། ཁམས་རིགས་སོགས་བོད་མི་ནང་ཁུལ་མིང་ཚིག་ཇི་འདྲ་ཞིག་བརྗོད་རུང་བློ་ངོར་རྣམ་ རྟོག་གི་ཁྱད་པར་མེད་ན་ཡང༌།
ཁོ་བོས་ཡིག་བརྗོད་འགའ་ཞིག་ཏུ་ཚིག་དེ་འཆར་ཅན་ ལྟར་བཀོད་པ་རྗེས་སུ་ཕྱི་རྒྱལ་ དུ་ཡོད་པའི་ངའི་གྲོགས་པོ་ཚོ་མགོ་རྨོངས་ཐབས་སུ་རྒྱ་དམར་གྱིས་བེད་སྤྱོད་ཤུགས་ ཆེ་བྱས་འདུག ཅེས་གསུངས་ཡོད་པ་རེད།
རྐུ་ཇག་ཁྲམ་པ་གཡོ་ཅན་ངོ་ལོག་ཞེས།།
དམར་པོ་རྒྱ་ཡིས་སྨད་པའི་ལོ་རྒྱུས་ནང༌།།
གནམ་འོག་དགྲ་ལྷ་འདྲ་བའི་ཕོ་རྒོད་ཚོས།།
རྒྱལ་སྲུང་དགྲ་འཐབ་བྱས་པའི་ལོ་རྒྱུས་གསལ།།
༼18༽
ལྷོ་ཁུལ་རྫོང་གཞིས་ཁག་གི་མི་སྣ་ཆེ་ཕྲ་ཡོངས་ཀྱིས་ཆུ་སྒང་ལ་
བསྔགས་བརྗོད་དང་རོགས་སྐྱོར་བྱས་པ།
བོད་ བསྟན་སྲིད་སྤྱི་དང་ལྷག་པར་ལྷོ་ལམ་གཙང་སེལ་ཆེད་ཁ་ཚ་དགོས་གཏུག་གིས་དབྱེ་ཐག་ མི་ཆོད་པའི་དམག་འཐབ་རབ་དང་རིམ་པ་བྱས་དང་བྱེད་བཞིན་པར། ལྷོ་ཁུལ་ཡོད་པའི་ཟུར་ཁང་ཞབས་གྲས་དབང་འདུས་རྡོ་རྗེ་ལགས་ཀྱིས་གཙོས་ས་ཁུལ་ དེའི་གཙོ་གྲས་ཁག་རྣམས་དང༌།
ཡུལ་དགོན་སེར་སྐྱ་དྲག་ཞན་ཚང་མས་བོད་བསྟན་ སྲིད་ཀྱི་དོན་དུ་རང་སྲོག་བློས་ གཏོང་གིས་དཀའ་ལྟོགས་འཁྱག་གསུམ་ལྷུར་བླངས་ནས་རྒྱ་དམར་ལ་གདོང་གཏུགས་ཐེངས་མང་ བྱས་པའི་གནས་ལུགས་དང་རྒྱུ་མཚན་ར་འཕྲོད་བྱུང་བའི་ཐོག་ནས་དྭང་བ་ཆེན་པོས། དམག་འཐབ་སྐབས་མི་རྒྱུ་གཉིས་ཐད་ནས་མཐུན་འགྱུར་རོགས་རམ་གང་དགོས་དུས་བསྟུན་ ལྷོད་མེད་ཞུས་ཆོག་པའི་དམ་བཅའ་ཕུལ་བ་མ་ཟད།
མུ་མཐུད་མི་རྒྱུ་གཉིས་ཐད་ནས་རང་ནུས་གང་ཡོད་ཀྱིས་ཞལ་འདེབས་གནང་བ་དང༌།
དེ་བཞིན་འཕྱོངས་རྒྱས་རྫོང་ཁོངས་ནས་སྐུ་ངོ་འདུམ་རབ་ལགས་ཀྱིས་འགོ་འཁྲིད་དེ་ རྫོང་ཁུལ་དེའི་སེར་སྐྱ་དྲག་ཞན་ཅི་རིགས་འདུས་པའི་ཡུལ་དམག་གཏོས་ཆེ་བསྡུ་སྐོང་ ཐོག་དམག་འཐབ་ནང་དངོས་སུ་ཞུགས་པ་དང༌། ས་བབ་ལ་བལྟས་པའི་མི་རྒྱུ་གཉིས་ཐད་ནས་ཕྱར་གྲུ་མཉམ་འདེགས་ཀྱི་ལས་འགུལ་རྒྱ་ ཆེར་སྤེལ་བ་དང༌།
དྭགས་པོ་ལྷ་གསོལ་རྫོང་ཇོ་ལགས་འཆི་མེད་མགོན་པོ་དང༌། སྟོབས་རྒྱལ་ལགས་ཀྱིས་གཙོས་ཁུལ་དེའི་སེར་སྐྱ་ཡུལ་མི་ཡོངས་རྫོགས་ཀྱི་དངོས་ ཤུགས་བརྒྱུད་གསུམ་ནས་རང་ཕྱོགས་ལ་ཆར་པ་ཆུ་གྲོགས་ཀྱི་རོགས་ཕན་རྒྱ་ཆེར་གནང་བ་ དང༌།
རྩིས་དཔོན་རྣམ་སྲས་གླིང་དཔལ་འབྱོར་འཇིགས་མེད་ཀྱིས་ཆུ་སྒང་འགན་འཛིན་ཚང་མ་ གསོལ་སྟོན་མགྲོན་འབོད་ཞུས་པ་དང་ཆབས་ཅིག་སློབ་སྟོན་དང་དགོངས་འཆར་གསུངས་གསལ།
༡ ཆུ་སྒང་བསྟན་སྲུང་དྭངས་བླང་དམག་མིར་འཛུལ་མཁན་ཉིན་རེ་བཞིན་ཇེ་མང་ཏུ་འགྲོ་ བཞིན་པར་བརྟེན་ཉེར་མཁོའི་གོ་མཚོན་གྱི་ཡོང་སྒོ་དེ་ཙམ་མེད་པ་དང༌། དེའི་ཐད་བོད་གཞུང་ནས་མཐུན་འགྱུར་གསོལ་སྩལ་གནང་ཐབས་མི་བདེ་བས། ད་རེས་ཆུ་སྒང་འགན་འཛིན་བྱ་རྒོད་རྣམས་རྒྱལ་རྡོ་རྗེ་ནས་ཐའེ་ཝན་ལ་རོགས་རམ་ཞུ་ རྒྱུ་དང༌།
ས་འདུ་བློ་བཟང་སྙན་གྲགས་ཀྱིས་ཨ་རི་ལ་རོགས་རམ་ཞུ་རྒྱུ། འཇང་ཚ་ཆོས་མཛད་ཀྱིས་ཀ་སྦུག་བཅའ་སྡོད་གོ་མཚོན་མེད་པའི་ཁམས་རིགས་ཚོང་པ་ཆུ་ སྒང་དམག་སྒར་ནང་འཛུལ་ཞུགས་མ་ཐུབ་པའི་རིགས་རྣམས་ལས་མཐུན་རྐྱེན་ཞལ་འདེབས་ བསྡུ་རུག་དང༌།
དམག་མཁོའི་ཡོ་བྱད་རྟའི་རྨིག་ལྕགས་རྡུང་བ་སོགས་ཀྱི་ཆེད་དུ་ གོང་གསལ་འགན་འཛིན་ གསུམ་པོ་རྒྱ་གར་དུ་ཕེབས་ནས་ཕྱི་རྒྱལ་ཁག་ལ་འབྲེལ་བ་ཆེད་འཛུགས་གནང་རྒྱུ།
༢ ལྷོ་ཁུལ་དྭངས་བླངས་དམག་དཔུང་ཁག་ཡོངས་རྫོགས་བསྡུ་རུག་གིས་མུ་མཐུད་སྤྱི་ འདོམས་ཨ་འབྲུག་མགོན་པོ་བཀྲིས་ཀྱི་རྗེས་སུ་བྱང་སྐྱོད་དཔུང་འཇུག་གིས་རྒྱ་ རྒོལ་གནང་རྒྱུ་དང༌། རྣམ་གླིང་པ་རང་གིས་ལྷོ་ཁུལ་རྫོང་ཁག་བཅོ་བརྒྱད་ཀྱི་ཡུལ་དམག་བསྡུས་ཏེ་འདིར་ ཡོད་དྭངས་བླང་དམག་དཔུང་གི་ཚབ་ཞུས་ཏེ་རྒྱལ་སྐྱོབ་བཙན་རྒོལ་གྱི་ལས་འགུལ་སྤེལ་ རྒྱུ།
༣ ཨ་རིའི་གསང་བའི་ལས་བྱེད་ལི་ཐང་ཨ་ཐར་དང༌། ག་ཟི་བློ་ཚེ་གཉིས་གབ་ཡིབ་ཀྱིས་མི་མེད་ལུང་སྟོང་ཁོ་ནར་འགྲིམས་པས་མི་ཕན་པར།
ལྷོ་ ཁུལ་དམག་སྒར་དུ་ཏར་འཕྲུལ་ཅ་དངོས་རྣམས་ཁུར་ནས་ཕེབས་རྒྱུ་མ་ཟད་རྒྱུན་ ཞུགས་དགོས་པ་བཅས་གོང་གསལ་དོན་ཚན་གསུམ་གྱི་བླང་བྱ་སྟོན་པ་སོགས་བོད་གཞུང་ཆེས་ མཐོའི་གཞུང་ཞབས་དུ་མས་སྔ་ཕྱིར་རོགས་ཕན་དགོངས་འཆར་སོགས་གང་ནུས་གནང་བ་རྣམས་ འོག་ནས་ཀྱང་རིམ་པར་བཞིན་འཆད་པར་འགྱུར་རོ།།
གོང་གསལ་ཆུ་སྒང་འགན་འཛིན་ཚོ་སྐུ་མགྲོན་དུ་འབོད་པའི་སྐབས་རྣམ་གླིང་པས་བཏོན་ པའི་དགོངས་འཆར་དེར་སྐུ་ངོ་རྣམ་གླིང་པས་ལྷོ་ཁུལ་རྫོང་ཁག་བཅོ་བརྒྱད་ཀྱི་ཡུལ་ དམག་བསྡུ་ནས་རྒྱ་རྒོལ་བཙན་སྐྱོབ་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་ནི་རླབས་ཆེན་ གྱི་དགོངས་གཞི་ཞིག་ཏུ་ངོས་འཛིན་གྱིས་དགའ་བསུའི་ཞབས་ཞུ་དང༌།
གཞན་འགན་ འཛིན་ཚོས་གནས་སྐབས་རིང་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང༌། ས་འདུ་བློ་བཟང་སྙན་གྲགས། འཇང་ཚ་ཆོས་མཛད་གསུམ་རྒྱ་གར་དུ་བསྐྱོད་རྒྱུ་དང༌། ལྷོ་ཁུལ་དྭང་དམག་རྣམས་བྱང་དུ་བསྐྱོད་རྒྱུ་ལ་མོས་མཐུན་མ་གནང་བ་རེད། དེའི་རྒྱུ་མཚན་ནི་ཆུ་སྒང་འགན་འཛིན་ཚོས་དུས་ཚོད་གཉན་འཕྲང་ཧ་ཅང་ཆེ་བའི་སྐབས་ འདིར་འདྲར་མི་སུ་ཞིག་ལའང་ཡིད་ཆེས་དང་བློ་གཏད་དཀའ་བས།
གལ་སྲིད་སྐུ་ངོ་ ཁོང་གི་དགོངས་འཆར་ངོ་མ་དེ་གསུང་མོལ་ལས་ལྡོག་པའི་འཆར་འགོད་ ཅིག་ཡོད་ཚེ། ད་ཕན་ལྷོ་ལམ་གཙང་སེལ་ཆེད་དྭངས་བླངས་དཔའ་བོ་བརྒྱ་ཕྲག་མང་པོས་ཤ་ཁྲག་གི་འགྲོ་ གྲོན་བཏང་ནས་དམག་འཐབ་ཡུན་རིང་བྱས་པའི་གྲུབ་འབྲས་དང་དམིགས་ཡུལ་ལ་བསམ་ཡུལ་ལས་ འདས་པའི་འགོག་རྐྱེན་འཕྲོད་རྒྱུ་དང༌།
གཉིས་ནས་ཆུ་སྒང་གཙོ་འཛིན་གསུམ་རྒྱ་ གར་ལ་ཕེབས་བསྐྱོད་ཐོག་རང་ཁོངས་དྭང་བླངས་ དམག་དཔུང་བྱང་དུ་སྐྱོད་ཁུལ་བྱས་ན། མགོ་མེད་མཇུག་གཡུག་ལྟ་བུས་སྟབས་ཉེས་ན་ནང་ཁུལ་ཟིང་སློང་གིས་དམག་དཔུང་རྩ་ འཐོར་འགྲོ་རྒྱུའི་ཉེས་ཁ་ཆེ་བ་བཅས་ཀྱི་བསམ་ཚུལ་འོག་དོན་ཚན་དང་པོ་གཉིས་ངོས་ ལེན་བྱས་མེད།
དོན་ཚན་གསུམ་པའི་ཐད་ཨ་ཐར་དང་བློ་ཚེ་གཉིས་སརསྐུ་ངོ་རྣམ་ གླིང་པས་མི་འགྲོ་བང་ ཆེན་ཆེད་གཏོང་བྱས་ཏེ་གོང་གསལ་གནས་ལུགས་རྣམས་གོ་བར་བྱས་ཀྱང༌། ཨ་ཐར་བློ་ཚེ་གཉིས་ཀྱི་ལས་ཀ་འདི་གསང་བའི་ལས་ཀ་རེད། དམག་སྒར་དུ་གུ་ཡངས་བྱས་ནས་བསྡད་ན་ལས་འགུལ་སྤེལ་ཐབས་ཡོད་པ་མ་རེད། གསང་བའི་ཅ་ལག་རྣམས་ཀྱང་དམག་སྒར་དུ་ཁུར་ཐབས་ཡོད་པ་མ་རེད།
གནས་ཚུལ་འདིའི་ སྐོར་ཨ་རི་གསང་བའི་ལས་ཁུངས་ཀྱི་བཀའ་བཅད་འོག་ཏུ་སྡོད་རྒྱུ་ལས་ རང་དགར་གཞན་སུ་ཞིག་གིས་ཀྱང་སྟངས་འཛིན་བྱེད་ཐབས་ཡོད་པ་མ་རེད་ལ། གནང་ནའང་ཕན་ཐོགས་ཡོད་པ་མ་རེད། ང་གཉིས་མུ་མཐུད་ནས་རང་ཕྱོགས་དཔུང་ཁག་དང་ཨ་རིའི་བར་གོ་མཚོན་དང་གནས་བབ་གང་ ཅིར་སྔ་སོར་བཞིན་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་ལན་འབྱོར་བ་ལས་མི་ངོ་དངོས་ཐུག་ མ་བྱས་པས།
སྐུ་ངོ་རྣམ་གླིང་པའི་དགོངས་འཆར་གསུམ་པའང་མ་འགྲུབ་པ་རེད། འོན་ཀྱང་ཁོང་གིས་ཆུ་སྒང་དྭང་བླངས་དམག་དཔུང་ཐོག་སེམས་ཤུགས་དང་ཤུགས་སྣོན་གང་ ཆེར་གནང་ཡོད།
སྐབས་དེར་རྩིས་དཔོན་རྣམ་གླིང་པའི་དགོངས་འཆར་ལག་ལེན་མ་འཁེལ་ནའང༌། གཞི་རྩའི་ཐོག་ནས་དོན་སྙིང་མེད་པ་ཞིག་མ་ཡིན་ཏེ། ཆུ་སྒང་དམག་སྒར་ནང་འཛུལ་ཞུགས་བྱེད་མཁན་ཉིན་རེ་བཞིན་རྒྱ་མཚོ་ལ་ཆུ་བོ་འདུ་བ་ བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌། དགྲ་བོ་ལ་ཁ་གཏད་བྱེད་པའི་གོ་མཚོན་ཡོད་མཁན་ཉུང་ཉུང་ལས་མེད་པ་མ་ཟད།
གྲི་ དང་སྟ་རེ་ཙམ་མ་གཏོགས་མེ་མདའ་ཡོད་མཁན་ནི་དེ་བས་ཀྱང་དཀོན་པ་རེད། གལ་སྲིད་མེ་མདའ་རེ་ཙམ་ཡོད་ནའང་རང་གི་མེ་མདའ་ལ་འཕྲོད་པའི་མདེའུ་ཉུང་ཤས་ལས་ མེད་པ་དང༌། གོ་མཚོན་རོགས་རམ་ཐད་ཨ་ཐར་དང་བློ་ཚེ་བརྒྱུད་ནས་ཨ་རི་ལས་གཞན་ལ་ཞུ་ཡུལ་མེད་པར་ བརྟེན། ཏར་འཕྲིན་ཐོག་ནས་གནས་ལུགས་ར་འཕྲོད་གསལ་པོ་མ་བྱུང་བར་ཨ་རི་ནས་གོ་མཚོན་གཏོང་ རྐྱང་མི་བྱེད་པ་དང༌།
གནམ་ཐོག་ནས་གཡུགས་ཟིན་པའི་གོ་མཚོན་རྣམས་ཀྱང་ལས་སླ་ པོ་སྤྲད་ཆོག་ཆོག་མེད་པར། ཨ་རི་གསང་བའི་ལས་ཁུངས་ཀྱི་བཀའ་བཀོད་ལྟར་ཨ་འབྲུག་མགོན་པོ་བཀྲ་ཤིས་བརྒྱུད་ནས་ ཐག་གཅོད་དགོས་པ་དང༌། ཨ་འབྲུག་སྦྱིན་བདག་བྱང་དུ་དཔུང་བསྐྱོད་ཟིན་སྟབས་གོ་མཚོན་བགོ་འགྲེམ་ཐོག་ལ་ དཀའ་ངལ་ཡོད་པ།
རོགས་རམ་གོ་མཚོན་ནི་དྭངས་བླངས་་དམག་དཔུང་གི་གྲངས་ཀ་དང་ མགོ་ཐུག་ཐབས་མེད་པ་ བཅས་ཀྱི་ཐོག་ནས། ཐ་ན་གོ་མཚོན་ཐེངས་དང་པོའི་རོགས་རམ་ཐོབ་དུས་ཀྱང་བགོ་གྲེམ་བྱེད་སྟངས་ཐད་རྩོད་ རྙོག་བྱུང་བ་སོགས་མདོར་ན་དགྲ་མགོ་འབུར་འཇོམ་བྱེད་པ་དང༌།
ནང་ཁུལ་གླེང་ ལྷག་འཇགས་ཐབས་གང་ཅིར་རང་ཕྱོགས་ལ་མདའ་མཚོན་གྱི་ཆ་རྐྱེན་བྱུང་ཚེ་ རྒྱ་མཚོའི་རླབས་བཞིན་དུས་ཐོག་ཏག་ཏག་འཁེལ་ཡོད་པ་མ་ཟད། ཕྱིས་དྲགས་པ་ཆགས་གྲབས་ཡིན་པས་རང་ཕྱོགས་དམག་སྒར་ལྟེ་བའི་ནང་ནས་འགན་འཛིན་ལྷན་ ཚོགས་ཀྱིས་གནས་ལུགས་དང་རྒྱུ་མཚན་དེའི་སྐོར་ལ་གྲོས་མོལ་ཞིབ་ཕྲ་གནང་འབྲས་སུ། བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང༌། ས་འདུ་བློ་སྙན་གྲགས།
འཇང་ཚ་ཆོས་མཛད་གསུམ་ པོ་འབྲུག་ཡུལ་བརྒྱུད་རྒྱ་གར་ཀ་ལོན་སྦུག་ཏུ་བསྐྱོད་དེ་ཨ་ རི་དང་ཐའེ་ཝན་ལ་གསང་བའི་ཐོག་ནས་གོ་མཚོན་རོགས་རམ་མུ་མཐུད་ནས་ཞུ་རྒྱུ་བྱས་པ་ རེད།
(མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་སྒར་ལ་ཡུལ་ སྡེ་སོ་སོས་སྙན་ཞུ་ཕུལ་རིགས་) སྐབས་དེར་ལྷོ་ཁའི་ཁུལ་གྱི་ཡུལ་དགོན་སྡེ་གསུམ། སྒེར་གཞིས་དང་བཅས་པས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱ་དང༌། བོད་ཀྱི་བསྟན་སྲིད་ཆེད་ས་ཁང་ཟས་གོས་ཐ་ན་དམག་ཁོངས་སུ་ཞུགས་པ་དང༌། གསང་ཉུལ་ངོ་སྤྲོད་བྱེད་པ། ཞབས་བརྟན་རིམ་གྲོལ། ལྷ་མཆོད་གསོལ་ཀ
དགྲ་ཕྱོགས་ ཀྱི་གནས་ཚུལ་གསང་བརྡ་བསྐྱལ་པ་སོགས། མདོར་ན། ལྷོ་ཁུལ་བོད་མི་ཕལ་ཆེ་བས་ཕྱ་གྲུ་མཉམ་འདེགས་ཀྱིས་དང་བླང་དམག་དཔུང་ལ་རམ་ འདེགས་རྒྱ་ཆེར་བྱས་པའི་ཁོངས་ནས་ཆུ་སྒང་ཡིག་ཆའི་ནང་ཡོད་པའི་ས་ཁུལ་ཁག་འགའ་ ཞིག་གི་མིང་གཞུང་ཙམ་བཀོད་ན།
༡ ལྷ་དགོན་འདུས་མང་སྤྱི་མགྲིན།
༢ འོན་གཞིས་སྡོད་ངོ་ཚབ་དང་གཙོ་དྲག་རྒན་དམངས་སྤྱི་མགྲིན།
༣ ཡངས་པ་ཅན་འགོ་ཚབ་དང་མངའ་ཁུལ་གཙོ་དྲག་ཀླུ་ལྡིང་ནོར་བུ་ཐུན་མོང༌།
༤ འཕྱོངས་རྒྱས་རྫོང༌།
༥ ལྕམ་སྡིང༌།
༧ ཉིན་མོ་དགོན་སྡེ་སྤྱི་མགྲིན།
༨ རྒྱ་མདའ་རྫོང་དང་མངའ་འདུ་གཞུང་སྒེར་ཆོས་གསུམ།
༩ བན་དགོན་འདུས་སྤྱི།
༡༠ ལྷ་གསོལ་མངའ་ཁུལ།
༡༡ སྣ་རྩེ་རྫོང་འཚོ་མི་དམངས་ཐུན་མོང༌།
༡༢ རྒྱ་ཚ་ཚོ་དྲུག་འགོ་དམངས་མགྲིན༌།
གོང་གསལ་དེ་དག་གིས་སྔ་ཕྱིར་ཆུ་སྒང་དམག་སྒར་ལ་སྙན་ཞུ་རིམ་འབུལ་ཞུས་པ་བཤམ་གསལ།
གུས་ འབང་ལྷ་དགོན་འདུ་དམངས་འགྲིན་ཅིག་ནས་ཟླ་ ༡༡ ཚེས་ ༢༨ ལ་ཕུལ་བའི་སྙན་ཞུ། ལྕགས་ར་དཔལ་འབར་ལྷ་དགོན་འདུས་སྤྱི་ནས། ལྷ་དམག་བྱེ་བའི་གཙུག་ནོར་༧མི་རྗེ་དམག་སྤྱི་ལྷན་རྒྱས་རིན་པོ་ཆེ་མཆོག་གི་༧ ཞབས་པད་དྲུང་དུ། གུས་པ་རྩེ་དགོན་གྱི་འདུ་དམངས་འགྲིན་ཅིག་ནས་ཞུ་གསོལ། རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ།
ཁྱད་པར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྐུའི་ གསང་བ་གསུམ་ལ་འགལ་རྐྱེན་གྱི་མཚན་མས་མ་རེག་པ་ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་ ཅིང༌། རླབས་ཆེན་མཛད་འཕྲིན་བཞེད་དོན་ལྷུན་གྱིས་འགྲུབ་པ་ལྷག་པར་མདོ་སྨད་ཆུ་བཞི་སྒང་ དྲུག་གི་བསྟན་སྲིད་དང་བླངས་དཔོན་དམག་རྣམས་ལ་འགལ་རྐྱེན་གྱིས་མི་བརྫི་བར།
ཕ་ རོལ་གཡུལ་ལས་རྒྱལ་ཞིང་ཅི་བགྱིས་༧གོང་ས་ཆེན་པོའི་ཞབས་འདེགས་དང༌། བསྟན་འགྲོའི་སྨན་དོན་དུ་འགྱུར་བ། གཞུང་བསྟན་སྲིད་ལར་རྒྱ་ཡར་རྒྱས་འབྱུང་བ་བཅས་ཀྱི་ཆེད་དུ་དམིགས་༧སྐྱབས་རྗེ་ དཔལ་འབར་མཆོག་སྤྲུལ་རིན་པོ་ཆེ་ཐུགས་དམ་སྔ་རྗེས་ཐེངས་ལྔ་ཞུས་པའི་ཕྱིར་རྩལ་ དགོངས་དོན་བཞིན་ལྷ་དགོན་ཚོགས་ཡོངས་ན་ཁ་སྔོན་ཟླ་ ༨ ཚེས་ ༡༡
ནས་བཟུང་སྔ་ རྗེས་ཉིན་འཁྱོངས་ཉེར་ལྔའི་རིང་འགྲུབ་ཐོ་ཕུལ་བར། གནས་བསྟན་ཕྱག་མཆོད་དང་འབྲེལ་བའི་སྐྱབས་མགོན་༧ཞབས་བརྟན་ཚར་ ༡༠༠ དང༌། གནས་བཅུ་ཚར་ ༡༡༠༠ བྱང་ཆུབ་ལམ་རིམ་ཆེན་མོ་བཅུ་ཕྲག ༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག འབུམ་རྒྱས་འབྲིང་བསྡུས་གསུམ་དག་ཚར། ཤེར་སྙིང་བདུད་བཟློག་བརྒྱ་བཞི། བཀྲིས་གསོ་སྦྱོང༌། གནོད་བཟློག་གསོ་སྦྱོང༌།
རྒྱལ་ཆེན་ཆོས་སྐྱོང་རྡོ་ རྗེའི་མཚན་ཅན་གྱི་རྐང་བཤགས་འབུམ་ཐེར། སྔོན་རྟེན་སྲུང་མའི་སྐང་བཤགས་ཁྲི་ཕྲག་གཅིག སྲུང་སྤྱིའི་སྐོངས་བཤགས་གྲངས་མང༌། ཡང་ཤུགས་ལྡན་གྱི་སྐོངས་ཚོགས་ཟབ་རྒྱས་དང༌། འཕྲིན་བཅོལ་འབུམ་ཐེར། ཆོས་རྒྱལ་གྱི་སྐོངས་བཤགས་ཁྲི་ཁྲག་ལྔ། དྲུག་ཅུ་མ་ལྔ་སྟོང་ཐམ་པ། མ་མོའི་འཁྲུགས་སྐོངས་གནད་སྨིན། དམ་ཚིག་རྡོ་རྗེའི་བཟླས་པ་འབུམ་ཐེར།
མགོན་ ཁང་ནང་དུ་རྟེན་གྲི་སོགས་སྤྱན་གཟིགས་གསར་འབུལ། ཡུལ་ཁྲུས་དང་རྟེན་ཁྲུས་གང་མང༌། དྲག་པོའི་སྦྱིན་བསྲེགས། རི་ལུང་གི་རྔོན་རྒྱ་སྡོམས་ཁྲིམས། ལྕགས་རི་ཕྱི་ནང་བར་གསུམ་ལ་གཙང་སྦྲ་བྱི་དོར། སྐྱབས་འགྲོ་འུར་སྒྲོགས། རི་རྩེ་ཁག་ལ་ལྷ་བསངས་རླུང་རྟ། སྒྲོལ་མ་ཚར་ཁྲི་གཅིག ཕྱོགས་བཅུ་མུན་སེལ་སྟོང་ཚར། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྟོང་ཚར།
བཀྲིས་བརྩེགས་མདོ་སྟོང་ཚར་བཅས་གནད་སྨིན་འབད་སྒྲུབ་ཟིན་པ་དང༌། ད་དུང་རིང་མིན་དྲུག་ཅུའི་ལྕགས་མཁར་ཆེན་མོ་དང༌།
ཤུགས་ ལྡན་ཉིད་ཀྱི་དྲག་བསྐུལ་བཅས་འབུལ་རྩིས་ལགས་ན་གཡུལ་ལས་རྣམས་པར་རྒྱལ་ཞིང་ སངས་རྒྱས་བསྟན་པ་རྒྱས་པའི་ཆ་རྐྱེན་དུ་དགྱེས་བཞེས་ཀྱིས་ཁྱེད་དཔོན་དམག་རྣམས་ ནས་བསྟན་འགྲོའི་བདེ་ཐབས་ཁོ་ན་དགོངས་ཏེལུས་སྲོག་ལོངས་སྤྱོད་བློས་བཏང་གི་ གཡུལ་སར་ཞུགས་པའི་དཀའ་སྤྱད་བཟོད་པ།
དྲག་པོའི་གོ་མཚན་ལ་མི་འཇིག་པའི་ སྤོབས་པ་འདི་ལས་ལྷག་གནང་རྒྱུ་མི་འདུག་པ་རིང་ མིན་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བ་མཛད་པའི་ཐུགས་བསྐྱེད་སྨོན་ལམ་མི་ ཆུང་བ་དང༌། གུས་དགོན་ནས་འཁོས་བསྟུན་གྱིས་ཞབས་བརྟན་སྒྲུབ་བྱ་གང་དགོས་ཀྱི་བཀའ་ལེན་བཅས་ སྤྱི་རྩོལ་གྲུབ་པ་མཁྱཻད་མཁྱཻན་མཁྱཻན་ཞེས་ཞུ་ཡིག་འདེགས་རྟེན་ལྷ་རྫས་བཅས་འབུ་ དམངས་འགྲིན་ཅིག་ནས་ཟླ་ ༡༡
ཚེས་ ༢༨ ལ་ཕུལ་བའི་སྙན་ཞུ་ཞེས་གསལ།
༼ཁམས་རྒྱལ་སྟོན་རྫོང་ཁོངས།༽༈ གུས་འབངས་ལྕམ་ལྡིང་ནས་ཕུལ་བའི་སྙན་ཞུ། ༈ དཔལྡན་ས་ཡི་དབང་ཕྱུག་བཀའ་དྲིན་མཚུངས་མེད་བསྟན་སྲིད་དམག་སྤྱི་ལས་ཁང་མཆོག་གི་ ༧ཞབས་པད་མངོན་མཐོའི་དྲུང་དུ།
གུས་འབངས་ལྕམ་མདའ་ལྡིང་ཚང་ནས་ཕྱག་བཅས་ཞུ་ གསོལ། དེ་ག་ནས་རྩལ་བའི་བཀའ་རྒྱ་རྣམས་སོ་སོར་ཉམས་མེད་ཁུངས་འབུལ་ཞུས་ཟིན་ཐོག འདི་ནས་ཚོང་རིགས་ནང་ཆེན་རྭ་མ་རྟོར་རྣམ་ཞེས་པ་ཆ་རིར་སོང་འདུག་པ་དེ་རྗེས་བཀའ་ བརྒྱའི་ཞལ་བཤུས་སྦྲག་དེ་ག་བཅར་དགོས་ཀྱི་གནས་ལུགས་ཞིབ་རྒྱསསོང་བ་དང༌།
འདིར་ ཡོད་བདེ་དགེའི་རུ་འཆལ་ལའང་བཀའ་དགོངས་གནས་ལུགས་ཇི་སྙེད་གཅིག་འགྲེལ་ སྐྱེལ་དང་གོ་ལག་ཇི་ཡོད་བཅས་དཔལ་འབར་དུ་བཅར་དགོས་བརྗོད་ནའང༌། ཁོ་ཚོར་ཕོ་སྐྱེས་གཉིས་ནད་མནར་བབ་ལྕི་ཡོད་ཚུལ་ཞུ་གན་དང། དེ་འཕྲོས་མི་རྟ་གོ་ལག་རང་འགྲིགས་ཀྱི་རྟ་པ་གཉིས་འགྱོག་མྱུར་དེར་བཅར་ཞུ་ རྒྱུའི་འགན་བླངས་སོང་བ་དང༌།
ལྷག་ཏུ་བཀའ་དགོངས་གནས་ཚུལ་ནི་ཅུང་པར་ངོ་ བསྐྱོད་ཀྱང་གཞོན་རྟོག་ཞིབ་ཞུས་ སྙིང༌། རབ་དགོན་ཤོམས་ཕྱེ་བརྒྱད་བཅས་ནས་སྔོན་དུ་རྒྱ་དམར་དང་འཐབ་འཛིང་ཕྲན་བུའི་ཐོག་ ཀོང་མདའ་ཞེས་པའི་རྒྱ་ཁང་ད་ཕན་རྒྱང་བསྲུང་བྱེད་ལུགས་ཙམ་དང༌།
བསྟན་སྲིད་ དྭངས་བླང་དམག་དང་འཚོ་པ་སྨ་ཁམས་སྦྲེལ་བས་ཡ་རྔ་མདོའི་རྒྱ་ཁང་གཏོར་ ཏེ་དེར་ཡོད་རྒྱ་དམར་ཇི་ཡོད་བསད་ཏེ་ལག་ཆ་བཅས་རྒྱལ་ཁ་བླངས་ཐོག་སོག་རྒྱུད་ནས་ ཡོང་བས་མོ་ཊ་གསུམ་དང༌། འཐབ་འཛིང་གི་མོ་ཊ་གཅིག་གཏོར་རྐྱེན་གྱིས་དེར་ཡོད་རྒྱ་ཁ་ཤས་བསད་ཐོག་མོ་ཊ་ གཉིས་ཕྱིར་བྲོས་སོང་ལུགས་བཅས་དང༌། སོག་ཏུ་རྒྱ་ཁ་ཆེ་རིགས་ཆེད་ཚུད་འདུག
ཅུང་ པ་ནས་མི་ངན་རེ་གཉིས་ཙམ་ལས་དགོན་སྡེ་བྱིངས་བསྟན་བསྲུང་དམག་དང་རྡོག་རྩ་ གཅིག་སྒྲིལ་གྱིས་སྔོན་དུ་དམག་ཉི་ཤུ་སྐོར་དང་རྗེས་དམག་བརྒྱ་བསྐོར་བཅས་ཡ་རྔ་ མདོའི་ས་གནས་སུ་དཔུང་གནོན་སོང་ལུགས་བཅས་བབ་ཞུས། འདི་ནས་ཀྱང་བཀའ་དགོངས་ས་མཚམས་ཁག་མང་ལ་ལ་སོ་ཆུ་བཀག་སོགས་དམ་དོན་ཞུ་དང་ཞུ་ མུས་ལགས་པ་དང༌།
སླར་གནས་ཚུལ་འབུལ་འོས་རིགས་བྱུང་ཚེ་ལམ་སང་རིམ་འབུལ་ཞུས་ ཆོག་པ་བཅས་སྐྱབས་ འཇུག་བརྩེ་བས་གཟིགས་པ་མཁྱཻན། གུས་འབངས་ལྕམ་ལྡིང་ཚང་ནས་ཟླ་ ༡༢ ཚེས་ ༡༩ བཟང་པོར་ཕྱག་བཅས་ཕུལ་བའི་སྙན་ཞུ་ཞེས་གསལ།
༼ནག་ཤོད་ཚོ་དྲུག་ཁོངས་ཉིན་མོ་དགོན་སྡེ་སྤྱི་མགྲིན་ནས།༽༈ སྙིང་སྟོབས་གསེར་གྱི་རྡོ་རྗེ་ལྷ་མིན་གྱི་དཔུང་ཆེན་འཇོམ་མཛད་བསྟན་སྲིད་ལྷ་ དམག་རྣམས་དབང་དྲག་འཕྲིན་ལས་འཛིན་བའི་དྲུང་དུ། གུས་པ་ཉིན་མོ་དགོན་སྡེ་སྤྱི་མགྲིན་ནས་ཞུ་གསོལ།
དེང་རང་ཅག་བོད་ཁམས་འགྲོ་ བ་ཡོངས་ཀྱི་བསོད་ནམས་སྤྱིའི་འབྲས་བཟང་༧རྒྱལ་བའི་ བསྟན་པ་རིན་པོ་ཆེའི་སྲོག་ཤིང་གཅིག་པུ་༧རྒྱལ་དབང་ཕྱག་ན་པད་མོ་མཆོག་གི་༧ཞབས་ སེན་གྱི་ཟླ་ཚེས་འཕྲིན་ལས་འོད་སྟོང་འབར་བས་ས་གསུམ་ཆེ་རྒུའི་གཙུགས་ཏུ་བརྒྱན་ སྟེ། འགྲོ་བ་རྣམས་ཕན་བདེའི་ལམ་བཟང་དུ་འགོད་པ་ལ་བར་དུ་གཅོད་པའི་ལྟ་ངན་གུང་ཁྲན་ གྱི་གཡོ་འཕྲུལ་རྨངས་མེད་དུ་གཏོང་ཕྱིར།
ཆུ་བཞི་སྒང་དྲུག་ཨ་མདོ་དང་བཅས་ པའི་དཔའ་བོ་རྣམ་པས་རང་སྲོག་ལ་མ་ལྟོས་པའི་ རླབས་ཆེན་གྱི་བྱ་བ་བརྩམས་པ་མ་ཟད། ས་གནས་གསལ་སྟེང་དུ་ཕེབས་གྲུབ་པའི་བཀའ་འཕྲིན་དངོས་སུ་རྩལ་འབྱོར་ནི་བསྟན་པའི་ ཉིན་བྱེད་ཤར་རི་ནས་མངོན་པའི་དགའ་སྤྲོ་རྒྱས་པར་གྱུར་ལགས། གུས་ཉིན་མོ་དགོན་སྡེ་ཡང༌།
དུས་ངན་གྱི་བརླངས་སྤྱོད་རླུང་ལྟར་འཚུབས་པའི་ སྐབས་འདིར་རང་མཁོས་ཞན་པས་ཕན་ བདེའི་གཞི་རྩ་ནུབ་པ་ལ་ཉེ་བར་གྱུར་ཀྱང། རང་སེམས་དཀར་ཕྱོགས་ཀྱི་བསམ་པ་བརྟག་སོ་རང་ས་ཅི་ཟིན་བྱེད་མཚན་པར་གནས་ལགས། མཚམས་ཞུ། རྒྱལ་བསྟན་ཆབ་སྲིད་ཆབ་འབངས་དང་བཅས་པའི་ཕན་བདེའི་སྲོག་རྩ་གཅིག་པུ་ནི།
སྙིགས་ དུས་ཀྱི་འགྲོ་བ་ལ་ལྷག་པར་བརྩེ་བའི་འཕགས་མཆོག་འཇིག་རྟེན་གསུམ་མགོན་ བསམ་བཞིན་སྤྲུལ་པའི་མཛེས་སྐུ་བོད་ཁམས་འགྲོ་བའི་སྙིང་ནོར་༧རྒྱལ་དབང་ཕྱག་ན་ པད་མོའི་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་འདི་ཁོ་ན་ལ་རགས་་ལེན་ པ་གངས་ཅན་མཆོག་དམན་ཀུན་ནས་མངོན་གསུམ་གྱི་མཐུན་སྣང་དུ་གྲུབ་པ་ལྟར་ལགས་ན།
དེ་ ཡི་ཆེད་དུ་དམིགས་རང་མཁོས་ལ་དཔག་པའི་ཞབས་རིམ་ལོ་ལྟར་ཧུར་བརྩོན་ལེགས་ སྒྲུབ་ཀྱི་འགྲུབ་ཐོ་རིམ་འབུལ་ཞུས་བཞིན་ཡོད་ལགས་པ་མ་ཟད། ཁ་སང་བསྟན་སྲུང་ལྷ་དམག་མཆོག་ནས་བཀའ་ཕྱིར་ཕེབས་སྐབས་ཀྱང་བསྟན་འགྲོའི་ཞབས་ རིམས་འཕར་མ། ༧རྒྱལ་བཀའ་དག་ཐོན་དང༌། དཔལ་ལྡན་ལྷ་མོའི་བསྐངས་མདོས། ཆོས་སྲུང་སྤྱིའི་ཕྲིན་རྦད་བསྐུལ་གཟབ་ནན་དང་འགྱེད། དྲུག་ཅུ་མ་གྲང་མང༌།
བླ་ མཆོད་ཀྱི་ཚོགས་སྟོང་ཕྲག ༧ཞབས་བརྟན་གསོལ་འདེབས་བཅས་གནད་སྨིན་ལེགས་གྲུབ་ཟིན་ཅིང༌། སླད་ཀྱང་མཁོས་བསྟུན་གྱི་ཞབས་རིམ་སྒྲུབ་འཐུས་དང༌། མ་ཟད་ལྷ་དམགས་རྣམས་འདི་གའི་ས་གནས་བརྒྱུད་རིང་མིན་ཕེབས་འདུན་ལ་ཉེ་ཆར་མཁོས་ བསྟུན་གྱིས་ཞབས་ཞུས་སྒྲུབ་དགོས་གང་ཡོད་བང་མི་འདིར་མ་ཤེས་བཀའ་སློབ་ནང་མའི་ བཀའ་འཕྲིན་དམ་ལྡན་རྩོལ་གྲུབ་པ་བཅས་ཞུ། སླད་མར་ཡང༌།
༧རྒྱལ་བསྟན་རིན་པོ་ ཆེ་དང་འགྲོ་བའི་བདེ་སྐྱིད་ཀྱི་གཞི་རྩ་༧རྒྱལ་བ་ཡིད་བཞིན་ ནོར་བུ་མཆོག་ཐུགས་ཀྱི་ཟིལ་ནས་བརྗེད་མེད་ཀྱིས་སྙིང་སྟོབས་ཀྱི་མདུད་པ་སྐད་ ཅིག་ཀྱང་མི་ལྷོད་པར་མཁྱཻན། ཞུ་རྟེན་བཀྲ་ཤིས་རྟགས་ཀྱིས་སྤྲས་པའི་ལྷ་དར་དང༌། ཁྱེད་རྣམས་ཀྱི་ཐུགས་བཞེད་ཇི་བཞིན་འགྲུབ་པའི་དཀོན་མཆོག་བདེན་ཚིག་གི་བཀྲ་ཤིས་ པའི་ཚིག་བརྒྱན་བཅས།
གུས་ཉིན་དགོན་སྡེ་ཐོུང་ནས་ཧོར་ཟླ་ ༡༠ ཚེས་ ༡༨ དགེ་བར་ཕུལ་ཞེས་གསལ།
༼ཀོང་པོ་རྒྱ་མདའ་རྫོང་དང༌། མངའ་ཞབས་གཞུང་སྒེར་ཆོས་གསུམ།༽རྒྱ་མདའ་རྫོང་དང་མངའ་འདུ་གཞུང་སྒེར་ཆོས་གསུམ་ ནས་ཟླ་ ༢ ཚེས་ ༡༨ བཟང་པོར་ཕུལ། ༈ གཡུལ་ལས་རྣམ་པར་རྒྱལ་བ་བསྟན་སྲུང་དམག་སྒར་གྱི་དབུ་འདོམས་ལྷན་རྒྱས་མཆོག་གི་༧ ཞབས་དྲུང་དུ། ཆེད་ཞུ། ཉེ་ལམ་འདི་གར་བརྡ་བཤད་ཆེད་བརྫང་གནང་དོན་བཞུགས་བསྒྲིགས་དང༌།
ཟོན་ཤིང་ཆུ་ ཆབ་སོགས་གོ་སྒྲིགས་དགོས་རྒྱུ་ཕེབས་གསལ་བཞིན་གཞུང་སྒེར་ཆོས་གསུམ་ ནས་ཞབས་འདེགས་མི་ཞུ་ཚད་བྲལ་ལགས་ན། འདི་གར་ནམ་ཕེབས་དང༌། བཞུགས་ཡུལ་ཁང་ཁུངས་ལ་ཞུ་དགོས་དང།
ཐང་བཞུགས་ཐབ་ཁག་ཇི་ཡོད་མ་ངེས་གཤིས་ད་ ལམ་གཞུང་སྒེར་གཉིས་ཀྱི་གནས་པོ་ཉི་པ་ གཉིས་འོག་སེང་ཞུ་བཅར་ཆེད་བརྫངས་ཞུས་པར་གོང་གསོལ་ལྟར་གོ་སྒྲིགས་ཞུ་བདེའི་ བཀའ་གསལ་ཞིག་འཕྲལ་ལ་སྤྱི་བོར་སྨིན་རྩོལ་ཅི་ནས་ཡོད་པ་མཁྱཻན། མཁྱཻན། མཁྱེན་གཟིགས་བརྟེན་ལྷ་གོས་བཅས་རྒྱ་མདའ་རྫོང་དང༌། མངའ་འདུ་གཞུང་སྒེར་ཆོས་གསུམ་ནས། བོད་ཟླ་ ༢ ཚེས་ ༡༨ བཟང་པོར་ཕུལ་ཞེས་གསལ།
༼རྒྱ་ཤོད་བན་མཁར་དགོན་འདུས་སྤྱི་ནས།༽༈ དཔལྡན་བསྟན་སྲིད་དམག་སྤྱི་ལྷན་རྒྱས་མཆོག་གི་༧ཞབས་དྲུང་དུ། གུས་པས་ཕུལ། ༈ དཔལ་ལྡན་ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་བའི་བསྟན་སྲིད་དམག་སྤྱི་ལྷན་རྒྱས་ མཆོག་གི་༧ཞབས་དྲུང་དུ། གུས་འབངས་བན་དགོན་འདུས་སྤྱི་ནས་ཞུ་གསོལ་འདེབས་སྙིང༌། དེང་གི་ཆར་ཡང༌།
ཕུན་ སུམ་ཚོགས་པའི་དཔལ་གྱིས་མངོན་པར་མཛེས་པའི་གང་སྐུ་ཉིན་བྱེད་དབང་པོ་ཉེར་ འཚེའི་སྤྲིན་ཚོགས་ཀྱིས་མ་སྒྲིབ་པར་གངས་ལྗོངས་བསྟན་འགྲོའི་དཔལ་དུ་མངོན་པར་ གསལ་ཞིང༌། འོད་དཀར་མཛད་པའི་སྣང་ཟེར་ཕྱོགས་ཀུན་སྤྲོས་པས་གུས་འབངས་རྣམས་ཀྱང་དགའ་སྤྲོའི་ ལང་ཚོ་མཆོག་ཏུ་བརྟས་པར་གྱུར་ལགས། མཚམས་ཞུ།
ད་སྔོན་བསྟན་དགྲ་གུང་ཁྲན་ཏང་ སླེབ་པ་ནས་ཚང་མ་སྡུག་བསྔལ་གྱི་འདམས་དུ་བཙུད་ ཅིང༌། ལྷག་པར་དགོན་གྱི་འདུ་རྟེན་མཆོད་རྒྱུན་སོགས་བསྟན་སྲིད་ཤིན་ཏུ་ཉམ་དམས་སུ་ གྱུར་ལགས་ཤིང་མགོན་མེད་དུ་ཁས་མནར་བ་ལས།
གངས་ལྗོངས་བསྟན་འགྲོའི་སྲོག་ཤིང་ ༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་༧ཞབས་པད་ བསྐལ་བརྒྱར་བརྟན་ཅིང་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ལུགས་ཟུང་ཆབ་སྲིད་ རྒྱས་པ་བཅས་༧སྐྱབས་མགོན་མཆོག་གི་ཞབས་བརྟན་དང༌། ཆོས་སྲུང་སྤྱི་སྒེར་གྱི་བདེན་བསྐུལ་འཕྲིན་བཅོལ།
བསྟན་པ་རྒྱས་པའི་སྨོན་ ལམ་བཅས་ཉིན་ལྟར་འཆག་མེད་སྒྲུབ་འབུལ་ཁར་སྔ་ལོར་དམིགས་ གསལ་༧ཞབས་རིམ་སྒྲོལ་མ་འབུམ་ཐེར། གདུགས་དཀར་གཏོར་ཆེན་སོགས་བཟློག་བསྒྱུར་རིགས་ཆོས་སྐྱོང་སྤྱིའི་བསྐང་གསོ་ཟབ་ རྒྱས་དང་འབྲེལ། ལྷ་མོ། གཡུ་སྒྲོན་མ། དམ་ཅན། ཞང་པཎ། ཆོས་སྐྱོང་ཆེན་པོ་ཤུགས་ལྡན་བཅས་ཀྱི་བསྐང་ཚོགས་སྟོང་ཚར་རེ།
གནས་བརྟན་ཕྱག་ མཆོད་གྲངས་མང་བཅས་འཚོགས་མང་ནས་ཉིན་འཁྱོངས་གྲངས་མང་སྒྲུབ་པ་ དང༌། བསྟན་སྲིད་དམག་གི་མཛད་བཟང་ཐོན་པ་ནས་བཟུང་ལུས་སེམས་བདེ་བའི་ངལ་གསོ་ཐོབ་ཅིང༌། འདི་ལོར་དྲག་ཞན་ཚང་མས་འཁོས་དཔག་གིས་༧ཞབས་རིམ་རྒྱ་ཆེར་གནད་སྨིན་སྒྲུབ་པ་ སོགས། ཞིབ་གསལ་བླ་དགོན་སྡེ་བཅས་སྤྱི་ནས་༧སྙན་འབུལ་ཞུས་པ་ལྟར་ལགས་ཤིང༌།
ལྷག་ པར་ད་ལོ་དངོས་མཇལ་བྱུང་བས་གུས་ཕྲན་རྣམས་ཀྱང་མཆོག་ཏུ་དགའ་བའི་སྐལ་བཟང་ ལེགས་པར་ཐོབ་ཅིང༌། གུས་ཁོངས་ལ་བཀའ་དགོངས་ཕེབས་དོན་བཞིན་སྤྱི་འཐུས་གོ་ཆོད། གུས་དགོན་གྱི་དགེ་བསྐོས་དང་བསྟན་སྐྱབས་དམག་མི་སེར་སྐྱ་བཅས་༧ཞབས་བཅར་ཞུས་པར་ གུས་འཚོར་ཆོས་འཇིག་གང་ཐད་ཤེས་ཡོན་དམན་སྟབས།
ལུང་ཀྱོགས་ཀྱི་མི་རུ་སོང་བས་ མ་ཤེས་བསླབ་སྟོན་གྱི་བཀའ་སློབ་བཟང་པོ་དང་འབྲེལ་ ཕ་མའི་བུ་ཚ་བཞིན་ཐུགས་རྗེ་བརྩེ་གཟིགས་ཀྱིས་རྗེས་སུ་སྐྱོངས་བ་ཞིག་ཅི་ནས་ཀྱང་ མཁྱཻན་ཅེས། གུས་དགོན་ད་མུར་བཞིན་༧གོང་ས་སྐྱབས་མགོན་མཆོག་གི་༧ཞབས་བརྟན་དང༌།
བསྟན་ དགྲ་མཐའ་དག་མིང་ཙམ་ལྷག་མེད་དུ་འཇོམས་པའི་བསྟན་སྲིད་དམག་སྤྱི་ལྷན་རྒྱས་ མཆོག་གི་ཐུགས་དགོངས་ཇི་བཞིན་ལྷུན་གྱིས་གྲུབ་ཅིང་ཕ་རོལ་གཡུལ་ལས་རྣམ་པར་རྒྱལ་ པའི་རུ་མཚོན་སྲིད་རྩེར་བསྒྲེང་ཞིང་༧རྒྱལ་བསྟན་རིན་པོ་ཆེ་ཕྱོགས་ཀུན་རྒྱས་ ཕྱིར་༧ཞབས་རིམ་མཆོག་གསུམ་གསོལ་འདེབས་དང་འབྲེལ། བསྟན་སྲུང་སྤྱི་དང་བྱེ་བྲག་གི་འཕྲིན་བཅོལ་དང་བདེན་བསྐུལ། སྒྲོལ་མ།
ཚེ་ ལྷ་རྣམ་གསུམ། གནས་ཆོག བཟློག་གསུམ་རྒྱལ་མཚན་རྩེ་མོ། བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཞབས་རིམ་ཉིན་ལྟར་འཆག་མེད་ཧུར་བརྩོན་སྒྲུབ་ འབུལ་ཞུ་མཆོག་པ་ཞུ་རྒྱུར་དམིགས་བསལ་དགེ་བསྐོས་ནས་ངག་ཞུས་བཞིན་དགོངས་དབྱིངས་ སུ་མངའ་བ་མཁྱཻན།
སླད་མར་ཡང་བསྟན་འགྲོ་ལ་མཆོག་ཏུ་དགེ་བའི་ཐུགས་དམ་སྐད་ ཅིག་ཀྱང་མི་གཡེལ་བ་ནས་ ཕུན་ཚོགས་ཀྱི་རོལ་པ་དལ་འགྲོའི་རྒྱུན་བཞིན་སྤྱི་རྩལ་གྲུབ་པ་མཁྱཻན། མཁྱཻན། མཁྱཻན། མཁྱེན། གཟིགས་རྟེན་ལྷ་གོས་རབ་དཀར་བཅས་གུས་དགོན་གྱི་དབུ་ཆོས་ལས་བྱེད་འདུས་དམངས་བཅས་ ཐུན་མོང་ནས་ཟླ་ ༡༡ ཚེས་བཟང་པོར་གུས་པས་ཕུལ།
༼ལྷོ་ཁ་ཁུལ་འོན་གཞིས་སྡོད་ངོ་ཚབ་དང༌། གཙོ་དྲག་རྒན་དམག་སྤྱི་མགྲིན་ནས།༽༈ ས་ཁྱི་ཟླ་ ༦ ཚེས་ ༢༢ ཉིན་འབྱོར། གུས་མང་འོན་གཞིས་སྡོད་ངོ་ཚབ་དང༌། གཙོ་དྲག་རྒན་དམངས་མགྲིན་སྤྱི་ནས་ཟླ་ ༦ ཚེས་ ༡༨ བཟང་པོ་ཕུལ། ༈ ལས་སྟོབས་དབུ་རྨོག་བཙན་པོའི་མངའ་བདག་ཁམས་རིགས་དམག་དཔོན་ལྷན་མཆོག་གི་༧ཞབས་ དྲུང་དུ། གུས་པ་འོན་ཁུལ་རྫོང་ཚབ་ཆོས་བླ་དང་ལས་གཙོ།
མི་སེར་མཐའ་ངན་མགྲིན་ སྤྱི་ནས་འུ་ཐུགས་བཟོད་བྲལ་གྱི་ཞུ་གསོལ། ཁ་སྔོན་ཟླ་ ༥ ཚེས་ཤར་ནས་ཁམས་རིགས་དམག་ཐོན་ཉིན་མཚན་རིམས་བསྐྱོད་ཀྱི་རྟ་ཆངས་བརྗེ་ལེན་དང༌། རྩམ་པ། ཇ་མར། ཆག་དང༌། གནས་ཤིང་དགོས་རིགས་སྤྱི་ཕན་སྐབས་སུ་བློ་མཐུན་སྤྲོད་ལེན་ཟིན་ཅིང༌།
འདི་ ཟླའི་ཚེས་ཤར་ནས་ཞོར་ཕ་འདྲ་བའི་མི་བཞིས་དམག་འགྲོ་ཁ་འཁྱེར་གྱི་འདི་ཁུལ་ ཡར་མར་རིམ་བསྐྱོད་ཀྱིས་རྟ་རྒོད་མ་རྟིའུ་ཆུང་འབྱར་ཡ་བྲལ་དང། རྒྱུ་དངོས་ཕོ་མོ་གང་གི་གྱོན་ཆས་སོགས་འདོད་མཐུན་བཙན་འཕྲོགས་བྱེད་བཞིན། འདི་དག་སྤྱི་དོན་དམག་སར་ཕན་པ་ཡོང་རྒྱུ་རྩ་བྲལ་ཁར་གཞན་ནས་འཕྱར་རྒྱུ་དངོས་ བརྟན་དང༌།
གུས་འབངས་རྣམས་ནས་ཀྱང་ལུས་སེམས་ཡ་བྲལ་དུ་གནས་ལགས་རུང་དམག་སར་ ཕན་ངེས་སྤྱི་ མཚུངས་ཕེབས་འོས་མ་ཞུས་ཚད་བྲལ་ཡང་ཕྱག་གསལ་ཕགས་བསེ་སོགས་དཔྱངས་མཚམས་མིག་བཏོན་ མེད་སྟབས་བྱ་ལམ་བདེ་མིན་གྱི་བྱ་སྤྱོད་གང་ལ་ལྟས་ཀྱང་བསྟན་དོན་ཁ་འཁྱེར་རྐུ་ ཇག་ཡིན་ངེས་ལ་ལེ་ལན་མ་བགྱིས་མཐུ་མེད་དེ་ལྟར་ཡང༌།
སྤྱི་དོན་བཀའ་འགྲེལ་ཇི་ ཡིན་མ་ངེས་སྟབས་དགོངས་བསྐོར་ཞུ་དགོས་བྱུང་ལགས་ན་དོན་ སྙིང་ཁུལ་འདིར་སྡོད་བདེའི་སྤྱི་ཕན་ཕུ་མདར་བཀའ་བཀོད་སྲུང་སྐྱབས་ཟུང་འཕྲལ་མར་ ངེས་རྩོལ་ཞུ་རྒྱུ་དང༌། དེ་མིན་བྱ་བདེའི་བཀའ་གསལ་འཕྲལ་རྩོལ་ཡོད་པ་བཅས་དེ་དོན་རྣམ་མཁྱེན་དུ་མངའ་བ་ མཁྱཻན། མཁྱཻན། ཞེས་ཞུ་རྟེན་ལྷ་གོས་བཅས་ཟླ་ཚེས་བཟང་པོར་ཕུལ།
༈ ལུགས་བཟུང་མཁྱེན་བརྒྱའི་མངའ་བདག་ལྷོ་ཁུལ་ཞི་དྲག་ལས་ཁུངས་ལྷན་རྒྱས་༧ཞབས་པད་ དྲུང་དུ། གུས་པ་ཡངས་ཅན་འགོ་ཚབ་དང་མངའ་ཁུལ་གཙོ་དྲག་ཀླུ་སྡི་ནོར་བུ་བཅས་ཐོུང་ནས་ཕྱག་ བཅས་ཞུ་གསོལ།
ད་ལམ་ཕྱག་བྲིས་སྤྱི་ཕེབས་དགོངས་དོན་སྐོར་ཀླུ་སྡིང་ནོར་ བུའི་ཐོག་གཞུང་གི་བལ་ དང་ཁམས་རིགས་ཀྱི་བལ་བཅོད་ཡོད་པ་ཕྱག་ནང་གི་དགོངས་འཆོད་ལྟར་རྒྱ་མིའི་བློ་གསལ་ རྐྱེན་པའི་དྭོགས་གནས་རྙེག་གརྩེར་ཅི་ཆེས་ནོར་བུ་ཉིན་ཤར་ཡུལ་བྱོལ་སོང་ཡང་ ཁྱིམ་ཚང་བུད་མེད་བཅས་ཉིན་ལྟར་ཁམས་རིགས་དང་ཁ་ཐུན་ཡིན་ལུགས་ནོར་བུ་རྩེས་ སྤྲོད་དགོས་བསྐོར་རྒྱ་མིའི་རྙད་བསྐོ་བྱས་པར་མ
་བཟོད་བརྟེན་ནོར་བུ་ཕྱིར་ལོག་གིས་རང་གནས་སུ་བསྡད་ཀྱང་མཐར་སྲོག་འགོ་ཐོན་མིན་མ་ངེས་ཁར་བསྡད་པ་འགོ་དམངས་ཚང་མས་རྟོགས་གསལ་དང༌།
ཀླུ་ སྡེང་ནོར་བུ་ཁམས་པ་དང་ཁ་ཐུན་ཡིན་ལུགས་དྭོགས་གནས་ཆེན་པོའི་ཉིན་ལྟར་རྒྱ་ མིའི་འདྲི་བརྩད་བྱ་ཡུལ་ལང་ལོང་སྐབས་གཞུང་བལ་ལམ་སྲང་གཏོང་བློས་མི་བཟོད་པ་ངང་ འཐེན་༧སྐྱབས་འཇུགས་བརྩེ་གཟིགས་ཐུགས་རྗེས་ཆེ་བ་ནས་སླར་ལྷིང་འཇགས་བྱུང་མཚམས་ ཐབས་ཤེས་གཏོང་ཐབས་མ་ཞུས་ཚད་བྲལ་ལྟར་ཞུས་འཐུས་ཆོག་པ།
དེ་ཡང་མཛད་དཀའ་གྱུར་ ཚེ་དེ་ནས་ཐབས་ཤེས་བཀའ་སློབ་དང་འབྲེལ་བའི་གང་འགབས་༧ སྐྱབས་འཇུགས་ཞུ་རྒྱུ་ཕྱག་ནང་གི་མེ་མདའ་མཐར་མདོའི་ཚོང་པ་རྒན་ལགས་ནས་གུས་ནང་ རྒྱ་མི་ཡོང་སྐབས་བྲོས་བྱོལ་སོང་སྐབས་འཁྱེར་སོང༌། གྲི་བསྡད་ཡོད་ལགས་པ་བཅས་ཀྱི་རྣམ་མཁྱེན་ཟབ་མོར་མངའ་བར་མཁྱཻན། མཁྱཻན།
ཞུ་བ་གཟིགས་རྟེན་ལྷ་རེགས་བཅས་ཡངས་ཅན་འགོ་ཚབ་གཙོ་དྲག་ཀླུ་སྡེ་ནོར་བུ་བཅས་ཐོུང་ནས་ཟླ་ ༢ ཚེས་ ༢༩ བཟང་པོ་གུས་ཕུལ་ཞེས་གསལ།
༈ འཕྱོངས་རྒྱས་རྫོང་གི་སྙན་ཟིན་དགེ།༈ དཔལ་ལྡན་ས་སྐྱོང་༧མི་དབང་ཆོས་རྒྱལ་ཆེན་པོ་ལྷན་རྒྱས་མཆོག་གི་༧ཞབས་དྲུང་དུ། གུས་འབངས་འཕྱོངས་རྒྱས་རྫོང་སྡོད་ངོ་མ་ངོ་ཚབ་ཐོུང་ནས་ཕྱག་བཅས་ཞུ་གསོལ་འདེབས་ སྙིང༌། ཟླ་ ༥ ཚེས་ ༡༦ ལ་རྩལ་བའི་བཀའ་རྒྱ་རིན་པོ་ཆེ་ཚེས་ ༢༧
ཉིན་སྤྱི་ ཕེབས་ཉེ་འཆར་འདི་ཁུལ་ཁམས་པ་མི་རིགས་ནས་རྒྱུ་མཚན་གང་ཡང་མེད་པར་གློ་ བུར་མི་རྟ་གོ་ཧྲག་ཐོན་བསྐྱོད་བགྱིས་འདུག་པ་ཐལ་ཟིང་བཅོམ་འཕྲོག་མི་ཆོག་དང༌། ཕྱིན་ཆད་བོད་རིགས་གཅིག་བསྒྱུར་ལ་བསམ་འཚོ་ཐབས་གནང་འོས་རིགས་ཆོག་འཐུས་ཞེས་ པའི་བཀོད་རྒྱ་འགྲེམས་སྤེལ་ཟིན་རུང༌། བསྟན་སྲིད་ཁ་འཁྱེར་གྱི་དོན་དུ་རྒྱལ་ཁབ་དང༌།
ས་གནས་གཞུང་གཉིས་ཀའི་ཁྲིམས་ ལུགས་རྩི་མེད་ངོ་ལོག་ཚབ་ཆེར་བརྟེན་སྔ་འཕྲོས་སྔར་ འགྱོད་ཕྱི་འདམས་ཁེ་ཉེན་གོ་སེལ་བྱེད་པར་ཛ་སག་སྨོན་གླིང་པ་དང༌། ལྷོ་ཁུལ་སྤྱི་ཁྱབ། གདན་འཐུས་བཅས་ལ་ཐུགས་དམ་བཀའ་རྒྱ་དང༌། བྱེད་སྒོའི་བཀོད་མངགས་དང་སྦྲགས་ས་གནས་རང་དུ་ཆེད་བརྫངས་སོང་བ་ཁྲིམས་མཐུན་ཞུ་ ཤག་ཀྱང༌།
ངེས་མེད་མ་ཞུས་ཚེ་བབ་བཀོད་ཟུར་དུ་གནང་རྒྱུར་དེ་ཁུལ་གཞུང་སྒེར་ ཆོས་བཅས་རྣམས་ ནས་ངན་སྦྲེལ་ཡོང་མི་སྲིད་ཀྱང༌། ཁམས་རིགས་ཀྱི་ཡི་གེ་གཏོང་བབ་ལ་གཞིག་ཚེ་རྫོང་གཞིས་བྱིངས་ཆེར་མགོ་སྐོར་བློ་ འཕྲིན་སྤྱི་དོན་ཡིན་ཁུལ་ཚོགས་འདུར་འབྱོར་དགོས་སོགས་དྲིལ་བསྒྲགས་ཀུན་སློང་ མི་བྱེད་པའི་ངེས་པ་མི་འདུག་ན། དེ་རྩིས་བྱས་རིགས་བྱུང་ཚེ་སྣེ་སྡོད་དང༌།
མི་ དམངས་ཡོངས་ནས་དྲག་པོའི་རྣམ་པ་ཅན་གྱི་མི་དམངས་དཔུང་བསྡེབས་ཀྱི་མགོ་སྐོར་ ངན་དབང་དུ་མ་སོང་བ་རང་ཚུགས་རང་ཟིན་གྱིས་སྡོད་པ་མ་གཏོགས་ངན་མཐུན་བྱས་རིགས་ སུ་ཡིན་ངོ་ལོག་ཟིང་འཁྲུགས་བྱེད་མིར་ཆ་འཇོགས་ཀྱི་འགལ་ཉེས་གཅོད་རྒྱུ་གཏན་ འཁེལ་ཟིན་ན།
དེ་རྩིས་སེར་སྐྱ་ཡོངས་ལ་མ་གོ་མ་ཐོས་མེད་པ་དྲིལ་སྒྲགས་ཀྱིས་ ཁམས་རིགས་བྱེད་ སྤྱོད་སྙན་ཞུ་ངེས་བསྲིངས་དགོས་རྒྱུ་སོགས་སྤྱི་ཕེབས་བཞིན་ཁྱབ་ཁོངས་ཚང་མར་རྣ་ ལྷོངས་སྒྲོགས་སྦྱངས་བཀོད་ཁྱབ་འཐུས་འདམས་ཞུས་པ་མ་ཟད། ཁ་སྔོན་དོན་གཅོད་ཛ་སག་མཁན་ཆུང་གདན་འཐུས་བཅས་འདི་ག་ས་གནས་སུ་ཞབས་འཁོད་སྐབས་ གློ་བུར་གྲི་གུ་ནས་ཁམས་རིགས་རྟ་དམག་ ༢༥༠
སྐོར་འདི་འབྱོར་ཡོད་མུས་ལའང་ ཁུལ་འདིའི་ལོ་ཏོག་གིས་མཚོན་མི་སེར་ཚང་མར་སེམས་ འཁྲུགས་གནོད་རྐྱེན་འགོག་ཐབས་འགོ་གཙོར་སྣེ་ལེན་ཐབས་མཁས་ཐོག རྟ་ཁལ་ཟ་བཅའི་རིགས་གཞིས་བྱེས་གཉིས་ཀར་སྔ་གཡར་སྤུས་ཚོང་མ་བགྱིས་མཐུ་མེད་དང༌། འདིར་ཡོད་འགོ་དམག་ནས་ཟླ་ ༦ ཚེས་ ༡ སྔ་དྲོ་ཚེ་ལྗོངས་བཙུན་དགོན་དུ་ཁམས་བརྫུན་མི་གསུམ་ཡོད་ཁོངས་ནས་མི་གཅིག་བྲོས་ བྱོལ་དང༌།
མི་གཉིས་ནས་ལམ་སར་མི་སེར་གྱི་དངོས་རིགས་བཅམས་འཁྱེར་བྱས་ལུགས་ འཛིན་འཁྲིད་ ཀྱིས་དྲི་ཞིབ་གནས་ལུགས་མང་ཤོད་ཀྱི་དོན་དུ་ཉིན་ཤས་དོ་དམ་གྲི་གུར་བཏང་སོང་བ་ ད་དུང་མི་རིགས་འཛིན་བཟུངས་སོགས་ཇི་བྱེད་མ་ངེས་ཁར་གྲི་གུ་མཚོ་ཤར་ཁབ་དུའང་ དཔུང་དམག་ཕོན་འབོར་གང་མཚམས་ཡོད་འདུག་རུང༌།
གར་འགྲོ་གར་བསྐྱོད་ངེས་གཏན་ མི་འདུག་པའི་ཐོག་དོན་གཅོད་ལྷན་རྒྱས་ད་ཕན་གྲི་གུ་ གཞིས་རང་དུ་བཞུགས་འཇགས་ཞུ་རྒྱུ་བཅས་རྣམ་མཁྱེན་ཆོས་ཀློང་ཆེན་པོར་མངའ་བ་ མཁྱཻན། མཁྱཻན། མཁྱཻན་ཞེས་གསོལ་བ་འདེབས་པ་ལགས།
ལྷོ་ཁ་དྭགས་པོ་ཁུལ་རྒྱ་ཚ་ཚོ་དྲུག་སྤྱི་མགྲིན་ནས།༈ གངས་ལྗོངས་བསྟན་སྲུང་མདོ་སྨད་ཆུ་བཞི་སྒང་དྲུག་གི་ལྷ་དམག་ཡོངས་ཀྱི་སྤྱི་ འདམས་ལྷན་རྒྱས་པའི་༧ཞབས་པད་མངོན་མཐོའི་དྲུང་དུ། གུས་འབངས་རྒྱ་ཚ་ཚོ་དྲུག་མགྲིན་གཅིག་ནས་ཕྱག་བཅས་ཟླ་ ༥ ཚེས་ ༡ ལ་ཕུལ་བའི་༧སྙན་ཞུ།
༈ འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་མདོ་ སྨད་ཆུ་བཞི་སྒང་དྲུག་གི་ལྷ་དམག་ཡོངས་ཀྱི་སྤྱི་འདམས་བསིལ་ལྗོངས་དཔའ་བོའི་དང་ རྩེ་༧མི་ཡི་སེང་གེ་ལྷན་རྒྱས་པའི་༧ཞབས་པད་མངོན་མཐོའི་དྲུང་དུ། གུས་འབངས་རྒྱ་ཚ་ཚོ་དྲུག་འགོ་དམངས་མགྲིན་གཅིག་ནས་དད་གསུམ་མངོན་རྟོགས་ངམས་ པའི་ཕྱི་བཅས་གསོལ་བ་འདེབས་སྙིང༌།
ད་ལམ་སྐུ་ཚབ་དཔོན་དམག་ལྷན་རྒྱས་ཉམ་ཐག་ སྲོག་གི་འཇིགས་སྐྱོབ་ཏུ་ངལ་བ་ཁྱད་ གསོད་ཉིན་མཚན་མགོ་སྦྲེལ་ཆིབས་བསྒྱུར་བཀྲིན་གཞལ་བྱའི་ཡུལ་ལས་འདས་པ་ཐུགས་རྗེ་ དཔག་མེད་དུ་ཆཻ། དཔོན་དམག་ལྷན་རྒྱས་ནས་ཐུགས་བརྩེ་མི་ལྷོད་པའི་སློབ་སྟོན་ལ་བསྟན་དགྲ་རྒྱ་དམར་ གུང་ཁྲན་གྱི་་ལས་ལུགས་བསམ་འབྱོར་ཞིབ་ཁྲ་སྤྱི་ཕེབས་ཙམ་དུ་མ་ཟད།
རང་ཅག་ ཕྱག་ན་པད་མོའི་གདུལ་ཞིང་དུ་གྱུར་པའི་མི་རིགས་མཐོ་དམན་ཀུན་གྱི་ཉག་ཅིག་ སེམས་ཀྱི་གཏད་སོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཁོ་ན་ལས་སྐྱབས་གཞན་མེད་ཅིང༌།
ལྷག་ པར་རྒྱ་དམར་ལོག་སྤྱོད་གུང་ཁྲན་གྱི་ལུགས་ངན་འདི་དག་བདག་གཞན་སྐྱེ་འགྲོ་མ་ ལུས་སྡུག་བསྔལ་མུ་མཐའ་མེད་པའི་གནས་སུ་བསྐལ་པ་ནས་བསྐལ་པའི་བར་མྱོང་དགོས་ཀྱི་ རྒྱུ་འདི་དག་དངོས་སུ་ལག་ལེན་བསྟར་རྒྱུ་བཞག
མཐོང་ཐོས་ཙམ་ལ་ཡ་ང་འཇིགས་སྣང་ བཟོད་བརླག་མེད་པ་དམྱལ་བ་མི་ཡུལ་མྱོང་དགོས་མུན་ པའི་སྨག་རུམ་གྱི་འོག་ནས་མཐོན་ཐབས་ཆུ་བཞི་སྒང་དྲུག་གིས་དབུས་སྐལ་ལྡན་གྱི་ དཔའ་བོ་རྣམས་ནས་བསྟན་དོན་འཁུར་བཞེས་པར་རྒྱུར་འགྲོ་རིགས་ཆོས་འབྱོར་བདེ་དགས་ འཚོ་ཐབས་དགོངས་གཞི་ཟབ་མོ་འདི་ལྷག་བཀྲིན་ཆེ་ཐབ་མ་མཆིས་གཤིས་གུས་འབངས་རྣམས་ ཀྱང་ཁ་ཙམ་མ་ཡིན་པ་སྙིང་ནས་དགའ་སྤྲོའི་རྒོད
་པར་གྱུར་ལགས་ན། ཞུ་པའི་སྙིང་པོར། བསྟན་དོན་རྡོ་རྗེའི་ར་གུར་བསྲུང་ཐབས་ཕྱར་བ་གྲུ་འདེགས་་རྡོག་རྩ་ཆིག་བསྒྲིལ་ཁོ་ན་ལས།
འདི་ ཕྱི་ཀུན་ཏུ་འགྱུར་ལྡོག་མེད་ངེས་འཛམ་གླིང་སྲོག་བདག་སྤང་ཙུག་ལགས་པས་འཁོས་ བསྟུན་དམག་རྒྱག་གང་འབྱོར་ཞབས་འདེགས་ཞུ་མིན་ཚད་བྲལ་ལ་སོང་སྡེ་འབངས་ལ་གནས་ ལུགས་གོ་བསྐོན་དང་འབྲེལ་ཞབས་འདེགས་ཞུས་འཐུས་ཀྱི་ཞིབ་ཆའི་༧སྙན་འབུལ་རིམ་ བཞིན་ཞུས་ཆོག་པ་ཞུ་རྒྱུ་བཅས་རྣམ་མཁྱེན་རྒྱ་འཚོར་ཡུད་ཙམ་མངའ་བ་མཁྱཻན།
མཁྱེན་ ཞེས་གསོལ་བ་འདེབས་རྟེན་ལྷ་རེག་ཨ་ཤེ་དཀར་གཙང་བཅས། གུས་འབངས་དྭགས་པོ་རྒྱ་ཚ་ཚོ་དྲུག་སྡེ་འབངས་མགྲིན་གཅིག་ནས་ཕྱག་བཅས་ཆུ་ཟླའི་ དཀར་ཕྱོགས་ཀྱི་དགའ་བ་དང་པོར་ཕུལ་བའི་༧སྙན་ཞུ། ཞེས་འཁོད་ཡོད་པ་རེད།
༈ ས་ཕག་ཟླ་ ༢ ཚེས་ ༢༤ ལ། ལྷ་རྒྱ་རི་ཕོག་ཁང་ནས་ཡར་ལུང་དམག་སྒར་ལ་ཐུགས་མཁོ་སོང་གཞུང་བཀོད་པ།
ཚེ་སྲོག་འགྲོ་གྲོན་གཏོང་བའི་ཆུ་སྒང་དམག།།
ཟང་ཟིང་མཐུན་འགྱུར་སྦྱོར་བའི་ལྷོ་ཁའི་སྡེ།།
དམ་ཚིག་ཟངས་ཁ་གཅིག་ཏུ་བསྒྲིལ་པ་ལས།།
ལྷོ་ལམ་གཙང་སེལ་བྱས་པའི་མཛད་རྗེས་ཟབ།།
༼19༽
བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་ཚུགས་ཏེ་དགྲ་འཐབ་
བཙན་རྒོལ་ཇི་ལྟར་བྱས་ཚུལ་གྲ་བཞི་བརྒྱ་དཔོན་སྐལ་བཟང་
དགྲ་འདུལ་གྱིས་བཀོད་པ།
དམག་སྒར་གཞན་གྱི་ལོ་རྒྱུས་ཞུ་མི་ཡོད་མེད་ཅི་རིགས་ལ་བརྟེན་སྤྱི་ཡོངས་ཀྱི་གནས་ཚུལ་གང་ཤེས་ཞུས་ལེགས་སྙམ་སྟེ་ཞུ་རྒྱུར། ༡༩༤༩
ལོར་ རྒྱ་ནག་གོ་མིན་ཏང་གི་སྲིད་དབང་ཡོངས་རྫོགས་རྒྱ་དམར་གུང་ཁྲན་ནས་འཕྲོག་ རྗེས་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཕྲོག་རྒྱུའི་རེ་ངན་བཅངས་ཏེ་རྒྱ་དམར་འབྲི་ ཆུ་སྟོད་སྨད་རྒྱུད་བོད་སར་བཙན་འཛུལ་སྐབས་ཁུལ་དེར་བཅར་སྡོད་བོད་དམག་དང༌།
ཡུལ་ དམག་སོགས་ནས་རང་ས་རང་སྲུང་ཐུབ་སླད་དགྲ་བོར་གཡུལ་འཐབ་སྔ་རྗེས་རིམ་མཐུད་ བྱས་འོག་འདན་ཁོག་ཕྱོགས་སུ་ག་དང་གཞིས་རྩེ་རུ་དཔོན་ལས་མཚན་སྦུག་སྒང་དང༌། ལྡིང་འབྲོང་རག། རི་བོ་ཆེ་ལྕགས་ཟམ་ཁར་ཇ་དང་ལྡིང་དཔོན་སྐལ་བཟང་དབང་འདུས་སོགས་འགོ་དམག་མང་པོ་ བསད་རྨས་དང༌། རྒྱ་དམག་ཀྱང་བསད་རྨས་སོགས་མང་པོ་སོང་ཡང༌། མཐར་དམག་འབོར་དང༌།
གོ་ མཚོན་སོགས་གང་ཅིའི་ཆ་ནས་དོ་ཟླ་མ་ལོན་པར་ཆབ་མདོ་བར་རང་ས་རིམ་ཤོར་སོང་བ་ དང༌། སྐབས་དེར་ཆབ་མདོ་མདོ་སྤྱིའི་གོ་མཛོེད་ཁང་དེ་བཞིན་རྒྱ་དམར་གྱི་ལག་ཏུ་སོན་ རྒྱུར་བརྟེན་མདོ་སྤྱིའི་སྐུ་སྲུང་གྲ་ལྡིང་བཀྲིས་ནོར་བུ་འགོ་དམག་མི་མང་ལྔས་ མེ་བརྒྱབ་སྟེ་ཕན་མེད་བཟོས་ཐུབ་བྱུང་ཡོད། དེ་རྗེས་ ༡༩༥༡ ལོར་རྒྱ་བོད་ཆིངས་ཡིག་དོན་མཚན་ ༡༧
མ་འདོད་བཞིན་དུ་གཡོ་སྒྱུས་བཙན་ཤེད་ ཀྱིས་རང་དབང་བྲལ་བའི་འཇོག་དགོས་བྱུང༌། དེ་རྗེས་བོད་གཙང་དབུས་གཡོ་འགོ་བཙན་ཁུལ་རྒྱ་དམག་དཔུང་འཇུག་རིམ་མཐུད་བྱུང་ སྟེ་བཙན་ཤུགས་ཇི་ཆེར་གྱུར་སྟབས། ༡༩༥༢ ལོར་ལྷ་ས་བཞི་སྡེའི་ནང་བཙན་རྒོལ་རྒྱལ་སྐྱོབས་ཀྱི་མི་མང་ཚོགས་པ་བཙུག་སྟེ་ འཐུས་མི་གཙོ་བོའི་གྲས་འབྲས་བློ་གླིང་གུ་གེ་འཇམ་དབྱངས་ཟླ་བ་དང༌།
སེར་སྨད་ མཛོད་པ་དམ་ཆོས་བསམ་གཏན། སེར་སྨད་དྲུང་ཡིག་བློ་གྲོསཕུན་ཚོགས། འབྲས་སྒོ་མང་གྲུབ་ཐོབ་ལགས་ཅན་དང༌། བོད་གཞུང་དམག་སྒར་ཁག་གི་མི་འཐུས།
དེ་ མིན་གནད་ཡོད་མི་སྣ་མང་པོ་ཡོད་པའི་མི་མང་ཚོགས་པ་དེའི་གཙོ་གྲས་ཚོགས་མི་ རྣམས་པ་ནས་རྒྱ་དམག་བོད་ནང་གནས་རྒྱུ་ཕན་ལས་གནོད་ཆེ་ཡོད་སྟབས་འཕྲལ་ལ་ཕྱིར་ འཐེན་དགོས་ལུགས་འཁོད་པའི་དོན་ཚན་དྲུག་རྒྱ་བོད་ཟུང་འབྲེལ་ལ་ཕུལ་བར་རྒྱ་དམར་ ནས་ལུགས་མཐུན་ཉན་ཤེས་མེད་པར་གཙོ་གྲས་མི་དྲུག་རེ་ཞིག་དོ་དམ་བྱས་སྟེ་སླད་ ཕྱིན་མི་མང་ཚོགས་པ་ཞེས་པ་དངོས་ཤུགས་བརྒྱུད་གསུམ
་དུ་འཇུགས་ཐལ་མི་ཆོག་པའི་བཙན་བཀའ་དེ་བོད་གཞུང་བཀའ་ཤག་ལ་གཏཽང་དུ་བཅུག་པ་མ་ཚད། བོད་དམག་རྒྱ་དམག་ལ་བསྒྱུར་རྒྱུ།
བོད་ ཀྱི་རྒྱལ་དར་ཕབ་ནས་རྒྱ་དམར་གྱི་དར་ཆ་འཛུགས་དགོས་སོགས་བཙན་གཏམ་རིམ་ བརྗོད་ལ་སྲིད་ཚབ་རྣམ་གཉིས་ནས་སྐབས་སོ་སོར་དྲང་བདེན་གྱི་དགག་ལན་ཚ་ནན་གནང་ རྐྱེན་རྒྱ་དམར་ནས་ཁོང་གཉིས་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་པའི་རྗེས་འབྲང་རྒྱ་ བོད་མཐུན་ལམ་བཤིགས་མཁན་ཡིན་ལུགས་བསྙད་འདོགས་ཀྱིས་མཐའ་དོན་ཕྱག་ལས་ཐུགས་འགན་ གཤོལ་དགོས་བྱུང་བ་རེད། ༡༩༥༦
ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིགས་ཨུ་ཡོན་ ལྷན་ཁང་ཟེར་བ་གཙུག་སྟེ་དེ་དོན་ དབང་ཆ་ཚང་མ་རྒྱ་མིས་བཟུང་རྐྱེན་ལྷ་སར་ལྷོ་ཁ་འབུམ་ཐང་དྲུང་ཡིག་སྤེན་པ་ཚེ་ རིང་དང༌། ལི་ཐང་ཨ་ཆོས་ཚེ་རྡོར།
གཞི་རྩེ་ཕྱུག་པ་ཕྲན་སོགས་ཀྱི་མི་མང་འཐུན་ ཚོགས་ནས་བོད་གཞུང་ཞིག་སྔར་ནས་ཡོད་ བཞིན་དུ་རྒྱ་དམར་གྱི་གྲ་སྒྲིགས་ཨུ་ཡོན་ལྷན་ཁང་ཟེར་བ་མ་དགོས་གཤིས་འཕྲལ་ལ་ ཕྱིར་བསྡུ་དགོས་སྐོར་གྲོས་ཆོད་ཡིག་ཆ་རྒྱ་བོད་ཟུང་འབྲེལ་ལ་ཕུལ་བར་རྒྱ་དམར་ ནས་ཉན་ཤེས་ལྟར་བཞག་ཚོགས་མི་རྣམས་དོ་དམ་བརྩོན་འཇུག་གིས་གཞིས་རྩེ་བཙོན་འོག་ འདས་གྲོང་སོང༌།
༡༩༥༧ ལོ་ལྷ་སར་ཆུ་སྒང་གི་མིང་ཐོག་གསེར་ཁྲི་བཞེངས་འབུལ་སྐབས་ཆོལ་གསུམ་མི་མང་ཚང་ མས་མཐུན་འགྱུར་ནུས་ཤུགས་མཉམ་འདོན་ཞུས་ཐོག ༡༩༥༨ ལོར་ཨ་འབྲུག་མགོན་པོ་བཀྲིས་ལགས་དང༌།
ཨ་མདོ་སྦྱིན་པ་རྒྱ་མཚོ་ལགས་སོགས་ ལྷོ་ཁར་ཕེབས་ཕྱོགས་སྐོར་སོགས་དམག་སྒར་ཁག་ལ་ གསང་འབྲེལ་ཡོད་པ་གཞི་གཟུང་དམིགས་ཡུལ་གཉིས་སུ་མ་མཆིས་སྟབས་ཨ་འབྲུག་མགོན་པོ་ བཀྲིས་ལགས་འབྲེལ་ཞུའི་གཞུང་གི་དམག་སྒར་ཁག་གི་འཐུས་མི་ཁག་དང་གྲ་བཞི་རུ་དཔོན་ དབང་ལྡན་དང༌། བརྒྱ་དཔོན་སྐལ་བཟང་དགྲ་འདུལ། སྐབས་འགར་ང་དང་རྒྱལ་རྩེ་རུ་དཔོན་ཕུན་ཚོགས་གཡུལ་རྒྱལ།
ཆ་དང་བརྒྱ་དཔོན་ཚེ་རིང་ལྷ་རྒྱལ་བཅས་ནས་གཡས་གཞོགས་གཡོན་འདེགས་ལེགས་པར་ཞུས།
དེ་ སྐབས་གདོང་ཁར་ཤོར་ཁའི་རྒྱ་དམར་མེ་སྒྱོགས་དམག་སྒར་གྱི་ཐོན་ཨང་ཅང་་་་་༼བོད་ མིང་བློ་བཟང་བཀྲ་ཤིས༽ོ་གྲག་ཟེར་བ་མི་རྟ་གོ་འགྲིགས་གྲ་བཞི་དམག་སྒར་ལ་མགོ་ བཏགས་བྱུང་བ་ཨ་འབྲུག་སྦྱིན་བདག་ལ་དགོས་གལ་ལ་སོང་དབྲ་ཕྲུག་ངག་དབང་ལགས་བཅས་ལ་ རྩིས་སྤྲོད་ཀྱིས་ལྷོ་ཁར་མཉམ་གཏོང་ཞུས། དེ་རྗེས་ཨ་འབྲུག་སྦྱིན་བདག་ནས་བོད་མིང་བློ་བཟང་བཀྲ་ཤིས་བཏགས་གནང་བ་རེད།
དེ་ རྗེས་ལྷོ་ཁ་གྲུ་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་དངོས་སུ་ཚུགས་རྗེས་ཆོལ་ གསུམ་དངས་བླངས་སེར་སྐྱ་མང་པོ་ལྷོ་ཕྱོགས་རིམ་ཐོན་ཞུ་སྐབས་ཞབས་ཟུར་བློ་བཟང་ ཡེ་ཤེས། མིང་གཞན་ལ་ངག་དབང་སེང་གེ་ཅན་དང༌། རྒྱལ་རྩེ་ལྡིང་རྣམ་རྒྱལ་དབང་འདུས་དང༌། ལྡིང་པད་མ་རྒྱལ་པོ་ཅན་འགོ་དམག་གོ་ལགས་རང་འགྲིགས། ཀ་དང་སྐུ་སྲུང་དམག་དགེ་དོན་གྲུབ་རྒྱལ་མཚན་ཅན་དང༌།
ཁ་དང་གྲ་བཞི་མེ་ཇར་ཆི་ མེད་དོན་གྲུབ་སོགས་གོ་ལག་རང་འགྲིགས་ལྷོ་ཕྱོགས་རིམ་ ཐོན་གྱི་བསྟན་སྲུང་དང་བླངས་དམག་དང་འཐབ་ཕྱོགས་གཅིག་བསྐྱོན་ཞུས་ཡོད་པ། ༡༩༥༩ ལོར་རྒྱ་དམར་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སི་ལི་སྦུག་རྒྱ་དམར་གྱི་དམག་ སྒར་དུ་གདན་ཞུ་བྱ་རྒྱུར་སྐུ་སྲུང་མཉམ་ཁྲིད་གནང་ན་འགྲིག་མིན་དང༌།
ལྷག་པར་ དུ་གོ་ལག་མེ་མདའ་སོགས་འཁྱེར་ན་རྩ་བ་ནས་འགྲིག་མིན་རྒྱ་དམར་ནས་སྐུ་ སྲུང་མདའ་དཔོན་སྟག་ལྷ་མཆོག་ལ་ནན་བརྗོད་བྱས་སྟབས་རྒྱ་ཆེའི་མི་མང་བློ་དོགས་ ཅི་ཆེའི་བྱས་པས་མ་བཟོད་པར་ནོར་གླིང་ཕོ་བྲང་འགག་ཏུ་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་ ཡོད་པའི་ཆོལ་་གསུམ་མི་སེར་སྐྱ་ཕོ་མོ་ཚང་མ་བཅར་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་ མཆོག་རྒྱ་མིའི་དམག་སྒར་དུ་ཆིབས་བསྒྱུར་མི
་གནང་རོགས་ཞེས་ཕྱག་འཚལ་ངུ་ འབོད་ཞུས་པ་དང༌། དེ་ནས་ནོར་གླིང་ནས་མི་མང་ཚང་མ་བསྟར་སྒྲིགས་ཀྱིས་ལྷ་ས་བར་བསྐོར་ནང་ཁྲོམ་ བཀོར་དང་འབྲེལ་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕར་འགྲོ་དགོས་ཞེས་པའི་སྐད་འབོད་ངོ་རྒོལ་ཞུས་པ་དང༌། རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གཞུང་གི་སྐུ་ཚབ་དང༌།
གོར་ཁའི་སྐུ་ཚབ་མདུན་མི་མང་འཐུས་མི་བཅར་ཏེ་བདེན་དཔང་གནང་རོགས་ཞུས་པ།
ནོར་གླིང་ཕོ་བྲང་བསྟན་སྲུང་ཞུ་ཕྱོགས་ནི། ནུབ་དང༌། ལྷོ་གཉིས་སུ་ཀ་དང་སྐུ་སྲུང་འགོ་དམག་དང༌། ཆོལ་གསུམ་མི་མང་ཚོ་ཁག་གཅིག བྱང་ཕྱོགས་སུ་རྒྱལ་རྩེ་འགོ་དམག་དང༌། མི་མང་ཚོ་ཁག་གཅིག་ཤར་ཕྱོགས་སུ་ཁ་དང་གྲ་བཞི་འགོ་དམག་དང༌། སེར་འབྲས་ཀྱི་དགེ་འདུན་པ། རྩེ་ཕོ་བྲང་པོ་ཏ་ལ་དང༌། བོད་ལྗོངས་དམག་སྤྱི་ཁང༌། ལྕགས་པོ་རི། བུམ་པ་རི་བཅས་སུ་ཁ་དང་གྲ་བཞི་འགོ་དམག
ལྷ་ས་གཙུག་ལག་ཁང་དུ་ཆ་ དང་འགོ་དམག་དང༌། དགེ་འདུན་པ། མི་མང་བཅས་པར་གོང་གསལ་འགན་བཀོད་གནང་བ་ལྟར་བསྟན་སྲུང་ཞུ་སྒོ་ལེགས་ཞུས་ཡོད་པ་ རེད། རྒྱ་དམར་ནས་དམག་གསོགས་གྲ་སྒྲིགས་རྒྱ་ཆེ་བྱེད་བཞིན་ཡོད་པ་དང༌།
ཉིན་ གཅིག་ནོར་གླིང་ཕོ་བྲང་གི་བྱང་ངོས་མོ་ཊ་འགྲོ་ལམ་ཡོང་སྟེ་ཐང་སྒ་རིན་གཉིས་ ཡོང་སྟེ་ནོར་གླིང་ཕོ་བྲང་ཕྱོགས་སུ་མེ་སྒྱོགས་གནམ་བླུགས་གཉིས་བརྒྱབ་བྱུང་ཡང་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བསྟན་སྲུང་དམར་ནག་གཉིས་ཀྱི་ཐུགས་རྗེའི་ བྱིན་འཐུས་མེ་སྒྱོགས་ཀྱི་མདེལ་ནུས་མེད་དུ་གྱུར་ནས་ཕོ་བྲང་གི་འཁྲིས་ཆུ་ནང་ ལྷུངས་པ་ལས་ཉེས་སྐྱོན་གང་ཡང་མ་བྱུང་ཡང༌།
བྱེད་བབས་གནས་ཚུལ་དེར་བརྟེན་ཐུགས་བློ་མ་བཟོད་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་ མཆོག་ཆིབས་ཞབས་ལྷན་འཁོར་དང་བཅས་གློ་བུར་གསང་ཐབས་ཀྱིས་སྐུ་ངལ་འཛེམ་མེད་ཆིབས་ བསྒྱུར་གནང་དགོས་བྱུང་བ་རེད། ཆིབས་ཞབས་སུ་སྤྱི་ཁྱབ་མཁན་པོ་དགའ་ཕྲང་བློ་བཟང་རིན་ཆེན་མཆོག་དང༌། རྩེ་མཁན་མགྲོན་ཆེ་བ་ཕག་ལྷ་ཐུབ་སྟན་འོད་ལྡན་མཆོག སྐུ་བཅར་གསོལ་ཆེ་བློ་བཟང་སྦྱིན་པ།
མཆོད་མཁན་ཐུབ་བསྟན་བསམ་འཕེལ། གཟིམ་མཁན་ཐུབ་བསྟན་དོན་ཡོད། སྐུ་སྲུང་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས གཟིམ་འགག་ཆ་ཕྲེང་བློ་བཟང་བརྩོན་འགྲུས། གསོལ་ཐབས་རྒྱལ་མཚན་མཆོག སྐུ་སྲུང་ལྡིང་དཔོན་དབང་འདུས་དང་བྲེ་སྲང༌། བཅུ་དཔོན་ཡེ་ཤེས་རྒྱལ་མཚན་བཅས་ལྡེབས་བཅར་ཞུས་འདུག་པ་དང༌། ནོར་གླིང་ལྷོ་ཕྱོགས་ཀུན་གླིང་བླ་བྲང་ནས་ཕེབས་སྒྲིགས་ཞུས་པའི་ཆིབས་པ་དང༌།
ཀུན་ གླིང་ཛ་སག་འོད་ཟེར་རྒྱལ་མཚན་མཆོག་དང༌། གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་གཉིས་ནས་ཕེབས་སྒུགས་ཞུས་བསྡད་ཡོད་པར་སུ་ ཡིན་བཀའ་ཕེབས་པར་ཀུན་གླིང་ཡིན་ཞུས་གནང་མཛད་པ་དང༌། རོགས་དེ་སུ་ཡིན་བཀའ་ཕེབས་པར་གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་རེད་ཞུས་ གནང་བ་ལ། མིང་བཀྲིས་བདེ་ལེགས་བྱུང་བཀའ་ཕེབས་སྟེ་ཆིབས་ཐོག་གདན་ཞུས་ཀྱི་ཆིབས་སྒྱུར་ བཀྲིན་བསྐྱངས་པ།
སྐབས་དེར་ར་སྨད་་སྒང་གྲུ་ཁར་ཆུ་སྒང་བསྟན་སྲུང་དྭང་བླང་ འགོ་དམག་འཚོ་ཁག་གཅིག་ ཡོད་པར་དང་འགོ་བྱེད་ཏྲེ་ཧོར་བསྟན་པ་དར་རྒྱས་ནས་མཚན་ཞུའི་མཇལ་དར་འབུལ་ཞུས། ཁ་དང་གྲ་བཞི་མདའ་དཔོན་བཀྲིས་དཔལ་བ་རྡོ་རྗེ་ཆེ་བརྟན་འགོ་དམག་བཅུ་གཅིག་ཆིབས་ བསྒྱུར་གྱིས་ཕེབས་གདོང་སྔོན་བཀོད་ཞུས་ཡོད་པ་དང༌།
ར་མ་སྒང་གྲུ་ཁ་ནས་ཆིབས་ ཞབས་སྔོན་ཡོད་ཐོག་བཀའ་བློན་ཟུར་ཁང་པ་མཆོག་དང༌། བཀའ་བློན་སྣེའུ་ཤར་མཆོག བསྟན་སྲུང་དྭངས་བླངས་འགོ་དམག ཁ་དང་གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ནས་ཆིབས་འཁྲིད་ཞུས། རོགས་གྲ་བཞི་དམག་བཀྲིས་བག་གྲོ་དང༌། བློ་བཟང༌། མིག་དམར། གཅེས་ཕྲུག བཅས་ཆིབས་ཞབས་སུ་བཅར་ཞུས་དང༌།
ཁ་སྐྱག་དཀར་པོའི་རི་འདབས་སུ་བསྟན་སྲུང་གྲ་ བཞི་རུ་དཔོན་བསོད་ནམས་རྡོ་རྗེ་ འགོ་དམག་དང༌། ཉི་ཟེར་ལ་ཁའི་བསྟན་སྲུང་གྲ་བཞི་རུ་དཔོན་དབང་ལྡན་འགོ་དམག་རྐང་འགྲུལ་གྱིས་ ཕེབས་རྗེས་སུ་བཅར་ཞུས། དེ་བཞིན་ཀ་དང་སྐུ་སྲུང་རུ་དཔོན་བསམ་བཀྲིས་དང༌། བརྒྱ་དཔོན་བྱམས་བཟང་འགོ་དམག་ཕེབས་རྗེས་སུ་བཅར་ཞུས།
ང་དང་རྒྱལ་རྩེ་མདའ་ དཔོན་དོན་ཤར་འགོ་དམག་ཕེབས་རྗེས་སུ་བཅར་ཞུས། རྣམ་རྒྱལ་སྒང་མཚན་སྨོན་གླིང་གཞིས་ཁར་གསོལ་ཆས་ཞིག་གནང༌། དེ་ནས་དཀྲུར་ཚགས་སྟག་བྲག་ཛ་སག་ནས་གྲ་སྒྲིགས་ཞུས་པའི་གསོལ་ཚའི་པར་ལྷོ་ཁ་ནས་ དང་བླང་འགོ་དམག་ཚོ་ཁག་གཅིག་ཕེབས་བསུ་མཚམས་ཞུར་བཅར་འབྱོར་དང༌། སྟག་བྲག་ཛ་སག དོམ་པོར་རྩེ་མགྲོན་ངག་དབང་རིག་གྲོལ་གཉིས་བཅར་འབྱོར།
དེ་ནས་ཤུམ་པ་ལ་ རྒྱུད་ལྷོ་ཁ་ཡར་ལུང་གཙང་པོ་སྒལ་ཇ་གུར་ཕེབས་སྟེ་ལྷོ་ཁ་སྐྱིད་ གཤོང་དུ་བཞུགས་ཞག་གནང༌། ས་གནས་དེ་ནས་སྐུ་སྲུང་ཞུ་ཕྱོགས་ཐད་སྐུ་སྲུང་ནང་མ་དེ་སྐུ་སྲུང་མདའ་དཔོན་སྟག་ ལྷ་ཕུན་ཚོགས་དང༌། སྐུ་སྲུང་བརྒྱ་དཔོན་བློ་བཟང་འགོ་དམག་ནས་ཞུས། སྐུ་སྲུང་བར་མ་དེ་གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་འགོ་དམག་ཞུས།
སྐུ་ སྲུང་ཕྱི་མ་དེ་གྲ་བཞི་མདའ་དཔོན་བཀྲིས་དཔལ་རབ་དང༌། རུ་དཔོན་དབང་ལྡན་ཅན་འགོ་དམག་དང༌། བསྟན་སྲུང་དྭངས་བླངས་འགོ་དམག་ནས་ཞུས། སྐུ་སྲུང་རུ་དཔོན་བསོད་ནམས་བཀྲིས་འགོ་དམག་རྡོ་རྗེ་བྲག་ཁུལ་བསྟན་སྲུང་དུ་ བསྐྱོད་ཞུས། སྐྱིད་ཤོངས་ར་སྨད་དགོན་ནས། མཚོ་སྣ་བར་སྐུ་སྲུང་སྟངས་དེ་ལྟར་ཡིན་ལགས།
ད་ནི་ལྷ་སའི་དམག་འཁྲུག་སྐོར་རག་ཙམ་ཞུ་ན། རྒྱ་དམར་ནས་ཞི་རྒོལ་བྱེད་མིའི་ཐོག་བསམ་བརྗོད་ལས་འདས་པའི་མེ་སྒྱོགས་སྦག་སྦག་ དང༌། མེ་སྒྱོགས་ཁོ་ན་དྲག་ཆར་བབསལྟར་རྒྱབ་སྟེ་དྲག་གནོན་ཚད་མེད་བྱས་པར་ནོར་གླིང་ ཕོ་བྲང་ནུབ་དང༌། ལྷོ་ཕྱོགས་གཉིས་ནས་ཀ་དང་སྐུ་སྲུང་འགོ་དམག་དང༌། མི་མང་ཚོ་ཁག་གཅིག་ནས་ནོར་སྟོད་གླིང་ཁ་དང༌། རྒྱང་བསྒྲགས་གླིང་ཁ།
ཁ་སྐྱག་ དཀར་པོའི་རི་འདབས་བཅས་པར་རྒྱ་དམག་ཐོག་ཡ་ལན་འཐབ་འཛིངས་གང་ཡོང་ཞུས་ ཡོད་པ་དང༌། བྱང་ཕྱོགས་སུ་ང་དང་རྒྱལ་རྩེ་འགོ་དམག་དང༌། མི་མང་ཚོ་ཁག་གཅིག་ནས་བྱང་ངོས་མོ་ཊ་འགྲོ་ལམ་དང༌། མོ་ཊ་འབབས་ཚུགས་ཀྱི་རྒྱ་དམག་ཐོག་ཡ་ལན་གང་ཐུབ་ཞུས་ཡོད་པ། ཤར་ཕྱོགས་སུ་ཁ་དང་གྲ་བཞི་འགོ་དམག་དང༌། སེ་འབྲས་ཀྱི་སེར་དམག་དགེ་འདུན་པ་ནས་མོ་ཊ་འབབས་ཚུགས་དང༌། འགྲོ་ལམ།
སྦྱར་ རག་གླིང་ཁ་བཅས་པའི་རྒྱ་དམག་ཐོག་འཐབ་འཛིང་རྒོལ་ལན་ཞུས་ཡོད་པ། ལྕགས་པོ་རི་དང༌། རྩེ་ནས་གྲ་བཞི་འགོ་དམག་གི་རང་སྐྱོངས་ལྗོངས་དང༌། དམག་སྒར་གསར་པ། སྲྀབ་མི་མང་སྨན་གང་བཅས་ཀྱི་རྒྱ་དམག་ཐོག་མེ་སྒྱོགས་ཆེ་ཆུང་དང༌། མེ་ཤིན་ཀན་སོགས་གོ་མཚོན་སྣ་ཚོགས་ཀྱི་འཐབ་རྒོལ་ཞུས་ཡོད་པ།
ང་དང་རྒྱལ་རྩེ་དམག་སྒར་གྱི་བསྟི་གནས་ཞོལ་འདོད་དཔལ་དུ་ཡོད་སྟབས་དེར་ཡོད་འགོ་དམག་ནས་རང་སྐྱོངས་རྒྱ་དམག་ལ་འཐབ་རྒོལ་ཞུས་ཡོད་པ།
ལྷ་ས་གཙུག་ལག་ཁང་གི་ཉེན་སྲུང་ཆ་དང་འགོ་དམག་དང༌། དགེ་འདུན་པ། མི་མང་བཅས་ནས་དམག་སྒར་གསར་པ་དང༌། ཡ་མོན། མི་མང་སྨན་ཁང༌། ཟམ་དུང༌། ཀ་ཤོད་པ། ཟུར་ཁང༌། བསམ་ཕོ།
ཅི་སྡེ་བཅས་པར་འཐབ་འཛིངས་ལེགས་ཞུས་ཀྱི་ཆ་དང་རུ་དཔོན་ རིག་འཛིན་དཔལ་འབྱོར་ ལགས་སྒུར་སྒུར་ནས་དམག་མང་མཉམ་འཁྲིད་ཀྱི་ལྷ་སའི་ཕྱོགས་མཚམས་ཁག་ནས་རྒྱ་སྒར་ ཁག་ཐོག་མེ་སྒྱོགས་མང་རྒྱབ་ཀྱིས་གཏོར་སྐྱོན་ཆ་བཟོས་བྱས་རྗེས་རྒྱ་དམར་ནས་རུ་ དཔོན་སྒུར་སྒུར་གྱི་ངན་སྤྱོད་གཏམ་བརྗོད་ཁྱབ་སྟོན་བྱས་ལུགས་འདུག་པ་མ་ཟད།
ལྷ་ ཁུལ་རང་རིགས་ཡོངས་ནས་དཔའ་བོ་དེ་འདྲ་འདུག་ཟེར་བ་བྱུང་ཡོད་པ། དམག་སྤྱི་ཁང་ནས་གྲ་བཞི་འགོ་དམག་ཁག་གཅིག་ཀླུ་སྦུག་ལ་རྒྱ་ཁ་ཆེའི་གློག་བརྙན་ ཁང་བདེ་སྐྱིད་འོད་སྣང་དུ་འབྱོར་ཐུབ་ཀྱི་ཀླུ་སྦུག་སྟག་སོ་ཚང་ནང་ཡོད་རྒྱ་དམག་ དང་ཐབ་འཛིང་བློ་འཚེམས་ལེགས་ཞུ་བྱ་རྒྱུ་བྱུང་ཡོད་པ། གྲ་བཞི་དམག་སྒར་དུ་ཡོད་པའི་འགོ་དམག་དང༌། སེ་རའི་དགེ་འདུན་པ་ནས་ཕོ་བྲང་དང༌།
གླིང་ ཁ་ཤར་སྐྱེད་ཚལ་ཞིང་གཉིས་སུ་རྒྱ་དམག་ལ་ཡ་ལེན་འཐབ་འཛིངས་ལེགས་ཞུས་སྐྱི་ སྦྱོ་འོ་ཁྲང་རྒྱ་དམག་གི་མེ་སྒྱོགས་བསྟེན་གཞི་ཡོད་པར་གྲ་བཞི་དམག་སྒར་གྱི་མེ་ སྒྱོགས་འཕེན་ལ་རྒྱབ་སྟེ་རྒྱ་མིའི་མེ་སྒྱོགས་གཏོར་སྐྱོན་ཚུར་ལེན་མར་སྒྱོགས་ འཕེན་མཚམ་ཆོད་པ་དང༌། བྱང་སྤྱིའི་སྐུ་སྲུང་ཁ་དང་་གྲ་བཞི་བརྒྱ་དཔོན་སྐལ་བཟང་ཆོས་འབྱོར་འགོ་དམག ༥༠ ཡོད་པར་ ༡༩༥༩
ལྷ་སར་རྒྱ་དམར་ནས་དྲག་གནོན་བྱས་སྐབས་ནག་ཆུ་རྫོང་སེར་སྐྱ་ གཉིས་དང༌། བརྒྱ་དཔོན་སྐལ་ཆོས་རྒྱ་དམར་ནས་གསོལ་ཚིགས་ཕེབས་རོགས་བརྗོད་དེ་འཛིན་བཟུང་ བགྱིས་ཐོག
བརྒྱ་དཔོན་རྒྱ་དམར་ནས་མཉམ་ཁྲིད་ཀྱིས་ལྡིང་དམག་རྣམས་མགོ་སྒུར་ དགོས་བརྗོད་པར་ ལྡིང་བཀྲིས་དབང་འདུས་ཅན་འགོ་དམག་ནས་འགོ་མ་སྒུར་བར་འཐབ་འཛིངས་ལེགས་ཞུས་ཡོད་ པ་ནག་ཆུའི་མི་མང་ཚང་མས་ཤེས་གསལ་ཡིན་པ་སོགས་མ་ལེན་མ་འགྱོད་པའི་ཡ་ལན་གང་ཐུབ་ ཅི་ཐུབ་བགྱིས་ཀྱང༌། མཐར་གོ་ལག་བཟང་ཞན་དང༌།
དམག་འབོར་སོགས་གང་ཅི་ཆ་ནས་མང་ སྣེ་ཉུང་བརྟན་མ་ཐུབ་པར་ལྷོ་ཕྱོགས་ཁ་བཏད་ཏེ་ ཡོང་སྐབས་ལྷོ་ཁ་འོན་མདར་རྒྱ་མིའི་རྟ་དམག་གིས་བོད་ཆས་གྱོན་ནས་རྗེས་འདེད་ བྱུང་བར་ཆ་དང་རུ་དཔོན་རིགས་འཛིན་དཔལ་འབྱོར་འགོ་དམག་དང༌། གྲ་བཞི་འགོ་དམག་འཚོ་ཁག་གཅིག་ནས་ཡ་ལན་འཐབ་འཛིང་ལེགས་ཞུས་ཀྱིས་རྒྱ་དམག་རྣམས་ རེ་ཞིག་ཕྱི་འཐེན་བྱ་དགོས་བྱུང༌།
ལྷོ་ཁ་རྩེ་ཐངརྒྱ་དམག་ནས་ཚུལ་རྒོལ་སྐབས་ བསྟན་སྲུང་དང་བླངས་འགོ་དམག་དང༌། ཀ་དང་སྐུ་སྲུང་འགོ་དམག ང་དང་རྒྱལ་རྩེ་འགོ་དམག་བཅས་འཐབ་འཛིངས་ཤུགས་ཆེ་ཞུས་སྐབས་རྒྱལ་རྩེ་བརྒྱ་དཔོན་ པད་མ་རྒྱལ་པོ་ཞེས་དཔའ་བོ་དམག་ཐོག་ལ་བྱས་རྗེས་ཡོད་པ་དེས་གཙོས་བསད་རྨས་མང་པོ་ བྱུང་ཡོད།
ལྷོ་ཁ་ཁྲ་འབྲུག་དུ་བསྟན་སྲུང་དང་བླང་ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་འགོ་དམག་ དང༌། ཁ་དང་གྲ་བཞི་འགོ་དམག་ནས་རྒྱ་དམག་ལ་ཡ་ལན་འཐབ་འཛིང་ཞུས། ལྷོ་ཁ་ཡར་ལུང་ར་ལོ་སྒང་དུ་གྲ་བཞི་འགོ་དམག་ཚོ་ཁག་གཅིག་རྒྱ་དམག་ལ་ཡ་ལན་འཐབ་ འཛིངས་ཞུས་མུར་ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་འགོ་དམག་དཔུང་སྣོན་འབྱོར་ཏེ་ འཐབ་འཛིངས་ལེགས་ཞུས།
ལྷོ་ཁ་ལྕགས་ཟམ་གྲུ་ཁར་རྒྱ་དམག་ཚུལ་རྒོལ་ལ་བསྟན་ སྲུང་དང་བླངས་འགོ་དམག་དང༌། ཁ་དང་གྲ་བཞི་དམག་མི། ང་དང་རྒྱལ་རྩེ་དམག་མི་བཅས་ནས་ཡ་ལན་འཐབས་འཛིངས་ལེགས་ཞུས། འབྲོག་སྦྲགས་མདར་བསྟན་སྲུང་དང་བླང་འགོ་དམག་དང༌། ང་དང་རྒྱལ་རྩེ་འགོ་དམག ཁ་དང་གྲ་བཞི་དམག་མི་བཅས་རྒྱ་ཚུར་རྒོལ་ལ་སྒུགས་ར་སྤྲད་དེ་འཐབ་འཛིངས་ལེགས་ ཞུས།
ཨེ་ཆུ་མདོ་གྱང་དུ་བསྟན་སྲུང་དྭང་བླང་འགོ་དམག་དང༌། ཀ་དང་སྐུ་སྲུང་འགོ་དམག་ཚོས་རྗེས་དེད་ལ་ཡ་ལན་འཐབ་འཛིང་ཞུས། མཚོ་སྣར་ཀ་དང་སྐུ་སྲུང་འགོ་དམག་དང༌། བསྟན་སུང་དང་བླངས་འགོ་དམག དགའ་ལྡན་པའི་སེ་དམག་འགོ་དམག་བཅས་ནས་འཐབ་འཛིངས་ཞུས། ལྷོ་ཁ་དོ་བ་རྫོང་དུ་བསྟན་སྲུང་དང་བླང་དར་དགོན་དཔའ་ཆེན་འགོ་དམག་དང༌། ཀ་དང་སྐུ་སྲུང་རུ་དཔོན་ཨོྃབཀྲ་ཤིས་འགོ་དམག
ཁ་དང་གྲ་བཞི་དམག་མི། ང་དང་རྒྱལ་རྩེ་དམག་མི་བཅས་ནས་རྒྱལ་དམག་ལ་ཡ་ལན་འཐབ་འཛིན་ལེགས་ཞུས་ཀྱིས། རང་དམག་ཀྱང་གང་འཚམས་བསད་རྨས་གྱུར་པ་དང༌། རྒྱ་དམག་མང་པོ་བསད་རྨས་བཟོས་པ་སོགས་གང་ལྟར་རགས་བསྡུས་ཤིག་བྲིས་ཡོད་པ། ལོ་རྒྱུས་ཕྱག་དེབ་ནང་འགོད་གནང་ཡོད་པ་ཞུ་རྒྱུ། གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ནས་ ༩༣ ཟླ་ ༡༡ ཚེས་ ༨ བཟང་པོར་ཕུལ། ཅེས་བྲིས་ཡོད་པ་རེད།
ལས་དང་སྐལ༵་བས་དཔལ་དང་ལྷག་བསམ་བཟ༵ང༌།།
སྡང་བའི་དགྲ༵་ཚོགས་འདུལ༵་བའི་དཔའ་རྩལ་རྒོད།།
གཉེན་དང་རྒྱལ་ཁབ་སྐྱོབ་པའི་སྙིང་སྟོབས་བརླིངས༌།།
དཔའ་བོའི་ཡང་རྩེ་ཁྱོད་ཀྱི་མཛད་རྗེས་དྲན།།
༼20༽
བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་མི་མང་མཉམ་རུབ་ཀྱིས་
རང་དབང་སྒེར་ལངས་ཀྱི་དུས་ཟིང༌།
གུང་ ཁྲན་ཏང་གིས་བོད་སར་བཙན་འཛུལ་བྱས་པ་ནས་ཁམས་དང་ཨ་མདོ་རྒྱུད་རིམ་པ་བཞིན་ཆོལ་ གསུམ་བོད་ཀྱི་སྣོད་བཅུད་ཆ་ལག་དང་བཅས་པར་སླུ་བྲིད་དང་བཙན་མནོན་གྱི་རྣམ་ འགྱུར་ཉིན་རེ་ལས་ཉིན་རེ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁར་ ༡༩༥༦ ལོ་འགོ་ནས་ཁམས་ཤར་བརྒྱུད་ཕྱོགས་ཡོངས་དང༌།
ཨ་མདོའི་ཁུལ་བཅས་སུ་རྒྱ་དམར་ གུང་ཁྲན་གྱིས་དམངས་གཙོ་བཅོས་བསྒྱུར་ཟེར་བའི་ ལུགས་ངན་སྤེལ་བའི་སྐོར་ཇི་ལྟར་མཁྱེན་ནའང༌། རང་གཞུང་མཐོ་རིམ་དཔོན་ཁག་དང་གཞུང་ས་མཆོག་ནས་རྒྱ་བོད་བར་གྱི་དམག་དོན་དང་ སྟོབས་ཤུགས་གོ་མཚོན་སོགས་གང་ས་ཅི་ཐད་ནས་ཐད་ཀར་ཡ་ལན་བསློག་རྒྱུའི་སྟོབས་ ཤུགས་དང་གདེང་ཚོད་མེད་སྟབས།
བབ་བསྟུན་མཛད་མཁས་མི་གནང་ཀ་མེདཀྱི་ངང་དུ་ གནས་དགོས་བྱུང་བ་ལྟར། ལྷ་སྡོད་ཆོལ་གསུམ་མི་མང་རྣམས་ཀྱང་དེ་བཞིན་འཇམ་ཐེམ་མཻར་བསྡད་ན་མ་འོངས་པར་ བོད་ཀྱི་ལོ་རྒྱུས་ཀྱི་མཇུག་སྣེ་འཚོལ་རྒྱུ་མེད་པར་འཇའ་འོད་ལྟར་ཆགས་རྒྱུའི་ ཉེས་ཁ་ཆེ་བ་ལ་བརྟེན་ནས། ཕྱི་ལོ་ ༡༩༥༣ ལོ་ནས།
ལི་ཐང་ཨ་ལོ་ཆོས་མཛད་ཀྱིས་ སྣེ་ཁྲིད་པའི་ལྷ་སྡོད་ཆོལ་གསུམ་མི་མང་ཚོགས་པ་ཞེས་ པ་གསར་འཛུགས་ཀྱིས་གྲོང་ཁྱེར་ལྷ་སའི་ཕྱོགས་མཚམས་སུ་རྒྱ་མི་བོད་ནས་ཕྱིར་ རྒྱུག་དགོས་པའི་སྦྱར་ཡིག་སྤེལ་བ་སོགས་རླབས་ཆེན་གྱི་ལས་འགུལ་དུ་མ་སྤེལ་བ་ནས།
བོད་ རྒྱ་འཁོན་འཛིན་སྔར་ཡོད་ཐོག་འཕར་མ་ཞིག་ཆགས་ཏེ་མུ་མཐུད་ལྷ་སྡོད་རྒྱ་མིའི་ ལས་ཁུངས་ཁག་ལ་སྡང་ཟུག་མངོན་གསལ་དོད་པོ་བྱེད་མཁན་ཉིན་རེ་བཞིན་ཇེ་མང་འགྲོ་ བཞིན་པ་མ་ཟད། ལྷག་དོན་ད་སྔོན་ ༡༩༥༡ རྒྱ་ནག་པེ་ཅིན་དུ་མེ་མདའི་ཁ་ནས་བཙན་དབང་དུ་བཞག་བཅུག་པའི་གྲོས་མཐུན་དོན་ཚན་ བཅུ་བདུན་ནང་གསལ།
བཅུ་གཉིས་པར་མི་མང་གི་འདོད་བབ་དང་བསྟུན་ནས་བཅོས་སྒྱུར་ བྱེད་རྒྱུ་མ་གཏོགས་ ཏང་སྲིད་གཞུང་གིས་རང་དགར་བཅོས་སྒྱུར་གཏོང་རྒྱུ་མིན་ལུགས་འཁོད་པའི་གྲོས་ མཐུན་ལ་བརྩི་མེད་རྡོག་རོལ་བཏང་སྟེ། ཕྱོགས་གང་ས་ནས་མི་མང་གི་འདོད་པ་མེད་བཞིན་དུ་བཅོས་སྒྱུར་གཏོང་བ་དང༌།
ད་ དུང་གནད་ཡོད་དགོན་པ་འགའ་ཤས་སྒོ་བརྒྱབ་པ་སོགས་ཀྱི་བྱེད་བབ་ལ་བརྟེན་ནས་ལྷ་ སྡོད་ཆོལ་གསུམ་མི་མང་ཡོངས་རྫོགས་ཁོང་ཁྲོ་གཏིང་ནས་ལང་བཞིན་ཡོད་པའི་ཐོག རྒྱ་དམག་གིས་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ ༡༩༥༩ སྤྱི་ཟླ་ ༣ ཚེས་ ༡༠
ཉིན་ ལྷ་སྡོད་རྒྱ་མིའི་དམག་དཔོན་ཐན་ཀོན་སན་གྱི་དམག་སྒར་དུ་ཟློས་གར་འཁྲབ་པར་ གཟིགས་མོར་ཕེབས་བསུའི་མགྲོན་བརྡ་ཞིག་འབྱོར་བ་མ་ཟད། ད་དུང་སྔར་གྱི་ལོ་རྒྱུས་དང་སྲོལ་རྒྱུན་གང་དང་ཡང་མི་མཐུན་པའི་བཙན་བཀའ་བཏང་ དོན། ༧གོང་ས་མཆོག་རྒྱུན་ལྡན་ཕྱོགས་ཕེབས་མཛད་དུས་མ་མཐར་ཡང་སྐུ་སྲུང་དམག་མི་བརྒྱ་ རེ་དགོས་ཀྱི་ཡོད་ཀྱང༌།
དེ་ཉིན་སྐུ་སྲུང་མདའ་དཔོན་སྟག་ལྷ་ཕུན་ ཚོགས་བཀྲིས་ལ་སྐུ་སྲུང་ཁྲིད་མི་ཆོག་པ་ དང༌། གལ་སྲིད་ཁྲིད་པ་ཡིན་ནའང་གཉིས་ལས་མང་བ་ཁྲིད་མི་ཆོག་པ། དེ་བཞིན་བོད་རིགས་མི་མང་ཚོ་དམག་སྒར་གྱི་རྡོ་ཟམ་ཚུན་ཆད་མི་གཅིག་ཀྱང་ཡོང་མི་ ཆོག་པ། རྒྱུན་ལྡན་༧གོང་ས་མཆོག་སྐུ་མགྲོན་དུ་ཕེབས་སྐབས་གསོལ་གཟིམ་མཆོད་གསུམ་གྱིས་ ཞབས་ཞུ་དང༌།
རྩེ་མཁན་མགྲོན་ཆེ་བ་མཉམ་དུ་ཕེབས་བསྐྱོད་དགོས་ནའང་རྒྱ་ཕྱོགས་ ནས་དེ་ཚོ་ཡོང་ མི་ཆོག་པ་སོགས། མདོར་ན་༧གོང་ས་མཆོག་མགོ་སྐོར་བསླུ་ཁྲིད་ཀྱིས་འཛིན་བཟུང་བྱེད་རྒྱུའི་ཇུས་ངན་ བཤམ་པ་དང༌།
རང་ཕྱོགས་ནས་སྐུ་སྲུང་དམག་མི་ངེས་བཏོང་དགོས་པ་སོགས་ཀྱི་འདོད་ ཚུལ་བསྟན་ཀྱང་ རྒྱ་དམག་གིས་ཚུར་མཐོང་ཆུང་དང་ཚིག་རྩུབ་ཁོ་ན་སྐྱོན་པ་མ་གཏོགས་ཁས་ལེན་རྩ་བ་ ནས་མ་བྱས་པའི་གནས་ཚུལ་རྗེ་ངན་གང་སྡུག་ཏུ་གྱུར་པ་ན།
ལྷ་སྡོད་རྒྱ་ཆེའི་མི་ མང་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་༧གོང་ས་ཆེན་པོ་ མཆོག་རྒྱ་མིའི་སྡོད་སྒར་དུ་ཕེབས་རྒྱུར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། བོད་མི་སྟོང་ཕྲག་བརྒྱ་ལྷག་གིས་བོད་རང་དབང་རང་བཙན་ཡིན། བཙན་རྒྱལ་རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ཞེས་པའི་འབོད་ཚིག་སྒྲོགས་པ་སོགས་ལོ་རྒྱུས་ཐོག་བཤད་རིན་ཡོད་པའི་ལས་འགུལ་ སྤེལ།
གནས་ཚུལ་དེ་དག་གིས་རྐྱེན་པས་ལྷ་སའི་གྲོང་ཁྱེར་ནང་གི་གནས་ཚུལ་ནི་ ཐབ་ཆེན་ སྟེང་གི་ཐུག་པ་བཞིན་འཁོལ་རྒྱུ་གཏན་འཁེལ་བྱུང་བ་དང༌། རང་གཞུང་བཀའ་ཤག་རྣམ་པས་ཛ་དྲག་གི་གནས་ཚུལ་འོག་བོད་ཆོས་སྲིད་མི་རིགས་རིག་ གཞུང་བཅས་པའི་སྲོག་རྩ་ཉག་ཅིག་༧གོང་ས་ཆེན་པོའི་སྐུ་ཕྱྭ་ལ་ཉེན་འགན་ཅི་ཆེ་དང༌།
ལྷག་ དོན་༧གོང་མཆོག་ཆིབས་སྒྱུར་ཕེབས་རྒྱུ་དང་ཆིབས་ལམ་གཙང་སེལ་གྱིས་མཚོན་ ཕེབས་བསུ་གོ་སྒྲིག་ཞུས་ཕྱོགས། དེ་བཞིན་རྒྱ་ཕྱོགས་ལ་གསང་རྒྱ་དང་དོགས་ཟོན་ཅི་ཆེར་དགོས་པ་སོགས་གཉན་འཕྲང་ཧ་ ཅང་ཆེ་བའི་འོག
མི་རྗེ་སྐུ་ངོ་ཕ་ལྷ་མགྲོན་གཉེར་ཆེ་མོ་བརྒྱུད་ནས་རང་གཞུང་ གིས་ལྷོ་ཁ་ལྷ་རྒྱལ་ རིར་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་སྒར་དུ་རྩེ་ དྲུང་བློ་བཟང་ཡེ་ཤེས་ལགས་གསང་བའི་སྒོ་ནས་བང་ཆེན་གཏོང་བའི་བཀའ་ཡིག་ནང་འཁོད་ ཀྱི་སྙིང་དོན།
རྒྱལ་གཅེས་ལྷག་བསམ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་ཕྱུག་པའི་མདོ་ཁམས་ཆུ་བཞི་སྒང་ དྲུག་བསྟན་སྲུང་དྭངས་བླང་དམག་གི་སྤྱི་ཁྱབ་འགན་འཛིན་རྣམ་པས། ད་ཕན་བོད་ཆགས་འཇིག་གི་གཉན་འཕྲང་ཁྲོད་རང་སྲོག་བློས་བཏང་གིས་རླབས་ཆེན་དམག་ འཐབ་ཐེངས་མང་བྱས་པའི་མཛད་རྗེས་ལ་བརྟེན་ནས་རྒྱ་གུང་ཁྲན་གྱིས་རང་གཞུང་ཁྱུར་ མིད་གཏོང་སྟབས་བདེ་པོ་མ་བྱུང་ཞིང༌། ཉེ་སྔོན་ ཟླ་ ༣
ཚེས་ ༡༠ ཉིན་ནོར་གླིང་ཕོ་བྲང་སྒོ་འགྲམ་དུ་མི་མང་སྟོང་ཕྲག་བཅུ་ལྷག་གིས་༧གོང་ས་མཆོག་ རྒྱ་སྒར་དུ་དབུ་སྐོར་གདན་འདྲེན་ཞུ་རྒྱུར་འགོག་སྲུང་དང༌། བོད་རྒྱ་འོག་ཏུ་མི་སྡོད་པའི་འབོད་ཚིག་བསྒྲགས་པ་བཅས་ལ་བརྟེན། རྒྱ་ཕྱོགས་ཀྱིས་ཕྱོགས་གཅིག་ནས་ལྷ་སའི་ཕྱོགས་གང་སར་དམག་མི་བཀྲམས་པ་དང༌།
ཕྱོགས་ གཅིག་ནས་གཡོ་སྒྱུའི་གོ་བསྐོན་བྱེད་པ་སོགས་ཡིད་ཆེས་མི་འཕེར་བའི་གཡོ་ སྒྱུ་འདྲ་མིན་ལ་བརྟེན། ༧གོང་ས་མཆོག་ལྷ་སར་མུ་མཐུད་ནས་བཞུགས་རྒྱུའི་འགན་སྲུང་ཐུབ་ཐབས་དཀའ་བས་ད་རེས་ གསང་བའི་སྒོ་ནས་བྲོས་བྱོལ་དུ་ཕེབས་རྒྱུ་ལགས་ན། ཁྱེད་རྣམ་པས་སྔར་བཟུང་ཟིན་པའི་ས་མདོ་རྣམས་དམ་འཛིན་དང༌།
རྩེད་ཐང་རྒྱ་དམག་ ཕྱིར་དོན་མི་བཅུག་པ་སོགས་མདོར་ན་༧གོང་ས་མཆོག་ཕེབས་ལམ་གཙང་ རྐྱང་ཡོང་བ་དང༌། ལམ་བར་ཕེབས་བསུ་དང་ཕེབས་སྐྱེལ་གང་གཟབ་ཡོང་བ་ཞུ་རྒྱུ་བཅས་ཀྱི་གནས་ཚུལ་འཁོད་ ཡོད་པ་རེད། ཆུ་སྒང་དམག་སྒར་ཨ་མའི་ནང༌། གནས་ཚུལ་བཀའ་རྒྱ་དེ་འབྱོར་མ་ཐག་དམག་སྤྱི་ལས་ཁུངས་སུ་དེར་ཡོད་དམག་སྤྱི་འགན་ འཛིན་རྣམས་ཚང་འཛོམ་ཐོག
༧གོང་ས་མཆོག་ཕྱོགས་ཕེབས་གནང་རྒྱུ་དང༌། ལྷ་སར་ཟིང་འཁྲུག་ཡོད་པའི་སྐོར་རྣམས་དམག་མང་ལ་གསང་བ་དམ་དྲག་བྱས་ཏེ་འགན་འཛིན་ ལྷན་ཚོགས་ཀྱིས་སྣ་དཀར་རྩེ་དང༌། གོང་དཀར། ལྕེ་བདེ་ཞོལ། ཉ་སོག་གྲུ་ཁ། དུ་བ་རྫོང༌། ལྕགས་ཟམ་ཆུ་བོ་རི། ར་མ་གྲུ་ཁ་སོགས་ཕལ་ཆེར་ཞི་དྲག་གང་ཅིའི་ཐོག་ནས་གཙང་མ་བཟོས་ཟིན་པ་མ་ཟད། ད་དུང་ས་སྲུང་བརྟན་པོ་བཞག་ཡོད་པ་དང༌།
རྩེད་ཐང་རྒྱ་སྒར་རྩ་གཏོར་གཏོང་ཐུབ་ མེད་ཀྱང་ཕྱོགས་གང་ས་ནས་བཀག་སྲུང་བྱས་ནས་ ཕྱི་ལ་དོན་ས་མེད་པ་བཟོས་ཡོད་ཅིང༌། རང་སྲོག་བློས་གཏོང་གིས་གསང་བའི་བཀའ་རྒྱའི་དགོངས་དོན་བཞིན་སྒྲུབ་རྒྱུའི་སྙན་ ཞུ་འབུལ་མཁན་བང་ཆེན་ཆེད་བརྫངས་བྱས།
གོང་གསལ་གནས་ཚུལ་དེ་དག་ལ་བརྟེན་ནས་ས་ བབ་བརྟན་སྲུང་དང་སྟོན་འཁོར་ཕེབས་གསུའི་ ཐད་རྒྱ་རྒོལ་རང་སྐྱོབ་ཀྱི་ལས་འགུལ་སྤེལ་བདེའི་ཆེད། ཆུ་སྒང་དམག་སྒར་ལྟེ་བ་ལྷ་རྒྱལ་རི་ནས་ཡར་ཀླུང་དུ་སྤོས། དེའི་སྔོན་ཙམ་ལ་རྩེད་ཐང་དམག་སྤྱི་དབྲ་ཕྲུག་ངག་དབང་གིས། ས་འགག་ཆུ་འགག་གི་གཉན་འཕྲང་ཁག་ལ།
གྲ་སྒྲིག་ཨང་སར་ཡོད་པའི་བློ་བདེའི་ཆེད་ སྙན་ཞུ་འབུལ་མཁན་རྡོབ་རྡོབ་ལུག་ར་བང་ ཆེན་དུ་བཏང་ཡང༌། རང་གཞུང་ནས་གལ་འགངས་དང་ཛ་དྲག་ཧ་ཅང་ཆེ་བའི་འགག་འཕྲང་ལ་སླེབས་ཡོད་སྟབས་ཁ་ཐུག་ སྙན་འཕྲིན་ཞུ་ཡིག་ལ་ཡིད་ཆེས་གཙང་མ་གནང་བདེ་མ་བྱུང་བའི་སྐབས། གོང་གསལ་དམག་སྤྱི་ལས་ཁུངས་ལྟེ་བ་ནས་དར་མདོ་ལྔ་མཆོད་དགོན་པའི་གྲྭ་ཚུལ་ཁྲིམས་ དང༌།
རང་དམག་ཡེ་ཤེས་ཚེ་རིང་གཉིས་བདེན་དཔང་གི་སྙན་ཞུ་ཕུལ་མཁན་བཏང་བ་དང༌། དེ་དང་ཆབས་ཅིག་ཏུ་ཤོ་སྟར་ལྷོ་གསུམ་དང་ཀོང་པོའི་ཁུལ་དུ་ཡོད་པའི་རང་ཁོངས་དྭང་ བླངས་དམག་དཔུང་རྣམས་ཅི་མགྱོགས་ཕྱིར་འཐེན་གྱིས་དམག་སྒར་ཨ་མའི་ནང་ཟླ་སྒྲིལ་ དགོས་ལུགས་དང༌། ལྷ་སའི་ཛ་དྲག་གནས་ཚུལ་སྐོར་གྱི་གསལ་བཤད་དང༌།
ལྷོ་ཁུལ་ནས་ཕེབས་ལམ་གཙང་སེལ་ཐོག་ནུས་ཤུགས་གཅིག་སྒྲིལ་དགོས་ལུགས་ཀྱི་སྙན་འཕྲིན་དང་བང་ཆེན་བཏང༌།
འདིའི་སྐོར་གཙང་ཁ་བསྟན་པ་དར་རྒྱས་ཀྱི་མི་ཚེ་ལོ་རྒྱུས་ལས། ྋགོང་ས་མཆོག་ཕེབས་བསུ་ཆེད་རང་སྲོག་བློས་བཏང་གིས་གོང་དཀར་ནས་ར་སྨད་སྒང་དུ་ ཕྱི་བསྐྱོད་བྱས་པ། ཞེས་པའི་ལེ་ཚན་དེའི་ནང༌། གོང་དཀར་ལྕགས་ཟམ་ཁ་ནས་རྒྱ་དམག་ཕར་ཚུར་བཤར་གྱི་ཡོད་པས་ང་ཚོ་འགྲོ་རེས་བྱས་ཏེ་ ས་སྲུང་ཞག་ཤས་རེ་འགྲོ་གི་ཡོད་པ་རེད།
ཉིན་ཞིག་གོང་དཀར་ལྕགས་ཟམ་ཁ་ནས་རྒྱ་ དམག་གྲུ་གཟིང་རྟ་འགོ་མའི་ནང་ཕར་ཚུར་བཤར་ གྱི་ཡོད་པས་རང་དམག་རྣམས་ས་སྲུང་དུ་འགྲོ་རེས་བྱེད་ཀྱི་ཡོད་པ་ལྟར། ང་རང་འགྲོ་རེས་འཁེལ་བའི་སྔ་ཉིན་ལ་རྒྱལ་རྩེ་ཞལ་ངོ་རྣམ་རྒྱལ་དབང་འདུས་ས་སྲུང་ སོང་ནས་ཕྱིར་ལོག་པ་སྟེ་གོང་དཀར་ལྕགས་ཟམ་ཁར་སླེབས་པ་དང་ཐུག་བྱུང༌།
ཁོས་ ང་ལ་བསྟན་པ་དར་རྒྱས་ད་ནང་བོང་ཁུ་བ་ཉབོང་བུ་དེད་མཁན་འུ་ལགཏཚོས་དེང་སང་ ལྷ་སར་ཟིང་འཁྲུགས་འདུག་ཟེར་བ་གོ་ལུགས་བཤད་བྱུང༌། ངས་ཟིང་འཁྲུགས་གང་འདྲ་རེད་འདུག་ཅེས་དྲིས་སྐབས། ཁོས་༧གོང་ས་མཆོག་རྒྱ་ནག་ལ་གདན་དྲངས་པ་རེད་ཟེར་བ་དང༌། རྒྱལ་བ་རིན་པོ་ཆེ་རྒྱ་མིའི་དམག་སྒར་དུ་གདན་དྲངས་གྲབས་བྱས་པར་མི་དམངས་ཀྱིས་ གཏོང་གི་མིན་ཟེར་ཏེ། གྲི་དང༌། མདུང༌།
རྡོ་དང་དབྱུག་པ་སོགས་ཁུར་ནས་ནོར་ གླིང་དུ་ཆོལ་ཁ་གསུམ་གྱི་སེར་སྐྱ་མི་དམངས་ ཁྲི་ཕྲག་མང་པོ་མ་བསྐུལ་དང་བླངས་བྱས་ནས་འགྲོ་གི་འདུག་ཟེར་ལུགས་བཤད་བྱུང༌། ངས་གཞུང་དང་མི་དམངས་ཀྱི་ཡི་གེ་འདྲ་མི་འདུག་གམ་ཞེས་དྲིས། ཁོས་གཞུང་ནས་ཡི་གེ་དང་སྐད་ཆ་ཅི་ཡང་མི་འདུག་ཟེར། ངས་བསམ་བློ་ཞིག་བཏང་སྟེ།
ཁོ་ ལ་ཁྱོད་རང་དམག་སྒར་ནང་མར་ཕེབས་ནས་དམག་སྤྱི་རྣམ་པ་ལ་ང་ཚོ་ལྷོ་ཁ་ས་སྟོང་ ཞིག་ལ་སྡོད་པའི་དགོས་པ་མི་འདུག ༧རྒྱལ་བ་ཡིད་བཞིན་ནོར་བུ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་རེད། ཁོང་གི་སྐུ་ཕྱ་སྲུང་སྐྱོབ་བྱེད་པའི་ཆེད། ད་ནི་ང་ཚོས་མགོ་རྟའི་རྔོག་མ་ནང་བཅུག་སྟེ་རྒྱུགས་དགོས་པའི་དུས་ལ་སླེབས་པ་ རེད། ང་ས་འདུ་བསྟན་པ་དར་རྒྱས་དང་པོ་བྱེད་དེ་འགྲོ་གི་ཡིན།
ཁྱོད་ཚོས་དམག་ སྒར་ནས་དམག་བསྣོན་དང་རྫས་མདེའུ་རོགས་རམ་བཏང་ཆོག་ཆོག་གྱིས་ལོབ་ ལབ་དུས། ཁོས་ལགས་ལེགས་སོ་ལགས་ལེགས་སོ་ཟེར་ནས་འགྲོ་སོང༌། དེ་ནས་མི་རིང་བར་ལི་ཐང་བརྒྱ་དཔོན་ཀུན་དགའ་བསམ་གཏན་དང༌། སྡེ་དགེ་དམག་སྤྱི་ཆུ་རྡོ་བུ་དབང་ཕྱུག་ཚེ་རིང་གཉིས་དམག་བསྣོན་འབྱོར་བྱུང༌།
ང་ རང་གསུམ་གྱིས་དམག་མི་དཔའ་རྒོད་གཅིག་སྟོང་ཙམ་ཁྲིད་དེ་གོང་དཀར་ནས་ཆུ་ཕར་ཁར་ བུད། དེ་ནས་ཆུ་ཤུལ་ལ་ཞག་གཅིག་སྡོད། དེ་ནས་མར་འོང་སྟེ་འབྲས་སྤུངས་རྒྱབ་རིའི་རྡོ་ལྷ་རྒྱལ་མཚན་ཟེར་བ་དེའི་བརྒྱུད་ ནས་ལྷ་ས་མར་ཡོང༌། ལྷ་ས་དང་ཁ་ཐག་ཉེ་པོར་སླེབས་པ་དང༌། དམག་མི་ཚོ་གཅིག་མི་ཕོ་འགྲོ་འདོད་མེད་པའམ། རྟ་ཕོ་འགྲོ་ཁ་མི་ཉན་པ་གང་ཡིན་མི་ཤེས།
གཅིག་རྗེས་གཅིག་སྲུབ་པའི་བཟོ་འདྲ་ པོ་བྱེད་ཡོང་གི་འདུག ང་རང་གིས་སྔོན་མ་ནས་ཐག་བཅད་ཟིན་པས་དང་པོ་བྱས་དེ་མར་ཡོང་དུས། སྔོན་ནས་ངོ་ཤེས་པའི་གྲོགས་པོ་བློ་བཟང་ཡེ་ཤེས་དང་ཐུག་བྱུང༌། ཁོང་ནི་ང་རང་དེ་སྔོན་ལྷ་སར་བསྡད་སྐབས་སོགས་སུ་མི་ཀྲོག་ཀྲོག་ཡོད་པས་མི་ཆེན་ མང་པོ་ཞིག་དང་གྲོགས་སྒྲིག་མྱོང༌།
དེ་འདྲའི་ནང་ནས་གྲོགས་པོ་བློ་བཟང་ཡེ་ ཤེས་ཟེར་བ་དེ་མི་ཡོན་ཏན་ཅན་སྔོན་མར་ རྒྱ་ནག་ཏུ་སློབ་སྦྱོང་དུ་འགྲོ་མྱོང་བ་དང༌། རྩེ་དྲུང་ཡང་བྱེད་མྱོང་བ་རེད་ཟེར་བ་ཞིག་ཡོད་རེད། ཁོས་ང་ལ་ཁྱོད་ཚོ་དེ་འདྲ་བྱེད་དེ་འགྲོ་རྒྱུ་མི་འདུག འཐེན་ཙམ་གནང་དང་ང་ཚོ་སྐད་ཆ་ཞིག་བྱེད་ཟེར། ངས་ཡ་ཡ་ཟེར་ནས་ཕར་ཕྱོགས་སུ་ཁང་པ་ཆེན་པོ་ཞིག་འདུག དེའི་ནང་ལ་འཛུལ་འགྲོ་དུས།
དེའི་ ནང་ང་ཚོ་སྔོན་མར་སྦག་རྩེད་རོགས་རྡོ་སེང་གླིང་པ་ཟེར་བའི་མི་རྫིག་པོ་ ཞིག་ཡོད་ཁོ་བསྡད་འདུག ཁོས་ང་མཐོང་བ་དང་ཡ་ཨ་བོ་རེད་འདུག ཡར་ཕེབས་དང༌། ཡར་ཕེབས་ཟེར་ཞོར་འདིའི་གཡས་གཡོན་གྱི་མི་ཚོ་ངས་ཁང་པ་གསར་པ་རྒྱབ་པ་ལ་མི་དགའ་ ནས། ང་རྒྱའི་ཕོག་གཟན་རེད་ཟེར་ཏེ་སྐད་ཆ་འདྲ་མིན་བཤད་ཀྱི་ཡོད་རེད་དེ། དེ་ཚོ་རྩ་བ་ནས་གསན་མི་ཉན་ཟེར།
ངས་དེའི་ཐད་ལ་སྐད་ཆ་ཡོད་པ་མ་རེད། རྗེས་མར་རྩད་གཅོད་མཁན་ཞིག་ཡོང་གི་རེད། དེ་དུས་བརྟག་དཔྱོད་བྱེད་ཆོག་གི་རེད། ང་ལ་ནི་དོགས་པ་གང་ཡང་མི་དགོས་ལབ་པ་ཡིན། ཁོས་ཤ་མར་རྩམ་པ་སོགས་སྒྲིག་ནས་སྣེ་ལེན་གང་ཟབ་བྱས་བྱུང༌། ཁོས་སྔོན་མར་ང་ཚོ་ལ་ངས་སྦག་རྩེད་ནས་ཐོབ་དུས་རྐང་པའི་རྟིང་ཀ་འང་གསེར་གྱིས་ ཤན་དགོས་བསམ་བསམ་འོང་མྱོང༌།
གཅིག་ཤོར་འགྲོ་དུས་ཐ་མག་འཐེན་བྱེད་མེད་ནས་ སློང་མོའང་བྱེད་དགོས་ཐུག་མྱཽང་ལབ་ ཀྱིན་རེད། དེ་ནས་ཁོང་གི་ཁྱིམ་དུ་ལི་ཐང་ཀུན་དགའ་བསམ་གཏན་དང༌། སྡེ་དགེ་ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌། སྐུ་ངོ་བློ་བཟང་ཡེ་ཤེས་ང་རང་བཅས་གྲོས་བྱེད་སྐབས། ལི་ཐང་ཀུན་དགའ་བསམ་གཏན་གྱིས་ང་ཚོ་འདི་འདྲ་བྱས་ནས་འགྲོ་ན་ནོར་གླིང་དུ་ཐར་ རྒྱུ་ཁག་པོ་རེད་ཟེར།
ངས་མི་སྟོང་གཅིག་ནང་ནས་ལྔ་བརྒྱ་བསད་ཤོར་ཡང་ལྔ་བརྒྱ་ ཐར་འགྲོ་གི་རེད་བསམ་ནས་ ཁ་ཐུག་དེ་འདྲ་བཤད་པ་ཡིན། ཁོ་ཚོས་དེ་འདྲ་བྱེད་ན་མི་འཕྲོ་བརླག་ལས་དགོས་པ་ཆེར་མི་འདུག དེ་ལས་འབྲས་སྤུངས་རྒྱབ་ནས་འགྲོ། ཡང་ན་བྱེ་ལ་བསྐོར་ནས་བོང་ཁུ་བ་དང་མཉམ་དུ་བོང་ཁུ་བ་འཁྲབ་ནས་འགྲོ། ཡང་ན་སེ་རའི་རྒྱབ་རི་བསྐོར་ནས་འགྲོ།
དེ་མིན་སྤྲང་པོར་རྫུས་ནས་གྲོང་ དཀྱིལ་ནས་འགྲོ་དགོས་རེད་ཟེར། ངས་དེ་ཡིན་ན་ས་ཆ་གང་ནས་འགྲོ་དགོས་ཀྱང་ང་འགྲོ་ཆོག ཕྱི་ནུར་རྩ་བ་ནས་མེད་ལབ་པ་ཡིན་ཡང༌། སེམས་ལ་རྐང་ཐང་འགྲོ་དགོས་དུས་དཀའ་ལས་ཁག་པོ་འདུག་དྲན་བྱུང༌། ཀུན་དགའ་བསམ་གཏན་གྱིས་ང་འགྲོ་ཟེར། དབང་ཕྱུག་ཚེ་རིང་གིས་ང་འགྲོ་ཟེར། དང་པོ་སྐུ་ངོ་བློ་བཟང་ཡེ་ཤེས་ཀྱིས་ཅི་ཡང་གསུང་གི་མི་འདུག
སྐུ་ངོ་བློ་ བཟང་ཡེ་ཤེས་དངོས་གནས་དྲང་གནས་ཡོན་ཏན་གྱིས་ཐུགས་ཚོས་ཡོད་མཁན་ཞིག་ རེད་དེ། ཁམས་པ་དང་དབུས་པ་ཟེར་བའི་ཕྱོགས་རིས་འོག དབུས་པ་ལ་ཐོབ་ཐང་སྤྲོད་ཀྱི་མ་རེད་ལ་སྐད་ཆ་ཡང་བཤད་ས་ཡོད་པ་མ་རེད། གནས་ཚུལ་དེ་འདྲའི་འོག་སྐུ་ངོ་བློ་བཟང་ཡེ་ཤེས་ཀྱི་མཐའ་མར་མ་གཏོགས་ཅི་ཡང་ གསུངས་མ་བྱུང༌། མཐའ་མ་ལ་ཁོས་ཁྱོད་རྣམ་པའི་སྐད་ཆ་ཆ་ཚང་ངས་གོ་བྱུང༌།
སེམས་ ཤུགས་ཧ་ལས་པ་རེད། ང་དགའ་པོ་ཞེ་དྲག་བྱུང༌། རེད་དེ་ཁྱོད་རྣམ་པ་ཕེབས་པ་ཡིན་ན་བོད་གཞུང་གི་ལས་ཁུངས་ག་པ་ཡོད་ཤེས་ཀྱི་མ་ རེད། ལས་ཁུངས་རྙེད་ཀྱང་སྐད་བརྡ་འཕྲོད་ཁག་པོ་རེད། དེ་ལས་ང་སོང་ན་ལས་ཁུངས་ཤེས་པ་དང༌། ལས་བྱེད་ལ་སྐད་བརྡ་འཕྲད་པ་སོགས་གང་ས་ཅི་ཐད་ནས་ང་རང་འགྲོ་ན་དགའ་གི་རེད། ཡིན་ནའང་ཁྱོད་རང་རྣམ་པས་ཐུགས་བསམ་བཞེས་ཟེར།
ཁོང་གི་གསུངས་པ་དེ་ལ་མ་རེད་ ཟེར་རྒྱུ་མི་འདུག ཁོ་འགྲོ་རྒྱུ་ཐག་བཅད་ནས་ཁོང་ལ་ལན་བསྐུར་བ་འདི་ལྟར། བོད་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱའི་འགན་ཁུར་ཐུབ་དང་མི་ཐུབ། འགན་ཁུར་ཐུབ་ན་ང་ཚོ་ཆུ་སྒང་དམག་ཕྱིར་འཐེན་བྱེད་ཀྱི་ཡིན། འགན་ཁུར་མི་ཐུབ་ན་ང་ཚོ་མགོ་བྱེད་གསུམ་གྱི་འོག་དམག་མི་གཅིག་སྟོང་ཙམ་ཡོད། ང་ཚོས་འགན་ལེན་གྱི་ཡིན། ཞེས་བྲིས་ཏེ་བསྐུར།
ང་ཚོ་བཞི་ཀས་མི་གཅིག་ལ་མི་ བཤད་རྒྱུ་མནའ་སྐྱེལ་དམ་བཙུགས་ཐོག སྐུ་ངོ་བློ་བཟང་ཡེ་ཤེས་ཁོ་རང་གི་ཐུགས་འདོད་ལྟར་དམག་མི་གཉིས་དང་བཅས་བྱེ་ལ་ བསྐོར་ཏེ་འགྲོ་རྒྱུ་དང༌། སྐུ་ངོ་བློ་བཟང་ཡེ་ཤེས་མཆོག་ཚུར་ཕེབས་ཏེ་བཀའ་ལན་མ་འབྱོར་བར་བསྒུག་རྒྱུ་ཐག་ བཅད་ནས་སྡོད་པ་ཡིན།
དེའི་སྐོར་མགྲོན་གཉེར་ཆེ་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་ གྱི་སྐུ་ཚེའི་ལོ་རྒྱུས་ ཧྲག་བསྡུས་ཤོག་གྲངས་༡༥༥ ནང༌། ཀུན་བདེ་གླིང་ཛ་སག་འོད་ཟེར་རྒྱལ་མཚན་གྱིས་བཤད་པ་འདི་ལྟར། ནོར་བུ་གླིང་གའི་ནང་ནས་༧རྒྱལ་བ་རིན་པོ་ཆེ་ང་ཚོས་གདན་འདྲེན་ཞུས་པ་ཡིན་ཟེར་བ་ སོགས་གཅིག་བྱས་མང་བྱས་ཀོག་བྱས་ཟེར་བ་འདྲ་པོ་དང༌།
ནོར་བུ་གླིང་ག་ནས་ང་ ཚོས་གདན་འདྲེན་མ་ཞུས་ན་སུས་ཞུས་པ་རེད་ཟེར་མཁན་འདྲ་པོ་ དེ་ཚོ་རྩ་བ་ཉིད་ནས་མ་རེད། དེ་དུས་ཆུ་བཞི་སྒང་དྲུག་གི་གདན་འདྲེན་ཞུ་བར་བཅར་བ་དང༌། གདན་འདྲེན་ཞུ་གི་འདུག་ཟེར་རྒྱུ་འདྲ་པོ་དང༌། གཅིག་བྱས་ཞུ་མཁན་འདྲ་པོ་སུ་གཅིག་བྱུང་ཡོད་པ་མ་རེད། བློ་བཟང་ཡེ་ཤེས་དང༌།
ཨ་ མདོའི་དེ་པར་གཅིག་རེད་ཟེར་མཁན་ཁ་ཤས་ཤིག་ཆིབས་བསྒྱུར་མ་གནང་ཙམ་གྱི་ཉི་མ་ གཅིག་གཉིས་ཀྱི་སྔོན་ཙམ་ལ་འབྱོར་སོང༌། དེ་རྣམས་གོང་དཀར་དེ་པར་གཅིག་ལ་བསྡད་ཀྱི་ཡོད་ཟེར་གྱི་འདུག ཅེས་འཁོད་འདུག
(སྐུ་ ངོ་བློ་བཟང་ཡེ་ཤེས་མིག་ལམ་དུ་འཆར་བ་ལས་གནད་དོན་དངོས་དེ་ཆགས་སྡང་གིས་ སྒྲིབ་འདུག)རང་གཞུང་གིས་ལན་ལ་༧གོང་ས་མཆོག་གི་སྐུ་ཕྱའི་འགན་ཆོག་མིན་གྱི་ལན་ སང་ཉིན་བཀའ་གྲོས་བྱེད་དེ་བསྐུར་འོང་ཟེར་བའི་ལན་འབྱོར། དེའི་ཕྱི་ཉིན་ཆེས་གསང་བ་དང་ཛ་དྲག་གི་དོན་སྙིང་ལྡན་པའི་ཡི་གེ་གལ་ཆེ་ཞིག་ འབྱོར་བྱུང་བ་དེའི་ནང༌། ས་ཕག་བོད་ཟླ ་༢ པའི་ཚེས་ ༨ སྤྱིར་ལོ་ ༡༩༥༩
ཟླ་བ་ ༣ པའི་ཚེས་ ༡༧ ཉིན་གྱི་དགོང་མོར་ཆུ་ཚོད་བཅུ་གཅིག་བཅུ་གཉིས་ཐོག་སྐྱིད་ཆུའི་ར་མ་སྒང་གྲུ་ཁ་ ནས་༧གོང་ས་མཆོག་ཕེབས་རྒྱུ་ཐུགས་གཏན་འཁེལ་ན་སྐུ་སྲུང་དུ་བཅར་དགོས་ཚུལ་བཅས་ འཁོད་འདུག དེའི་སྐོར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་མི་ཚེ་བྱུང་བ་བརྗོད་པའི་ནང་༢༨༧ ཕྱི་ཟླ་ ༣ ཚེས་ ༡༧
ཉིན་གྱི་དགོང་དྲོ་ཚོུད་བཞི་པ་ཙམ་ལ་རྒྱ་མིས་མེ་སྒྱོགས་ གཉིས་བརྒྱབ་པའི་ སྒྱོགས་མདེལ་ནོར་གླིང་ཕོ་བྲང་བྱང་ངོས་ལྕགས་རིའི་ཕྱི་རོལ་ཆུ་འདམ་དཀྱིལ་དུ་ བབས་ནས་དེའི་ཉེ་འགྲམ་ལ་གཏོར་སྐྱོན་གང་ཡང་མ་བྱུང་བ་དེ་ནི་རྒྱ་མིས་ཚོད་ལྟ་ལྟ་ བུར་མེ་སྒྱོགས་གཉིས་བརྒྱབ་པས། ༧གོང་ས་ཆེན་པོའི་སྐུ་ཕྱའི་ཉེན་འགན་བཟོད་བྲལ་གྱི་སྐབས་སུ་སླེབས་ཡོད་པར་ བརྟེན།
གནས་སྐབས་རིང་སྐུ་ཕྱའི་ཉེན་གཡོལ་དུ་གསང་སྟབས་ཀྱིས་ཕྱི་རྒྱལ་གང་ རུང་ཞིག་ཏུ་ གདན་ཞུ་ཡོང་བ་ཞེས་མི་མང་གི་འཐུས་མི་རྣམས་ནས་བཀའ་ཤག་ལྷན་རྒྱས་ལ་སྙན་བསྐུལ་ ནན་ཏན་ཞུས་པར་བརྟེན་ཆབ་སྲིད་ཀྱི་མཛད་པོ་བཀའ་ཤག་དང༌། སྤྱི་ཁྱབ་མཁན་པོ།
རྩེ་ མཁན་མགྲོན་ཕ་ལྷ་བ་བཅས་ཤིན་ཏུ་ཛ་དྲག་གི་ལྷན་ཚོགས་ཐོག་བཀའ་གྲོས་གཟབ་ནན་ རྒྱུན་རིང་གནང་སྟེ་ནོར་གླིང་ཕོ་བྲང་ནས་གསང་བ་དམ་ཟབ་ཐོག་རེ་ཞིག་ལྷོ་ཁ་ཕྱོགས་ སུ་ཕེབས་རྒྱུ་དང༌། དེ་ནས་རྒྱ་གར་དུ་གདན་ཞུ་ཞུ་དགོས་མིན་ལྷ་སའི་གནས་ཚུལ་ལ་འགྱུར་བ་ཇི་ཆགས་ལ་ གཟིགས་ཏེ་དགོངས་པས་དཔྱད་རྒྱུ་དང༌།
ཕེབས་ཕྱོགས་ཐད་ནོར་གླིང་ཕོ་བྲང་གི་ ལྷོ་འགྲམ་སྐྱིད་ཆུ་བརྒལ་བའི་ར་མ་སྒང་གི་ གྲུ་ཁ་བརྒྱུད་ཕེབས་སམ། ཡང་ན་ནོར་གླིང་ཕོ་བྲང་བྱང་རྒྱུད་གཞུང་ལམ་ནས་ཤུན་གདོང་དཀར་དང་ཆུ་ཤུར་བརྒྱུད་ ནས་གདན་འདྲེན་ཞུ་རྒྱུ་ཇི་འགབ་བཀའ་གྲོས་གནང་མཐར། དགོངས་ཚུལ་དང་པོ་དེར་ཚང་མས་ཐུགས་མོས་གཅིག་གྱུར་བྱུང་ཞིང༌། ཞེས་འཁོད་འདུག
དེ་ནས་ང་ཚོའི་དམག་རྣམས་ཚུར་རུག་སྟེ་ངས་ཁོ་ཚོ་ལ་གནས་སྐབས་ཛ་དྲག་གི་གསང་བའི་ གནས་ཚུལ་རྣམས་བཤད་སྟབས་མི་བདེ་བས། དེ་རིང་དགོང་མོར་ཚེ་མཆོག་གླིང་ནས་རྒྱ་དམག་མང་པོ་ཞིག་ང་ཚོའི་དམག་སྒར་ཨ་མ་ གཏོར་མཁན་འགྲོ་སྲིད་པས་མཐོ་དམན་ཀུན་གྱིས་ཡིད་ལ་གཟབ་གཟབ་བྱེད་དགོས། ཚང་མས་གྲ་སྒྲིག་ཨང་གསར་བྱས་ནས་ཐོན་ཆོག་ཆོག་བྱོས།
དེ་རིང་དགོང་མོར་མར་ གིན་སླེབས་རྗེས་སྐད་ཆ་བཤད་པ་སོགས་མི་ཆོག་པ་དང༌། གང་བྱུང་གི་མེ་མདའ་རྒྱབ་མི་ཆོག མི་སླེབས་ཚེ་བརྡ་ལན་འདི་༼གསང་བརྡ་ཞིག་ཡོད༽མ་བྱུང་ན་མེ་མདའ་རྒྱོབ། གཟབ་གཟབ་གང་ཐུབ་མི་བྱེད་པར་སྒྲིག་དང་འགལ་བ་འབུ་སྦྲང་མའི་སྐད་ཙམ་བྱུང་ན་ཡང་ དམག་ཁྲིམས་ལྟར་སྲོག་ཁྲིམས་གཅོད་རྒྱུ་ཡིན་ལུགས་དྲིལ་སྒྲགས་བྱས།
དེ་ནས་དམག་མི་རྣམས་ཁྲིད་དེ་སྐྱིད་ཆུའི་འགྲམ་དུ་སླེབས་པ་དང༌། ཕྱོགས་མཚམས་ཡན་མན་དུ་དམག་མི་གཉིས་ཚན་རེ་བྱས་ནས་སོ་སྲུང་བཞག
ཆུ་སྒང་དམག་ཁོངས་སུ་རྒྱལ་རྩེ་དམག་སྒར་གྱི་དམག་མི་ ༢༥ ཡོད་པའི་ཞལ་ངོ་རྣམ་རྒྱལ་དབང་འདུས་ནས། ཚེས་ ༡༨ དགོང་དྲོ་༧གོང་ས་མཆོག་སྟོན་འཁོར་ལྷོ་ཕྱོགས་ཆིབས་བསྒྱུར་གནང་གཏན་འཁེལ་ཚུལ་ ལམ་ཙམ་ཤེས་སྐབས་དེ་ནུབ་སྡེ་དགེ་ཆུ་རྡོ་བུ་དབང་ཚེ་དང༌། གུས་པ། བསྟན་པ་དར་རྒྱས་སོགས་ཧྲག་བསྡུས་འགའ་ཤས་ར་མ་གྲུ་ཁར་ཕེབས་བསྲུར་བཅར་ཞེས་ བརྗོད།
སླར་ཡང་ལྷ་ས་ནོར་གླིང་ཕོ་བྲང་ནས་བང་ཆེན་ཆེད་བརྫངས་བྱས་པའི་ གདོང་ལ་ལྷ་ས་དུས་ཟིང་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ་དང༌། ༧གོང་ས་མཆོག་བཞུགས་བློས་བཟོད་ཐབས་བྲལ་གཤིས་བསྟན་སྲུང་དྭང་བླངས་དམག་སྒར་ནས་ གསང་བའི་ཐོག་དམག་སྤྱི་གོ་ཆོད་འགས་དཔུང་དམག་གོ་ཧྲག་བཅས་རྣམ་སྲས་གླིང་གཞིས་ ཀར་འཕྲལ་དུ་བཅར་དགོས་པའི་བཀའ་རྒྱ་ཕྱག་བྲིས་ནང་གསལ་ལྟར།
རང་ཕྱོགས་དམག་ སྒར་གྱི་འགན་འཛིན་ལྷན་འཛོམ་ཐོག་གང་དགའ་ཅི་ལེགས་ཀྱི་གྲོས་མོལ་ བྱས་ཏེ། བྲག་གཡབ་དམག་སྤྱི་ངག་དབང་ཡོན་ཏན་དང༌། ཆ་ཕྲེང་བློ་བཟང་ཤེས་རབ་གཙོས་རྟ་དམག་བརྒྱ་དང་བརྒྱད་ཅུ་རྣམ་གླིང་གཞིས་ཀར་བཅར་ ཏེ་ཕེབས་བསུའི་གྲ་སྒྲིག་ཨང་སར་བྱས།
འོན་ཀྱང་དམག་དཀྱུས་ཚོས་རྒྱ་དམག་དང་ རྒོལ་འཛིང་བྱེད་འཆར་མ་གཏོགས་༧གོང་ས་མཆོག་ ཕེབས་བསུའི་གྲ་སྒྲིག་བྱེད་ཀྱི་ཡོད་པར་ཤེས་ཀྱི་མེད། འདི་དང་འདིས་མཚོན་དམག་སྲིད་ཐོག་ད་ཕན་བྱུང་མྱངས་མེད་ནའང་ཛ་དྲག་དང་གཉན་འཕྲང་ རྒྱུན་མར་མཐུད་པའི་དམག་དོན་གྱི་ཟབ་སྦྱོང་འཕྲོད་དེ། དམག་དོན་ནང་བྱང་ཆུབ་པའི་རྒྱ་དཔོན་བློ་བཟང་བཀྲ་ཤིས་ཀྱང་བོད་པའི་གསང་ཇུས་ལ་ཧ་ ལས་མྱོང༌།
ལྷ་ས་དྲག་མནོན་གྱི་ཟིང་འཁྲུག་དངོས་སུ་ལངས་པ་དང༌། ཧ་ཅང་ཛ་དྲག་ཆེ་བའི་གནས་སྟངས་དང་༧གོང་ས་མཆོག་གི་སྐུ་ཕྱ་ལ་ཉེན་འགན་ཆེ་བ་སོགས་ ཀྱི་སྐབས་རང་གཞུང་ནས་ཕྱོགས་གཅིག་ནས་རྒྱ་ལ་ཁ་འཇམ་བཤད་པ་དང༌། ཕྱོགས་གཅིག་ནས་བསྟན་སྲུང་དྭང་བླངས་དམག་དཔུང་དང་ལྐོག་འབྲེལ་གྱིས་༧གོང་ས་ མཆོག་བྲོས་བྱོལ་དུ་ཕེབས་རྒྱུའི་འཆར་འགོད་གནང་བ་དང༌།
ད་དུང་མི་མང་ཚོའི་ དད་པ་དང་རྒྱལ་ཞེན་ལ་ཡིད་ཆེས་བློ་གཏད་གནང་བ་སྟེ་རྒྱབ་རྟེན་ དེ་གཉིས་ལས་གཞན་གངས་ཅན་པའི་ལྷ་དམག་ཚོར་རེ་བ་དང་ཡིད་ཆེས་བྱེད་མཁན་ཉུང་ཉུང་ ལས་མེད་པ་དང༌། བོད་ཟླ་ ༢ ཚེས་ ༦ ཉིན་ལྷ་སྡོད་མི་མང་འཐུས་ཚབ་མར་ནང་ཨ་ཕོ་དང༌། བསྟན་སྲུང་དྭང་བླངས་དམག་གི་སྐུ་ཚབ་ཆབ་མདོ་འཇམ་དབྱངས་བཟོད་པ། སྡེ་དགེ་འཇུ་ཆེན་ཐུབ་བསྟན། དཀར་མཛེས་མདོ་གཉེར་གསེར་དགའ།
མདོ་གཉེར་རྒྱ་ བོ། ས་འདུ་ཆོས་མཛོད་དབང་རྡོར། གོ་བོ་ཆོས་མཛོད་ཕུན་ཚགོས། དཀར་མཛེས་པད་མ་རྣམ་རྒྱལ། དཔལ་ཤོད་ཐུབ་བསྟན། དར་དགོན་ཆོས་ར་གཉེར་པ་དབང་ལྡན། སྤྱི་ཚོ་བྱམས་པ་འབའ་ཚགས། འཇུ་ཆེན་པད་མ་ཚེ་དབང༌། ཆབ་མདོ་ཡབ་ཚང་བློ་བཟང་དཀོན་མཆོག ས་འདུ་བློ་བཟང་དགེ་འདུན། ནང་ཆེན་རྫ་སྲིབ་ངག་བློ། གོ་འཇོ་ནམ་མཁའ་བུ་བསོད་ནམས་དབང་འདུས།
ཆབ་མདོ་ ཀུན་རྡོ་བླ་བྲང་གི་ཕྱག་མཛོད་གཡུ་རྒྱལ་སོགས་འགན་འཁུར་མཁན་གྲས་སུ་ཡོད་ པ་རེད། རང་གཞུང་གི་གཞུང་ཞབས་མི་བཞི་བཅུ་དང༌། སེར་འབྲས་གཉིས་ཀྱི་འཐུས་མི་སུམ་ཅུ་ཡོད་པ་རེད་ཟེར།
སྐབས་དེར་ཆུ་སྒང་དམག་སྤྱི་ལས་ཁུངས་ནས་ལྷོ་ཁུལ་ས་འགག་དང་ཆུ་འགག་བརྟན་སྲུང་ བྱེད་མཁན་དཔུང་ཁག་དུ་མར་བགོས་ནས་རང་འཁྲིས་ལས་འགན་བརྟན་སྲུང་བྱེད་རྒྱུ་ཙམ་ དུ་མ་ཟད། ཟིང་སློང་ཧ་ཅང་ཆེ་བའི་ལྷ་སའི་གྲོང་ཁྱེར་དུ་རྒྱ་དམག་ཁྲི་ཕྲག་མང་པོ་ཡོད་པ་ དང༌། རང་ཕྱོགས་རྒྱལ་གཅེས་སྐུ་དྲག་འགའ་ཞིག་དང་རྒྱལ་གཅེས་མི་མང་ཚོ།
གདན་ས་ གསུམ་གྱི་གྲྭ་པ་བཅས་ལ་གོ་མཚོན་དང་དམག་འཐབ་ཀྱི་ཉམས་མྱོང་མེད་པ་བཅས་ ཀྱིས་རྒྱ་དམག་ལ་ཁ་གཏད་གཅོག་ཐབས་མེད་ཅིང༌། ད་དུང་ནད་ཀྱི་གསེབ་ཏུ་གདོན་ཟེར་བའི་དཔེ་ལྟར་རང་གཞུང་སྐུ་དྲག་ཚོའི་གསེབ་ཏུ་ དེ་སྔོན་ནས་རྒྱ་མིའི་ལྟོ་ཕོགས་ཟ་མཁན་རྒྱལ་ཚོང་པ་ཉུང་ཤས་ཤིག་འཚངས་ཡོད་པ་དང༌།
གངས་ ཅན་པའི་ལྷ་དམག་ཕལ་ཆེ་བ་ནི་སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒོད་ཀྱི་སྟོང་ སྡེ་དྲུག་ཅུ་དང་མི་འདྲ་བར་ཕྱིར་ལྟས་ཙམ་ཡང་སློག་ལོང་མེད་པར་མེ་མདའ་དང་གོས་ ཐུང་མཉམ་དུ་དྲུད་ནས་ཕྱིར་བྲོས་བྱེད་པ་དེ་དམག་འཐབ་ཀྱི་སྒྱུ་རྩལ་དུ་འཛིན་མཁན་ ཞེ་གཅིག་ཡིན་པས།
གོང་གསལ་གནས་ལུགས་དང་རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་ ཕྱོགས་དམག་སྒར་ལྟེ་བ་ནས་ གྲོང་ཁྱེར་ལྷ་སའི་མི་མང་སྒེར་ལང་ཁྲོད་དྭངས་བླངས་དཔུང་ཁག་རུ་ཤོག་འགའ་ཞིག་ མཚོན་ཆ་སྦས་ནས་བཏོང་རྒྱུ་དང༌། དེ་ཡང་ཧ་ཅང་གསང་བ་དམ་པོའི་སྒོ་ནས་མ་བཏང་ཚེ་རྒྱ་ཕྱོགས་ནས་དོགས་ཟོན་ཙམ་མ་ཟད། དེ་ལ་ཁག་དཀྲིས་ཏེ་གློ་བུར་ཟིང་ཡོང་བའི་གཞི་རྩ་ཆགས་སྲིད་པ་དང༌།
གལ་ཏེ་རང་ ཕྱོགས་ནས་འཇབ་དམག་ལྷ་སར་བཏང་བའི་གནད་དོན་དེས་རྐྱེན་པས་གློ་བུར་དུ་ རྒྱ་མིས་ཚུར་རྒོལ་བྱས་ཏེ་༧གོང་ས་མཆོག་གི་ཕོ་བྲང་ལ་ཐད་ཀར་མེ་སྒྱོགས་སོགས་གང་ བྱུང་འཕེན་པ་དང༌། ཡང་ན་འཛིན་བཟུང་བྱས་ཚེ་དེ་ནས་བཟུང་བོད་གངས་ཅན་ཀྱི་ཆོས་སྲིད་རིག་གཞུང་དང༌། ཚེ་བསོད་དབང་ཀླུང་སོགས་ཐམས་ཅད་ཁབ་ས་འོག་ཏུ་བསྡུས་པ་དང༌།
བྱ་ནམ་མཁར་འཕུར་བ་ལྟར་འགྱུར་རྒྱུ་ལས་མེད་པས་རང་རེས་འགན་བཟོད་ཐབས་ག་ནས་ཡོད།
བོད་ ཟླ་ ༢ ཚེས་ ༢༠ ཕྱི་ཟླ་ ༣ ཚེས་ ༢༠ ནམ་སྨད་ཙམ་ལ་རྒྱ་དམག་གིས་གྲོང་ཁྱེར་ལྷ་སའི་ནང་མེ་མདའ་རྒྱག་རྒྱུ་གོ་འཛུགས་ བྱས་པ་དང༌། ནོར་བུ་གླིང་ཁ་ལ་ཁ་གཏད་དེ་མེ་མདའ་མེ་སྒྱོགས་གྲངས་མེད་བརྒྱབ་པ་དང༌། དེར་ཡོད་རང་གཞུང་གཞུང་ཞབས་དང་གྲྭ་རིགས།
བསྟན་སྲུང་དྭང་བླངས་དམག་བཅས་ཁྲི་ ཕྲག་དུ་མ་ཡོད་ཀྱང་གོ་མཚོན་ཡོད་མཁན་ནི་ཤིན་ ཏུ་ཉུང་སྟབས་དགྲ་ཕྱོགས་ལ་ཕར་རྒོལ་བྱེད་རྒྱུའི་ནུས་ཤུགས་མེད་ཀྱང༌། ༧གོང་ས་མཆོག་གི་སྐུ་ཕྱའི་དོན་དུ། གྲི་དང་སྟ་རེ་ཁུར་ནས་ནོར་གླིང་སྒོ་འཁྲིས་རྣམས་སུ་ཤི་རྒྱུ་རང་སྒུག་ནས་སྡོད་ པ་མ་གཏོགས། བྲོས་མཁན་ཧ་ཅང་ཉུང་བ་དེ་སླར་ཡང་དྲན་གསོ་ཐེངས་རེ་བཏང་དུས།
བོད་ མི་རིགས་འདིར་བླ་སློབ་ཀྱི་དམ་ཚིག་དང་རྒྱལ་གཅེས་ཀྱི་ལྷག་བསམ་ནི། རང་སྲོག་ལས་རྩ་ཆེ་བྱེད་མཁན་གྱི་མི་རིགས་ཤིག་རེད་བསམས་ནས་འདས་ཟིན་པའི་བོད་ མི་སྤུན་ཟླ་དེ་ཚོ་ལ་དགའ་སྐྱོ་འདྲེས་མའི་ཡི་རང་གི་མཆོད་སྤྲིན་དང༌། གདུང་སེམས་ཀྱི་མིག་ཆུའི་ཞལ་འདེབས་རེ་རང་དབང་མེད་པར་ཤོར་འོང་བ་ནི་གནས་ལུགས་ དང་རྒྱུ་མཚན་ཡོད་པ་ཞིག་རེད།
དེ་སྐབས་རྒྱ་ཕྱོགས་ནས་བར་མཚམས་མེད་པར་གྲོང་ཁྱེར་ལྷ་སའི་ཕྱོགས་མཚམས་གང་ས་ནས་ ལག་འབོམ་དང་མེ་སྒྱོགས་ཆེ་ཆུང་འདྲ་མིན་བཅས་བརྒྱབ་སྟེ་དུ་ཞག་དང་ཐལ་འཚུབ་ཀྱིས་ ནམ་མཁའ་ཡོངས་སུ་བསྒྲིབས་ཤིང༌། ལོ་རྒྱུས་ཐོག་ཞི་བདེ་ཁོ་ནའི་འཚོ་བ་རོལ་བའི་ཆོས་ལྡན་བོད་ཀྱི་ཞིང་ཁམས་ལ་བཙན་ འཛུལ་དང་དྲག་གནོན་གྱི་དམག་འཁྲུག་འདི་ལས་ཆེ་བ་ཞིག་ད་ཕན་བྱུང་མྱོང་མེད་པ་རེད།
ད་ དུང་རྩེ་ཕོ་བྲང་གི་ཕྱོགས་སུ་མེ་སྒྱོགས་སྔ་ཕྱིར་གྲངས་མང་བརྒྱབ་ཀྱང་དེ་ཙམ་ ཆག་གྲུམ་བྱེད་ཐུབ་མེད་ཅིང༌། རྒྱ་དམག་སྟོང་ཕྲག་མང་པོས་མེ་མདའ་འདྲ་མིན་མང་པོས་དྲག་ཆར་འབབ་པ་ལྟར་བཙགས་ཞོར་ རྩེ་ཕོ་བྲང་དུ་ལྕགས་པོ་རིར་དཔུང་འཇུག་བྱས། རང་ཕྱོགས་དྭང་བླངས་དམག་དང༌། མི་དམངས།
སེར་འབྲས་ཀྱི་གྲ་པ་ཁག་གཅིག་བཅས་ནས་༧གོང་ས་མཆོག་རྩེ་ཕོ་བྲང་དུ་ བཞུགས་ཡོད་ཤག་ གིས་སེམས་ཐག་གཙང་བཅད་ངང་རང་སྲོག་བློས་གཏོང་གིས་ལྕགས་རི་དང་རྒྱ་སྒོ་བསྟན་ སྲུང་ཐོག་འཆི་བ་སྲོག་སྡོས་ཀྱིས་རྒྱ་དམག་ལ་ཕར་རྒོལ་བྱས།
འོན་ཀྱང་རང་ ཕྱོགས་ལ་དམག་སྦྱོང་དང་གོ་མཚོན་གང་ཡང་མེད་པར་རྒྱུན་དུ་འཚེ་མེད་ ཞི་བའི་ཡི་གེ་འབྲུ་དྲུག་གི་གྲངས་ཀ་བགྲང་ནས་འཁོར་ལོ་དང་ཕྲེང་བ་ཁོ་ནར་སྤྱོད་ མཁན་གྱིས་མེ་སྒྱོགས་དང་མེ་མདའི་ཁ་ནས་ཐོབ་ཤོར་གྱི་གྲུབ་འབྲས་གང་ཞིག་ཡོང་མིན་ ནི་གསལ་བཤད་མི་དགོས་པ་ཞིག་རེད། མདོར་ན་སེ་ར་དགོན་པ་དང་ལྷ་སའི་གྲོང་ཁྱེར་ནང་གི་ཁང་པ་མང་ཆེ་བ་གཏོར་སྐྱོན་ བཏང་བ་དང༌།
ནོར་བུ་གླིང་ཁ་དང་རྩེ་ཕོ་བྲང་གི་ཉེ་འཁོར་རྣམས་སུ་སེར་སྐྱ་ ཁྲི་ཕྲག་མང་པོ་ བསད་རྨས་བྱས་པ་དང༌། ནོར་གླིང་དུ་བསད་པའི་ཕུང་པོ་རྣམས་ལ་ཞིབ་འཇུག་བྱས་ཏེ་གྲ་ཆས་སྤྲས་པ་དང་དབུ་ རིལ་ཡིན་པའི་ཕུང་པོ་ཡོད་མེད་བརྟག་ཞིབ་བྱེད་པ་སོགས་བསིལ་ལྡན་ཆོས་ཀྱི་ཞིང་ ཁམས་དེ་དམྱལ་ཁམས་ཀྱི་བཤས་རར་བསྒྱུར་བ་མ་ཟད།
༧གོང་ས་སྐྱབས་མགོན་ཆེན་པོའི་ སྐུ་ཕྱ་ལ་མངོན་སུམ་འཛེམ་མེད་ཀྱིས་བདོ་བ་སོགས་ ལོ་རྒྱུས་ཐོག་ནམ་ཡང་སྲུབ་ཐབས་མེད་པའི་རྨ་ཁ་ཆེས་ཆེར་བཟོས་པ་སྟེ། ༧གོང་ས་མཆོག་གི་རང་རྣམ་དུ། རྒྱ་མིས་མེ་སྒྱོགས་ཀྱི་འགོ་འཛུགས་ནི་ངོས་ཡོང་རྗེས་ཚོུད་བཞི་བཅུ་ཞེ་བརྒྱད་ ཙམ་གྱི་རྗེས་ཟླ་བ་གཉིས་པའི་ཚེས་ཉི་ཤུ་སྔ་དྲོའི་ཚོུད་གཉིས་ཐོག་བྱས་ཤིང༌།
སྐབས་ དེར་ངོས་ཕྱིར་སྐྱོད་བྱས་པ་ཤེས་ཡོད་པ་མ་རེད། དེའི་ཉིན་ཧྲིལ་པོར་ནོར་གླིང་དང༌། ལྷ་སའི་གྲོང་ཁྱེར། པོ་ཏཱ་ལ། ལྷ་ཁང༌། ཉེ་འཁོར་དགོན་ཁག་བཅས་པར་མེ་སྒྱོགས་གྲངས་མེད་དྲག་ཆར་བཞིན་འཕངས་འདུག ལྷ་སའི་མི་མང་ཇི་ཙམ་བསད་རྨས་བྱུང་བ་སུས་ཀྱང་བརྗོད་པར་དཀའ་ཡང༌། ནོར་གླིང་ཕྱི་ནང་དུ་མི་རོ་སྟོང་ཕྲག་འགའ་ཤས་མཐོང་རྒྱུ་ཡོད་འདུག
ནོར་གླིང་ ནང་ཁང་པ་གཙོ་བོ་འགའ་ཤས་གཏོར་ཞིང༌། ནོར་གླིང་བསྐལ་བཟང་ཕོ་བྲང་གི་ཕྱོགས་གཅིག་མགོན་པོ་ཁང་གཅིག་པུ་མ་གཏོགས་དེ་ བྱིངས་ཚང་མར་གཏོར་བཤིག་ཆེ་ཆུང་སྣ་ཚོགས་བྱུང་ཡོད་པ་རེད། གྲོང་ཁྱེར་ནང་ཁང་པ་གཏོར་བཤིག་དང༌། མེར་སྲེག་མང་པོ་བྱས། གཙུག་ལག་ཁང་ཡས་མས་ཀྱི་རྒྱ་ཕིབས་ལ་བུག་རྡོལ་བཏང་ཞིང༌། ཉེ་སྐོར་ལྷ་ཁང་མང་པོ་རྩ་མེད་དུ་གྱུར།
པོ་ཏཱ་ལའི་ནུབ་རྒྱུད་དུ་སྐྱོན་ཆག་ ཆེན་པོ་བྱུང་ཞིང༌། ཁོ་བོ་རྒྱུན་སྡོད་བྱེད་སའི་ཁང་པ་འགའ་ཞིག་གཏོར། གཞུང་གི་སློབ་གྲ་དང༌། གཞུང་སྒོ། དམག་སྤྱི་ལས་ཁུངས། ཞོལ་ནང་གི་ཁང་པ་གཞན་དག་བཅས་པར་གཏོར་བཤིག་ཆེན་པོ་བྱས་འདུག སྒྱོགས་མདེལ་གཅིག་རྗེ་སྐུ་ཕྲེང་བཅུ་གསུམ་པའི་གསེར་སྡོང་ཡོད་སའི་ལྷ་ཁང་དེར་ ཕོག
བོད་ཀྱི་སྨན་བཅོས་སློབ་གྲ་ལྕགས་པོ་རི་ནི་འགྱེལ་བཤིག་ཆེན་པོ་བཟོས། དེ་བཞིན་ར་མོ་ཆེ་གཙུག་ལག་ཁང་དང༌། སེ་ར་དགོན་པའི་ནང་དུའང་གཏོར་བཅོམ་དེ་ལྟར་བྱས་ཡོད་པ་རེད། ཉིན་དང་པོའི་དགོང་མོ་ནོར་གླིང་ཞི་བསིལ་ཆོས་ཀྱི་གྲྭར་མི་རྟའི་རོ་དང༌། ཤ་ཆེན་གྱི་ཚལ་བུ། བསད་ཁྲག མཚོན་ཕྱེ་འདྲེས་པའི་རྡུལ་གྱིས་ཁེངས་པའི་གྱང་གོག་ལྟ་བུ་དེའི་ནང་སྙིང་རྗེ་ དང༌།
རང་དབང་བྲལ་བའི་རྒྱ་མི་རྣམས་འཛུལ་ཞིབ་བྱས། ང་ཕོད་ལྟ་བུ་རྒྱ་མིའི་སྡོད་སྒར་ནང་སྡོད་མཁན་བོད་མི་ཉུང་ཤས་དེ་རྣམས་ནས་ངའི་ དོན་དུ་བློ་གཡེང་ཆེན་པོ་བྱས་ཡོད་འདུག དེའི་ནུབ་མོ་རྒྱ་མི་ཚོས་མི་རོ་རྣམས་བརྟག་ཞིབ་དང༌། ལྷག་པར་བན་དེའི་མགོ་ཅན་ཚོར་རྟོག་ཞིབ་བྱས་པ་མཐོང་འདུག་ཅིང༌། དེ་ནུབ་ངོས་མ་བསྡད་པའི་གནས་ལུགས་རྒྱ་མིའི་སྡོད་སྒར་དུ་བཏང་ཡོད་ཤག
ཅེས་གསུངས་འདུག
རི་བོ་རལ་ཞིང་རྒྱ་མཚོ་འཁྲུགས་པ་ལྟར།།
གནམ་ས་གཡོ་འགུལ་བྱེད་པའི་དམག་འཁྲུགས་ནང༌།།
ས་ཡ་དྲུག་གི་བོད་མིའི་རྒྱལ་ས་དེ།།
རླུང་དང་འཕྲོད་པའི་རྩམ་ཕུང་བཞིན་དུ་འཐོར།།
༼21༽
ལྷ་སའི་ཟིང་འཁྲུག་སྐབས་ཀྱི་གནས་ཚུལ་དངོས་བྱུང་
ལྷ་ཀླུ་ཚེ་དབང་རྡོ་རྗེས་བཀོད་པ།
ས་ཁྱི་བོད་ཟླ་ ༡༢ ཚེས་ ༡༩ འཆར་ཅན་རྩེ་དགུ་གཏོར་འཆམ་གཟིགས་ལ་ཀྲུང་གུང་བོད་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ རྣམས་གདན་ཞུས་ལྟར་ཕེབས་ཏེ་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་སྐབས་ལྟད་མོའི་སྐོར་ བཀའ་མོལ་བྱུང་ཞོར་དེང་སང་ཅུན་ཆུས་ལའང་ཟློས་གར་གསར་པ་འཁྲབ་སྟོན་བྱེད་ཀྱི་ ཡོད་པས་ཏཱ་ལའི་བླ་མ་གཟིགས་མོར་ཕེབས་ན་ཞུས་པར།
ཏཱ་ལའི་བླ་མ་ནས་ང་བོད་ཟླ་ དང་པོ་ནང་ལྷ་ས་སྨོན་ལམ་ཆོན་མོར་ཆོས་ཀྱི་མཛད་སྒོ་ ཡོད་སྟབས་སྨོན་ལམ་ཚར་འཕྲལ་ཡོང་གི་ཡིན་གསུངས་པ་རེད། དེ་ཉིན་སྤྱི་ཁྱབ་མཁན་པོ་དགའ་བྲང་ནས་བཀའ་ཤག་ལ་བཤད་སོང༌། དེ་རྗེས་མི་ངན་ཉུང་ཤས་ཤིག་གིས་གནས་ཚུལ་དེ་བེད་སྤྱོད་གཏོང་རྒྱུའི་ལྐོག་གཡོ་ ངན་ཇུས་བཤམས་ཏེ་མེ་ཕག་བོད་ཟླ་ ༢ ཚེས་ ༡ སྔ་དྲོ་ལྷ་ས་དང༌།
ཞོལ་ཁུལ་དུ་ གློ་བུར་དཀྲོག་གཏམ་ཞིག་ལངས་ཏེ་བཤད་དོན། ཏཱ་ལའི་བླ་མ་ཅུན་ཆུས་སུ་གདན་འདྲེན་ཞུ་གི་འདུག མི་དམངས་རྣམས་ཕྱིན་ཏེ་ཕེབས་འགོག་ཞུ་དགོས་ཞེས་རྩེ་དྲུང་བསྟན་མ་ལྕོག་སོགས་མི་ ཁ་ཤས་ཀྱིས་ལྷ་ཞོལ་ཁུལ་དུ་སྦིར་སྒྲ་བསླངས་རྐྱེན་མི་མང་པོ་ནོར་བུ་གླིང་ཁ་ འགྲོ་གི་འདུག
དེ་མཚམས་ནོར་བུ་གླིང་ཁ་ནས་བང་ཆེན་གཅིག་མཇུག་གཉིས་མཐུད་བཏང་ སྟེ་ང་རང་ནོར་བུ་ གླིང་ཁ་ཚོགས་འདུ་ཡོང་དགོས་ཟེར་བས་འགྲོ་གྲབས་བྱེད་སྐབས་ནོར་གླིང་རྒྱ་སྒོའི་ འགྲམ་དུ་བསམ་ཕོ་ཚེ་དབང་རིག་འཛིན་ལ་རྡོ་ཞུས་ཏེ་རིལ་སོང་ཟེར་བ་གོ་བྱུང༌།
ང་ རང་ཡང་ཅུང་ཟད་དོགས་ཟོན་སྐྱེས་ཏེ་རླངས་འཁོར་གཞུང་ལམ་བརྒྱུད་གཏོང་མ་བཅུག་ པར་རྐྱང་ཐང་ན་ཁ་བརྒྱུད་ཕྱིན་ཏེ་ནོར་གླིང་བྱང་སྒོ་ནས་ནང་ལ་འགྲོ་རྩིས་བྱས་པར་ བྱང་སྒོ་རྒྱབ་སྟེ་འགྲོ་ས་མི་འདུག་སྟབས་རླངས་འཁོར་དེ་གར་བཞག་སྟེ་ངོ་གཡོག་ གསུམ་རྐང་ཐང་མར་ནོར་གླིང་གཞུང་སྒོའི་ཕྱོགས་སུ་ཕྱིན་པར་བྱང་ཤར་ལྕགས་རིའི་ རྩིག་ཟུར་དུ་འབྲས་སྤུངས་དགོན་པའི་ཚ་ཕྱག་ཚུར་
ཡོང་བ་དང་ཐུག་བྱུང༌། ཁོ་པས་བརྗོད་དོན། འདི་ནས་ཕར་འགྲོ་རྒྱུ་མི་འདུག ནོར་གླིང་གཞུང་སྒོའི་འཁྲིས་སུ་འཕགས་པ་ལྷའི་མཁན་ཆུང་ད་ལྟ་རང་བསད་སོང༌། ཟིང་ཆ་ཆེན་པོ་འདུག་ཟེར་བར་ང་རང་ཡང་ཐེ་ཚོམ་སྐྱེས་ཏེ་ཕྱིར་ལོག་བརྒྱབ་ཐོག་ རླངས་འཁོར་ནང་འཛུལ་ཏེ་དེ་ཉིན་ཁྱིམ་དུ་ལོག་པ་ཡིན། དེ་ནས་མི་དམངས་རྫུས་འཐུས་ཁག་གཅིག་གིས་ལྷ་ས་གྲོང་ཁུལ་དུ་ཁྲོམ་སྐོར་བྱེད་ཀྱི་ འདུག
དེའི་དགོང་མོ་ནོར་གླིང་ཚོགས་འདུ་ནས་སླར་ཡང་ང་རང་སར་མི་བཏང་སྟེ་དེ་ རིང་ནོར་ བུ་གླིང་ཁར་སླེབས་མི་འདུག་པས་སང་ཉིན་ངེས་པར་ཡོང་དགོས་ཟེར་བར་ངའི་བསམ་བློའི་ ནང་སྔར་ཕན་ས་གནས་སྲིད་གཞུང་གིས་ང་རང་ལ་ཕ་གཞིས་དང༌། གོ་གནས་ཆེན་པོ་སྤྲད་དེ་དྲིན་གྱིས་འཚོ་བ་ཞིག་རེད།
ད་ལམ་བོད་ས་གནས་སྲིད་ གཞུང་ཆག་འཇིག་ལ་སླེབས་པའི་དུས་འདིར་མ་ཕྱིན་ན་ག་ལ་ འགྲིག་བསམས་ཏེ་དེའི་སང་ཉིན་བོད་ཟླ་ ༢ ཚེས་ ༢ ཉིན་ནོར་བུ་གླིང་ཁའི་ཞབས་བརྟན་ལྷ་ཁང་དུ་ཚོགས་འདུ་འཚོགས་ཀྱི་འདུག་པ་དེའི་སར་ ཕྱིན་པར་ཚོགས་འདུ་གཙོ་འགན་བྱེད་མི་དྲུང་རྩིས་མཁན་དྲུང་ཏཱ་བླ་མ་ལྕོག་སྟེང་ ཐུབ་བསྟན་ནོར་བཟང་དང༌། ཆོས་འཕེལ་ཐུབ་བསྟན། ཐུབ་བསྟན་དར་རྒྱས།
ཐུབ་བསྟན་ བྱང་ཆུབ། རྩིས་དཔོན་ཁེ་སྨད་པ་དང་ཤུ་ཁུད་པ་བཅས་ནས་ཁ་ས་ཚེས་ ༡ ཉིན་གྱི་གནས་ཚུལ་སྐོར་བཤད་དེ་སླར་བྱེད་ཕྱོགས་གང་དགའ་ཟེར་བར་སྐབས་དེར་ང་རང་ ནས་བཤད་པར། ཁ་ས་ནོར་གླིང་གཞུང་སྒོའི་འགག་ཏུ་འཕགས་པ་ལྷའི་མཁན་ཆུང་བསད་པ་དེ་ཅུང་མ་འགྲིག་ པ་རེད། དེ་གང་ཡིན་ཟེར་ན།
ནོར་གླིང་ནང་དེ་འདྲ་བྱས་ན་ལས་ཀ་དྲི་མ་ངན་པ་དེས་ ནམ་ཞིག་ཏཱ་ལའི་བླ་མར་མཚན་ཤས་ བཟོ་གི་རེད། ང་རང་ཚོ་འཚོགས་ས་འདི་ཡང་ནོར་གླིང་དུ་བྱས་ན་འགྲིག་གི་མི་འདུག་པས་ས་གནས་གཞན་ ཞིག་ལ་སྤོས་ན་ཡག་པ་དང༌། ལྷག་པར་དུ་ངས་བྱས་ན་ཟང་ཟིང་འདི་འདྲས་ལས་དོན་སྒྲུབ་རྒྱུ་ཁག་པོ་རེད།
གལ་ ཏེ་ཟིང་ཆ་་བྱུང་ཚེ་ཅུན་ཆུས་ལ་མེ་སྒྱོགས་མང་པོ་ཡོད་པས་ཕོ་བྲང་ཡས་མས་སོགས་ འཐོར་རྐྱེན་འགྲོ་གི་རེད། དེ་ལས་བྱ་མ་འདྲོག་པར་སྒོ་ང་ཞིག་བླངས་ན་ཡག་གི་རེད་ལབ་པར། དེ་འཕྲལ་མ་ནང་ཨ་ཕོ་ཡར་བླངས་ཏེ་བཤད་དོན། སྡེ་པ་གཞུང་བྱུང་ནསལོ་སུམ་བརྒྱ་ལྷག་ཙམ་ཕྱིན་པ་རེད། ད་ཆ་ཉེན་ཁ་ཆེན་པོ་འདི་འདྲར་སླེབས་དུས་བསམ་བློ་མང་པོ་གཏོང་ཡ་མེད།
ང་ཚོས་ སྲོག་བློས་བཏང་བ་ཡིན་ཟེར་གི་འདུག དེ་ལན་ངས་ཁང་པ་འདིའི་ནང་འཛུལ་ཚར་རྗེས་སྲོག་བློས་མ་གཏོང་ཐབས་མེད་རེད་པཱ་ལབ་ པ་ཡིན། དེ་མཚམས་དྲུག་ཡིག་ཆེན་མོ་ལྕོག་སྟེང་ཐུབ་བསྟན་ནོར་བཟང་གིས་གྲལ་དཀྱིལ་དུ་ཡར་ ལངས་ཏེ་བཤད་དོན། ད་ལྟ་ལྷ་ཀླུས་བཤད་པའི་སྐད་ཆ་དེ་ཡག་པོ་འདུག་གཤིས་ཚང་མས་བསམ་ཤེས་བྱེད་དགོས་པ་ ལས།
གང་བྱུང་བྱས་ཏེ་ཟིང་ཆ་ལངས་ན་མེ་སྒྱོགས་བརྒྱབ་ཚེ་ང་ཚོ་སྲན་མ་འཐོར་བ་ ལྟར་ འགྲོ་རྒྱུ་ཉག་ཅིག་རེད་ཅེས་བཤད་སོང་ཡང༌། ཉན་ཤེས་བྱེད་མཁན་མེད་པ་མ་ཟད། ཕུ་ལུང་ཆོས་མཛད་དང༌། ཨ་མདོ་བ་མི་གཅིག་ཡར་ལངས་ཏེ་བཤད་དོན། ཨ་མདོ་ས་ཁུལ་ལ་རྒྱ་མིས་བླ་མ་སྤྲུལ་སྐུ་ཚོགས་འདུ་ཤོག་ལབ་རྗེས་ཚུར་ལོག་རྒྱུ་ མ་བྱུང་བ་མང་པོ་བྱུང་ཡོད།
ཏཱ་ལའི་བླ་མའི་སྐུ་ཕྱ་འགན་བཟོད་ཀྱི་མ་རེད་ཅེས་ བཤད་སོང༌། ཡང་མི་དམངས་རྫུས་འཐུས་ཞོལ་པ་རྟ་གདོང་པ་སོགས་ཁག་ཅིག་ཡར་ལངས་ཏེ་བོད་རང་བཙན་ ཡིན་ཚུལ་ཤོད་པ་དང༌། འབྲས་དང་རྩམ་པ་ཟ་མཁན་དབྱེ་བ་འབྱེད་རྒྱུ་ཡིན་ཟེར་སོང༌། དེ་ནས་ཛ་སག་ཚ་རོང་ཟླ་བཟང་དགྲ་འདུལ་ནས་བཤད་དོན།
དེ་རིང་ང་ཚོ་མཐོ་རིམ་པ་ རྣམས་ནས་མར་བབས་རྒྱུ་དང་ཁྱེད་རང་མི་མང་ཚོ་ཡར་ཡར་ འཛེགས་ཏེ་ང་ཚོ་ཐུན་མོང་ཐོག་གྲོས་བསྡུར་གང་དགའ་བྱེད་དོ་ཟེར་སོང༌། དེ་ཉིན་སྐད་ཆ་ཤོད་མཁན་མང་སྟབས་མཐའ་དོན་ཚོགས་ཆུང་སོ་སོ་ནས་ཚིག་ཐོ་འབུལ་རྒྱུ་ བྱས་སོང༌། དེ་ནས་ང་ཚོ་མཐོ་རིམ་ཛ་ཐའི་ཡན་གྱི་ཚོགས་ཆུང་ནས་ཚིག་ཐོ་བྲིས་པའི་སྙིང་དོན། སྤྱི་ལོ་ ༡༩༥༩
ལོའི་སྔོན་དུ་བོད་འདི་རང་བཙན་ཡིན་ཚུལ་དང༌། མི་དམངས་ཚོས་རང་བཙན་རྩོད་ལེན་ཡོང་བར་བྱེད་པའི་འདོད་ཚུལ་དེར་མོས་མཐུན་བྱ་ རྒྱུ་ཞེས་པར་དེ་ཉིན་ཡོད་པའི་ཛ་ཐའི་ཡན་མང་མས་མིང་ཐོ་ས་ཡིག་བརྒྱབ་སྟེ་སྤྲད་པ་ དང༌། དེ་བཞིན་ཚོགས་ཆུང་གཞན་ཁག་སོ་སོའི་མིང་ཐོ་ས་ཡིག་བརྒྱབ་པའང་སྤྲད་སོང༌། ཚེས་ ༡ ཉིན་ནོར་གླིང་དུ་ཟིང་འཁྲུག་པའི་དམག་སྤྱི་མཁན་ཆུང་རྟ་ར་བ་དང༌།
རྩིས་ དཔོན་ཤུ་ཁུད་པ་གཉིས་ཡོད་མུས་ཐོག དེ་ཉིན་ཀུན་གླིང་ཛ་སག་དང༌། མཁན་ཆུང་སྐལ་བཟང་ངག་དབང༌། བླ་ཕྱག་ལྷ་སྡིང་སྲས། རིམ་བཞི་ཞྭ་སྒབ་པ་བཅས་ཁ་སྣོན་དུ་བསྐོས་སོང༌། བོད་ཚེས་ ༣ ཉིན་ཚོགས་འདུ་ཞོལ་པར་ཁང་དུ་སྤོས་པ་རེད།
དེ་ཉིན་གྲོས་བསྡུར་ནང་རྟག་པར་ ཚོགས་འདུ་རྒྱས་འཛོམ་བྱེད་ལོང་ཡོང་མིན་ལ་ཚོགས་ འཐུས་འདེམས་སྒྲུག་བྱ་རྒྱུ་གཏན་འཁེལ་ཏེ་འཐུས་མི་གཞུང་ཞབས་བཞི་བཅུ་སྐོར་དང༌། སེར་འབྲས་འཐུས་མི་སུམ་ཅུ།
མི་དམངས་རྫུས་འཐུས་མི་གྲངས་སུམ་ཅུ་སྐོར་བཅས་ འདེམས་སྒྲུག་བྱས་པའི་མིང་ཐོ་ ཤོག་ལྷེབ་མི་དམངས་རྫུས་འཐུས་ཞོལ་པ་རྟ་གདོང་པ་ནས་སྤྲད་སོང་བ་མིང་ཐོ་དེ་དྲུང་ རྩིས་ནས་ཚང་མར་སྒྲོག་སྦྱང་བྱེད་སྐབས་ཚང་མས་མིང་ཐོ་དེ་རང་ལ་མོས་འཐུས་བྱས་ སོང༌། དེ་མཚམས་འཐུས་མི་གསར་བདམས་ཚོ་ཞོལ་པར་ཁང་ཡང་སྟེང་དུ་ཟུར་འཚོགས་བྱེད་རྒྱུ་ ཡིན་ཞེས་ཡར་ཕྱིན་སོང༌།
བྱིངས་ཚོགས་ཁང་ཆེ་བར་སྡོད་སྐབས་དྲུང་ཡིག་ཆེ་མོ་ ཆོས་འཕེལ་ཐུབ་བསྟན་ནས་བཤད་ དོན། དེ་རིང་འཐུས་མི་བདམས་པའི་ཁོངས་སུ་ནོར་གླིང་དམག་སྤྱི་ཁོངས་ནས་ཀུན་གླིང་ཛ་སག་ འོད་ཟེར་རྒྱལ་མཚན་དང༌། མཁན་ཆུང་རྟ་ར་བ་མདོ་སྔགས་མཐར་ཕྱིན། མཁན་ཆུང་སྐལ་བཟང་ངག་དབང༌། རྩིས་དཔོན་ཤུ་ཁུད་པ་འཇམ་དབྱངས་མཁས་གྲུབ།
བླ་ ཕྱག་ལྷ་སྡིང་སྲས་བཅས་འདུག་པ་ཁོང་ཚོ་ཚོགས་འདུ་ཡོང་རྒྱུ་དང༌། དམག་སྤྱི་བྱེད་རྒྱུ་གཉིས་ཀ་ལྕོགས་མིན་ལ་དམག་སྤྱིའི་ཚབ་གསར་ཚོགས་ཆུང་སོ་སོ་ ནས་འདེམས་བསྐོ་བྱེད་དགོས་བཤད་པ་ལྟར་ཚོགས་ཆུང་སོ་སོའི་ནང་མིང་ཤོག་འཕངས་ཏེ་ བདམས་ཐོན་བྱུང་བའི་དམག་སྤྱི་གསར་པ་ང་རང་དང༌། མཁན་ཆུང་བློ་བཟང་བསྟན་འཛིན། ཐོན་པ་མཁན་ཆུང་བྱམས་པ་མཁས་གྲུབ།
ཕོགས་དཔོན་ཕ་ལྷ་སྲས་རྡོ་རྗེ་དབང་འདུས། རིམ་བཞི་ཤག་བྱང་ཟུར་པ་ངག་དབང་རྒྱལ་མཚན་བཅས་བསྐོ་བཞག་བྱས་བྱུང། དེ་ནས་ང་ཚོ་མི་ལྔ་ཚེས་ ༤ སྔ་དྲོ་ནོར་བུ་གླིང་ཁར་ལས་འགན་རྩིས་ལེན་པར་ཕྱིན་པ་ཡིན། དམག་སྤྱི་རྙིང་པ་མི་ལྔ་ཚོགས་འདུ་ཕྱིན་ཚར་བ་དང༌། དམག་སྤྱི་རྙིང་པའི་ཁོངས་ནས་རིམ་བཞི་ཞྭ་སྒབ་པ་རང་འཇགས་དེར་བསྡད་འདུག
ཁོ་ པས་ང་ཚོ་དམག་སྤྱི་གསར་པ་མི་ལྔ་སྣེ་ལེན་བྱས་ཏེ་ལས་ཀའི་བྱེད་སྒོ་སྐོར་ངོ་ སྤྲོད་བྱས་བྱུང༌། ཐོག་མར་བཀའ་བཀོད་ཁང་དེའི་ནང་སླེབས་སྐབས་མི་འདྲ་མིན་མང་པོ་ཡོང་སྟེ་ལས་ཀའི་ སྐོར་སྐད་ཆ་འདྲི་ཡང༌། ལོག་ཁག་གང་ཡིན་ངེས་གཏན་ཤེས་ཀྱི་མི་འདུག་གཤིས། དེར་བརྟེན་ངས་རྩེ་དྲུང་བློ་བཟང་ཆོས་འབྱོར་༼སྐྱ་མིང་དཔལ་འབྱོར༽དང༌།
ཤོད་ དྲུང་བཀྲས་གླིང་གཉིས་ལ་ནོར་གླིང་ནང་སྐུ་སྲུང་དུ་དྭངས་བླངས་ཀྱིས་ཡོང་ བའི་ཁམས་རིགས་དམག་༼གཤམ་དུ་སྐུ་སྲུང་དྭང་བླངས་དམག་ཟེར་རྒྱུ༽སྡེ་ཤོག་ཇི་ཡོད་ དང༌། སྡེ་ཤོག་སོ་སོའི་མི་གྲངས་ཇི་ཡོད། འགོ་གཙོ་སུ་ཡིན་བཅས་ཀྱི་མིང་ཐོ་འགོད་རྒྱུ་མངགས་ཆ་བྱས། སེ་ར་དགོན་པའི་འཐུས་མི་འབྱོར་ཏེ་དུས་ཟིང་འདིའི་སྐོར་བྱེད་སྒོའི་ཞུ་བྱ་གང་ ཡིན་དང༌།
སྔ་འཕྲོས་མེ་མདའ་བརྒྱ་ཕྲག་ཁ་ཤས་ཤིག་གནང་རོགས་ཟེར་གྱི་འདུག
མེ་ མདའ་གང་ཡོད་རྩད་གཅོད་བྱས་པར་མེ་མདའ་ཁག་ཅིག་ནོར་གླིང་དུ་ཡོད་ཀྱང་བདག་ གཉེར་བྱེད་མཁན་རྩེ་ཕྱག་རྒྱལ་མཚན་ཆོས་འཕེལ་ཡིན་པ་ཞོལ་པར་ཁང་ཚོགས་འདུའི་འཐུས་ མིའི་ཁོངས་ཕྱིན་ནས་མཁན་ཆུང་བློ་བཟང་བསྟན་འཛིན་ཞོལ་པར་ཁང་ཚོགས་འཐུས་སར་བཏང་ སྟེ་མེ་མདའ་སྤྲོད་ཕྱོགས་སྐོར་གང་དགེའི་གྲོས་བསྡུར་བྱེད་དགོས་ལབ་པ་ཡིན་རུང༌། ལན་དུས་ཐོག་འབྱོར་མ་བྱུང༌།
དེའི་རྒྱུ་མཚན་ནི་དམག་སྤྱི་གསར་རྙིང་སུས་ བྱེད་རྩོད་གླེང་བྱུང་བའི་རྐྱེན་ གྱིས་འགྱངས་འདུག སེ་རའི་འཐུས་མི་རྣམས་ལ་ངས་ལན་གསལ་སྤྲད་པར་མེ་མདའ་སྤྲོད་ཕྱོགས་སྐོར་ཚོགས་ འདུ་ནས་ཕྱི་ལན་འབྱོར་མཚམས་ཐག་གཅོད་བྱ་རྒྱུ་དང༌། སྔ་འཕྲོས་ཁྱོད་ཚོའི་བྱེད་སྒོ་དགོན་པའི་རི་རྩེ་སྲུང་བཀག་བྱ་རྒྱུ་དེ་གལ་ཆེན་ པོ་འདུག ཡིན་ནའང༌།
བཅིངས་འགྲོལ་དམག་མི་དང་ལམ་སེང་འཐབ་རྩོད་བྱུང་ན་འགྲིག་ མིན་ལ་སྦ་གསང་བྱེད་ དགོས། དེ་ཡང་སྔོན་ལ་གྲྭ་པ་གཉིས་ཙམ་ཞིག་རི་རྩེར་བསང་གཏོང་མཁན་ཡིན་ཁུལ་གྱིས་ཉུལ་ ཞིབ་བྱས་རྗེས་གྲྭ་པ་ ༡༥༠ བཏང་སྟེ་རི་རྩེ་བཟུང་དགོས་ལབ་པ་ཡིན། ཡང་སྐུ་སྲུང་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲིས་ནས་ར་མ་སྒང་གི་རྩེ་རི་བཟུང་ ཡོད་མེད་འདྲི་གི་འདུག
གཤམ་འོག་ལས་བྱ་ཚོར་འདྲི་རྩད་བྱས་པར་རྩེ་རི་བཟུང་ ཡོད་པ་མ་རེད་ཟེར་གྱི་འདུག་ སྟབས་ཀུན་གླིང་བླ་བྲང་ལ་གལ་ཆེའི་ཡིག་ཆུང་ཞིག་བཏང་བ་ཡིན། དེའི་ནང་དོན་དུ་ཚལ་གུར་གཞིས་ཀའི་ཁོངས་ར་མ་སྒང་རྩེ་རིར་བཅིངས་འགྲོལ་དམག་མི་ སླེབས་ཡོད་མེད་བལྟ་བར་མི་སེར་ཁོངས་ནས་མི་གཉིས་མེ་ཤིང་སྒྲུག་མཁན་ཡིན་ཁུལ་ གྱིས་གཏོང་དགོས།
གལ་ཏེ་བཅིངས་འགྲོལ་དམག་མི་ར་མ་སྒང་རྩེ་རིར་སླེབས་མེད་ན་ ར་མ་སྒང་གྲུ་ཁ་སྲུང་ མིའི་ཁོངས་ནས་དམག་གྲངས་བརྒྱ་ཐམ་པས་རྩེ་རི་བཟུང་དགོས་ཞེས་བཏང་བ་ཡིན།
ནོར་གླིང་རྒྱ་སྒོ་ཁག་གི་འགོ་འདོམས་ལས་འགན་དམག་སྤྱི་རེ་རེས་ཁུར་འདུག་ཅིང༌། དམག་སྤྱི་རྒན་པའི་སྲུང་ཁོངས་ནོར་གླིང་གཞུང་སྒོ་འཁེལ་འདུག ངས་ཉིན་དགུང་ཆུ་ཚོད་གསུམ་པ་ཙམ་ལ་གཞུང་སྒོར་བལྟ་བར་ཕྱིན་པ་ཡིན། གཞུང་སྒོའི་འགག་ཏུ་བོད་དམག་དང་སྐུ་སྲུང་དྭང་བླངས་དམག་ཁག་གཅིག་གིས་སྲུང་བཀག་ ནན་པོ་བྱས་ནས་བསྡད་འདུག
དེ་ནས་གཞུང་སྒོའི་ཐོག་ཁར་ཕྱིན་ཏེ་ཞིབ་འཇུག་བྱས་ པར། བོད་དམག་སྐུ་སྲུང་དམག་མི་ཁེར་གཙང་བཅོ་ལྔ་དང་ལྡིང་དཔོན་གཅིག་བཅས་བསྡད་འདུག ཁོང་ཚོའི་མདུན་ཕྱོགས་རྒྱལ་སྒོའི་ཐོག་ཁར་རྡོ་རགས་བརྩེགས་པའི་འཛིང་རགས་གཅིག་ དང༌། ལག་ཆ་མེ་སྒྱོགས་གནམ་བླུགས་གཅིག མེ་མདའ་སྦག་སྦག་ཆེ་བ་གཅིག་བཅས་འདུག་པ་དེར་ངས་བཀོད་པ་བཏང་དོན།
རྡོའི་ འཛིང་རགས་བཟོས་ན་མེ་མདའ་འཕེན་རེས་བྱེད་སྐབས་རྡོ་ཕྱེ་འཐོར་ཏེ་ང་རང་ ཚོར་དཀའ་ངལ་བཟོ་གི་རེད། རྡོ་རགས་བཤིག་སྟེ་བྱེ་མ་བླུགས་པའི་རྩ་རས་ཕད་ཁོག་སྒྲིག་དགོས་པ་དང༌། མེ་མདའ་སྦག་སྦག་ཆེ་བ་གཅིག་ཁ་སྣོན་ལེན་དགོས་ལབ་པ་ཡིན། དེ་ནས་དགོང་དྲོ་ཚོུད་ ༥
པ་ཙམ་ལ་ཕ་ལྷ་མགྲོན་ཆེའི་ནང་དུ་དམག་སྤྱི་གཞོན་པ་ཕ་ལྷ་ཕོགས་དཔོན་ཡོད་ སྟབས་ དེའི་སར་ལྟོ་ཆས་བཟའ་བར་ཕྱིན་ཏེ་ཏོག་ཙམ་སྡོད་སྐབས་གློ་བུར་གནས་ཚུལ་གོ་ཐོས་ལ། ནོར་གླིང་ནང་ཡོད་པའི་མི་ཁག་ཅིག་གིས་དམག་སྤྱི་རྙིང་པ་རྣམས་རང་འཇགས་དགོས་པ་ ལས། དམག་སྤྱི་གསར་པ་མི་དགོས་ཞེས་བཤད་དེ་ད་ལྟ་ཞབས་བརྟན་ལྷ་ཁང་ནང་ཚོགས་འདུ་འཚོགས་ ལུགས་བརྗོད་བྱུང༌།
ཆུ་ཚོུད་གཅིག་ཙམ་སོང་རྗེས་སྒོ་ཁར་ཁམས་པ་གོ་ལག་རང་ འགྲིག་གཉིས་དང༌། ཨིམ་ཆི་ཨ་ནན་བཅས་སླེབས་ཏེ་ང་ངོ་མ་ཐུག་དགོས་ཡོད་ཟེར་བ་དང༌། ད་དུང་མི་ཁ་ཤས་ཕར་ངོས་སུ་བསྡད་འདུག་ཟེར་བ་ཐོས་འཕྲལ་རོགས་པ་ཕ་ལྷའི་ཕོགས་ དཔོན་ཞེ་སྣང་སྐྱེས་ཏེ་འདིར་མ་ཞུགས། ཤར་གྱི་ཁང་པ་དེའི་ནང་ཐུག་འཕྲད་གནང་བར་ཕེབས་ན་ཞེས་བརྗོད་སྟབས་ང་རང་དོགས་པ་ཟ་ བྱུང༌། གང་ཡིན་ཟེར་ན།
ང་རང་ནི་སྲིད་གཞུང་རྙིང་པ་དེ་མཐའ་གཅིག་ཏུ་སྲུང་ སྐྱོབ་བྱེད་ཐུབ་ན་བསམ་མཁན་ ཞིག་ཡིན་རུང༌། མི་ཁ་ཤས་ཀྱིས་གྲིབ་ནག་འདྲེ་མཐོང་ལྟ་བུས་ང་རང་ལའང་དོགས་པ་ཟ་སྟེ་འཕགས་པ་ལྷའི་ མཁན་ཆུང་ནང་བཞིན་སྲོག་ཉེན་ཡོང་སྲིད་པས་དེ་རིང་གཟབ་གཟབ་བྱེད་དགོས་བསམ་སྟེ་ མེ་མདའ་པི་སི་ཏོབ་ཟེར་བ་ཐུང་མདའ་གཉིས་ཡོད་པ་གཅིག་ཨམ་ཕྲག་ནང་བླུགས།
མེ་ མདའ་གཅིག་ཕྱུ་པའི་ཕུ་ཐུང་ནང་མངོན་ཆུང་གིས་བཅུག་བསྡད་དེ་ཁོང་ཚོ་ཡར་ཤོག་ ལབ་སྟེ་ཐུག་འཕྲད་བྱས་པར། ཁོ་ཚོ་གསུམ་པོ་དེའི་ནང་ནས་སྐད་ཆ་བབ་ལྷིང་གང་ཆེ་ལྟ་བུ་ཤོད་པ་(གོ་བོ་ཆོས་མཛད་ ཕུན་ཚོགས་)དང༌། ཁམས་པ་མི་གཅིག་གིས་ངར་མདོག་ཁ་པོ་བྱེད་(སྡེ་དགེ་འཇུ་ཆེན་ཐུབ་བསྟན་)ཀྱི་འདུག ང་རང་གི་བསམ་པར་དེ་རིང་ཐར་རྒྱུ་ཁག་ཙམ་ཡིན་རུང༌།
ཁྱི་རྩིག་ཁུག་ལ་བཀར་ན་ཁ་ ལོག་གི་དཔེ་བཞིན་ཚུར་ལག་པ་བཀྱག་རྩིས་བྱས་ན། དང་ཐོག་མི་ངར་མདོག་ཁ་པོ་བྱེད་མཁན་དེར་དོ་སྣང་བྱེད་དགོས་ཀྱི་འདུག་སྙམ་བྱུང༌། ཁོ་ཚོས་བཤད་པའི་སྐད་ཆའི་སྙིང་པོར་དམག་སྤྱི་རྙིང་པ་ཚོ་དང་ང་ཚོ་འབྲེལ་བ་ཆེན་ པོ་ཡོད་སྟབས་ཁོ་ཚོ་རང་འཇགས་མ་བྱུང་ན་འགྲིག་ཐབས་མི་འདུག དེར་བརྟེན་དམག་སྤྱི་རྙིང་པ་རྣམས་རང་འཇགས་བཞུགས་རྒྱུ་དང༌།
གསར་པ་རྣམས་ ལོག་ཕེབས་རོགས་གནང་ཟེར་གྱི་འདུག དེ་ལན་ང་ཚོ་ནི་ནོར་གླིང་དུ་དམག་སྤྱི་བྱེད་པར་དྭང་བླངས་ཀྱིས་ཡོང་བ་ཞིག་མིན་ པར་ཚོགས་འདུས་བསྐོ་བཞག་བྱས་ཏེ་ཡོང་བ་ཞིག་ཡིན། ཁྱེད་ཚོས་ང་ཚོ་དམག་སྤྱི་གསར་པ་མི་དགོས་ཟེར་གྱི་ཡོད་ན། ལས་ཀ་འདི་འཐུས་སྒོ་ཚང་བ་སུས་བྱས་ཀྱང་ཁྱད་པར་མེད། འགྲིག་གི་རེད།
འགྲིག་ གི་རེད་ལབ་པར་ཨེམ་ཆི་ཨ་ནན་ནས་བར་འདུམ་ལྟ་བུ་བྱས་ཏེ་དམག་སྤྱི་གསར་པ་ ཚོ་ཕྱིར་ཕེབས་གནང་རོགས་གནང༌། ང་ཚོ་འགྲོ་འགྲོ་ཞེས་ཁོ་ཚོ་ཁྲིད་དེ་ཕྱིན་སོང༌། དེ་ནས་ཏོག་ཙམ་རིང་གནས་ཚུལ་དེའི་སྐོར་བསམ་ཞིབ་བྱས་ཏེ་བསྡད་པར་གཡོག་དཔལ་འབར་ ཡར་ཡོང་སྟེ་མི་ཁ་ཤས་ཕར་ཙམ་དེར་སྒུག་བསྡད་འདུག ཁོ་ཚོ་ད་ལྟ་ཡང་ལོག་མ་སོང་ཞེས་ཟེར་བ་གོ་བྱུང༌།
མགྱོགས་པོ་ཕེབས་ན་དགའ་བ་ འདུག་ཟེར་བར་ང་རང་ཡང་ཕྲན་བུ་ཚབས་ཤ་ལངས་ཏེ། བསམ་བློའི་ནང་ལྕགས་རིའི་ཕྱིར་ཐོན་མ་ཐུབ་ཚེ་ཉེན་ཁ་འདུག་བསམས་ཏེ་ལམ་སེང་གཞུང་ སྒོ་བརྒྱུད་སྣང་མེད་ལྟ་བུ་བྱས་ནས་ཕྱིན་པར་མ་ཎི་ལྷ་ཁང་གི་འགྲམ་དུ་འབྱོར། འོན་ཀྱང་རྟ་དང་རླངས་འཁོར་གང་ཡང་མེད་སྟབས་འགྲོ་སྐྱོད་བདེ་མིན་གྱིས་དེར་ཏོག་ ཙམ་བསྡད་པར།
ང་ཚོ་འཐེན་རྩོད་བྱུང་བ་ཛ་སག་ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་ ཤེས་སྟབས་ཁོ་པ་ ངའི་རྗེས་སུ་ཡོང་སྟེ་བརྗོད་དོན། ད་ལྟ་འདིར་མ་སྡོད་ལམ་སེང་ཕྱིན་ན་ཡག་གི་རེད། ཁོང་གི་རླངས་འཁོར་བུ་མོ་ཕྱིར་ལོག་འགྲོ་གི་ཡོད་པ་དེ་དང་མཉམ་དུ་རྒྱུགས་ཞེས་ རླངས་འཁོར་བཏང་བྱུང་བས་དེ་ཉིན་རང་ཁྱིམ་དུ་ཕྱིར་ལོག་བྱས་པ་ཡིན། ཚེས་ ༥
ཉིན་ ནང་དུ་བསྡད་ཡོད་པར་ཕ་ལྷ་ཐུབ་བསྟན་འོད་ལྡན་ནས་ཐོན་པ་མཁན་ཆུང་ངའི་སར་བཏང་ སྟེ་ཟེར་དོན། ཁ་ས་བྱུང་བའི་གནས་ཚུལ་སྐོར་གཤམ་འོག་གི་མི་ཁ་ཤས་ཀྱིས་བཟོས་པ་ལས། གོང་ནས་མཁྱེན་ཚོར་རྩ་བ་ནས་བྱུང་ཡོད་པ་མ་རེད་ཅེས་ལན་བསྐུར་འདུག ང་རང་གི་བསམ་བློར་ཡང་མི་ངན་ཁ་ཤས་ཀྱིས་གནས་ཚུལ་བཟོས་པ་ལས།
རྩ་བའི་སྡེ་པ་ གཞུང་ནས་བཟོས་པ་མིན་སྟབས་རང་ཉིད་ནས་མུ་མཐུད་ལས་ཀ་བྱེད་དགོས་ འདུག་སྙམ་སྟེ་གཞུང་འབྲུ་སྤྱི་མཛོད་ཁང་གི་ལས་ཀ་བྱས་ཏེ་བསྡད་པ་ཡིན། བོད་ཚེས་ ༦ ཉིན་ནོར་གླིང་གི་སྐུ་སྲུང་དྭང་དམག་ཁོངས་ཆབ་མདོ་བ་འཇམ་དབྱངས་བཟོད་པ་ཟེར་བ་ ཁོ་པ་ངའི་སར་ཡོང་ནས་བརྗོད་དོན།
མདང་ནུབ་འགོ་གཙོས་ཚོགས་འདུའི་གྲོས་བསྡུར་ ནང་རྟ་ཡོད་པ་ཚང་མས་རྟ་གྲ་སྒྲིག་ བྱེད་དགོས་ལབ་སོང་ཟེར་གྱི་འདུག ངའི་བསམ་བློའི་ནང་ཕལ་ཆེར་ཏཱ་ལའི་བླ་མ་སྐུ་འཁོར་ཕྱི་རྒྱལ་དུ་ཕེབས་རྩིས་ཡོད་ པ་རེད་སྙམ་བྱུང༌། བོད་ཚེས་ ༧
དགོང་དྲོ་བཤད་ཟུར་གྱིས་གཡོག་པོ་ཞིག་བཏང་ སྟེ་ང་ལ་ཟེར་དོན་དུ་སང་ཉིན་ནོར་ གླིང་བཀའ་ཤག་ཏུ་འཁྱུག་ཙམ་ངེས་པར་ཡོང་དགོས་ཟེར་བ་ལྟར་ང་རང་ཕྱིན་པ་ཡིན། ཐོག་མར་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱིས་བཤད་དོན། ཁ་སང་དམག་སྤྱི་གསར་པ་ཕྱིར་སློག་བྱས་པ་ང་ཚོས་རྩ་བ་ནས་ཤེས་མ་བྱུང༌། དེ་རྗེས་རྩད་གཅོད་བྱེད་སྐབས་ཁྱེད་རང་ནང་ལ་བསྡད་ཡོད་པ་གོ་ཐོས་བྱུང༌།
གཞན་ ལ་མ་ཕྱིན་པར་བསྡད་པ་དེ་ཡག་པོ་རེད། ཁྱེད་རང་སླར་ཡང་དམག་སྤྱི་བྱེད་དགོས་ཟེར་བར། དེ་ལན་ངས་ནོར་གླིང་དུ་དམག་སྤྱི་བྱས་ཏེ་བསྡད་པར་ཉེ་ཆར་མི་ཁ་ཤས་ཀྱིས་ང་རང་ལ་ མཐོང་ཕྱོགས་ངན་པས་འགྲིག་པོ་མ་བྱུང་སྟབས་ད་དུང་སླར་ཡང་དམག་སྤྱི་བྱས་ན་ང་ཚོ་ མཐུན་པོ་མ་བྱུང་ཚེ་ལས་འགན་ཡག་པོ་སྒྲུབ་ཨེ་ཡོང༌།
དེ་ལས་ལྷ་ས་ཁུལ་ལ་ད་ལྟ་ སྤྱི་ཁྱབ་མེད་པར་བསྡད་འདུག་པས་དེར་ངས་བཀོད་འདོམས་ བྱས་ཕན་ཆེ་བ་ཡོང་ངེས་རེད་ལབ་པར། ཟུར་ཁང་ནས་བྱས་ན་ལྷ་ས་ཁུལ་གྱི་འགོ་འདོམས་བྱེད་སྒོའི་སྐོར་ཟུར་དུ་ལན་གསལ་ བྱེད་ཀྱི་ཡིན་ཟེར་གྱི་འདུག དེ་མཚམས་སྣེའུ་ཤར་ཐུབ་བསྟན་ཐར་པ་རྩེར་འགྲོ་གི་ཡིན་ཟེར་རླངས་འཁོར་རྒྱ་སྨུག་ ཅིག་ནང་ཐོན་སོང༌།
ང་རང་གི་བསམ་པར་རྩེ་རྣམ་སྲས་གན་མཛོད་སོགས་ནས་སྐུ་ཆས་ རྩ་ཆེ་ལེན་པར་འགྲོ་མཁན་ རེད་བསམ་བྱུང༌། ཉིན་དེ་རང་གི་དགོང་མོ་ཏཱ་ལའི་བླ་མ་སྐུ་འཁོར་ཕེབས་ཐོན་གྲུབ་འདུག ང་རང་ལྷ་ས་ཁུལ་གྱི་ལས་ཀའི་སྐོར་འདི་བྱེད་ལན་གསལ་མ་བྱུང་སྟབས་ཚེས་ ༩
སྔ་ དྲོ་བཤད་ཟུར་སར་གཡོག་མིག་དམར་བཏང་བར་ནོར་གླིང་རྒྱལ་སྒོའི་ནང་མི་ཡར་འགྲོ་ མར་འགྲོ་གཉིས་ཀ་བཀག་ཡོད་སྟབས་གཡོག་མིག་དམར་ནས་ལྕགས་རིའི་ནང་སྡོད་ངོ་ཤེས་མི་ གཅིག་བོས་ཏེ་བཤད་ཟུར་སར་འགྲོ་མཁན་ཡིན་ལབ་པར།
ཏོག་ཙམ་སོང་རྗེས་རྒྱལ་ སྒོའི་ནང་ནས་བཤད་ཟུར་གྱི་གཡོག་ཅིག་ཡོང་སྟེ་ཁ་ནས་སྐད་ ཆ་མ་བཤད་པར་ལང་བརྡ་བྱས་ཏེ་ལོག་རྒྱུགས་ཟེར་གྱི་འདུག་ཅེས་ཟེར་སྟབས་ད་ཆ་བཀའ་ བློན་རྣམས་ཀྱང་ཐོན་གྲུབ་པ་མིན་ནམ་སྙམ་པའི་དོགས་པ་ཆེན་པོ་སྐྱེས་བྱུང༌། ཚེས་ ༡༠ སྔ་དྲོ་འབྲུ་ཁང་གི་ལས་བྱ་རྩེ་དྲུང་བྱང་རྩེ་བློ་གྲོས་ཆོས་འཕེལ་ངའི་སར་ཡོང་ སྟེ་ཟེར་དོན།
ཏཱ་ལའི་བླ་མ་སྐུ་འཁོར་རྣམས་ཕེབས་གྲུབ་འདུག ནོར་གླིང་སྐུ་སྲུང་དྭང་བླངས་དམག་གི་ཁོངས་ནས་མི་རྟ་ཧྲག་པ་ཕྱེད་ཀ་ཙམ་ཐོན་ཟིན་ པ་འདྲ། ད་ཇི་བྱེད་ཟེར་གྱི་འདུག ཁོ་པའི་རྣམ་འགྱུར་ལ་བལྟས་ན་ང་བྲོས་ཚེ་མཉམ་དུ་འགྲོ་རྒྱུའི་བཟོ་བལྟ་འདུག་ ཀྱང༌།
ང་རང་གི་སྐྱེ་དམན་ལ་ཕྲུ་གུ་སྐྱེ་རྒྱུ་མཐོ་པོ་ཡོད་སྟབས་ཕྲུ་གུ་ སྐྱེས་མ་ཚར་ བར་འགྲོ་ཐབས་མི་འདུག་བསམ་སྟེ་ཏཱ་ལའི་བླ་མ་སྐུ་འཁོར་ཕེབས་གྲུབ་ཀྱང༌། བྱེད་སྒོའི་སྐོར་སང་གནངས་སྐད་ཆ་ཡོང་རྒྱུར་དེ་མཚམས་བཀའ་མོལ་ཞུས་ཆོག་ལབ་པས་ ཁོ་པ་ཕྱིར་ཐོན་སོང༌། ཚེས་ ༡༠ མཚན་མོ་ནམ་སྨད་ནས་མེ་མདའ་བརྒྱབ་པའི་སྒྲ་སྐད་ཐོས་ཀྱི་འདུག ཚེས་ ༡༡
སྔ་ དྲོ་ནས་ནོར་གླིང་ཕྱོགས་སུ་མེ་མདའ་དང་མེ་སྒྱོགས་མང་པོ་རྒྱག་པའི་སྒྲ་གོ་བ་ ལས་འགྲོ་ལམ་ཆད་དེ་ཐར་ས་མི་འདུག ལྕགས་པོ་རིར་མེ་སྒྱོགས་དང་མེ་མདའ་རྒྱག་རེས་བྱེད་པ་མཐོང་གི་འདུག ཚེས་ ༡༢ སྔ་དྲོ་ནས་ལྷ་ས་གྲོང་ཁུལ་དུ་ཟིང་ཆ་ཆེན་པོ་ལངས་ཏེ་མེ་སྒྱོགས་དང་མེ་མདའ་འཕེན་ རེས་ཇེ་ཆེར་ཕྱིན་སྟབས་ང་རང་ལྷ་སའི་ནང་བསྡད་ཡོད་གཤིས།
མེ་མདའ་དང་མེ་ སྒྱོགས་ཀྱི་ཉེན་ཁ་ཆེན་པོ་འདུག་སྟབས་ངས་རང་ཉིད་ཀྱི་ཁང་པ་སྲུང་ མི་སྒོ་སྲུང་ཁམས་པ་མི་གཉིས་དང་གཡོག་པོ་བྱིངས་དེར་བཞག་སྟེ། སྐྱེ་དམན་དང་ཕྲུ་གུ་སྔོན་ལ་ག་ལེར་ག་ལེར་བཏང་ཐོག ང་རང་དང་གཡོག་པོ་མི་གསུམ་བཅས་དྲག་ཆས་སྤྲས་ཏེ་ཁང་པའི་རྒྱབ་ཕྱོགས་ཤོད་ཁང་གི་ སྒེ་ཁུང་ནས་ཐོན་ཏེ་ལྷ་ས་ཕུར་བུ་ལྕོག་གི་ཁང་པར་འཛུལ་བ་ཡིན།
དེ་ཉིན་ར་མོ་ ཆེ་དང་གཙུག་ལག་ཁང་གི་རྒྱུད་ལ་འཐབ་རྩོད་ཤུགས་དྲག་བྱས་སོང་ཡང་ མཐར་དགོང་དྲོ་ལྷ་ས་ཁུལ་ཕལ་ཆེར་ཞོད་འཇགས་སུ་གྱུར་ཏེ་ཁང་སྟེང་མང་ཆེ་བ་ནས་ཁ་ བཏགས་གཡུག་གཡུག་བྱེད་ཅིང༌། མི་ཁག་ཅིག་ལྷ་སའི་བྱང་ཕྱོགས་ནས་བྲོས་འགྲོ་གི་འདུག དེའི་མཚན་མོ་ང་རང་མཛོད་པ་བཀྲིས་རབ་བརྟན་ནས་ཟེར་དོན་སྐུ་ངོ་བཞུགས་ན་ཡག་པོ་ ཡོང་གི་མ་རེད།
དཔོན་གཡོག་ཉུང་ཤས་ཤིག་བྱས་ཏེ་ཕེབས་ན་ཟེར་གྱི་འདུག ང་རང་གི་བསམ་བློར་ད་ནི་ཕྲུ་གུ་དང་སྐྱེ་དམན་མཉམ་དུ་ཁྲིད་ཐུབ་པའི་རེ་བ་བྲལ་ སོང༌། རང་ཉིད་ངོ་གཡོག་གཉིས་གསུམ་བྱས་ཏེ་བྲོས་འགྲོ་དགོས་བསམ་སྟེ་འགྲོ་ཆས་རོབ་ཙམ་ བསྒྲིགས་ཐོག སྐྱེ་དམན་དང་ཕྲུ་གུ་རྣམས་ལ་སྐད་ཆ་ཚིག་གཅིག་གཉིས་བཤད་དེ་འགྲོ་རྩིས་བྱེད་ སྐབས་སྐྱེ་དམན་ལ་ཕྲུ་གུ་སྐྱེ་རྒྱུ་མཐོ་པོ་ཡོད་པ་དང༌།
ཕྲུ་གུ་བྱིངས་རྣམས་ ཀྱང་ཆུང་ཆུང་ཡིན་སྟབས་དེ་རྣམས་མཐོང་དུས་ངའི་བསམ་བློའི་ ནང་འདི་ཚོ་གཡུགས་བཞག་སྟེ་ང་བྲོས་ཕྱིན་ན་ཁོང་ཚོར་དཀའ་ངལ་ཆེན་པོ་ཡོང་རྒྱུར་ བརྟེན་ད་ཆ་དཀའ་ངལ་ག་འདྲ་བྱུང་རུང་ང་རང་བསྡད་ན་དགའ་བ་འདུག་བསམ་སྟེ་འགྲོ་གི་ མིན་ལབ་པར། མཛོད་པས་བཤད་དོན་ཁྱེད་རང་གི་སྲོག་ལ་ཉེན་ཁ་མི་ཡོང་ངམ་ཟེར་གྱི་འདུག
དེ་ལན་ ངས་ཁོ་པར་སེམས་གསོ་གཏོང་བ་དང་སྦྲགས་བཤད་པར། དེ་སྔོན་ཆབ་མདོ་བཅིངས་འགྲོལ་གཏོང་དུས་འཛིན་བཟུང་བྱས་པ་རྣམས་བསད་ཡོད་པ་མ་ རེད། ད་རེས་ཀྱང་ཨའུ་ཙམ་མི་ཡོང་ངམ་ལབ་ཅིང༌། དེ་ནས་ང་སྡོད་རྒྱུར་གཏན་འཁེལ་བ་ཡིན། སང་ཚེས་ ༡༣ སྔ་དྲོ་བཅིངས་འགྲོལ་དམག་མི་ཁང་པའི་ནང་སླེབས་བྱུང་བར་མགོ་བཏགས་ཞུས་པ་ཡིན། ཁོང་ཚོས་ང་ཚོ་ལྷ་སའི་ཁང་པའི་ནང་ཁྲིད་བྱུང༌།
དེར་བཅིངས་འགྲོལ་དཔོན་དམག་ ཁག་ཅིག་སླེབས་ཚར་འདུག དེ་ནས་ང་རང་ཅུན་ཆུས་ལ་ཁྲིད་དེ་འཛིན་བཟུང་ཁོངས་ཚུད་སོང༌། གང་ལྟར་ང་ཚོས་ཡོད་རྒུ་རྩལ་སྤྲུག་ཇི་ལྟར་བྱས་ཀྱང་ཉིན་མ་ཕྱེད་གཉིས་ནང་རྩ་ འཐོར་དུ་ཕྱིན་པ་རེད། ཞེས་བྲིས་འདུག
རྒྱལ་གཅེས་ལྷག་བསམ་ཅན་གྱི་སྐུ་དྲག་ལྷ་ཀླུ་ཚེ་དབང་རྡོ་རྗེའི་རང་གི་བྱུང་རིམ་ དང་འབྲེལ་བའི་སྐབས་དེ་དུས་ཀྱི་ལོ་རྒྱུས་དངོས་བྱུང་དུམ་བུ་འདིའི་ཐོག་ནས་ནོར་ གླིང་དང་ལྷ་སའི་ཁུལ་དུ་དོན་སྐྱོན་གང་ཞིག་བྱུང་ཡོད་པ་དང༌།
དོན་སྐྱོན་ དེའི་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དྭངས་བླང་དཔའ་བོ་ ཚོས་རྒྱལ་གཅེས་བཙན་རྒོལ་གྱི་ལས་འགན་གང་ཞིག་སྤེལ་ཡོད་པ་གསལ་པོ་བསྟན་ཡོད་པ་ རེད། ལྷ་སའི་མི་དམངས་རང་དབང་སྒེར་ལངས་ནང༌། དྭངས་བླང་དམག་གི་མིང་ཙམ་ཡང་ཡོད་པ་མ་རེད། ཅེས་པའི་རྫུན་ཚིག་སྤེལ་མཁན་དེ་ཚོར་རང་བཞིན་གྱིས་རྫུན་རྐུབ་བརྡོལ་བའི་ངོ་ཚ་ ཞིག་ཉོ་དགོས་ཐུག་པ་རེད།
གཞན་ལོ་རྒྱུས་དུམ་ཚིག་དེའི་ནང་ངོ་ལོག་ཇག་པ་དང་ མི་དམངས་འཐུས་རྫུས་ཟེར་བ་ སོགས་ནི་ཡུལ་དུས་ཀྱི་གནས་བབ་ངོ་སྲུང་ཙམ་ལས་གོ་བའི་གནས་ཚད་ཀྱི་དོན་དངོས་ལ་ འཁྲུལ་བའི་རྣམས་རྟོག་ཤར་མི་ཉན།
ལྷ༵་ཀླུ༵་ལྷག་བསམ་ལྷ་ལས་ཕུལ་བྱུང་བ།།
མཐོང་ཚེ༵་ཡིད་ཀྱི་དབ༵ང་པོའི་དཀྱིལ་འཁོར་ངོས།།
སྙིང་སྟོབས་རྡོ་རྗེའི་རི་མོ་བརྐོས་པ་ལས།།
རྒྱལ་འཚོང་བྱ་སྤུ་རླུང་འཁྱེར་མིན་པར་ཤེས།།
23༽
ཀོང་པོ་རྒྱ་ཞིང་གི་རྒྱ་ཡི་དམག་སྒར་ཐོག་དམག་འཐབ།
དུས་སྐབས་དེ་དག་ཏུ་ལྷོ་ཁུལ་དུ་ཡོད་པའི་རང་ཕྱོགས་དམག་སྒར་ནས་རྩེད་ཐང་ཕུད་ པའི་ལྷོ་ཁུལ་ཡོངས་རྫོགས་གཙང་མ་བཟོས་ཟིན་ཅིང༌། རྩེད་ཐང་སྒང་སྦུག་གི་ཤར་ལྷོའི་ཁང་པ་གཉིས་སུ་རྒྱ་དམག་འཛུལ་ཞིང་ས་དོང་གཏིང་ རིང་དུ་འཛུལ་ཡིབས་བྱས་ཡོད་རྐྱེན་རེ་ཞིག་རྩེད་ཐང་ཁུལ་ཡོངས་རྫོགས་གཙང་མ་བཟོ་ ཁག་ཙམ་ཡོད་ནའང༌། དྭངས་དམག་དང༌།
མི་དམངས་སེམས་ཤུགས་འཕེལ་ཕྱིར་རྩེད་ཐང་ ལེན་ཚུལ་དང༌། འགོ་དམག་སྟོང་ཕྲག་སྐོར་མལ་གྲོ་དང༌། བདེ་ཆེན། སྟོད་ལུང་བཅས་སུ་ཞག་བདུན་ཕྲག་ལས་མ་འགྱངས་པར་འབྱོར་རྒྱུ་ཡིན་ཚུལ་གྱི་ཡི་གེ་ བཏང་བ་དང༌།
ཤོ་སྟར་ལྷོ་གསུམ་ཁུལ་ཡོད་སྤྱི་འདོམས་དམག་སྤྱི་ཆེ་མོ་མཆོག་ གིས་གཙོས་འགོ་དམག་ རྣམས་ལྷོ་ཁར་བྱོན་རྒྱུར་བརྟེན་ཀོང་པོ་རྒྱུད་ཀྱི་ཕེབས་ལམ་བདེ་བགྲོད་ཐུབ་པའི་ སླད་དུ་ཆབ་མདོ་གཙོ་འཛིན་བློ་ཉི། ཆབ་མདོ་དམག་སྤྱི་པདྨ་དབང་འདུས། སྡེ་དགེ་བརྒྱ་དཔོན་སྤ་ཚ་ཁྲ་རིས།
སྨར་ཁམས་རྒྱ་དཔོན་རབ་རྒྱས་གསུམ་གྱིས་ གཙོས་རུ་ཤོག་སོ་སོ་ནས་བསྡུས་པའི་རྟ་ དམག་བརྒྱ་སྐོར་ཀོང་པོ་རྒྱ་ཞིང་ཁུལ་ཡོད་རྒྱ་དམག་ལ་ཕར་རྒོལ་བྱ་ཕྱིར་བརྫངས།
ཁོང་རྣམས་བོད་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་ཞིང་ཉེ་མཚམས་སུ་འབྱོར། དེར་རི་ཟུར་ཞིག་ཏུ་རྟ་རྣམས་བཞག་སྟེ་ཁས་ལེན་པ་སུམ་ཅུ་ནངས་པར་སྔ་དྲོ་རྒྱ་དམག་ སྡོད་ཁང་གི་གཞུང་སྒོ་ཕྱེ་བ་དང་ཐེ་ཚོམ་མེད་པར་ནང་དུ་འཚང་རྒྱུ་དང༌། ཁ་ཤས་ཁང་པའི་གཡས་གཡོན་དུ་སྒུག་ར་བཟུང་སྟེ་སྡོད་རྒྱུར་གྲོས་ཐག་བཅད། རྒྱུན་དུ་ཞོགས་པ་སྔ་པོ་ནས་དམག་སྒར་གྱི་སྒོ་ཕྱེ་རྒྱུ་ཡོད་སྐད་ཀྱང༌།
དེ་ ཉིན་རྒྱ་མིར་དྭོགས་འཆར་བྱུང་བའམ་ཇི་ལྟར་ཡང་ཉི་མ་ཤར་ནའང་ད་དུང་སྒོ་ཕྱེ་ མཁན་མེད་པས་བསྒུགས་ནས་བསྡད། ཆུ་ཚོད་དགུ་པ་ཙམ་ལ་རྒྱ་དམག་གཅིག་གིས་གཞུང་སྒོ་ཕྱེ་མ་ཐག་ཏུ་ཁས་ལེན་པ་རྣམས་ ཀྱིས་རྒྱ་དམག་དེ་བསད་པ་དང༌། སྡེབ་གཅིག་ཏུ་མེ་མདའ་ཕྲག་པར་ཁུར་ཞིང་གྲི་བཏོན་ནས་ཐེ་ཚོམ་མེད་པར་གཞུང་སྒོ་ ནང་འཚང་འཛུལ་བྱས། རྒྱ་དམག་རྣམས་ཁང་འོག་ས་དོང་དང༌།
ཁང་པ་སོ་སོར་འཛིང་ར་ ཡོད་པ་ནས་མེ་མདའ་དང༌། བྷི་རན་ཀན་སོགས་ཧ་ཅང་ཤུགས་དྲག་ཆེན་པོས་སྡེབ་གཅིག་ཏུ་བརྒྱབ་བྱུང་བར་རང་ཁོངས་ ཁས་ལེན་པ་རྣམས་ནས་ཀྱང་སོ་ཁུང་སོ་སོར་དེ་ལན་མེ་མདའ་ཟམ་མི་ཆད་པར་བརྒྱབ་པ་དང༌། ལག་འབོམ་གཡུགས་པ་སོགས་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་དྲག་པོ་ཉིན་གོང་བྱས། ལྷག་པར་ཆབ་མདོ་དམག་སྤྱི་པདྨ་དབང་འདུས་ནས་དང༌།
སྡེ་དགེ་བརྒྱ་དཔོན་སྤ་ཚ་ ཁྲ་རིས་གཉིས་ཅན་དཔའ་ངར་ཁས་ལེན་པ་རྣམས་རྒྱ་སྒར་གྱི་ ལྕགས་རིའི་མདུན་ངོས་ཞིང་ཁའི་གད་འོག་ནས་ཐང་དུ་ཐོན་ཏེ། རྒྱ་སྒར་གྱི་ལྕགས་རིའི་མདུན་ངོས་ནས་རྒྱུགས་པར། རྒྱ་དམག་གི་སྒུག་རའི་སོ་ཁང་ནང་ནས་སྦི་རན་ཀན་བརྒྱབ་སྟེ་བརྒྱ་དཔོན་སྤ་ཚ་ཁྲ་ རིས་གཙོས་དཔའ་བོ་མི་གྲངས་བཅུ་བདུན་དུས་གཅིག་ཏུ་བསད་ཤོར།
དམག་སྤྱི་ཆབ་ མདོ་པད་མ་དབང་འདུས་དང་པོར་རྒྱ་སྒར་གྱི་ལྕགས་རིའི་འཁྲིས་སུ་ སླེབས་པས་སྲོག་སྐྱོན་མ་བྱུང༌། གཞན་རྣམས་མེ་མདའི་སོ་ཁུང་ཐད་ཐེ་ཚོམ་མེད་པར་མཆོང་ནས་དགྲ་རྫོང་དུ་མ་བསྟུད་མར་ བླངས།
དཀར་མཛེས་བརྒྱ་དཔོནད་ཚེ་དབང་མགོན་པོས་རྒྱ་དམག་གི་འཛིངས་རྭ་ཁ་ནས་ འཕེན་བཞིན་ པའི་མེ་མདའ་སྦག་སྦག་གི་ཁ་ནང་དུ་རང་གི་མེ་མདའི་ཁ་བརྫངས་ནས་འཕེན་རེས་བྱས་པས་ མེ་མདའ་གཉིས་ཀ་འགད་དེ་འདས་གྲོངས་ཤོར།
དེ་ཉིན་རྒྱ་དམར་གྱི་དམག་སྒར་གྱི་ཕྱོགས་བཞིར་དགྲ་རྫོང་དང༌། དཀྱིལ་དུ་ཉལ་ཁང་དང་དེའི་འཁྲིས་སུ་གོ་མཛོད། མཐའ་རུ་དོ་ཁང་དང་ཁྲུས་ཁང་ཡོད་ཅིང༌། རང་དམག་ཁས་ལེན་པ་རྣམས་ཀྱིས་དཀྱིལ་གྱི་རྒྱ་དམག་ཉལ་ཁང་དང༌། གོ་མཛོད་བཅས་མེར་བསྲེགས་བཏང་བར་བརྟེན་རྫས་མདེལ་འབར་གས་ཀྱི་སྒྲ་དང༌། མེ་ཡིས་ཚིགས་པས་དུ་ཞག་གི་ནམ་མཁར་ཁེངས་ཏེ་ཉིན་གཉིས་ཙམ་ལའང་མེ་ཐག་མ་ཆད།
རང་ ཕྱོགས་ཀྱི་ཁས་ལོན་དཔའ་བོ་ཚོས་གཅིག་རྗེས་གཉིས་འཆང་གིས་དགྲ་རྫོང་ཡོངས་སུ་ བཟུང་བ་དང་རྒྱ་དམག་ཁག་གཅིག་ཉེ་འཁྲིས་ཀྱི་ནགས་གསེབ་ཏུ་འཛུལ་ནས་མེ་མདའ་ཆེ་ ཆུང་འདྲ་མིན་གྱིས་ཕྱོགས་གང་ས་ནས་བཙགས་ཏེ་དྭངས་བླངས་དཔའ་བོ་མང་པོ་ཤི་རྨས་ བཟོས། དགྲ་བོའི་མེ་མདའི་དྲག་ཆར་ཁྲོད་ནས་ཁས་ལེན་དཔའ་བོ་འགའ་ཞིག་མ་གཏོགས་ཕྱིར་མ་ཐར་ བར།
དགྲ་རྫོང་དེའི་ས་གནས་རང་དུ་སྲོང་བཙན་སྒམ་པོའི་གཟེངས་རྟགས་དང༌། བྱང་ཆུབ་མཆོད་རྟེན་གྱི་དྲན་རྟེན་ལ་ཞེ་ཆགས་མེད་པའི་ཐོག་ནས་བོད་བསྟན་སྲིད་ ཀྱི་དོན་དུ་རང་སྲོག་བློས་བཏང་ནས་འཇིག་རྟེན་འདིར་གྱེལ་མཇལ་བྱས། ས་རུབ་པ་དང་དཀར་མཛེས་ལྷག་པ་ཚེ་དབང་ནས་རང་དམག་རྐྱེན་འདས་ཤོར་བ་རྣམས་ཀྱི་གོ་ ལག་བསྡུ་རུབ་ཀྱིས་དམག་སྒར་དེའི་ནང་ནས་ཕྱིར་ཐོན།
སྐབས་དེར་དཀར་མཛེས་ལྷག་ པ་ཚེ་དབང་གིས་རང་སྲོག་བློས་བཏང་གིས་དགྲ་འཐབ་དཔེ་འོས་ བྱས་པ་དང༌། དགྲ་དམག་བཅུ་ཕྲག་དུ་མའི་ཚེ་སྲོག་ལ་བཞི་ཤད་འཐེན་པའི་དཔང་རྟགས་སུ་གོ་ལག་ཀྱང་ འབུལ་རྒྱུ་ཡོད་སྟབས་གཟེངས་སྟོད་དུ་དམག་སྤྱིའི་གནས་སྤར་མཛད།
རྨས་དམག་རྣམས་ལྷོ་ཁའི་དམག་སྒར་དུ་བརྫངས་ཏེ་འགོ་དམག་ལྷག་འཕྲོས་རྣམས་རྒྱ་ཞིང་དུ་ཞག་བདུན་ཙམ་བསྡད་ནས་དམག་སྒར་དུ་ཕྱིར་ལོག་བྱས།
དམག་འཐབ་དེའི་ནང་ཀོང་རག་གཡུང་དྲུང༌། ཀོང་རག་བཀྲ་ཤིས་ཚེ་རིང༌། ཚ་བ་རོང་པ་གཡུང་དྲུང་ཕུན་ཚོགས་དང༌། དཀང་མཛེས་གྱེས་གསལ། དཀར་མཛེས་བརྒྱ་དཔོན་འཁྲུང་གསར་ཚེ་དབང་མགོན་པོ། དཀར་མཛེས་ཞི་སྲས། དཀར་མཛེས་མུ་མདའ་ཚང་མགོན་པོ་རྣམ་རྒྱལ་ཕ་བུ། དཀར་མཛེས་གསེར་ཆུ་སྟེང་ཚེ་དབང་མགོན་པོ། ཆབ་མདོ་དཔལ་ལྡན་རྒྱ་མཚོ། ཆབ་མདོ་ཚེ་རིང་ཕུན་ཚོགས།
སྡེ་དགེ་བརྒྱ་དཔོན་ཕྲ་རིང༌། སྡེ་དགེ་དབང་འདུས་ཚེ་དབང༌། སྨར་ཁམས་ཆོས་གྲགས་སོགས་རང་དམག་ཁས་ལེན་པ་མི་གྲངས་ ༡༨ རིམ་གྱིས་རྐྱེན་འདས་ཤོར་བ་དང༌། ཆབ་མདོ་ལྷོ་པ་ཁམས་པ། ཆབ་མདོ་བསམ་ནོར། ཆབ་མདོ་གཅུང་ཚེ་རིང༌། ཆབ་མདོ་ཀླུ་ཁང་བུ། སྨར་ཁམས་དགྲ་འདུལ་སོགས་རང་དམག་མི་ ༦ རྨས་སྐྱོན་ཤོར།
དེའི་སྐོར་སྐབས་དེར་དམག་ས་རང་དུ་རྒོལ་འཛིངས་ནང་དངོས་སུ་ཞུགས་མྱོང་བའི་མི་ད་ ལྟར་སིམ་ལར་ཡོད་པ་དཀར་མཛེས་མུ་ཏིག་ལྟག་ཚང་བློ་བཟང་ཡར་འཕེལ་གྱིས་རང་གིས་ མཐོང་ཐོང་བྱུང་བ་བཤད་པ། རྟའུ་ཆོས་མཛད་ཀྱིས་ཡིག་ཐོག་ཏུ་ཕབ་པའི་ནང་དུ་འདི་ལྟར་འཁོད་འདུག ལྕགས་ཚ་གྲི་གུ་ཐང་དུ་དམག་སྒར་ཨ་མར་འཛུལ་ཞུགས་བྱས་ཏེ། ཡུན་རིང་མ་སོང་བར་ཉིན་ཞིག
དམག་སྒར་ཨ་མའི་བཀའ་ལྟར་ལི་ཐང་ཇ་མ་སྦྱིན་བདག་ འགོ་ཁྲིད་དེ། ང་ཚོ་རྟ་པ་བརྒྱ་དང་ཉི་ཤུ་རྩ་ལྔ་ཀོང་པོ་རྒྱ་མདའ་རུ་ཤངས་དགའ་ལྡན་ཆོས་འཁོར་ གླིང་དུ་གོ་ལག་ལེན་མཁན་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་སོགས་དམག་མི་བདུན་ བརྒྱ་ལྔ་བཅུ་ལྷག་ཙམ་ཕེབས་བསུར་འགྲོ་སྐབས། དམག་སྒར་ཨ་མ་ནས་མཚོན་ཆ་མཁོ་འདོན་འདི་ལྟར་བྱས། རིང་མཐའ་བཀྲ་ཤིས་ཁ་རིང་ཨང་རྟགས་ ༣༠༣
ཅན་ངོ་གྲངས་ ༤༥ དང་དེའི་མདེལ་གྲངས་ ༤༦༥༠ ཀྲེང་གྷན་ངོ་གྲངས་ ༨ དང་ལྕགས་ཤུབས་གྲངས་ ༤༠ ལ་རེར་མདེལ་གྲངས་ ༣༡ གཞན་ཡང་སྤ་མེ་ལན་གྱི་མདའ་སོགས་ཡོད་པ་རེད། ལམ་བར་དུ་ཀོང་པོ་རྒྱ་ཞིང་ཟེར་སར་རྒྱ་མིའི་དམག་སྒར་ཞིག་ཡོད་པ་རེད། སྔོན་ནས་གྲ་སྒྲིག་ཡོད་པ་བཞིན་ང་ཚོའི་དམག་ཇུས་འགོད་སྟངས་ནི། དམག་དཔུང་ ༡༢༥
དུམ་ བུ་བཞིར་བགོས་ཏེ་སྟག་སྒོའི་ཕྱི་ལོག་རི་སྒང་ཞིག་ཡོད་པའི་འོག་ཏུ་མི་གྲངས་ སུམ་ཅུ་སོ་གསུམ་གབ་བསྡད་པ་དང༌། ལྷག་མ་ཁག་གསུམ་པོས་ལོ་གསར་ཚེས་པ་གཅིག་སྟེ། ཞོགས་པ་ཕྱག་ཚོད་བརྒྱད་པ་ཐོག་རྒྱ་མིའི་དམག་སྒར་ཆུ་ལེན་པ་ཞིག་གིས་སྒོ་ཕྱེས་བ་ དང་སྟབས་བསྟུན་ཏེ། ཚང་མས་གཅིག་གཉིས་གསུམ་གྱིས་ནང་དུ་མཆོང་སྟེ།
དམར་འཛིང་ བརྒྱབས་པ་དང་རྒྱ་དམག་གིས་དོགས་ཟོན་དང་གྲ་སྒྲིག་གསང་སྒུག་བྱས་འདུག དེ་འཕྲལ་མེ་མདའ་དྲག་ཆར་བཞིན་བརྒྱབས་པ་ང་ཚོ་རི་རྩེ་ཡོད་པ་ཚོས་མཐོང་བ་འདི་ ལྟར།
མེ་མདའི་སྒྲ་ཅི་ཡང་མེད་པར་རྡེའུའི་སྒྲས་ལྡིར་ལྡིར་ལྡིར་ལྡིར་ལྡིར་ ཞེས་ལྡིར་ སྒྲ་དང་ཐལ་རྡུལ་མེ་མདའ་རྒྱག་ཤུལ་མེ་སྟེགས་མཆེད་པ་དབྱེ་བ་མེད་པར་མེ་ཕུང་ཆེན་ པོ་ལྟ་བུས་རེ་ཞིག་འཛིང་ར་ཡང་མི་མངོན་པར་གྱུར། སྐབས་དེར་ཁང་པ་གཅིག་ཏུ་རྒྱ་དམག་ལྔ་བསད།
དམག་ཁང་གཞན་གཉིས་ཀྱི་ནང་དམག་མི་ གཅིག་ཀྱང་མེད་པར་སྔ་ས་ནས་སོ་ཁུག་གམ་སྒུག་རར་ འཛུལ་ཟིན་པས་ཆུ་ཚོད་ཕྱེད་ཁའི་དུས་ཡུན་ལ་རང་དམག་བཅུ་དྲུག་བསད་ཅིང་མི་ལྔ་རྨས་ པའི་ཤི་རྨས་ཉི་ཤུ་རྩ་གཅིག་ནས་དཀར་མཛེས་བ་ལྔ་བསད། དེའི་ནང་ང་རང་གི་ཕ་གཅིག་མ་གཅིག་གི་གཅེན་པོ་ཚེ་དབང་མགོན་པོའི་སྐུ་སྲོག་ཀྱང་ དེར་ཤོར་བ་རེད། སྐབས་དེར་ཁོང་དགུང་ལོ་ ༣༧ སྐག་ཐོག་ཡིན།
ཆབ་མདོ་བ་བཞི། སྨར་ཁམས་པ་ལྔ༌། སྡེར་དགེ་བ་གཉིས་བཅས་དམག་ས་དེ་ག་རང་དུ་བསད་པ་རེད། ཅེས་དང༌། སྐབས་དེར་རྨས་མ་ལྔ་བོ་སྐྱེལ་མཁན་མི་བཅུ་བཏང་རྗེས། ང་ཚོ་སླར་ཡང་ཉི་མ་ལྔ་སྒུག་སྟེ་རྒྱ་མིའི་འཐུང་ཆུ་བཀག་འགོག་བྱས་ནས་སྡོད་སྐབས་ དཀར་མཛེས་བ་ལྷག་པ་ཚེ་དབང་ད་དུང་ཤི་རྨས་གང་འགྱུར་མ་རྙེད་པ་རེད།
ཁོང་ཡུན་ རིང་རྒྱ་མི་སྒུག་ར་སར་ཡིབ་ནས་ཉིན་ཞིག་རང་དམག་བསད་པ་རྣམས་ཀྱི་མེ་ མདའ་མང་ཆེ་བ་བསྡུས་ཏེ་དམག་སྒར་དུ་བདེ་འཇགས་ངང་སླེབས་པའི་རྗེས་སུ་ཁོང་ལ་དམག་ སྒར་ཨ་མས་དམག་སྤྱིའི་གོ་གནས་སྤྲད་པ་རེད། ང་ཚོ་རི་རྩེ་ནས་སྒུག་སྐབས་རྒྱའི་དམག་སྒར་དུ་ཀོང་པོ་རྒྱ་ཤོད་ཀྱི་བུ་མོ་ཞིག་ སྔ་ས་ནས་མནའ་མ་སོང་ཡོད།
མོའི་ཕས་བུ་མོའི་བདེ་འཇགས་ལ་་སེམས་ཁྲལ་གྱིས་རི་ རྩེའི་གྲོང་པ་ནས་གསང་བའི་ངང་ རྒྱ་དམག་ལ་ང་ཚོ་གྲོང་གཤམ་གྱི་རི་འབུར་དེར་སྒུག་ཡོད་འདུག་ཅེས་བརྡ་བཏང་ཡོད་ སྟབས།
ང་ཚོས་མོའི་ཕ་འཛིན་བཟུང་བྱས་ཏེ་ཐག་པ་ཞིག་རྐེད་པར་བཏགས་ཏེ་སྒུག་ རའི་སྒོ་ འགྲམ་དུ་བཏང་ནས་བཤད་དོན་རྒྱ་རོ་ཁྱོད་རྒྱལ་ཁབ་ཀྱི་དམག་མི་མ་རེད་དམ་ད་ཁྱོད་ ཚོ་ང་ཚོ་ཁམས་པའི་ཇག་པ་ལ་ཞེད་ཀྱི་འདུག་གམ་ད་ལྟ་རང་ཐོན་ཤོག་ང་ཚོ་ཕོ་ཁྱོ་ག་སུ་ རེད་འདུག་ལྟ་ཆོག
གལ་ཏེ་མ་ཡོངས་ན་ང་ཚོས་ཁྱོད་ཚོའི་སོ་པ་བོད་མི་འགོ་གཉིས་ མ་ཁོ་གསོད་རྒྱུ་ཡིན་ ཞེས་སྐད་ཇི་ལྟར་བརྒྱབས་ཀྱང་ཁོ་ཐོན་རོགས་མ་བྱས་པས་ང་ཚོས་སོ་པ་དེ་དེ་གར་གསོད་ དགོས་ཐུག་བ་རེད། རྒྱ་དཔོན་རེ་གཉིས་ཤིག་སྒོའི་ཕྱིར་ཕར་འགྲོ་ཚུར་འོང་བྱས་ཏེ་དམག་བྱིངས་ལ་ཉེན་ སྲུང་བྱས་པ་ཤེས་ཐུབ།
ང་ཚོས་རེ་བ་མེད་པ་ཤེས་རྟོགས་བྱུང་རྗེས་རྩེ་ཐང་མགོན་ པོ་རིར་དམག་ཕར་རྒྱག་ཚུར་ རྒྱག་དང་ཕར་བསད་ཚུར་བསད་བྱས་ཏེ་བསྡད། བསྟན་པ་དར་རྒྱས་ཀྱི་ལོ་རྒྱུས་ར་སྨད་གྲུ་ཁ་ཞེས་པ་ལས། བྱང་བསྐྱོད་ཨ་འབྲུག་སྦྱིན་བདག་མཆོག་བསུ་མཁན་ཀོང་པོ་རྒྱ་ཞིང་སུ་སླེབས་ཚེ། ཀོང་པོ་རྒྱ་ཞིང་སུ་རྒྱ་སྒར་ཆེན་པོ་ཞིག་ཡོད་འདུག
རང་དམག་རྣམས་ཀྱིས་རྒྱ་ སྒར་དེ་མ་གཏོར་ན་འགྲིག་གི་མི་འདུག་བསམས་ནས་བརྒྱ་ཤོག་ རེ་ནས་ཁས་ལེན་པ་མི་གསུམ་རེ་དོན་ནས་དམག་སྒར་གྱི་ཐོག་ཏུ་རྒྱུག་རྒྱུ་བྱས། སྐབས་དེར་དཀར་མཛེས་བརྒྱ་ཤོག་གཉིས་ཡོད་པའི་ནང་ནས་ཁས་ལེན་པ་མི་དྲུག་དོན་འདུག
བརྒྱ་ ཤོག་རེ་རེ་ནས་དོན་པའི་ཁས་ལེན་པ་སུམ་ཅུ་དེ་མངོན་ཆུང་ངང་དགོང་མོར་རྒྱ་ སྒར་གྱི་རྩར་བཅར་ནས་ཞོགས་པརརྒྱ་སྒར་ཐོག་ཏུ་བརྒལ་རྒྱུ་བྱས། སང་ཞོགས་རྒྱ་མི་ཞིག་གིས་སྒོ་ཕྱེས་ནས་ཆུ་སྣོད་ཅིག་ཁུར་ཏེ་ཆུ་ལེན་དུ་འོང་བ་ དང་མཉམ་དུ་རང་དམག་ཁས་ལེན་པ་རྣམས་ཀྱིས་གཡོ་སྒྱུ་ཡིན་པ་མ་ཤེས་ནས་ཀི་ལྡིར་ གཏོང་བཞིན་དམག་སྒར་དུ་མཆོང་འདུག
དམག་སྒར་ནང་དུ་མ་སླེབས་གོང་ནས་རང་དམག་ གསུམ་རྐྱེན་ལམ་དུ་བཏང་ཤོར་དམག་སྒར་དུ་ སླེབས་ཟིན་རྗེས་གྲ་སྒྲིག་ཆ་ཚང་ཡོད་པའི་རྒྱ་དམག་དག་གིས་ཕྱོགས་མཚམས་ནས་མེ་ མདལ་སེར་རྒོད་འབབ་འབབ་བྱས་པས་རང་དམག་ཁས་ལེན་པ་བཅོ་བརྒྱད་ཙམ་བསད་ཐོག་མི་ དྲུག་ཙམ་རྨས་སྐྱོན་ཕོག སྐབས་དེར་དཀར་མཛེས་བརྒྱ་ཤོག་གཉིས་ཀྱི་ཁས་ལེན་པ་དཀར་མཛེས་དམག་སྤྱི་ལྷག་པ་ཚེ་ དབང་དང༌།
པུས་མོ་འབུག་ཚང་བློ་དགའ། དབང་རྒྱལ་ར་མིག་གསུམ་ལས་གཞན་མུ་མདའ་མགོན་པོ་རྣམ་རྒྱལ་གྱི་བུ་རྡོ་རྗེ་དོན་ འགྲུབ། ཇུང་སེ། ཚེ་དབང་མགོན་པོ། མུ་ཏིག་ལྟག་ཚང༌། བེ་རི་བ་ཕོ་གསར་བཅས་མི་ལྔ་རྐྱེན་ལམ་དུ་ཤོར་འདུག (ཅེས་བཤད་པ་ནི་འདིའི་ཁུངས་སུ་དྲངས་ཀྱང༌། ཨ་ཁུ་ཡར་འཕེལ་གྱི་བཤད་པ་དང་ཅུང་ཟད་མི་མཐུན་ས་ནི།
མི་བརྒྱད་བསད་ཅེས་དམག་ ས་དེར་བསད་པའི་མི་གཉིས་མང་བ་དང་ཡང་རྨས་མ་དྲུག ཅེས་མི་གཅིག་མང་གི་ཡོད་པ་སོགས་ནི། ཐུག་ཁག་མེད་པ་ཞིག་རེད། གང་ཡིན་ཞེ་ན། སྐབས་དེར་སྒེར་གྱི་ཉིན་ཐོ་འབྲི་སྲོལ་ནི་མེད་པས་སྒྲུང་སྤྱིའི་ཁོག་མཐུན་པ་གལ་ ཆེ་བ་ལས་ཅུང་ཟད་མི་འདྲ་བ་ནི་ཡོང་སྲིད་པ་ཞིག་རེད། )
གོང་གསལ་དགྲ་འཐབ་དེའི་ནང་དགྲ་བོའི་བསྟི་གནས་རྩ་གཏོར་བཏང་ནས་རང་ཕྱོགས་ལ་ རྒྱལ་ཁ་ཆེན་པོ་ཐོབ་པའི་ཁྲག་རིས་ཀྱི་ལོ་རྒྱུས་གསོན་པོ་འདིས་བུ་རབས་ཚ་རྒྱུད་ ཚོར་མིག་ཆུ་དང་འཛུམ་ཀོང་འདྲེས་པའི་ཚོར་སྣང་སྐྱུར་མོ་ཞིག་ཀྱང་སྦྱིན་སྲིད།
ཀོང་པོ་རྒྱ་ཞིང་བཟུང་པའི་རྒྱ་སྒར་ཐོག།
རྒྱ་སྟག་ངར་མ་འདྲ་བའི་དཔའ་བོ་ཚོས།།
རྒྱ་རྒོལ་གཡུལ་འཐབ་དྲག་པོའི་གདོང་མཆོང་སྣེར།།
བརྒྱ་བསད་སྟོང་སྒྲིལ་བྱས་པའི་གཏམ་བརྒྱུད་བཞག།
༼24༽
ཀོང་པོའི་ཁུལ་གྱི་དགྲ་དམག་གོ་སྒྲིག་ལོ་རྒྱུས།
ཀོང་ པོ་ཡུལ་ཆེན་གྱི་ལོ་རྒྱུས་ཨ་མའི་ནང་ནས་བསྟན་དོན་དགྲ་འཐབ་སྐོར་ཟུར་འདོན་ཞུས་ པ་གཤམ་གསལ། སྤྱི་ལོ་ ༡༩༥༧ ལོར་དཔའ་བོ་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་འཁྲིད་འོག་མདོ་ཁམས་ ཆུ་བཞི་སྒང་དྲུག་དང༌།
རིས་སུ་མ་ཆད་པའི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་ སེར་སྐྱ་སྤྱི་ནས་འདི་ཕྱི་ ལེགས་ཚོགས་ཀྱི་གཞི་རྩ་གསེར་ཁྲི་རིན་པོ་ཆེ་གསར་སྐྲུན་སྐབས་གུས་འབངས་ཀོང་ སྟོད་དྲི་མེད་སྟེང་མཁར་པདྨ་ཀུན་བཟང་དང༌། ང་ཕོད་ལེགས་མཛེས་མགྲོན་གཉེར། ཀོང་སྟོད་སྦེ་སོར་ཚེ་དབང་ནོར་བུ། ང་ཕོད་ཉང་འདེམས་ཨ་དར་དབང་རྒྱལ། ཉང་ཁྲི་དབང་ར་ཨ་དར་ལྷ་དབང་ཚེ་རིང༌།
ཀོང་པོ་སྦྲག་ཕྱི་ཨ་དར་ཐུབ་བསྟན། འོན་ཐང་རྩི་ར་ཨ་དར་ཡོན་ཏན། ཨ་དར་འབུ་ཁོག གཏམ་སྙན་ཨ་དར་སངས་རྒྱས་རྡོ་རྗེ། འབི་ཐང་གོང་ལོག་ཨ་དར་སངས་རྒྱས། ཀོང་སྟོད་ཁང་གོང་ཨ་དར་པདྨ་ཚེ་དབང༌།
ཀོང་ སྟོད་རིབ་རྒྱས་སྲས་ལགས་བཅས་ཚོང་ལས་བསྐྱོད་སྐབས་མ་གྲོས་བསམ་པ་རྩེ་མཐུན་ ལྟ་བུའི་ལྷ་ལྡན་དུ་མཉམ་འཛོམས་བྱུང་བ་དང་ཆབས་ཅིག་ཏུ་གསེར་ཁྲི་གསར་བཞེངས་དང་ སྟབས་འཁེལ་བྱུང་སྟེ་ཞལ་འདེབས་ཅི་འབྱོར་འབུལ་རྒྱུའི་གོ་སྐབས་ཐོབ།
གོང་ གསལ་མི་ངོ་སོ་སོའི་ངོས་ནས་རིན་ཆེན་དང་པོ་གསེར་གྱི་ཞལ་འདེབས་ཐེངས་དང་པོ་ སྤྱི་ཁྱབ་མཁར་ཆེན་ཕྱག་མཛོད་ཀྱི་ཕྱག་ཏུ་འབུལ་ལམ་ཞུས། ཡང་དེའི་སང་ཉིན་དྲི་སྟེང་པདྨ་ཀུན་བཟང་དང༌།
ཉང་ཁྲི་ཨ་དར་ལྷ་དབང་ཚེ་རིང་ གཉིས་ནས་དབུ་འདོམས་མཁར་ཆེན་ཕྱག་མཛོད་ལ་རིན་ཆེན་ དང་པོ་གསེར་གྱི་ཞལ་འདེབས་ཐེངས་གཉིས་པ་དེ་ཕུལ་སྐབས་མཁར་ཕྱག་ནས་ངོས་གཉིས་ལ་ བསྟོད་བསྔགས་དང་འབྲེལ་ད་རེས་ཁྱེད་ཀོང་པོ་ཡུལ་གྱི་གནད་ཡོད་མི་དྲག་མང་པོ་ འདིར་འཛོམས་ཡོད་སྟབས་ངོས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བསྟན་གཤེད་རྒྱ་དམར་ གུང་བྲན་གྱི་བྱ་སྤྱོད་དེ་དག་ལ་མཐའ་ཅིག་ཏུ་ངོ་ར
ྒོལ་བྱེད་རྒྱུའི་གོ་ བསྒྲིག་བྱེད་བཞིན་པ་ཡིན་ན། ཁྱེད་ཀོང་པོ་མི་དྲག་རྣམས་ནས་སྟབས་ཅིག་དོན་གཉིས་ལྟ་བུས་ཨ་འབྲུག་མགོན་པོ་ བཀྲིས་མཆོག་ངེས་པར་དུ་མཇལ་འཕྲད་དང་འབྲེལ། ཆུ་བརྒྱ་ཟམ་འོག་ཏུ་འདུས་པ་ལྟ་བུའི་རང་རེའི་དམིགས་ཡུལ་གཅིག་གྱུར་ལ་སོང༌། སླད་ཇི་དགེའི་བཀའ་བསྡུར་གནང་དགོས་གསུང་དོན་བཞིན་དེའི་སང་ཉིན་མཁར་ཕྱག་དང༌། དྲི་སྟེང་པདྨ་ཀུན་བཟང༌།
ཉང་ཁྲི་ཨ་དར་ལྷ་དབང་ཚེ་རིང་བཅས་ཨ་འབྲུག་མགོན་པོ་ བཀྲིས་མཇལ་འཕྲད་ཞུས་སྐབས། མགོན་བཀྲ་མཆོག་ནས་གསུང་དོན་ལ་རྒྱ་མི་གུང་ཁྲན་ཇག་ཚོགས་རིང་ལུགས་པས་ད་ཕན་ཁ་ བཤད་རྫུན་དང༌། ལག་ལེན་དྲག་དཔུང་བསྟར་རྒྱུའི་བཙན་གནོན་ཇི་ཆེར་འགྲོ་བ་དེ་དང༌།
ལྷག་ པར་༧གོང་ས་༧སྐྱབས་མགོན་ཆེན་པོས་དབུ་འཁྲིད་པའི་བོད་གཞུང་གི་ཆབ་སྲིད་ལམ་ སྟོན་གང་སར་བྱུས་ཁྲི་མེད་པའི་ཐེ་བྱུས་ཀྱིས་འགོག་རྐྱེན་མང་པོ་བཟོས་དང་བཟོ་ བཞིན་པ་དེ་དག་རེ་རེ་བཞིན་གསལ་བརྗོད་མ་དགོས་ཤིང༌། ད་དུང་དེའི་མུར་སྣང་མེད་རང་བཟོས་གང་འཁྱོལ་ཅི་འཁྱོལ་གྱི་གནས་སུ་བསྡད་ཚེ། མཐར་བོད་གཞུང་གི་འཛིན་དབང་སྣོད་བཅུད་ཙམ་མ་ཟད།
༧གོང་ས་སྐྱབས་མགོན་ཆེན་ པོའི་སྐུ་ཕྱཱ་དང་བཅས་པ་རྩ་བརླག་ཐོག་རྒྱ་ཆེའི་སེར་ སྐྱ་མང་ཚོགས་རྣམས་ཀྱང་དབང་མེད་དགྲ་བོའི་བྲན་གཡོག་གི་དང་མར་བསྐོས་ཏེ་ཅི་བྱ་ ཅི་བྱེད་སྡུག་གཅོང་མུན་པའི་གླིང་དུ་འཕོས་རྒྱུ་གདོན་མི་ཟ་བ་ཀུན་གྱིས་མཐོང་ ཐོས་ཀྱི་གནས་སུ་གྱུར་ན། གདེང་ཚོད་མི་ཤེས་པའི་གྲོས་ཆུང་གི་སྤྱོད་ཚུལ་ངན་པ་སྤངས་ཏེ།
དེའི་ལྡོག་ ཕྱོགས་ཀྱི་བྱ་བར་བརྩོན་དགོས་པ་གལ་ཆེར་མཐོང་སྟེ་མདོ་ཁམས་ཆུ་བཞི་ སྒང་དྲུག་ནས་བོད་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་ སྤྱོད་དང་བཅས་པ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལྟ་བུ་ལེགས་སྐྱེས་སུ་ཕུལ་ཏེ་ གུང་བྲན་ཇག་ཚོགས་རིང་ལུགས་པར་དྲག་པོའི་འཐབ་འཛིངས་མཐར་ཕྱིན་པ་བྱེད་རྒྱུའི་ བཀོད་བསྒྲིག་བྱེད་བཞིན་ཡོད་ན།
ཁྱེད་ཀོང་ཡུལ་གྱི་མི་དྲག་ཤེས་རྟོགས་ཐུབ་པ་རྣམས་ནས་གནས་ཚུལ་དེ་དག་ལ་ལངས་ཕྱོགས་ཇི་དགེའི་སྐོར་གསལ་བཤད་གནང༌།
སྐབས་དེར་ཁོང་གཉིས་ནས་བསམ་ཞིབ་ཞུས་པའི་སྙིང་དོན། འཛམ་གླིང་འདིའི་སྟེང་བོད་དང་བོད་མི་ཞེས་པའི་རྣམ་དཔྱོད་གསལ་རྟོགས་ཐུབ་ཆེད་ ཙམ་མ་ཟད། མཐར་ཐུག་གི་བསྒྲུབ་བྱ་དེའང་འཛམ་གླིང་སྤྱི་མཚུངས་ལྟར་དུས་རབས་གསར་པ་ཞིག་ཡོང་ ངེས་ལ་སོང༌།
གོང་དོན་སྐོར་གཡས་གཞོགས་གཡོན་འདེགས་ཀྱི་ཞུ་བྱ་མདོ་ཁམས་སྤྱི་མཚུངས་ལྟར་ཞུ་རྒྱུའི་བསྟན་སྲུང་ལྷ་མོའི་དྲུང་དུ་ཁོང་གཉིས་ནས་དམ་བཅའ་བཞག
དེའི་མཚམས་སུ་ཁོང་རྣམས་རང་ཡུལ་དུ་ཕྱིར་ལོག་བྱས་ཏེ་གོང་དོན་མངོན་གསལ་ཚོགས་ འཛོམས་བྱེད་བདེ་མེད་ཀྱང༌། གནད་ཡོད་མི་དྲག་ཤོག་ཁག་སོ་སོས་ཐུགས་སྤྲོའི་གོ་བསྒྲིག་ཡང་ཡང་བཟོས་ཏེ་རྟ་ རྒྱུག་མདའ་འཕེན་རྩལ་འགྲན་གྱི་རྣམ་པ་ལྟ་བུས་གཅིག་ནས་གཉིས་བརྒྱུད།
ཐབས་ ཤེས་ཀྱི་བྱ་བར་བཞོལ་སྐབས་ཚང་མ་བློ་རྩེ་གཅིག་མཐུན་བྱུང་བ་དང་ཆབས་ཅིག་ཏུ་ སླར་ཡང་དུས་ཚོད་དགོས་གལ་མཚམས་སུ་གོང་དོན་འགྱུར་མེད་ཞུ་རྒྱུའི་ནང་དོན་དམ་ བཅའ་གན་བཞག་བྱས། སྐབས་དེར་རྫོང་སྡོད་སེར་སྐྱ་རྣམས་སུའང་བློ་འགེལ་ཡིད་ཆེས་བྱེད་དཀའི་གནས་སུ་ གྱར་ཏེ་རེ་ཞིག་གསང་བ་བྱས་པ་དང༌།
དུས་དེ་ནས་བཟུང་ཡུལ་མི་དྲག་འབྲིང་གཉིས་ ཡོངས་ནས་སྔར་ལྷག་འཁུར་ཇེ་ཆེར་སོང་ སྟེ་གོ་ལག་སྤུས་དག་རྫས་མདེལ་དང༌། བཞོན་རྟ་སོགས་མཁོ་སྒྲུབ་དོ་ནན་གོ་བསྒྲིག་ལ་བརྩོན་པ་ལྷོད་མེད་བྱེད་བཞིན་དུ་ གནས་པ་ཡིན་ནོ།
གནས་ཚུལ་དེ་འདྲའི་སྐབས་སུ་རྒྱ་ཕྱོགས་བློ་དྭོགས་ཆགས་སྟེ་ཉིན་གཅིག་ཉང་ཁྲིའི་ རྒྱའི་སྤྱི་ཁྱབ་ཧྲིང་ཧྲུའི་ཅི་དང༌། སྐད་བསྒྱུར་འབའ་པ་བཀྲ་ཤིས རྒྱ་དམག་བཅུ་བཅས་ཉང་ཁྲི་དབང་ར་ལྷ་དབང་ཚེ་རིང་སར་ཡོང་སྟེ་ཧྲིང་ཧྲུའུ་ཅི་ནས་ དེང་སང་ཁྱེད་ཚོས་མེ་མདའ་མང་པོ་ཞིག་ཉོ་སྒྲུབ་བྱེད་ཀྱི་ཡོད་འདུག དེའི་དམིགས་ཡུལ་གང་ཡིན་ཞེས་བརྗོད་བྱུང་བར། དེ་ལན།
ལྷ་དབང་ཚེ་རིང་ནས་ ཁྱེད་རྣམས་ཀྱི་མཁྱེན་གསལ་ལྟར་དེང་སང་ལུང་པའི་ནང་སྔར་དང་ མི་འདྲ་བའི་རྐུ་ཇག་མང་པོ་ཡོང་བཞིན་ཡོད་པར་བརྟེན། རྒྱུ་ནོར་བསྲུང་སྐྱོབ་ཀྱི་ཆེད་དུ་མེ་མདའ་འགའ་ཤས་མ་ཉོས་ཐབས་མེད་བྱུང་བ་ལས། ཀྲུང་དབྱངས་ནས་ངོས་ཚོར་ཐུགས་དྭོགས་རྩ་བ་ནས་གནང་དགོས་དོན་མེད་ཅེས་བཤད་པ་དང༌།
ཧྲིང་ཧྲུའུ་ཅི་ནས་ཁྱེད་རང་ལ་རེ་བ་ཆེན་པོ་ཡོད་པ་ལས་དྭོགས་པ་གང་ཡང་མེད། གཞན་ལ་སློབ་གསོ་ཡག་པོ་གཏོང་དགོས་སྐོར་བཤད་པ་དང༌།
ཡང་ དེ་མཚུངས་བྲེ་མ་སྒང་ཨ་དར་དབང་ཕྱུག་ལ་དྭོགས་གནས་རེ་གཉིས་འདྲི་བ་བྱེད་རྒྱུ་ ཡོད་ཚུལ་བརྗོད་དེ་ཕྱི་ལོ་ཕྱི་ལོ་ ༡༩༥༦ ཟླ་ ༡༠ ཚེས་ ༡ གི་དུས་ཚེས་ཉིན་ ཉང་ཁྲི་རྒྱ་མིའི་ལས་ཁུངས་སུ་ཆེད་དགུག་བྱས་ཏེ་ཝང་བུང་ཀྲང་དང༌། སྐད་བསྒྱུར་ཕུན་ཚོགས་གཉིས་ནས་དེང་སང་ཁྱེད་ཚོའི་གྲས་མི་མང་པོ་ཞིག་གིས་གོ་ལག་ དང་རྟ་བཅས་མཁོ་སྒྲུབ་བྱས་ཚུལ་དང༌།
དེ་བཞིན་ལོག་སྤྱོད་པ་དང་ལག་སྦྲེལ་ བྱེད་ཀྱི་ཡོད་པ་ཀྲུང་དབྱངས་གཞུང་གི་གསལ་ པོ་ཤེས་ཀྱི་ཡོད་བརྗོད་དེ། ལོ་གཅིག་དང༌། ཟླ་བ་གསུམ་ཙམ་བཟང་བཙོན་ལྟ་བུ་ཉར་སྐབས་བ་ཁ་ཨ་དར་བསོད་ནམས་དབང་ཕྱུག་དང༌། ཆུ་འཁོར་ཚོང་དཔོན་ཨ་དར་ཚེ་བརྟན་གཉིས་ནས་ཁོ་པ་ལོག་སྤྱོད་པ་དང་འབྲེལ་བ་མེད་ སྐོར་འགན་བླངས་བྱས་ཏེ་གོང་གསལ་དོ་དམ་ནས་བཏང་ཙམ་བྱུང༌།
དེ་མཇུག་ཉང་ཁྲིའི་རྒྱའི་སྤྱི་ཁྱབ་ཧྭ་ཧྲུའུ་ཅི་དང༌། སྐད་བསྒྱུར་འབའ་པ་བཀྲིས་བཅས་རྒྱ་དམག་ ༢༥ སྐོར་ཀོང་སྟོད་དྲི་མེད་སྟེང་མཁར་ནང་ཡོང་སྟེ་བརྗོད་དོན། ཁྱོད་རང་ཀོང་པོ་རྩེ་ལྷ་རྫོང་ཁོངས་ལས་བྱེད་ཆེ་གྲས་ཤིག་ཡིན་ཀྱང༌། ད་བར་ལས་ཁུངས་སུ་མ་ཕེབས་པར་སོང༌།
དེ་རིང་མཇལ་འཕྲད་དང་སྦྲག་ལས་ཁུངས་སུ་ གང་མགྱོགས་ཕེབས་དགོས་པའི་རེ་བསྐུལ་ཞུ་ བར་ཡོང་པ་ཡིན་ཞེས་ཇ་དང༌། གྲུའུ་རྩེ་ཐ་སྣ། ཐ་མག་སོགས་ལག་རྟགས་དང༌། ལས་ཁུངས་འཚུགས་ནས་ད་བར་གྱི་ཕོགས་ཡིན་ཞེས་རྡ་ཡང་དཀར་པོ་སུམ་སྟོང་དྲུག་བརྒྱ་ བདུན་ཅུ་དོན་ལྔ་སྤྲད་ཐོག
དགོང་དྲོ་ང་ཚོས་གསོལ་ཚིག་འབུལ་གྱི་ཡིན་ཞེས་ བརྗོད་ནས་རྒྱ་མི་ཁོ་རང་ཚོས་བཟོས་ ཏེ་དེ་ནུབ་ཁ་ལག་རྒྱས་སྤྲོད་ཐོག་ཧྭ་ཧྲུའུ་ཅི་ནས་ང་ཚོ་ཀྲུང་དབྱངས་ཀྱིས་བོད་ ལྗོངས་ཡར་རྒྱས་གཏོང་བའི་དུས་སྐབས་འདིར་ལོག་སྤྱོད་པ་ཉུང་ཤས་ནས་བསྟོར་བཤིགས་ གཏོང་རྒྱུའི་ལས་འགུལ་བྱེད་ཀྱི་ཡོད་པ་དེ་རྣམས་ལ་ཁྱེད་ནས་སློབ་གསོ་གོ་བསྐོན་ ཡག་པོ་བཏང་སྟེ་བཀག་དགོག་བྱེད་ཐུབ་པའི་ཡི
ད་ཆེས་དང༌། རེ་བ་ཡོད་ཅེས་དང༌། བོད་རང་སྐྱོང་ལྗོངས་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མས་ཕྱག་ལས་ཐུགས་འཁུར་གནང་བཞིན་ པ་ལྟར་པདྨ་ཀུན་བཟང་ཁྱེད་རང་ནས་ཀྱང་སྔར་བཞིན་མ་ཡིན་པར་ལས་འཁུར་བཞེད་དགོས་པ་ གལ་ཆེ་ཡིན་ཚུལ་བརྗོད་བྱུང་བར། དེ་ལན་པདྨ་ཀུན་བཟང་ནས་དེ་རིང་ཁྱེད་རྣམས་ཆེད་མངགས་འདིར་ཕེབས་ཀྱིས་མཇལ་འཕྲད་ ཀྱང་ལྷོད་པོ་བྱུང་བ་མ་ཟད།
ཁྱེད་ཀྱིས་གསུང་དོན་ལྟར་ཕྲན་ནས་དུས་ཚོད་གང་ མྱུར་ཐོག་ཡུལ་གྱི་ལས་འཁུར་བྱེད་ འཆར་ཡོད་ཅེས་བཤད། ཕྱི་ཉིན་སྔ་དྲོ་ཇ་འཐུང་སྐབས་ཧྭ་ཧྲུའུ་ཅི་ནས་པདྨ་ཀུན་བཟང་ཁྱེད་རང་ལ་ངེས་པར་ དུ་དཔར་ཅིག་རྒྱག་གི་ཡིན་བརྗོད་པར། དེ་ལན་པདྨ་ཀུན་བཟང་ནས་ཁྱེད་ཀྱིས་དཔར་སྐྱོན་པ་ཡིན་ན་ངོས་རང་གི་གོམས་གཤིས་དང་ མཐུན་པ་སྐྱཽན་དགོས་བརྗོད་པར་རྒྱ་དཔོན་ནས་ཡག་པོ་འདུག་ཅེས་བཤད།
དེ་ཕྲལ་ པདྨ་ཀུན་བཟང་ངོ་གཡོག་བརྒྱད་ཀྱི་རྟ་སྒ་ཆས་ལེགས་སྤྲད་ཐོག་ངོ་གཡོག་ རྣམས་ནས་མཚོན་བསྲུང༌། དགྲ་ཆས་གོ་མཚོན་ལུས་ལ་སྐོར་ཏེ་རྟ་ཐོག་ཏུ་སྐྱོད་པ་དང༌།
ཧྭ་ ཧྲུའུ་ཅི་ནས་དཔར་རྒྱབ་གྲབས་སྐབས་ངོས་ནས་བསྟན་དགྲ་རྒྱ་དམག་འདི་བཞིན་དུས་ ཚོད་མི་རིང་བར་བོད་ནས་མཐར་བསྐྲོད་བཏང་སྟེ་བོད་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་ སྔར་བཞིན་འཛིན་སྐྱོང་གོང་འཕེལ་ཡོང་བའི་༧སྐྱབས་གནས་དཀོན་མཆོག་གསུམ་ལ་སྙིང་ ནས་གསོལ་འདེབས་ཞུས།
དེའི་མཐུ་ལ་བརྟེན་ནས་ཁོང་རང་གི་ནང་མི་བུ་ཕྲུག་སྤུན་ མཆེད་དང་བཅས་པ་དགྲ་བོའི་ མནར་གཅོད་འོག་སྡོད་མ་དགོས་པར་རྒྱ་གར་རང་དབང་གི་ཡུལ་གྲུ་ཆེན་པོར་བདེ་འབྱོར་ བྱུང་བ་དང༌། དེའི་ཉིན་མཐུན་ལམ་ལྟ་བུ་རྒྱ་རིགས་དཔོན་དམག་རྣམས་ལ་ཁ་ལག་གཟབ་རྒྱས་གཅིག་ཕུལ་ སྐབས།
སྤྱིར་བཏང་གླེང་མོལ་གྱི་རྣམ་པས་ཧྭ་ཧྲུའུ་ཅི་ནས་ཁ་སྙན་འདྲ་ཆག་གི་ ཐོག་ནས་དེང་ སང་ཁྱེད་ཚོས་མེ་མདའ་མང་པོ་ཉོས་ལུགས་གོ་ཐོས་བྱུང་བ་དངོས་འབྲེལ་རེད་དམ་བརྗོད་ བྱུང་བར། དེ་ལན། པདྨ་ཀུན་བཟང་ནས་གནས་ཚུལ་དེ་བདེན་པ་རེད། གང་ཡིན་ཞེ་ན། ང་ཚོའི་ཡུལ་མི་རྣམས་ཀྱི་གོམས་གཤིས་ལ་རྟ་བཟང་པོ་དང༌། མེ་མདའ་སྤུས་དག གྲི་ལེགས་པོ་བཅས་ལ་ཧ་ཅང་གི་དགའ་པོ་བྱེད་པ་ཙམ་མ་ཟད།
ཕོ་རིགས་རྣམས་ཀྱི་ རྒྱན་དུ་རྩིས་པའི་སྲོལ་དེ་མི་ཉམས་པར་གནས་ཡོད་པ་རེད། དཔེར་ན། ད་ལྟ་ཕྲན་གྱི་ཁང་པའི་ནང་ལ་སྔར་གྱི་མི་རབས་གོང་མའི་དུས་ཀྱི་བོད་མདའ་ཟེར་བ་ དང༌། མདའ་གཞུ་ཕྲབ་རྨོག་སོགས་བརྒྱ་ཕྲག་སྐོར་ཡོད་ཀྱང་དེང་དུས་བེད་སྤྱོད་མེད་པ་དང༌།
ལྷག་ པར་དེང་སྐབས་རང་གི་ལུང་པའི་ནང་སྔར་དང་མི་འདྲ་བའི་རྐུ་ཇག་མང་བར་བརྟེན་ རྒྱུ་ནོར་སྲུང་སྐྱོབ་ཀྱི་ཆེད་དུ་གོ་ལག་ཕྲན་བུ་ཉོ་དགོས་བྱུང་བ་རེད་བརྗོད་པར། རྒྱ་དཔོན་ཧྭ་ཧྲུའུ་ཅི་ནས་ངོ་འཛུམ་དང་བཅས་ཁག་མི་འདུག ཁྱེད་རང་ནས་ཡུལ་གྱི་མི་དམངས་རྣམས་བདེ་འཇགས་ཡོང་བའི་སློབ་གསོ་ལེགས་པོ་གནང་ རོགས་ཅེས་བཤད་བྱུང༌།
དོན་སྙིང་ཁ་མཁས་བསླུ་བྲིད་ཀྱི་རྣམ་པ་ཙམ་ལས་ཡུལ་གྱི་མི་དྲག་མང་པོར་དེ་ལྟ་བུ་ཁབ་སྙུང་གང་ཟུག་གི་བསུན་བཙེར་རིམ་པ་བྱུང་ཡོད་པ་བཅས།
(ཀོང་པོའི་ཡུལ་གྱི་དྭངས་བླངས་དམག་དཔུང་བསྡུ་སྐོང་བཀོད་སྒྲིག)༡༩༥༨ ལོར་བྱང་བསྐྱོད་བསྟན་སྲུང་དྭངས་བླངས་དམག་གི་སྤྱི་ཁྱབ་ལི་ཐང་ཨ་འབྲུག་མགོན་ པོ་བཀྲིས་མཆོག་གི་གཙོས་དམག་དཔུང་རྣམས་ཁྱུང་པོ་སྟེང་ཆེན་ནས་སྤོར་ལམ་བརྒྱུད་ དང༌། ཡང་ན་ལྷ་རི་འགོ་དང༌། བྲག་གསུམ་གྱེན་ལ་གང་འོས་ཕེབས་འཆར་སྐོར་ཀོང་པོ་བྲག་གསུམ་འགྱུར་མེད་ཆེད་ འབྱོར་ཐོག
གནས་གསལ་བྱུང་བ་དང༌། དེ་འཕྲལ་འཆར་གཞི་སྔོན་ཟིན་ལྟར་ཀོང་པོ་ལྷོ་རྒྱུད་ཀྱི་དྭངས་དམག་ནང་དོན་གོ་ བསྒྲིགས་ཟིན་པ་དང༌། ལྷོ་ཁ་དམག་སྒར་ནས་དམག་སྤྱི་སྡེ་དགེ་འབའ་ཆུང་མཐུ་སྟོབས་མགོན་པོ་དང༌། དམག་སྤྱི་ཕུ་མ་རི་ནམ། གནས་ར་དགེ་ལེགས་བཅས་སྡེ་དགེ་དམག་ཤོག་གཅིག་དང༌།
ཨ་ མདོ་དམག་སྤྱི་ཆོས་གྲགས་ཀྱི་དམག་ཤོག་གཅིག་བཅས་ཀོང་པོར་འབྱོར་ཏེ་ཉིན་ཤས་ སོང་འཚམས་ལྷོ་ཁ་ནས་ཀོང་པོ་བར་དམག་ལམ་འཁེལ་ཡུལ་མི་མང་ལ་དོན་མེད་ངལ་དུབ་བཟོས་ ཡོད་མེད་ཞིབ་འཇུགས་ཆེད། ལྷོ་ཁ་ནས་ཤོག་ཁའི་གཙོ་འཛིན་ཆབ་མདོ་རྡོ་ཚེ་དང༌། སྨར་ཁམས་རབས་རྒྱས། ཤོག་ཁའི་མི་འཐུས་རྒྱལ་ཐང་དམ་ཆོས་རྒྱལ་མཚན། རྒྱལ་ཐང་བློ་གྲོས། ཨ་མདོ་ཁ་ཏོ་ཅན་གཙོས་རྟ་དམག་ ༢༥
ཀོང་པོ་འབྱོར་ཏེ། གནད་ཡོད་མི་སྣ་ཡོངས་རྫོགས་ཚོགས་འཛོམས་ཀྱིས་ལས་དོན་བྱ་ཕྱོགས་སྐོར་གྲོས་ བསྡུར་ཞིབ་བྱས་མཐའ་བསྡོམས་སུ་ཨ་མདོ་དམག་ཤོག་ལྷོ་ཁར་ཕྱིར་ལོག་བྱེད་རྒྱུ་དང༌། ཀོང་པོ་དང༌། སྡེ་དགེ་གཉིས་ཀྱི་དམག་ཤོག་རེ་ཞིག་ཀོང་པོ་བ་ཁ་རང་དུ་དམག་སྒར་བཏབ་སྟེ་སྤོ་བོ་ ཁུལ་འཇབ་དམག་ཁག་བགོས་བྱེད་རྒྱུའི་ཐག་གཅོད་བྱས།
ཐོག་མར་རྩེ་སྒང་རྫོང་འོག་ ནས་མི་རྟ་གོ་ཧྲག་མདའ་རྫས་རང་འགྲིག་དམག་གྲངས་ ༣༠༠ ཐམ་པའི་འཆར་བཀོད་ཞུས་ཡོད་ཀྱང་དངོས་གཞི་བ་ཁ་ཐང་དུ་དགྲ་ཚེས་དང་བསྟུན་ཏེ་དམག་ བཀོད་མཛད་སྒོ་དང༌། གོ་ལག་ཞིབ་བཤེར་སྐབས་ཀོང་དམག་སྔོན་འཆར་ལས་བརྒལ་ཏེ་དམག་གོ་ཧྲག་མདའ་རྫས་རང་ འགྲིག ༥༧༨ རྐང་དྲུག་ཚོགས་ལ་རོལ་བ་བཞིན་དུས་ཅིག་ཏུ་འདུས་ཤིང༌།
དེའི་འཚམས་ སུ་བསྟན་སྲུང་དྭངས་བླང་དམག་གི་དར་ཆ་ཁ་དབྱིངས་སུ་བསྒྲེང་སྟེ་དམག་ སྤྱི་བརྒྱ་དཔོན་བཅས་ཀྱི་བཀོད་སྒྲིག་ཞུས། ཀོང་དམག་གཙོ་འཛིན་ཀོང་སྟོད་དྲི་མེད་སྟེང་མཁར་པདྨ་ཀུན་བཟང་དང༌། དམག་སྤྱི་དེ་མོ་བདེ་སྐྱིད་ཁང་གསར་པདྨ་ཚེ་དབང༌། དམག་སྤྱི་གཞོན་པ་ཉང་ཁྲི་དབང་ར་ལྷ་དབང་ཚེ་རིང༌། བརྒྱ་དཔོན་གྲས་གཏམ་སྙན་སངས་རྒྱས་རྡོ་རྗེ། ཀརྨ་སྟག་ཕྲུག
འབི་ཐང་གོང་ལོག་ སངས་རྒྱས། ལྕང་ར་རྡོ་རྗེ། ཀོང་སྟོད་སྦེ་སོར་ཚེ་དབང་ནོར་བུ། ཀོང་སྨད་གཡུ་གསུམ་རིན་ཆེན། བྲེ་མ་སྒང་དབང་ཕྱུག སྨད་གླིང་ཟླ་མཆོག བང་གྱ་ངག་དབང་བཟང་པོ། གངས་དཀར་ཚེ་དབང༌། ཤོ་ཁ་རིན་ཆེན། བམ་གྲོང་ཡོན་ཏན་ཆོས་འཕེལ། དུང་མཚོ་ཆོས་གྲགས། ཀོང་སྟོད་ཆུ་འཁོར་ཤར་ཕྱོགས་ཀུན་བཟང་རྣམ་གྲོལ། བདེ་ཡང་བཀྲ་ཕུན། ཕན་མཁར་བསྟན་འཛིན། ཨོ་རོང་པདྨ་ཚེ་དབང༌།
ཕོགས་དཔོན། དགྲ་མདའ་དབང་ཕྱུག བརླམ་མདོ་སྐརྨ། འོད་ཐང་རྩི་ར་ཡོན་ཏན། ཆོས་འཁོར་ཚོང་དཔོན་ཚེ་བརྟན། སྤང་སྣེ་ཕྱག་མཛོད་རིག་འཛིན། བང་གྱ་དཔལ་རྒྱས། གླང་གོང་གྲོང་སྨད་འབྱོར་ལྡན། ཤོ་ཁ་གར་པ་གནས་ཚང་སྐརྨ། སྤང་སྣེ་ཚོང་དཔོན་པདྨ་རིན་ཆེན། ཀོང་སྟོད་རིབ་རྒྱལ་སྲས་ལགས། དྲུང་ཆེ། ཀོང་སྟོད་མར་གོང་ཡེ་ཤེས་དགྲ་འདུལ། ཀྲོབ་སྟེང་དོན་ལྡན།
གནས་བར་རྒྱར་གཞིས་ཟླ་བ་རྡོ་རྗེ༌། གཟའ་ཡུལ་རྡོ་རོང་སྐར་མ། གནས་བར་རྒྱས་གོང་པདྨ། བཅས་ལ་སྐབས་བབས་དགོས་པ་གལ་ཆེའི་ལས་འགན་གནད་རིམ་བསྐོ་བཞག་དང་འབྲེལ་འབའ་ཆུང་ མཐུ་སྟོབས་མགོན་པོ་དང༌། དམག་སྤྱི་བདེ་ཁང་པདྨ་ཚེ་དབང་གཉིས་ནས་དམག་གི་རྩ་ཁྲིམས་དང༌།
དགྲ་བོ་དང་ གདོང་བཏུགས་བྱེད་རྒྱུར་སེམས་ཤུགས་ཀྱི་དཔའ་རྩལ་འགྲན་པའི་དུས་སུ་ སླེབས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དགྲ་འཐབ་མཐའ་ནན་བྱེད་སྒོ་བཅས་ཀྱི་བཀའ་སློབ་ ལྷུག་པོ་གནང༌། དེ་འབྲེལ་དམག་སྤྱི། བརྒྱ་དཔོན།
དམག་བྱིངས་དང་བཅས་ནས་ལྷ་ དམག་གི་དཔུང་སྡེ་ཆེན་པོ་ལན་ཅིག་མུ་ཏིག་གི་དོ་ཤལ་དར་ ལ་བརྒྱུས་པ་ལྟར་འཇིག་རྟེན་ན་ཕ་རོལ་གྱི་དཔུང་སྟོབས་གཞོམ་པའི་རྔམ་བརྗིད་མངོན་ པར་འཕགས་པའི་གཡུལ་ངོར་བྱོན་པ་དང་མཚུངས་པའི་དབུས་སུ་གཞུང་བསྐོས་ཀོང་སྤྱི་ གཙོས་ཁུལ་དེའི་རིས་མེད་དགོན་ཁག་བླ་ལས་རྣམས་ནས་སྲུང་བ་དམ་རྫས་དང༌། ལེགས་འབུལ་ལྷ་གོས་དྲི་བྲལ་སྒྲོན་པ་བཅས་བྱས།
(བྱང་བསྐྱོད་ཀོང་དམག་མི་གྲངས་༡༠༠ཐམ་པ་དགྲ་འཐབ་གཡུལ་འགྱེད་འོག་རྩ་མེད་དུ་ གྱུར་པ།) སྐབས་དེར་བརྒྱ་ཤོག་གཉིས་ཀོང་པོ་བྱང་ཕྱོགས་ཉང་ཁྲི་དང༌། བརྒྱ་མདའ་བརྒྱུད་ཀྱི་འཁོར་ལམ་ཁག་གཏོར་རྒོལ་བྱེད་རྒྱུ་དང༌། བརྒྱ་ཤོག་གཉིས་ནས་སྤོ་བོ་དང་ཆབ་མདོ་བརྒྱུད་ཀྱི་འཁོར་ལམ་ཁག་ལ་སྒུག་ར་སྤྲོད་ དེ་གཏོར་རྒོལ་བྱེད་རྒྱུ་བཅས་ཀྱི་གྲོས་ཐག་བཅད།
དེ་བྱིངས་གནས་སྐབས་བ་ཁ་རང་ དུ་བསྡད་དེ་ཀོང་རྫོང་ཡོངས་ཀྱི་དྭངས་དམག་གོ་སྒྲིག་ ཟིན་འཚམས་སུ་ཉང་ཁྲིའི་རྒྱའི་སྤྱི་ཁྱབ་ལས་ཁུངས་དང༌། དམག་སྒར་ཐོག་དགྲ་འཐབ་བྱེད་རྒྱུ་བཅས་ཀྱི་ཐག་གཅོད་ཞུས།
གོང་གསལ་སྡེ་ཀོང་ དམག་ཁག་གཉིས་ཀྱི་མི་རྟའི་བཟའ་བཅའ་ཇི་དགེའི་ལེགས་བསྡུར་ སྐབས་ཀོང་སྨད་གཏམ་སྙན་ཨ་དར་སངས་རྒྱས་རྡོ་རྗེ་ལགས་ནས་སྔ་འཕྲོས་མི་མང་ཡོངས་ལ་ བརྡབ་བསིགས་མ་དགོས་པ་ལོ་གསུམ་རིང་ཤ་མར་དང༌།
འབྲུ་རིགས་དངུལ་སོགས་མི་ རྟའི་དགོས་མཁོ་རྣམས་གཏམ་སྙན་སངས་རྒྱས་རྡོ་རྗེ་ཁྱིམ་ ཚང་ནས་གཏོང་རྒྱུའི་དྭངས་བླང་ཁས་ལེན་གནང་བ་དེ་ནི་དངོས་དོན་ལུས་སྲོག་ལོངས་ སྤྱོད་དང་བཅས་པ་རྒྱལ་བ་བགྱེས་པའི་མཆོད་སྤྲིན་དུ་དམིགས་པ་རྒྱལ་གཅེས་གཞུང་ བསྲངས་གཏམ་དོན་གྱི་གཟེངས་དངོས་སུ་ཐོན་པ་དང༌།
དེ་ནས་རིམ་བཞིན་ཡུལ་མི་ འབྱོར་ལྡན་རྣམས་ནས་ལོ་གྲངས་རེས་མོས་ཀྱིས་མི་རྟའི་ འགྲོ་གྲོན་གཏོང་རྒྱུའི་ཁས་ལེན་གནང་བ་དེའང་དགོས་པའི་གནད་དོན་དཔྱིས་ཕྱིན་པ་ དཔྱད་པས་ཕྱུག་པའི་རྒྱལ་གཅེས་སེམས་སྟོབས་ཀྱི་སྒོ་མོ་ཕྱེས་པས་ན། མང་ཚོགས་ནས་བསྟོད་བསྔགས་ཀྱི་རོལ་མོ་བཀྲོལ་པ་ལགས་སོ།།
དེའི་འཚམས་སུ་ཀོང་པོ་བྱང་ཕྱོགས་ཞོ་ཁ་རྫོང་ཁོངས་དམག་སྤྱི་འབྲུག་ལྷ་ཆོས་མཛད་ བྱམས་པ་གཙོས། ཀོང་དམག་བརྒྱ་ཐམ་པ་དངས་བླང་དྲག་འདེམས་སྔོན་ཟིན་དེ་དག་ཨ་འབྲུག་མགོན་པོ་ བཀྲིས་དཔུང་དམག་རྣམས་ཀྱི་ཕེབས་བསུ་དང་དམག་རོགས་ཀྱི་ཆེད་དུ་བྲག་གསུམ་གྱེན་ལ་ བརྒྱུད་ཤར་བསྐྱོད་བྱས་པས།
ཉིན་གཉིས་པར་རྒྱ་དམག་ཁྱོན་ཆེས་སྔོན་བཀག་བརྗེད་ དེད་ཀྱི་རང་དམག་རྣམས་མཐའ་ སྐོར་བྱུང་བར་ཕན་ཚུན་དགྲ་འཐབ་ཡུན་རིང་བྱས་མཐར་རྒྱ་དམག་ཉི་ཤུ་སྐོར་བསད། རང་ཕྱོགས་བེ་ལ་ངག་དབང་གཙོས་མི་བཞི་བསད་ཤོར། མཐར་སྔོན་འཆར་བཞིན་འགྲོ་ལམ་མ་བདེ་སྟབས་བྱང་ཕྱོགས་སུ་མ་བསྐྱོད་ཐབས་མེད་བྱུང་ བ་དང༌།
བྱང་ཕྱོགས་ས་གནས་ཁག་ལ་རྒྱ་དམར་དང་དགྲ་འཐབ་ཐེངས་མང་བྱས་ཏེ་མོ་ཊ་ རེ་གཉིས་ གཏོར་བཅོམ་གྱྀ་ཁ་བཟས་ཀྱང་མང་པོ་ཐོབ་པ་དང༌། སྐབས་རེ་རི་དྭགས་གང་ཐོབ་ཀྱི་ཤ་ལྤགས་གཉིས་ལའང་ལོངས་སྤྱོད་བྱེད་རྒྱུ་ཡོད་མེད་ ཀྱི་ཟླ་བ་ལྷག་ཙམ་བསྡོད་དགོས་པའི་གནས་ཚུལ་མཐའ་སྐྱོ་ཡིད་མུག་དགོས་པ་དེ་འདྲའང་ བྱུང་ཞིང༌།
དེ་ནས་ལྷོ་ཕྱོགས་སུ་འགྲུལ་བཞུད་ཐུབ་རེ་བྱས་ཏེ་རྟ་ཁ་ཕྱོགས་ བཞིན་པའི་སྐབས་སུ་ གློ་བུར་དུ་རྒྱ་དམག་ཁྱོན་ཆེས་རྗེས་བསྙེགས་མེ་འཕཻན་བྱུང་བར་གདོང་བླངས་དགྲ་ འཐབ་ཤུགས་ཆེ་བྱས་ཏེ་རྒྱ་དམག་བསད་རྨས་གང་འཚམས་བཏང་སྟེ་དཔའ་རྟགས་བཞག་ཐུབ་པ་ དང༌། རང་ཕྱོགས་སུ་འབྲུག་བླ་ལྷ་དར་གྱི་རྟ་ལ་མེ་མདའ་ཕོག་སྟེ་ཁོ་པ་དམག་བྱིངས་དང་ཁ་ བྲལ་ཏེ་ཉིན་མོ་རྫ་ཡིབ་དང༌།
མཚན་མོ་རྐང་བགྲོད་བྱས་ཏེ་ཉིན་གསུམ་སོང་མཚམས་ འབྲོག་པ་གཅིག་གི་སྒོར་སླེབས། དེར་ཟླ་གསུམ་ལྷག་ཙམ་བསྡད། དེ་ནས་རང་གི་མེ་མདའ་སྤ་ལི་ལུང་བཞི་སྤུས་དག་ཞིག་ཡོད་པ་འབྲོག་པ་དེར་བཅོལ་ཏེ་ བཟའ་ཆས་ཕྲན་བུ་སྦྱར་བ་འཁྱེར་ཏེ་ཉིན་མཚན་བར་མེད་ཡོང་མཐར་ ༡༩༦༡ ལོར་གློ་ལམ་བརྒྱུད་ཨ་བསམ་འབའ་ལ་སྤུར་ཞེས་པར་འབྱོར་བ་ལས་གོང་གསལ་དམག་སྤྱི་ ཆོས་མཛད་བྱམས་པ་གཙོས།
ཀོང་དམག་གོ་ཧྲག་དགུ་བཅུ་གོ་དགུ་བསྟན་སྲིད་མི་རིགས་ ཀྱི་ཞབས་འདེགས་སུ་ ༡༩༦༢ བར་བྱང་ཕྱོགས་དགྲ་འཐབ་རྩ་བརླག་སོང་བ་བཅས་ཀྱི་གནས་བསྡུས་དང༌།
(ཀོང་པོ་བ་ཁ་དང༌། ཆབ་ནག་ཁུལ་སོགས་སུ་དགྲ་འཐབ་གཡུལ་འགྱེད་ཐེངས་མང་བྱས་སྐོར།)བྱང་བརྒྱུད་ཇོ་མོ་ རྫོང་དང༌། རྒྱ་མདའ་རྫོང་ཁོངས་གཉིས་ཀྱི་ཡུལ་དམག་བསྡུ་སྐོང་ཆེད་བ་ཁ་དམག་སྒར་ནས་དམག་ སྤྱི་ཉང་ཁྲི་དབང་ར་ལྷ་དབང་ཚེ་རིང་དང༌། སྔོན་འཆོང་བརྒྱ་དཔོན་བྲེ་མ་སྒང་དབང་ཕྱུག བརྒྱ་དཔོན་དེ་མོ་འབི་ཐང་གོང་ལོག་སངས་རྒྱས། བརྒྱ་དཔོན་ཀརྨ་སྟག་ཕྲུག
ས་རྡོ་སྒང་ཀུན་དགའ་རྒྱལ་མཚན། གྲོང་གསུམ་ཚེ་རིང་རྒན་རྒྱག ཟ་ཡུལ་རྒྱ་མཚོ། ཤར་ལུང་ངག་དབང་དཔལ་འབྱོར།
ཤར་ ཕྱོགས་ཆོས་སྒྲུབ་སོགས་རྟ་དམག་བཅུ་འཁྲིད་དེ་སྐྱོད་རྒྱུའི་མཚམས་སུ་ཉང་ ཁྲིའི་རྒྱ་དམག་སྔོན་ཡོད་ཐོག་སླར་ཡང་ལྷ་ས་ནས་རྒྱ་དམག་མོ་ཊ་བརྒྱ་དང་བདུན་ཅུ་ ཐམ་པ་མཚན་མོ་གདོང་གྲུ་ཁ་རྒྱུད་ཆབ་ནག་ཁུལ་དུ་འབྱོར་བ་སོ་བལྟས་བརྡ་ལན་བྱུང་ འཕྲལ་སྡེ་དགེ་དམག་སྤྱི་འབའ་ཆུང་མཐུ་སྟོབས་དང༌། ཀོང་པོ་དམག་སྤྱི་བདེ་མོ་བདེ་སྐྱིད་ཁང་གསར་པདྨ་ཚེ་དབང༌།
དམག་སྤྱི་ཉང་ཁྲི་ དབང་རག་ལྷ་དབང་ཚེ་རིང༌། གཙོ་འཛིན་ཀོང་སྟོད་དྲི་མེད་སྟེང་མཁར་པདྨ་ཀུན་བཟང༌། བརྒྱ་དཔོན་བྲེ་མ་སྒང་ཨ་དར་དབང་ཕྱུག སྒང་མཁར་ཨ་དར་ཚེ་དབང༌། ཀོང་སྟོད་ཤར་ཕྱོགས་ཀུན་བཟང་རྣམ་གྲོལ། བརྒྱ་དཔོན་ཀོང་པོ་དགྲ་མདའ་ཨ་དར་དབང་ཕྱུག
ལྷོ་ཁའི་གཙོ་འཛིན་སྨར་ཁམས་རབས་ རྒྱས་བཅས་སྡེ་ཀོང་གཉིས་ཀྱི་རྟ་དམག་བརྒྱ་དང་ ལྔ་བཅུ་སྐོར་གཅིག་མཇུག་གཉིས་འཐུད་ཀྱིས་བཤར་ཏེ་ཆབ་ནག་སྟག་ཟམ་གདོང་གི་རི་ མཚམས་སུ་འབྱོར་འཕྲལ་དམག་ཁག་གསུམ་བགོས་ཀྱིས་རི་ཟུར་བཙན་ས་ཟིན་ཏེ་སོ་ལྟ་སྐབས། རྒྱ་དམག་རེ་འགས་ས་ཟིན། རེ་འགས་ཆུ་ཁར་འཁྲུས་རྒྱབ།
རེ་འགས་གུར་ཕུབ་བཞིན་ ཡོད་པའི་སྐབས་སུ་རང་ཕྱོགས་དམག་གིས་ཕར་རྒོལ་ཤུགས་ཆེ་ བྱས་པ་དང༌། དེ་ལན་རྒྱ་དམག་ནས་ཀྱང་མེ་སྒྱོགས་དང༌། མི་ཤིན་གྷན། འཕྲུལ་མདའ་ཅི་རིགས་ཀྱི་མདའ་ཆར་བབས་བཞིན་ཡོད་ནའང༌། ཀོང་པོ་ཤར་ཕྱོགས་ཀུན་བཟང་རྣམ་གྲོལ་དང༌། དྲི་མེད་ཤར་ཕྱོགས་ཚེ་རིང་དབང་འདུད། ཀོང་པོ་དགྲ་མདའ་དབང་ཕྱུགས། སྡེ་དགེ་གནས་ར་དགེ་ལེགས། ཧཱ་ཞོང༌།
འཛོམས་ཐོག་ སྨད་དགའ་གཙོས་རྟ་དམག་ཉི་ཤུ་ནས་དཔའ་བོའི་རྟགས་མཚོན་དངོས་སུ་བསྟན་ ཏེ་བོད་དམག་དང༌། རྒྱ་དམག་གཉིས་ཀྱི་དབར་ཐང་ཆེན་དེའི་ཐོག་ཐེ་ཚོམ་མེད་པར་རྟ་རྒྱུག་བཏང་སྟེ་རྒྱ་ དམག་གི་འཛིངས་རའི་འོག་ཏུ་ཐད་ཀར་གཅར་ནས་དགྲ་འཐབ་གང་ཙམ་བྱས་ཏེ་སླར་ཡང་ཐང་ཆེན་ དེའི་ཐོག་ཏུ་ཉེ་ཞོ་མེད་པར་ཕྱིར་ལོག ཆབ་མདོ་སྒང་གི་ས་གནས་དེར་སྔ་དྲོ་ཚོུད་ ༡༠ ནས་དགོང་དྲོ་ ༧
བར་དགྲ་འཐབ་ཤུགས་ཆེ་བྱས་ཏེ་རྒྱ་དམག་མང་ཙམ་བསད་པ་དང༌། ལྷག་པར་དུ་རྒྱ་དཔོན་ཞིག་གིས་བོད་དམག་ཐོག་རྒྱངས་ཤེལ་བཙུགས་ཏེ་སོ་ལྟ་བྱེད་ སྐབས་འབའ་ཆུང་མཐུ་སྟོབས་ནས་མེ་འཕེན་བྱས་ཏེ་བསད། རང་ཕྱོགས་ཀོང་པོ་གནས་བར་གྱར་གཞིས་ཟླ་བ་རྡོ་རྗེ་ཕྲན་ཙམ་རྨས་པ་དང༌། ཀོང་དམག་གི་རྟ་བཞི་ཤོར་བ་ལས་དེ་བྱིངས་ཉེས་སྐྱོན་མ་བྱུང༌།
དེའི་སྐབས་སུ་ རྒྱ་དམག་རྣམས་ཕམ་ཉེས་ཆེ་ཙམ་བྱུང་སྟེ་མགོ་བོ་དམད་པས་དགྲ་ཤུགས་ ཀྱང་ཕྲན་བུ་ཆགས་པ་ལྟ་བུ་བྱུང་སོང་ཡང༌། རང་ཕྱོགས་དམག་ནས་དགོང་དྲོ་ས་མ་སྲིབ་བར་དམག་འཐབ་མུ་འཐུད་བྱས་ནས་དེའི་མཚམས་ སུ་དཔའ་ཚོད་ཟིན་ཏེ་རྒྱལ་ཁའི་ངང་ནས་ཕྱིར་ལོག
གོང་གསལ་ས་གནས་དེར་རྒྱ་རོ་ བརྒྱ་དང་བདུན་ཙམ་འདུག་ཅེས་རང་རེའི་བྲོས་བྱོལ་བ་རྣམས་ལ་བརྗོད་རྒྱུ་འདུག དེའི་མཚན་མོ་རང་ཕྱོགས་དམག་རྣམས་ཚེ་རྒྱལ་གྲོང་ཟེར་བའི་ས་གནས་སུ་འབྱོར་བ་དང༌། ལེགས་གྲོས་ཚོགས་འདུའི་སྐབས་ལྷ་ས་ཤོར་བ་མ་ཤེས་སྟབས་སྔ་འཕྲོས་ཀོང་པོ་ས་ཁུལ་ ལས་ལྷ་ས་གལ་འགངས་ཆེ་བར་རྩིས་ཏེ་འདིར་ཡོད་དམག་རྣམས་ལྷ་སར་ཐོན་རྒྱུའི་ཐག་ གཅོད་བྱས།
དེ་ཉིན་བ་ཁ་དམག་སྒར་དུ་སྤོམ་མདའ་མཁན་པོ་དང༌། ལྕགས་མདུད་སྤྲུལ་སྐུ་གཉིས་ནས་དམག་ཟློག་གི་ཞབས་རིམ་སྒྲུབ། ཕྱི་ཉིན་རང་དམག་རྣམས་བ་ཁ་ནས་ཐོན་ཏེ་ཨོམ་སང་ལ་རྩར་འབྱོར་སྐབས་ས་གནས་དེར་རྟ་ དམག་བཅུ་སོ་ལྟར་བཞག དེ་བྱིངས་དམག་རྣམས་སྨད་ཕྲང་དང༌། གཡག་ར་ཕྲང༌། སྐྱེམ་མདོད་མདའ་བཅས་ས་ཁག་གསུམ་ལ་དགྲ་འཐབ་བྱེད་འཆར་གྱིས་སྔོན་དུ་བསྐྱོད།
ཨོམ་ སང་ལ་རྩར་ཡོད་པའི་རང་ཁོངས་སོ་ལྟ་དང༌། རྗེས་འདེད་རྒྱ་དམག་ཕན་ཚུན་དགྲ་ལག་འཕྲོད་དེ་རྒྱ་དམག་དགུ་ཙམ་བསད་པ་དང༌། དེ་བཞིན་ཨོ་རོང་སྒར་ཆགས་ས་མཚམས་ཆུ་འཁོར་ཤར་ཕྱོགས་སུ་ཡོད་པའི་རང་ཁོངས་སོ་ལྟ་ མི་བཅུ་ནས་རྒྱ་དམག་གཅིག་དང༌། རྒྱ་མོ་གཉིས་བསད། སྨད་ཕྲང་ས་གནས་སུ་རང་ཁོངས་དམག་གསུམ་སོ་ལྟར་བཞག་པ་ཉིན་ཤས་ངལ་དུབ་ཆེ་བའི་མཚན་ མོ་གཉིད་དུ་སོང་བ་དང༌།
རྗེས་འདེད་རྒྱ་དམག་ཁག་གཅིག་ནས་བསམ་ཚོད་ཀྱིས་ཕྲང་ ལམ་དེ་དག་བོད་དམག་ནས་སྒུག་ ར་བྱས་ཡོད་ཤག་གིས་འཇིགས་སྟེ་ལམ་སེང་ཐལ་བསྐྱོད་མ་འཕོད་པར་ཕྲང་སྣེ་དེར་མཚན་ མོ་ཚོུད་ ༡༢ ཙམ་ལ་གློག་བཞུ་ཕྲ་ཆེམ་མེར་སྡོད་སྐབས་རང་ཕྱོགས་སོ་ལྟ་གསུམ་པོ་ལྷ་སྲུང་གི་ བསྐུལ་མ་ལྟ་བུ་གཉིད་སད་པ་དང་སྟབས་འཁེལ་ཏེ།
དེ་མ་ཐག་ཏུ་འཇིག་སྣང་བྱུང་སྟེ་འདར་ཚུབ་ཀྱི་ཐོག་ནས་ཚོད་མདའ་གང་འཚམས་འཕངས་ཏེ་ཕྱིར་བྲོས་བྱུང་བ་དང༌།
སྔོན་ འབྱོར་ཕྲང་སྣེར་ཡོད་པའི་རྒྱ་དམག་རྣམས་ནས་དེ་ལན་ལྟ་བུ་གོ་མཚོན་ཅི་རིགས་ འཕངས་བཞིན་པའི་སྐབས་སུ་རྗེས་སྐྱོད་རྒྱ་དམག་གི་བསམ་ཚུལ་ལ་བོད་དམག་ནས་མེ་ འཕེན་ཤུགས་ཆེ་བྱེད་ཀྱི་འདུག་སྙམ་པའི་བློ་དྭོགས་ཆག་སྟེ་རྟོག་ཞིབ་མེད་པར་མེ་ མདའ་ཤུགས་ཆེ་འཕངས་པ་དེ་དག་སྔོན་འབྱོར་རྒྱ་དམག་གི་ཐོག་ཏུ་གནད་ཕིག་སྟེ་དོན་ སྙིང་རྒྱ་དམག་ནང་ཁུལ་བསོད་རེས་བྱུང་བའི་རྒྱ
་རོ་ལྔ་བཅུ་ང་གསུམ་འདུག་ཅེས་ རང་རེའི་བྲོས་བྱོལ་བ་རྣམས་ནས་ཤོད་ཀྱི་འདུག ར་སྤུའི་འུར་རྡོས། ར་ཕོའི་རྐང་པ་བཅག་ཟེར་བའི་དཔེ་ལྟར་སྐབས་རེ་རྒོད་བྲོ་བའི་གནས་ཚུལ་དེ་འདྲའང་ བྱུང་འདུག་གོ དེའི་ཕྱི་ཉིན་ཅང་གྲོང་གཡག་ར་ཕྲང་ལ་སྡེ་དགེ་དམག་སྤྱི་འབའ་ཆུང་མཐུ་སྟོབས་ མགོན་པོ་ཅན་དང༌། ཀོང་པོ་དམག་སྤྱི་ཉང་ཁྲི་དབང་ར་ལྷ་དབང་ཚེ་རིང༌།
བརྒྱ་ དཔོན་ཀོང་པོ་གྲ་མདའ་དབང་ཕྱུག་ཅན་གྱི་དམག་ཤོག་གཉིས་ནས་དེ་ཉིན་ཉིན་གུང་ ཚོུད་ ༡༡ ནས་དགོང་དྲོའི་ཚོུད་ ༧ བར་རྒྱ་དམག་ཁྱོན་ཆེ་དང་དགྲ་འཐབ་ཤུགས་ཆེ་རྒྱུན་རིང་བྱེད་དགོས་བྱུང་ཞིང༌། སྐབས་དེར་རྒྱ་མིའི་རྟ་ཁལ་མཉམ་དུ་ཡོད་པའི་རང་མིས་དངོས་སུ་མིག་མཐོང་བྱུང་བར་ ས་གནས་དེར་རྒྱ་རོ་ཉིས་བརྒྱ་བཅུ་བདུན་དང༌།
དེ་བཞིན་ཆུ་ནང་དུ་མཆོངས་པའང་ མང་པོ་བྱུང་སོང་བརྗོད་ཀྱི་འདུག ས་གནས་དེར་ཟླ་བ་ལྔ་དྲུག་རིང་ཤ་རུལ་གྱི་དྲི་ངན་མ་ཡལ་བར་བསྡད་པ་ཀུན་གྱི་ཤེས་ གསལ་ཡིན། འཕྲོས་བསྡད་རྒྱ་དམག་རྣམས་ཀྱང་དཔུང་པ་ལྷོད་ཅིང་འདར་སྐད་ཀྱི་དྲིལ་བུ་དཀྲོལ་ དགོས་པའི་གནས་ཚུལ་ཡང་བྱུང་ཡོད་ཚོད་འདུག སྐབས་དེར་བསླུ་མེད་དཀོན་མཆོག་གིས་བདེན་མཐུ་དང༌།
བསྟན་སྲུང་དགྲ་ལྷའི་ གདོང་གྲོགས་ལ་བརྟེན་ནས་རང་ཕྱོགས་མི་རྟ་གང་ལའང་ཉེ་ཞོ་ མེད་པར་དཔའ་བོའི་རྟགས་མ་བླངས་ཏེ་རེ་ཞིག་ཕྱིར་འཐེན་བྱས་ཐོག་དམག་མང་དང༌། མི་མང་ཡོང་མི་ཇི་ཡོད་དང་བཅས་གཞུང་ལམ་བརྒྱུད་དྭགས་པོ་ཕྱོགས་སུ་བསྐྱོད།
(བོད་ཀྱི་རྒྱལ་ས་ལྷ་ས་རྒྱ་ལ་ཤོར་བའི་གནས་ཚུལ་ཀོང་ཡུལ་དུ་ཐོས།) དྲི་སྟེང་པདྨ་ཀུན་བཟང་དང༌། ཕན་མཁར་ཕུན་ཚོགས། ཤར་ཕྱོགས་ཤི་ལོག་སོགས་དང༌། སྡེ་དགེ་གནས་ར་དགེ་ལེགས། ཕུ་མ་རི་ནམ་བཅས་སྡེ་ཀོང་གཉིས་ཀྱི་རྟ་དམག་བརྒྱ་ལྷག་ཙམ་ཞིག་སྐྱེམ་མདོད་ཕུ་ནས་ རྒྱ་དམག་ཡོང་ཉེན་ཆེ་སྟབས་དེའི་བཀག་ཐབས་སུ་ཆེད་བསྐྱོད་བྱས་ཡོད་ཀྱང་སྐབས་དེར་ རྒྱ་དམག་ཡོང་ཡོད་པ་མ་རེད།
དེ་ནས་ཡར་ལམ་དུང་དཀར་དགོན་དུ་འབྱོར་སྐབས་དགེ་ འདུན་རྣམས་དང༌། ས་གནས་མི་མང་ཡོངས་ཀྱིས་འགྲོ་ལམ་གཡས་གཡོན་དུ་བསངས་ཀྱི་དུ་བ་མཁའ་ལམ་འཁྲིགས་པ་ དང༌། དགའ་བསུ་དང་འབྲེལ་ཇ་ཆང་འོ་ཞོ་སོགས་ཀྱི་གསོལ་མགྲོན་གཟབ་རྒྱས་འགྲོ་ལམ་གཡས་ གཡོན་ལ་འགྲིགས་བཤམས་ཀྱི་ཐོག་བསྔགས་བརྗོད་ཀྱང་ཚད་མེད་གནང་སོང༌།
དེ་རྗེས་ དྭགས་ཀོང་ས་མཚམས་ཀོང་པོ་ང་ལའི་ལ་རྩེར་མ་སླེབས་ཙམ་དུ་སྔོན་ནས་ཀོང་ པོ་བ་ག་དམག་སྒར་གྱིས་ལྷོ་ཁར་ཆུ་སྒང་ལས་ཁུངས་ཨ་མར་བརྒྱ་དཔོན་མར་གོང་ཡེ་ཤེས་ དགྲ་འདུལ་ཅན་མི་གསུམ་མེ་སྒྱོགས་ཡོད་ཤག་བྱས་ཏེ་ལེན་དུ་བཏང་བ་རྣམས། མེ་སྒྱོགས་ལེན་རྒྱུ་ལྟར་བཞག ལྷ་ས་དང༌། ལྷོ་ཁ་ཤོར་ཚར་འདུག་ཅེས་པའི་སྐད་ཆ་ཤོད་རྒྱུ་ཁུར་ཏེ་སླེབས།
རི་རྩེར་སླེབས་ སྐབས་རྒྱ་དམག་གྱི་གནམ་གྲུ་གཅིག་འབྱོར་བྱུང་བར་རང་ཕྱོགས་ནས་ མེ་འཕེན་རེ་གཉིས་བྱས་ཡོད་ཀྱང་གཏོར་སྐྱོན་གང་ཡང་མ་ཐུབ། དེ་ནས་དྭགསཔོའི་ས་མཚམས་ཁྱུང་ཚང་མཐིལ་དུ་འབྱོར་སྐབས་དམག་ཚོ་གཅིག་ལ་བ་ཕུ་དང༌།
ཚོ་ གཅིག་སྣང་རྫོང་རྒྱུད་བསྐྱོད་པར་ལ་ཐོག་གཟིམ་ཁང་ཞེས་པའི་ཁྱིམ་ཚང་འབྱོར་ ལྡན་ཞིག་འདུག་པ་དེས་ཀྱང་བསྟན་སྲུང་དྭངས་བླང་དམག་ལ་དགའ་གུས་གཉིས་ཀྱི་བསྟོད་ བསྔགས་དང་འབྲེལ་ཇ་ཆང༌། འོ་ཞོ། ཤ་མར་སོགས་ཇི་དགོས་གཟབ་འབུལ་ཞུས་སོང༌། དྭགས་པོ་སྣང་རྫོང་དུ་སྔོན་ཡོད་ཆུ་སྒང་ཕོགས་ཁང་ནས་རྟ་ཆག་དགོས་མཁོ་བླངས་ཏེ་ དྭགས་པོ་དགའ་ལྡན་རབ་བརྟན་བར་བསྐྱོད།
དེར་ཚོགས་འཛོམ་གྲོས་བསྡུར་གྱི་སྐབས་ སུ་ལྷ་ས་དང༌། ལྷོ་ཁུལ་ཡོངས་རྫོགས་ས་ཤོར་ཟིན་པ་དང༌། དབུས་གཙང་ཁུལ་གྱི་རྒྱ་དམག་རྣམས་ལྷོ་ཁ་དང༌། དྭགས་པོ་ཁུལ་དུ་ཕྱོགས་སྒྲིལ་ཟིན་ཏེ་རིམ་པས་དཔུང་སྣོན་འབྱོར་མུས་ལ་སོང་རང་ དམག་རྣམས་མཚོ་སྣ་དང༌། ཇ་ཡུལ་གང་དགེའི་ཕྱོགས་སུ་བསྐྱོད་རྒྱུའི་གྲོས་ཐག་བཅད། དེ་ནས་ཀོང་པོ་དམག་སྤྱི་ཉང་ཁྲི་ལྷ་དབང་དང༌།
བདེ་ཁང་པདྨ་ཚེ་དབང་ཅན་སྡེ་ ཀོང་དམག་ ༡༤༠ སྐོར་རྣམ་རྒྱལ་བརྒྱུད་ཡོང་སྐབས་ཕྱི་དྲོ་ལ་ཞེས་པར་རང་དམག་ཚོ་གཅིག་དང༌། རྒྱ་དམག་ཁག་གཅིག་གདོང་ཐུག་བྱུང་བར་ཕན་ཚུན་དགྲ་འཐབ་ཕྲན་ཙམ་བྱས་ཏེ་རྒྱ་དམག་ བཅོ་ལྔ་སྐོར་བསད་ཡོད་ཀྱང༌། གསང་སྔགས་ཆོས་གླིང་དུ་འབྱོར་སྐབས་རང་དམག་གོ་ཧྲག་རྣམས་སྔོན་བསྐྱོད་ཟིན་མཚམས་ རྒྱ་དམག་ཁྱོན་ཆེས་རི་རླུང་ཕྱོགས་བཞི་ནས་སྐོར་ཏེ།
རང་ཕྱོགས་རྒྱ་མདའ་བརྒྱ་ དཔོན་དབང་ཕྱུག་དང༌། ཀླུ་ལྔ་ཁྱིམ་ཚང་གཙོསབཟའ་མི་རྒན་བྱིས་མི་གྲངས་ཉི་ཤུ་རྩ་གཉིས་རྒྱ་དམག་གི་ འཛིན་བཟུང་བྱས་ཤོར། དེ་ནས་འབྲུག་གསང་སྔགས་ཆོས་གླིང་དགོན་ཡུལ་དུ་འབྱོར་སྐབས་དེ་གའི་བླ་གྲ་རྣམས་ བྲོས་བྱོལ་དུ་ཕེབས་ཟིན་པ་དང༌། མི་མང་རྣམས་ནས་བསྟན་སྲུང་དྭངས་བླང་དམག་ལ་བསྔགས་བརྗོད་དང༌།
ཕྱག་འཚལ་གསོལ་ འདེབས་ཚད་མེད་གནང་བར་བརྟེན་རང་དམག་རྣམས་ཡིད་སྐྱོའི་སྡུག་ངལ་ གྱི་ཁ་གནོན་ལྟ་བུ་བྱུང་སྟེ། མིང་དོན་གཉིས་མཚུངས་ཀྱི་ལས་སུ་གཞོལ་ཏེ་མི་མང་བྲོས་ལམ་སྲུང་སྐྱོབ་ཆེད་དེ་ གའི་དགོན་གཤམ་གྱི་རི་སྣ་ས་བཙན་ཞིག་འདུག་པ་དེར་དམག་སྤྱི་ཉང་ཁྲི་དབང་ར་ལྷ་ དབང་ཚེ་རིང་དང༌། སྤོམ་མདའ་མཁན་པོའི་ཞབས་ཕྱི་གཉིས།
ཀོང་པོ་ངག་དབང་དཔལ་ འབྱོར་བཅས་ནས་ལམ་སྲུང་སྒུག་ར་བྱེད་སྐབས་གློ་བུར་དུ་རྒྱ་ དམག་གི་གནམ་གྲུ་གཅིག་འབྱོར་བར་རང་ཕྱོགས་ནས་མེ་འཕེན་རེ་གཉིས་བྱས་ཀྱང་གཏོར་ སྐྱོན་མ་ཐུབ། དེ་རྗེས་རྒྱའི་རྟ་དམག་བཅུ་ཙམ་གྱིས་རྗེས་འདེད་བྱུང་བ་དང་འཐབ་འཁྲུགས་བྱས་ཏེ་ མི་རྟ་རང་འགྲིག་གསུམ་བསད། འཕྲོས་རྣམས་ཕྱིར་བྲོས་ཤོར། དེ་ནས་ཉང་ཁྲི་དབང་ར་ཁྱིམ་ཚང་དང༌། ལྕང་ར་རྡོ་རྗེ།
ལྕང་ར་འོད་ཟེར། རྡོ་བ་ཁ་པ་སོགས་ནང་མི་དང༌། སྡེ་དགེ་གནས་ར་དགེ་ལེགས། འབའ་ཆུང་མཐུ་སྟོབས། ཕུ་མ་རིན་རྣམ་བཅས་སྡེ་ཀོང་གཉིས་ཀྱི་དམག་ཁག་གཅིག་ཇ་ཆུ་གོང་འོག་ཟེར་བ་ནས་ཙ་ རིའི་རོང་བརྒྱུད་ཀློ་ཡུལ་ནས་རྒྱ་གར་ས་མཚམས་སླེ་མ་སྒང་དུ་འབྱོར། ཀོང་སྟོད་དྲི་མེད་སྟེང་མཁར་པདྨ་ཀུན་བཟང་ནང་འཁོར་དང༌། ཕན་མཁར་ཕུན་ཚོགས། ཀོང་སྟོད་ཤར་ཕྱོགས་དཔའ་བཟང་དབང་ཕྱུག
ཤར་ཕྱོགས་ཤི་ལོག ཁང་གོང་པདྨ་ཚེ་དབང༌། རིབ་རྒྱལ་སྲས་ལགས་སོགས་ཀྱི་ནང་འཁོར་རྟ་དམག་བརྒྱ་སྐོར་དང༌། ནང་མི་བུ་ཕྲུག རྟ་ཁལ་གྲངས་ ༨༠ སྐོར་བཅས་དྭགས་པོ་ལཱ་བ་ཕུ་བརྒྱུད་ཐང་མ་ལ་རྩར་འབྱོར་སྐབས་ལ་དེ་ཁ་བས་འགག་པར་ བརྟེན་སྔ་དྲོ་ཚོུད་ ༧ ནས་གངས་གཤག་སྟེ་ཕྱི་དྲོའི་ཚོུད་ ༧ ཐོག་ལ་དེ་ཐོན་ཐུབ་ཙམ་བྱུང་བ་དང༌། དེའི་ནུབ་མོ་ལ་འོག་ཏུ་ཞག་བསྡོད་བྱས།
གོང་ གསལ་ཁང་གོང་པདྨ་ཚེ་དབང་དང༌། རིབ་རྒྱལ་སྲས་ལགས་གཉིས་ནང་མི་བུ་ཕྲུག་ཆུང་འཛར་མང་བའི་ངལ་དུབ་ཅི་ཆེ་བྱུང་ རྐྱེན་ལ་ཐོན་མ་ཐུབ་པར་ཕྱིར་ལོག་མ་བགྱིད་ཐབས་མེད་བྱུང་འདུག
ཕྱི་ཉིན་ངོས་ ཚོ་འབྲུག་གསང་སྔགས་ཆོས་གླིང་ཕྱོགས་སུ་འགྲོ་རྒྱུར་མང་མོས་བྱུང་ བ་ལྟར་མྱུར་བསྐྱོད་བྱེད་སྐབས་ཙ་རི་མཆོད་རྟེན་ནཱ་མོ་ཞེས་པའི་ས་གནས་སུ་འབྱོར་ ཉེའི་མཚམས་འབྲུག་གསང་གླིང་ཕྱོགས་ནས་རྟ་བཞོན་མི་གཉིས་ཡོང་གི་འདུག་པ་ཉེ་གཅར་ མཚམས་སུ་ཀོང་པོ་བྲེ་སྒང་བརྒྱ་དཔོན་ཨ་དར་དབང་ཕྱུག་དང༌།
གནས་པར་རྒྱར་གཞིས་ བརྒྱ་དཔོན་ཨ་དར་ཟླ་བ་རྡོ་རྗེ་གཉིས་རེད་འདུག་པ་ངོ་ཐུག་ གླེང་མོལ་སྐབས་གསང་གླིང་ཁུལ་དུ་རྒྱ་དམག་ཁྱོན་ཆེས་རི་རླུང་ཕྱོགས་བཞི་ནས་མཐའ་ སྐོར་གྱིས་མང་སྣེ་ཉུང་གི་མཐའ་མ་འཁྱོངས་པར་གོང་བརྗོད་བརྒྱ་དཔོན་གྲ་མདའ་དབང་ ཕྱུག་དང༌།
ཀླུ་དབང་ཨ་དར་མཁས་མཆོག་ཅན་གྱི་བཟའ་མི་བུ་ཕྲུག་ཉི་ཤུའི་སྐོར་ རྒྱ་དམག་གིས་ འཇུས་འཁྲིད་བྱས་ལུགས་བརྗོད་སྟབས་སྔོན་འཆར་བཞིན་འགྲོ་ལམ་མ་བདེ་བ་ཆགས་ཏེ་ང་ ཚོ་མཉམ་དུ་ཙ་རིའི་གཞུང་བརྒྱུད་འགྲོ་རྒྱུར་མོས་པ་ལྟར་ཤར་བསྐྱོད་ཀྱིས་ཆོས་ཟམ་ ཞེས་པའི་འོག་ཏུ་སླེབས།
ས་གནས་དེར་རྒྱལ་ཐང་རོང་པ་ཉི་ཤར་བསྟན་འཛིན་ཆོས་ལྡན་དང༌། རྒྱལ་ཐང་ཨ་ཕ། རྒྱལ་ཐང་ཚེ་རིང་དོན་འགྲུབ། ཚེ་རིང་བཅས་རྟ་དྲེལ་ཉི་ཤུའི་སྐོར་ཡོད་པ་ངོ་འཕྲད་བྱུང་སྟེ་གྲོས་མཐུན་ཐོག་ཙ་ རི་རྡོ་མཚན་བར་མཉམ་བསྐྱོད་བྱས། དེ་ནུབ་རྡོ་མཚན་ཚུགས་ཁང་ནས་ཇ་ཆང་སོགས་ཀྱི་སྣེ་ལེན་གང་ལེགས་བྱུང་བ་དང༌། དེ་ནས་དཀྱིལ་འཁོར་ཐང་དུ་བསྐྱོད།
དེར་ཉིན་གཉིས་སོང་མཚམས་སུ་རྒྱ་གར་དམག་ དཔོན་གཅིག་གི་ས་སྲུང་དམག་ལྔ་བཅུ་ཐམ་པ་ དང༌། དེ་རྗེས་རིམ་འབྱོར་བསྡོམ་དམག་གྲངས་གསུམ་བརྒྱ་ཙམ་རྩ་རི་དཀྱིལ་འཁོར་ཐང་གི་མར་ ཙམ་ན་སྒར་ཆགས། དེའི་མཚམས་སུ་རང་ཁོངས་དམག་ཁ་འཐོར་བ་ལི་ཐང་རག་ར། སྒ་པ་བློ་གྲོས་རྒྱལ་མཚན། དཔོན་རི་སྨད་མ་དཔོན་གྲགས་པ་རྣམ་རྒྱལ། དཀར་མཛེས་མདོ་གཉན་གསེར་དགའ།
ཀོང་པོ་སྐྱེན་མདོ་འབྲང་ཁྱིམ་དམ་ཆོས་ནང་ཚང༌། ཁྲི་འདུ་བླ་མ་ཅན། ཟམ་མཁན་བཀྲིས་ཡར་འཕེལ་ནང་མི་བུ་ཕྲུག་བཅས་དམག་ཁ་ཐོར་དང༌། ཟ་མི་བུ་ཕྲུག་ཁྲིད་དེ་བྲོས་བྱོལ་ཡོང་མི་ཁྱོན་བསྡོམས་མི་གྲངས་ཆིག་སྟོང་ལྷག་ ཙམ་རིམ་པས་འདུས་པ་དང༌། རྗེས་འབྱོར་དབོན་པོ་བློ་གྲོས་རྒྱལ་མཚན་དང༌།
གྲགས་ པ་རྣམ་རྒྱལ་གཉིས་ཀྱི་བཟའ་མི་བུ་ཕྲུག་རྣམས་ཙ་རིར་ཅིག་ཆར་དུ་བཞག་ནས་གོང་ གསལ་གཉིས་གཙོས་མི་ཧྲག་འགའ་ཤས་རྒྱ་གར་ས་སྲུང་ཐོག་གྲོས་མོལ་བྱེད་ཆེད་ངོ་ བསྐྱོད་ཟིན་མཚམས་སུ།
དེར་ཡོད་བཟའ་མི་བུ་ཕྲུག་ཐོག་རྒྱ་དམག་ནས་གློ་བུར་དུ་ ཚུར་རྒོལ་བྱུང་སྐབས་ གྲགས་པ་རྣམ་རྒྱལ་གྱི་སྤུན་གྲགས་པ་ཆོས་རྒྱལ་སྤུན་གཉིས་ནས་ཞུམ་པ་མེད་པར་གདོང་ བཀག་དགྲ་འཐབ་བྱས་ཏེ་རྒྱ་དམག་བཅུ་དགུ་ཙམ་བསད་ཡོད་ཀྱང༌། རང་ཕྱོགས་ནས་དཔུང་སྣོན་དགྲ་འཐབ་བྱེད་མི་མ་བྱུང་རྐྱེན་མཐར་མང་ཉུང་གི་ཆ་ནས་ གོང་གསལ་སྤུན་གཉིས་གཙོས་དབོན་པོ་བོ་ཧུ་དང༌།
དཔོན་རུ་རིན་ཆེན་བཅས་ཀྱི་ནང་མི་བུ་ཕྲུག་བཅུ་དགུ་སྐོར་བསད་ཤོར།
(རྒྱ་གར་ས་སྲུང་པས་གོ་ལག་རྩིས་འབུལ་དགོས་ལུགས་བརྗོད་སྐོར།)གནས་ཚུལ་དེ་ འདྲའི་སྐབས་སུ་རྒྱ་གར་ས་སྲུང་དམག་དཔོན་ནས་བོད་མིའི་ལག་ཏུ་ཡོད་པའི་གོ་ལག་གང་ ཡོད་རྩིས་འབུལ་དགོས་ལུགས་གསུངས་པ་དང༌། རང་ཕྱོགས་ནས་རྒྱ་དམག་འདི་བཞིན་གཡོ་བྱུས་ལ་མཁས་ཤིང༌།
ཁ་བཤད་དོན་ལ་མི་གནས་ པར་བཙན་རྫུལ་ཁོ་ནར་བྱང་ཆུབ་མཁན་ཞིག་ཡིན་པར་སོང་ལྷ་རབས་ བྱུང་ན་བོད་མིའི་གོ་ལག་རྣམས་གནས་སྐབས་རང་འཇགས་འཇོག་གནང་ཡོད་པ་དང༌། དེའང་མཛད་ཁག་ཆག་ཚེ་ས་སྲུང་ཆེད་གོ་ལག་ཕྲན་བུ་ཞིག་མ་འཇོག་ཐབས་མེད་ཀྱི་གནད་ ལུགས་མཐའ་བུལ་ཞུས་པར་གསན་བཞེས་ཡེ་ནས་མ་གནང་བརྟེན། དེར་ཡོད་གོ་ལག་ཚང་མ་རྩིས་འབུལ་མ་ཞུ་ཐབས་མེད་བྱུང༌།
ཡང་དེའི་མཚམས་སུ་ཀོང་ པོ་དམག་སྤྱི་བདེ་ཁང་པདྨ་ཚེ་དབང་དང༌། བརྒྱ་དཔོན་གཡུ་གསུམ་རིན་ཆེན། བེ་ལ་ཟླ་མཆོག་གཙོས་རྟ་དམག་དགུ་བཅུ་གོ་ལྔ་ནས་སླར་ཡང་གཞིས་ཡོད་ནང་མི་བུ་ཕྲུག་ སྲུང་སྐྱོབས་དང་ལས་འགུལ་ཐུབ་རེ་བློ་ཐག་གཙང་བཅད་ཀྱིས་རིམ་བཞིན་འབྲུག་གསང་ གླིང་ནས་ཙ་རིའི་བྷིམ་པོ་ལ་བརྒྱུད་ཀོང་པོ་ཆབ་ནག་དགོན་དུ་འབྱོར་བ་དང༌།
དེ་ གའི་ནུབ་མོར་རྒྱ་དམག་ཁྱོན་ཆེ་ཞིག་གིས་དགོན་པ་མཐའ་སྐོར་སྟེ་བདེ་ཁང་པདྨ་ ཚེ་དབང་གཙོས་མི་གྲངས་ ༡༥ རྒྱ་དམག་གིས་འཇུས་ཏེ་བྱ་ཟིན་སྤུ་བཏོག་ལྟ་བུ་བྱུང་བ་དང༌། དེ་འཕྲོས་མི་གྲངས་ ༧ ནས་ ༡༠ བར་ཚོ་བྱས་ནས་སྔོན་རྗེས་གྲོང་གསེབ་ལ་ཁ་ཐོར་ནས་གནས་སྟབས་ཕར་རྒོལ་མ་ཐུབ་པར་ ལམ་སྣེ་གང་ཐོབ་བྱས་པའི་མཐར་རྒྱ་གར་ས་ཐོག་ཏུ་རིམ་པར་འབྱོར།
སྔོན་མཆོང་ བརྒྱ་དཔོན་བྲེ་མ་སྒང་དབང་ཕྱུག་དང༌། གནས་པར་རྒྱ་ར་གཞིས་ཀ་བརྒྱ་དཔོན་ཟླ་བ་རྡོ་རྗེ་གཉིས་ཙ་རི་བྷིམ་པོ་ལ་ནས་གླང་ལ་ གནས་བར་བརྒྱུད་སྨན་ཆུ་ཁའི་ཕྱོགས་སྔོན་སོང་ནང་མི་ཡོད་སར་བསྐྱོད།
བྲེ་མ་ སྒང་བརྒྱ་དཔོན་སྟག་རྒོད་ཅན་གནས་བར་བློ་ལ་ཕྱོགས་བསྐྱོད་སྐབས་གནས་བར་ བསམ་ཁ་ཟམ་པར་རྒྱ་དམར་ཚོ་གཅིག་དང་གདོང་ཐུགས་འཐབ་རྒོལ་གྱིས་བྲེ་སྒང་སྟག་རྒོད་ ནས་རྒྱའི་དམག་དཔོན་གཅིག་དང་རྒྱ་དམག་གཉིས་བསད་དེ་གཞན་རྣམས་ཕྱིར་འཐེན་བྱས་ འདུག
དམག་འཐབ་འདིའི་གྲུབ་ཆའི་ལོ་རྒྱུས་ཅུང་ཟད་ཁ་གསལ་བ་ཞིག་ནི་ཅའི་ཡུང་ཇོན་གྱིས་ བརྩམས་པའི་རྒྱའི་ཡིག་ཆ་ལས། ཕྱི་ལོ་ ༡༩༥༨ ལོའི་ཟླ་ ༩ ཚེས་ ༡༧ ཉིན་ཁོ་པ་ཚོས་བཅིངས་འགྲོལ་དམག་ལ་ཚུར་རྒོལ་ཐེངས་དང་པོ་བྱས་ཡོད། ཟླ་ ༩ ཚེས་ ༡༧ ཉིན་བོད་དམག་ཁུལ་ཁང་གི་སྨན་ཁང་ཨང་ ༤༩ (ཕྱིས་སུ་སྤྱི་ཁྱབ་སྨན་ཁང་ཡང་ཟེར།) པའི་སྨན་པ་རུ་ཁག་ཅིག་གཞིས་ཀ་རྩེར་བཅའ་སྡོད་ཐོན་ཨང་ ༡༦༠
པའི་ལས་བྱེད་མི་ སྣའི་གཟུགས་པོར་བརྟག་ཞིབ་ཆེད་དུ་བཏང་ཡོད་ཅིང༌། དེའི་ནང་དུ་སྤྱི་ཁྱབ་སྨན་ཁང་གི་སྨན་པ་གཅིག་དང༌། ནད་གཡོག་གཅིག དམག་ཁུལ་ཁང་གི་མཁོ་སྒྲུབ་ལས་ཁུངས་ཀྱི་རིམས་འགོག་སྡེ་ཚན་གྱི་ལས་རོགས་ཝང་ནན་ ཆིང་དང༌། སུང་ནན་ཤིས། དམག་ཁུལ་ཁང་གི་སྒོ་བསྟན་ལས་ཁུངས་ཀྱི་བུད་མེད་སྨན་པ་ཀྲང་ཀུའེ་ནན་དང༌། ཝང་ཡུའེ་ལིང༌། སྨན་པ་ལས་རོགས་ཐིང་སུང་མའོ།
བུད་མེད་སྨན་པ་ལས་རོགས་ཁྲིན་ ཧང་ཧྭ། སྨན་སྦྱིན་པ་ཙའོ་ཏིང་དང༌། ཀྲང་ཡུང་ལེན་སོགས་ལས་གྲུབ་པའི་སྨན་དོན་རུ་ཁག་དེར་མི་གྲངས་ ༡༤ ཡོད་པ་དང༌། ཕྱི་ལོ་ ༡༩༣༨ ལོར་དམག་ནང་ཞུགས་པ་དང་ ༥༥ ལོར་སྨན་ཁང་ཨང་ ༧༤ པའི་ཡོན་ཀྲང་བྱས་མྱོང་བའི་ཝང་ཆིང་ལེན་གྱིས་འགོ་འཁྲིད་དེ་ཚེས་ ༡༧
ཉིན་ གྱི་སྔ་དྲོར་རླངས་འཁོར་ནང་བསྡད་ནས་དམར་ལའི་རི་བོའི་ལྷོ་ངོས་བརྒྱུད་ གཞིས་རྩེར་འགྲོ་་བཞིན་པའི་སྐབས། ཚེས་ ༡༦ ཉིན་ནས་ངོ་ལོག་ཇག་པས་གནས་ཚུལ་ཤེས་ཏེ་ཇག་དམག་བརྒྱ་ལྷག་ཙམ་ཞིག་གིས་དམར་ལ་རི་ བོའི་ལྷོ་ངོས་རི་འདབ་ཀྱི་གཞུང་ལམ་གཡས་གཡོན་ཚང་མ་འཛིང་རག་བཟོས་ཏེ་སྔོན་ བསྒུག་བྱས་ཡོད་པ་རེད། ཟླ་བ་ ༨ ཚེས་ ༢༣
ཉིན་ཨ་འབྲུག་ཚང་རྗེས་དེད་དང་རྒོལ་ རྡུང་བྱེད་འགོ་བཙུགས་པ་ནས་བཟུང་སྟེ། དམག་ཁུལ་ཁང་གིས་ངོ་ལོག་ཟིང་སླང་པའི་རྗེས་སུ་གསང་འཕྲིན་ལས་ཁུངས་ཁག་མང་པོ་ བཙུགས་ཏེ་གནས་ཚུལ་འཚོལ་སྒྲུབ་ཉུལ་ཞིབ་བྱེད་བཞིན་ཡོད་པ་རེད། ཟླ་ ༩ ཚེས་ ༡༧
ཉིན་ དམག་ཁུལ་ཁང་གི་གསང་འཕྲིན་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ཅང་ཝེན་ཆོན་གྱིས་ ཉུལ་ཞིབ་པ་མི་བཞི་འཁྲིད་དེ་ཨ་འབྲུག་ཚང་ཇག་ཚོགས་ཀྱི་འགུལ་བསྐྱོད་ལ་ཉུལ་ཞིབ་ བྱེད་བཞིན་པའི་སྐབས་སུ་དམར་ལ་རི་བོའི་བྱང་འདབ་ཁུལ་དུ་ཇག་པ་ཡོད་པ་མཐོང་བ་ དང༌།
དམག་ཁུལ་ཁང་ལ་སྙན་སེང་ཞུས














