མདོ་ཁམས་ཆུ་བཞི་སྒང་དྲུག་གི་བརྒྱུད་རིམ།
གློ་དམག་སྒར་གྱི་སྒྲིག་འཛུགས་གསར་གཏོད་དང༌། བརྒྱ་ཤོག བཅུ་ཤོག་སོ་སོར་བཀོད་སྒྲིག་གནང་བ།
གློ་ ཡུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔོན་དམག་སྔོན་རྗེས་ཕེབས་འབྱོར་ཇི་བྱུང་ རྣམས་དམག་སྒར་གྱི་སྒྲིག་ཁོངས་སུ་བཀོད་སྒྲིག་གནང་ཕྱོགས་དང༌། སྒྲིག་ཚུགས་གསར་གཏོད་གནང་ཕྱོགས་གོ་བསྡུར་གནང་སྟེ་སྐབས་དེར་འབྱོར་ཟིན་པའི་ དམག་དཔུང་དུ་བརྒྱ་ཤོག་བརྒྱད་བཟོས་པའི་བརྒྱ་དཔོན་བརྒྱད་ནི། ༡ ཀོང་རག་ཨ་བཟང༌། ༢ སྡེ་དགེ་ཡིད་ལྷུང་ཇས་རུ་སྦ་ལུག ༣ སྒ་པ་དབང་ཕྱུག་ཚེ་རྒྱལ། ༤ ཆ་ཕྲེང་སྐལ་བཟང་རྒྱ་མཚོ། ༥ འབའ་པ་ཚེ་ལྡན། ༦ བྲག་གཡབ་བློ་བཟང་དབང་འདུས། ༧ ཆབ་མདོ་ཚེ་དཔག ༨ སྨར་ཁམས་སྒ་གཡང་བཅས་ཡིན། དེ་འོག་ཞལ་ངོ་དང་བཅུ་དཔོན་སོ་སོར་བཀོད་སྒྲིག་བྱས་པར་དམག་ཆས་གོས་མདོག་བཟང་བ་ དང༌། ཁ་སྤུ་ཡོད་པ་རྣམས་འགོ་དཔོན་དུ་བསྐོས་སོང་ཞེས་དམག་དཔུང་ནང་ལྐོག་བཤད་མང་པོ་ བྱས།
དེ་བཞིན་དམག་མི་འབྱོར་རིམ་བཞིན་བརྒྱ་ཤོག་དྲུག་གསར་དུ་བཟོས་པའི་ བརྒྱ་དཔོན་ནི། ༡ དར་དགོན་བསྟན་འཛིན། ༢ རྟའུ་དབང་བློ། ༣ དཀར་མཛེས་སྐྱག་འབྲས་ཚང་བསོད་ནམ་མགོན་པོ། ༤ འབའ་པ་བློ་བཟང་ཐུབ་བསྟན། ༥ སྒ་པ་སྐལ་རྩ་ཚེ་དབང་དངོས་འགྲུབ། ༦ གུ་ལུང་ཁྲ་རིས་བཅས་དང༌། དེ་འོག་ཞལ་ངོ་དང༌། བཅུ་དཔོན་སོ་སོར་བཀོད་སྒྲིག་བྱས། བརྒྱ་ཤོག་རེ་ལ་ཞལ་ངོ་ལྔ་རེ་དང༌། བཅུ་དཔོན་བཅུ་རེ་ཡོད། དམག་སྒར་ལྟེ་བ་དང་བརྒྱ་ཤོག་སོ་སོར་རྒྱ་ཆེ་ཆུང་ཙམ་ལས་ཚང་མར་ལས་ཁུངས་མི་འདྲ་ བ་ལྔ་རེ་ཡོད། ༡ འཛིན་སྐྱོང་གྲ་སྒྲིག་འགན་ཁུར་ལས་ཁུངས། ༢ གསང་བའི་ལས་ཁུངས། ༣ དམག་སྦྱོང་འགན་འཁུར་ལས་ཁུངས། ༤ མཁོ་སྒྲུབ་ལས་ཁུངས།ཕོགས་ཁང་ ༥ གོ་མཛོད་ལས་ཁུངས་བཅས་ཡིན། རྗེས་སུ་སྦ་ལུག་ཚགས་པར་ལས་ཁུངས་སུ་བཏང་བ་དང་ཚབ་ཏུ་སྦ་ལུག་གི་སྤུན་ཉེ་ཕུ་ རྒྱ་བརྒྱ་དཔོན་དུ་བསྐོ་བཞག་གནང༌།
དམག་སྒར་ལྟེ་བའི་ལས་ཁུངས།དང་པོ། འཛིན་སྐྱོང་གྲ་སྒྲིག་འགན་འཛིན་ལི་ཐང་བ་ཨ་མྱེ་སྐལ་ལྡན་དང༌། སྡེ་དགེ་བྱིས་སུག་ཨ་པད། དབོན་པོ་བེ་ཧུ་སྐལ་བརྒྱ་ཅན།
གཉིས་པ། གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཆབ་མདོ་བློ་ཉི་དང༌། སྡེ་དགེ་ཕ་འཕྲིན་ལས་ཅན། གསུམ་པ། དམག་སྐྱོང་འགན་འཁུར་ཚ་རོང་རབ་བརྟན་དང༌། འབའ་པ་ཚེ་དཔག འཕན་པོ་རབ་ཡངས། སྡེ་དགེ་བོན་སྟོད་པ་བཀའ་འགྱུར་བཅས་ཡིན།
བཞི་པ། མཁོ་སྒྲུབ་ལས་ཁུངས་སམ་ཕོགས་ཁང་འགན་འཛིན་དགའ་ལྡན་གྲྭ་དབང་ཆེན་དང༌། སྡེ་དགེ་ཁམས་བུ་ཤང་དགའ་ལྡན་ཆོས་འཁོར་དགོན་གྱི་ཕྱག་མཛོད། ཆ་ཕྲེང་བློ་བཟང་བྱམས་པ།
ལྔ་པ། གོ་མཛོད་ལས་ཁུངས་འགན་འཛིན་སྨར་ཁམས་དགེ་འདུན་ཡེ་ཤེས། གོ་འཇོ་ཆོས་འགྲུབ་དོན་ལྷ། དཀར་མཛེས་ཡ་མ་ཧམ་རྒྱས་བཅས་ཡིན།
དམག་ སྒར་གྱི་སྤྱི་ཁྱབ་ཐོག་མར་རྒྱ་གར་ནས་ཆུ་བཞི་སྒང་དྲུག་གི་འགོ་འཛིན་རྣམས་ཀྱི་ ཁོངས་ནས་འབའ་པ་རྒན་ཡེ་ཤེས་བཏང་བ་དང༌། བར་མཚམས་ཤིག་ནས་ལས་རོགས་སུ་ཨ་མདོ་ཨ་སྦིས་བཏང་ཡོད། ཁོང་མཐའ་མ་འཁྱོལ་བར་ཕྱིར་ལོག་རྗེས་སྤ་ཏི་ཀུ་ལུ་ཟེར་ས་ནས་ལྟོག་ཤི་ཐེབ་པ་ལྟ་ བུ་བྱུང་བ་རེད་ཟེར། ལས་ཁུངས་དྲུང་ཡིག་ཆབ་མདོ་དཀོན་མཆོག་རྡོ་རྗེ། བདེ་སྲུང་པུའུ་ལི་སི་འམ་སྐོར་སྲུང་བའི་བརྒྱ་ཤོག་གཅིག་ཡོད་པ་དེའི་བརྒྱ་དཔོན་ རྣམ་སྲས་དོན་འགྲུབ་ཕུན་ཚོགས་བསྐོས་པ་དང་རྗེས་སུ་དྲིལ་བསྒྲགས་སྡེ་ཚན་ཟེར་བར་ མིང་བསྒྱུར། སྐབས་དེ་དུས་ཨ་རི་ནས་གོ་མཚོན་དང༌། རོགས་རམ་འབྱོར་མེད་སྟབས་འཚོ་བའི་ཐོག་ཏུ་དཀའ་ངལ་ཆེན་པོ་བྱུང་ཡོད། འོན་ཀྱང་རོགས་རམ་ཡོང་རྒྱུར་ཡིད་ཆེས་བྱས་ནས་གློ་ཁུལ་གྱི་མི་མང་ལ་བརྡབ་སིག་ མི་འབྱུང་བ་བྱས་པ་དང༌། དམག་སྒར་ཁག་ས་ཕྱོགས་གཅིག་ཏུ་ཡོད་སྟབས་རེས་གཟའ་སྤེན་པ་ཕུད། དེ་མིན་ཉིན་ལྟར་བརྒྱ་ཤོག་སོ་སོས་མེ་མདའི་ཚབ་ཏུ་མི་རེ་རེར་དབྱུག་པར་མེ་མདའི་ དབྱིབས་བཟོས་པ་རེ་ཁུར་ཏེ་རུ་སྒྲིག་གིས་བཤར་ཏེ་དམག་སྒར་ལྟེ་བ་ཡོད་ས་འཛིན་ འབི་ཐང་དུ་འཛོམས་ཏེ་དམག་སྦྱོང་བྱས། དེ་སྔ་བོད་གཞུང་གི་སྐུ་སྲུང་དམག་ཟུར་ཚ་རོང་དར་རྒྱས་རུ་སྒྲིག་དམག་སྦྱོང་གི་ དགེ་རྒན་གཙོ་བོར་གནང་བ་དང་ཁོང་གིས་དམག་རྩོད་བརྡ་ཚིག་འབོད་སྐབས་སྐད་ཤུགས་ཆེ་ བས་མི་རྣམས་འདུ་ཐུབ་པ། ཨ་ར་དང་ཨོག་ཚོམས་ཡོད་པ་དེ་འདྲ་ཞིག་ཡོད་འདུག འཚོ་བའི་ཆ་རྐྱེན་ཚད་ལྡན་མེད་པས་དམག་མི་རྣམས་གྲོད་ཁོག་ལྟོག་བཞིན་ས་ཐག་རིང་ པོར་དམག་སྦྱོང་རུ་བསྟར་སྒྲིག་སྟེ་འགྲོ་དགོས་ཀྱང་ངལ་བའི་སེམས་རྣམས་ཡོངས་སུ་ དོར་ཏེ་སྦྱོང་བདར་གནང་གི་ཡོད་འདུག ཕྱི་ལོ་ ༡༩༦༠ ལོའི་དགུན་ཐོག་དེར་ཨ་རི་བས་གནམ་ཐོག་ནས་ལྕགས་ར་སྤེན་འབར་དུ་གཡུག་པའི་གྲས་ལི་ ཐང་འབྲས་གར་བུ་ལུག་དང༌། སྡེ་དགེ་དབུ་རྩ་བུ་གཅེས། ལི་ཐང་དབང་ཆེན། དཀར་མཛེས་བློ་གྲགས་པ་ཅན་སླར་ཡར་ཨ་རིར་སློབ་སྦྱོང་ཕྱིན་ཏེ་རྒྱ་གར་བརྒྱུད་ གོམས་བགྲོད་ཀྱིས་གློ་ཡུལ་ཆུ་སྒང་དམག་སྒར་དུ་འབྱོར་བ་དང༌། ཞལ་ངོ་ཡན་ལ་ས་ཁྲའི་འགྲོ་སྟངས་དང༌། ཨང་རྩིས་སོགས་འཇབ་དམག་གི་ལས་དོན་སློབ་སྦྱོང་སྤྲད། ཡང་དེ་རྗེས་ཐེངས་གཉིས་པར་ལོ་མཇུག་དེར་ཨ་རི་ནས་གསང་བའི་འཇབ་དམག་གི་སྒྲིག་ལམ་ འགྲོ་སྟངས་སློབ་སྦྱོང་ཐོན་པའི་དགེ་རྒན་ཆེ་ཁག་གཅིག་ཨ་རི་ནས་རྒྱ་གར་དུ་འབྱོར་ བ་དང། རྒྱ་གར་ནས་གོམས་བགྲོད་ཀྱིས་གློ་དམག་སྒར་དུ་འབྱོར་བ་ལི་ཐང་རག་ར་དང༌། དར་དགོན་པད་རྡོ་རྒྱ་བོ། དཀར་མཛེས་བསོད་ནམས་དབང་རྒྱལ། ཨ་མདོ་སྒྲོལ་མ་སྐྱབས། སྡེ་དགེ་མཁར་ལེགས་བྱམས་པ། ཆབ་མདོ་ཚེ་རིང་རྡོ་རྗེ་བཅས་དང༌། དེ་རྗེས་གནམ་ཐོག་ནས་ཆ་ཕྲེང་ཟླ་བ་དང༌། སྒ་པ་ཚེ་དབང་རྡོ་རྗེ། འདི་ཁོ་རུ་ངག་འཇམ་མཉམ་དུ་བསད་པ་རེད འབའ་པ་ཨ་འཕྲིན་ལས། རྒྱལ་ཐང་དམ་ཆོས་རྒྱལ་མཚན། རྒྱལ་རྩེ་ཉི་མ། སྡེ་དགེ་ཡིད་ལྷུང་པད་དགའ། ཤོ་མདོ་བ་བཀྲིས། ལི་ཐང་བློ་བཟང་བྱམས་པ། སྒ་པ་འཇམས་བྱངས་འཕྲིན་ལས། དར་དགོན་ཇ་མ་ངག་ཕྲུག འཇོལ་པ་ཨ་ཕྱུག་ཚེ་རིང༌། འཇོལ་པ་འཇང་ལུ་ཕྱག་མཛོད། རྟའུ་རྒྱ་ཀོ་བསྟན་པ། ཨ་མདོ་ཆོས་གྲགས། སྒ་པ་འཇམས་དབྱངས་འཕྲིན་ལས། ཆ་ཕྲེང་ཀོ་བ་རྒྱལ་མཚོ། ཉག་རོང་སྐལ་བཟང་རྡོ་རྗེ་ཅན་རིམ་པར་སླེབས་ཡོད༌། ཨ་རི་བས་གནམ་ཐོག་ནས་མི་དང༌། གོ་མཚོན། གསེར་དངུལ་བཅས་འབྱོར་ཐེངས་དང་ལོ་ཕྱི་ལོ་ ༡༩༦༡ བོད་ཟླ་ ༢ ཚེས་ ༡༠ ཉིན་རོགས་རམ་ཁུར་བའི་གནམ་གྲུ་ཡོང་རྒྱུའི་སྔོན་བརྡ་འབྱོར་བ་ལྟར་བོད་ཀྱི་ས་ཆ་ བྱང་ཐང་རྐྱང་ཆུ་མིག་ཟེར་སར། གནམ་གྲུས་བཅའ་དངོས་གཡུག་སའི་ས་རྟགས་སུ་ནོར་ཕྱུགས་ཀྱི་ལྕི་བ་སྐམ་པོའི་ ཎ ཏ ཏྲ རྟ ཀྱི་ཡིག་ཆེན་བྲིས་ཏེ་མཚན་མོར་དུས་ཚོད་མ་ཟིན་ཙམ་ནས་མེ་སྤར་ཏེ་གྲ་སྒྲིག་བྱས། མཚན་མོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་གནམ་གྲུ་ཞིག་ཤར་རྒྱག་བོད་ཤར་ཕྱོགས་སུ་འཕུར་སོང་བར་མི་རྣམས་ཀྱིས་ཅ་ལག་ གཡུག་མཁན་མིན་པ་འདྲ་ཟེར་མཁན་དང༌། འགའ་རེས་གསང་བའི་ཆེད་དུ་ཡིན་སྲིད་ཞེས་ཚོད་དཔག་སྣ་ཚོགས་བྱས། དེ་ནས་ཁ་ཕྱིར་བསྐོར་གྱིས་རྐྱང་ཆུ་མིག་གི་ས་ཆར་མེ་ཡིག་རྟགས་ཡོད་སར་ཡོང་སྟེ། མུ་མཐུད་གཡས་བསྐོར་གཡོན་བསྐོར་གྱིས་བཅའ་དངོས་རྣམས་གཡུག་ཚར་བ་དང་གར་སོང་ཆ་ མེད་དུ་ཕྱིན། བསྐོར་བ་དང་པོའི་སྐབས་དགེ་རྒན་ཚེ་དབང་རྡོ་རྗེ་དང༌། རྒྱལ་ཐང་དམ་ཆོས་རྒྱལ་མཚན་ཅན་མི་གྲངས་ ༡༧ དང༌། གོ་མཚོན་སྦི་རི་ཀན་དང༌། མདེའུ་ལྔ་རེ་འགྲོ་བའི་ལག་མདའ་མེ་སྒྱོགས་གནམ་བླུགས་བརྒྱ་ཤོག་སོ་སོར་མི་རེ་ རེས་ཁུར་ཐུབ་པ། བརྒྱད་ཤོག་རེར་སྦིར་རི་ཀན་ལྔ་རེ། གསེར་ཏྲམ་གླང་ཆེན་ལན་འབར་ཅན་དང༌། དྭ་སྒོར་དཀར་པོ། དམག་སར་སྟབས་བདེར་ཟ་ཆོག་པའི་ཤ་སྐམ་པོ་བཅས་གཡུག་འདུག་པ་ཉར་ཚགས་བྱས། དམག་སྒར་ནས་མཚན་སུ་ཐོན་བརྒྱ་ཤོག་སྔ་རྗེས་རྣམས་རྒྱན་རྒྱག་བྱས་པར་སྔོན་འབྱོར་ བརྒྱ་ཤོག་བརྒྱད་ལ་རྒྱན་ཐོབ་པ་ལྟར་བརྒྱ་ཤོག་སོ་སོའི་ཁོངས་ནས་ཆ་བགོས་ཀྱིས་ དགེ་རྒན་གྲས་ལི་ཐང་རག་ར་དང༌། ཆབ་མདོ་ཚེ་རིང་རྡོ་རྗེ་ཅན་འགོ་དམག ༧༠༠ སྐོར་བྱང་དུ་གོ་མཚོན་ལེན་དུ་རྟ་དྲེལ་ ༢༠ ཙམ་དེད་དེ་ཕྱིན། བརྒྱ་ཤོག་གཞན་རྣམས་གཏིང་རིང་སྦུག་ཏུ་བཞག རྐྱང་ཆུ་མིག་ཞེས་པ་བྱང་ཐང་དུ་ཆུ་མིག་མང་པོ་ཡོད་ལ་ཁ་དཀར་རྐྱང་གི་ཁྱུ་ཚོགས་ མང་པོས་རྟག་པར་ཆུ་མཐུང་སྟེ་འཛོམས་ཀྱི་ཡོད་པས་རྐྱང་ཆུ་མིག་ཞེས་བརྗོད། གཡག་ར་སྦུག་དམག་སྒར་ལྟེ་བ་ནས་བལ་བོད་ས་མཚམས་སམ། མིག་མོ་ཧོན་གྱི་ས་མཚམས་ས་ཐིག་གི་བར་རྐང་ཐང་ཉིན་ཧྲིལ་པོ་གསུམ་གྱི་ས་ཐག་ཡོད། དེ་ནས་ལ་བཙས་བརྒྱད་ཅུ་ཞེས་རེ་རེ་བཞིན་རྩིས་ན། སྤངས་འབུར་དང་རྫ་འབུར་རྫ་སྤང་འདྲེས་མའི་རི་འབུར་བཅས་བརྒྱད་ཅུ་གྲངས་ཚང་ཡོད་ ཅིང༌། ས་ཆ་དེ་ནས་ཅ་དངོས་གཡུག་ས་རྐྱང་ཆུ་མིག་བར་ཉིན་ཕྱེད་ཙམ་འགོར་གྱི་ཡོད། དེ་ནས་དམག་མི་ཚོས་བཅའ་དངོས་རྒྱབ་ཁུར་བྱས་ཏེ་ཡོང་སྐབས་རྟ་དྲེལ་ ༢༠ ཙམ་ལ་དངོས་ཆས་བཀལ། མིའི་ཁུར་ཤིང་སྒམ་རེ་རེའི་ནང་མེ་མདའ་གཉིས་རེ་དང་མདེའུ་ ༥༠༠ ཡོད། རྒྱན་ཤོག་ཐོན་པ་ལྟར་སྐབས་དེའི་གོ་མཚོན་སྔོན་གྱི་བརྒྱ་ཤོག་བརྒྱད་ལ་བགོས།
བརྒྱ་ཤོག་དམག་སྒར་སོ་སོར་ས་བགོས་དང་དགེ་རྒན་ཆེད་བཙུགས་ཆ་བགོས།
དེ་ རྗེས་སྤྱི་ཁྱབ་འབའ་པ་ཡེ་ཤེས་ཉག་འཇའ་སྦུག་ཏུ་སྤོས་པ་དང་བརྒྱ་ཤོག་རེ་ནས་དམག་ མི་ལྔ་རེ་བསྡུས་ཏེ་བརྒྱ་ཤོག་འཕར་མ་གཅིག་བཟོས་པ་དེ་ལ་སྤྱི་གཞུང་དམག་གམ་སྤྱི་ ཁྱབ་བརྒྱ་ཤོག་ཟེ། བརྒྱ་དཔོན་དུ་རྒྱལ་ཐང་མཁས་གྲུབ་ཐད་བསྐོས་ཀྱིས་སྤྱི་རྒན་ཡོད་ས་ཉག་འཇའ་སྦུག་ ཏུ་བཞག བརྒྱ་ཤོག་དེའི་ཁོངས་སུ་ལས་ཁུངས་ཆེ་ཁག་ལྔ་ཡོད། ༡། གོ་མཚོན་ཡོད་སྟབས་ཝ་རིང་ལར་བྲག་གཡབ་བརྒྱ་དཔོན་བློ་བཟང་དབང་འདུས་བཞག ༢། ཞྭ་ཡེ་ལར་སྡེ་དགེ་བརྒྱ་དཔོན་ཕུ་རྒྱ་ཤོག་གི་དམག་སྒར། བརྒྱ་ཤོག་འདི་གཉིས་ཀྱི་དགེ་རྒན་དར་དགོན་པད་རྡོ་རྒྱ་བོ་དང༌། ཨ་མདོ་སྒྲོལ་མ་སྐྱབས། རྒྱལ་ཐང་དམ་ཆོས་རྒྱལ་མཚན་བཅས་ཡིན། ༣། འདམ་སྦུག་ཏུ་འབའ་པ་བརྒྱ་དཔོན་ཆོས་ལྡན་དང༌། གཡག་ར་སྦུག་ལ་ཀོང་རག་བརྒྱ་དཔོན་ཨ་བཟང་གི་དམག་སྒར། འདི་གཉིས་ལ་དགེ་རྒན་འབའ་པ་ཨ་འཕྲིན་ལས་དང༌། རྒྱལ་རྩེ་ཉི་མ་གཉིས་ཡིན། ༤། མ་ལྡིང་ལ་ཁར་སྒ་པ་བརྒྱ་དཔོན་དབང་ཆེན་ཚེ་རྒྱལ་གྱི་དམག་སྒར། ༥། ཉག་འཇའ་སྦུག་ཏུ་སྤྱི་ཁྱབ་བརྒྱ་ཤོག་དང་བརྒྱ་དཔོན་རྒྱལ་ཐང་མཁས་གྲུབ་དམག་སྒར། བརྒྱ་ཤོག་བཞི་པ་དང་ལྔ་པའི་དགེ་རྒན་གཤོང་གཉེར་བསོད་ནམས་དབང་རྒྱལ་དང༌། སྡེ་དགེ་པད་དགའ་གཉིས་ཡིན། ཡང་ཆུ་ནུབ་བྲག་དམར་སྦུག་ཏུ་བརྒྱ་དཔོན་ཆབ་མདོ་ཚེ་དཔག་གི་དམག་སྒར་དང༌། གཡག་མདའ་ལར་བརྒྱ་དཔོན་ཆ་ཕྲེང་སྐལ་བཟང་རྒྱ་མཚོའི་དམག་སྒར། དམག་སྒར་འདི་གཉིས་ལ་དགེ་རྒན་ཆ་ཕྲེང་ཟླ་བ་དང༌། ཤོ་མདོ་བ་བཀྲིས་གཉིས། མང་གི་མིག་ཞེས་པར་བརྒྱ་དཔོན་སྨར་ཁམས་དགའ་གཡང་དམག་སྒར་གྱི་དགེ་རྒན་སྡེ་དགེ་ མཁར་ལེགས་བྱམས་པ་དང་ཨ་མདོ་ཆོས་གྲགས་གཉིས་ཡོད། ཀླུ་ར་སྦུག་ཏུ་བརྒྱ་དཔོན་གསར་པ་དར་དགོན་བསྟན་འཛིན་དམག་སྒར་དང༌། འཚམས་པ་སྦུག་ཏུ་བརྒྱ་དཔོན་དཀར་མཛེས་སྐྱག་འབྲས་ཚང་བསོད་ནམས་མགོན་པོའི་དམག་ སྒར བཏབ། དམག་སྒར་འདི་གཉིས་ལ་དགེ་རྒན་ལི་ཐང་བློ་བཟང་བྱམས་པ་དང༌། སྒ་པ་འཇམས་དབྱངས་འཕྲིན་ལས་གཉིས་ཡིན། ས་དམར་སྦུག་ལ་བརྒྱ་དཔོན་ཏྲེ་ཧོར་གུ་ལུང་དགོན་པ་ཁྲ་རིག་དམག་སྒར་དང༌། ཏི་ཏིང་སྦུག་དམག་སྒར་གྱི་བརྒྱ་དཔོན་བཀའ་རྩ་ཚེ་དབང་ནོར་བུ་དང༌། རྒྱལ་ཐང་པ་བླ་མ་ལགས་གཉིས་ཀྱི་དམག་སྒར་ཡིན། འདི་གཉིས་ལ་དགེ་རྒན་དར་དགོན་ཇ་མ་ངག་ཕྲུག་དང་འཇོལ་པ་ཨ་ཕྱུག་ཚེ་རིང་གཉིས་ བསྐོས། སྙན་ཤོང་བྲག་ཐང་བརྒྱ་ཤོག་བརྒྱ་དཔོན་འབའ་བློ་བཟང་ཐུབ་བསྟན་གྱི་དམག་སྒར་གྱི་ དགེ་རྒན་འཇོལ་པ་འཇང་ལུ་ཕྱག་མཛོད་དང༌། རྟའུ་རྒྱ་ཀོ་བསྟན་པ་གཉིས་ཡིན། རྒྱུ་མ་རོང་དུ་བརྒྱ་དཔོན་རྟའུ་དབང་བློ་བཟང་དམག་སྒར་ལ། དགེ་རྒན་ཆ་ཕྲེང་ཀོ་བ་རྒྱ་མཚན་དང༌། ཉག་རོང་ཀུན་བཟང་རྡོ་རྗེ་བཅས་ས་གནས་སོ་སོར་དམག་སྒར་བཏབ། གཞན་ཡང་དགེ་རྒན་གྲས་ཚ་རོང་པད་མ་རིག་འཛིན། འབའ་པ་རྣམ་རྒྱལ། སྡེ་དགེ་བུ་གཅེས། སྒ་པ་ཆོས་གྲགས། གསང་ལས་གྲས་དར་དགོན་ནོར་བུ་རྡོ་རྗེ། དཀར་མཛེས་བཀྲ་ལུ། བྲག་གཡབ་བསམ་གཏན། ཨ་མདོ་བྱམས་པ་དང༌། བསམ་འགྲུབ། དཀར་མཛེས་བསྟན་དར། སྡེ་དགེ་དིལ་མགོ་ཚེ་དབང༌། ཤོ་མདོ་བཀྲིས་བཅས་ཡོད་ཀྱང་དེ་རྗེས་སྐལ་བཟང་སྦུག་ལས་ཁུངས་དང་པོའི་ནང་སྡེ་ དགེ་རྣམ་སྲས་ཚང་དོན་འགྲུབ་ཕུན་ཚོགས་དང༌། རྒྱལ་རྩེ་ཞལ་ངོ་སྐལ་བཟང༌། རྨེ་ཤོད་བྱི་སུག་ཨ་པད། དར་དགོན་སྐལ་དགའ། སོག་ཙན་དན་དགོན་པ། འཕགས་པ་ཤོ་ལྷོ་ཀརྨ། སྒ་པ་སྐལ་རྒྱལ།དབོན་པོ་བེ་ཧ།བཅས་བཀོད་སྒྲིག་ཞུས།
ཨ་རི་ནས་གནམ་གཡུག་མེ་མདའ་དང་མེ་སྒྱོགས་གསེར་དངུལ་འདྲ་མིན་བཅས་རོགས་རམ་ཐེངས་ གཉིས་པ་དེ་ཕྱི་ལོ་ ༡༩༦༡ བོད་ཟླ་ ༡༡ ཚེས་ ༡༥ ཉིན་འབྱོར་རྒྱུའི་སྔོན་བརྡ་བྱུང་བ་ལྟར། རྒྱུ་མ་རོང་ངམ། བྲག་དཀར་མཛོང་ཟེར་བའི་ས་ཆར། སེམས་ཅན་གྱི་ལྕི་བ་སྐམ་པོ་མང་པོ་བསྡུས་ཏེ་ས་རྟགས་ཆེད་སྔོན་བཞིན་མེ་སྤར་བ་ དང་ཕྱོགས་དེར་དངོས་རྫས་ལམ་སེང་གཡུག་ཐུབ་པ་བྱུང༌། སྔོན་མའི་གོ་མཚོན་ལྟར་མིན་པར་མདེའུ་བརྒྱད་འགྲོ་བའི་མེ་མདའ་དང༌། མེ་སྒྱོགས་གནམ་བླུགས་དང་འཕྲད་བླུགས་ཅན་མཚོན་ཆའི་རིགས་དང༌། གསེར་དང་གསེར་ཏྲམ་དངུལ་སོགས་རིན་ཆེན་དངོས་རྫས་ཀྱི་རིགས་སྣ་ཚོགས་འབྱོར། གོ་མཚོན་དེ་དག་བརྒྱ་ཤོག་རྗེས་མའི་དམག་སྒར་རྣམས་ལ་བགོ་འགྲེམས་བྱ་རྒྱུའི་ཐག་ ཆོད་སྔོན་ཡོད་ལྟར་དབོར་འདྲེན་གནང་མཁན་ཡང་དམག་སྒར་དེ་ཚོས་གཙོ་བོར་བྱས་ཏེ་ ཕེབས་ཡོད། དཔོན་དམག་རྣམས་རྡོག་མཁྲེས་རྒྱབ་ཁུར་གྱིས་མནར་བཞིན་པའི་དགུན་དུས་དེར་གནམ་ གཤིས་གྲང་ངར་ཆེ་སྐབས་དང༌། བོད་ཚེས་ ༡༦ ནས་ཁ་བ་ཆེན་པོ་བབས་པས་མིག་དང༌། རྐང་པ་འཁྱགས་ཕྱིད་ཁུར་ནས་རྗེས་སུ་རྐང་མཛུབ་གཅོད་དགོས་པའང་འགའ་ཞིག་བྱུང་བ་མ་ ཟད། འགའ་རེ་དམག་གོ་མི་ཆོད་པ་ཙམ་མ་ཟད་ཚེ་ནད་ལུས་སྐྱོན་དུ་གྱུར་ཏེ་དེ་དག་གི་ཆེད་ རྒྱ་གར་སྦུག་ཏུ་རྒས་གསོ་ཁང་བཙུགས་ཏེ་བཞག་དགོས་པའང་བྱུང་ཡོད། དེ་ནས་གོ་མཚོན་མང་འབྱོར་ལ་བརྟེན་ཉག་འཇའ་སྦུག་ཏུ་གོ་མཛོད་གསར་རྒྱག་གིས་ཉར་ ཚགས་བྱས་པ་དང༌། དེ་བཞིན་རོགས་རམ་འབྱོར་བའི་དངོས་ཁོངས་ནས་བརྒྱ་ཤོག་སོ་སོར་རྟ་ ༡༠ རེ་དང་དོས་འགེལ་གཡག ༢༥ རེ་ཉོས། དགེ་རྒན་དང་བརྒྱ་དཔོན་ཚོས་སྒེར་རྟའང་ཉོ་ཆོག་པ་དང་རིམ་བཞིན་དམག་མང་གིས་ཀྱང་ རྟ་ཉོ་ཆོག་པ་བྱས།སྒ་པ་དགེ་རྒན་ཚེ་དབང་རྡོ་རྗེ་དམག་སྒར་ལ་ངོ་ལོག་གིས་ཟུར་ ཐོན་བྱས། དམག་སྒར་ནས་གོ་རྣ་དགེ་འདུན་གྱི་ཁྱིམ་ཚང་རྩ་མེད་བཏང༌། དེ་འདྲའི་སྐབས་ཤིག་ལ་སྒ་པ་དགེ་རྒན་ཚེ་དབང་རྡོ་རྗེ་དང༌། ལི་ཐང་རག་ར་གཉིས་མ་མཐུན་པའི་མཐར་ཚེ་དབང་རྡོ་རྗེ་གོ་རྣ་དགེ་འདུན་གྱི་ཁྱིམ་ ཚང་ལ་བློ་བཅོལ་བ་དང་མགོ་བཏགས་ཞུས་ཏེ་བསྡད། དེ་རྗེས་དམག་སྒར་ནས་ལི་ཐང་རག་ར་དང༌། ཆ་ཕྲེང་འགྱུར་མེད་ཅན་འགོ་ཁྲིད་དུ་བསྐོས་ཏེ་ནང་དམེ་བྱེད་རྒྱུའི་ཆེད་དམག་བཏང་ བ་དང༌། ཁོང་ཚོས་མཚན་མོ་གོ་རྣ་དགེ་འདུན་སོགས་མཐའ་ནས་བསྐོར་ཏེ་ནམ་ལངས་དུས་དང་པོ་ཚུར་ འགུགས་ཐབས་ཀྱི་སྐད་ཆ་བཤད་ཁུལ་དུ་སྡེ་དགེ་སྡོམ་པ་ཨ་རྡོ་དང༌། སྒ་པ་སྐལ་རྩ་ཚེ་དབང་དངོས་འགྲུབ་གཉིས་གོ་རྣ་དགེ་འདུན་ཡོད་སར་བཏང༌། ཁོང་གཉིས་སོང་ཏེ་ངོ་ཐུག་གིས་ནང་འགྲིགས་བྱ་རྒྱུའི་སྐད་ཆ་ཤོད་རྒྱུ་ཡོད་ཚུལ་ གྱི་འབོད་པ་བྱས། གོ་རྣ་དགེ་འདུན་སྦ་གུར་སྒོ་ནས་ཕྱིར་ཐོན་ཏེ་མར་ཡོང་ཞོར་དུ་ཡར་མར་བལྟ་དུས་ལི་ ཐང་རག་རའི་དམག་གིས་བསྐོར་ནས་ཡོད་པ་མཐོང༌། དེ་མ་ཐག་ཁོ་པས་ཁྱི་རྒན་ཁྱོད་ཚོས་བྱེད་སྟངས་འདི་འདྲ་མ་གཏོགས་མེད། ནང་འགྲིགས་ཀྱི་སྐད་ཆ་ཤོད་རྒྱུ་ཕར་ཟད་རེད་ཅེས་ཕྱིར་བཤིགས་ཀྱིས་སྦ་གུར་ནང་མེ་ མདའ་ལེན་དུ་ཡར་འགྲོ་རྩིས་སྐབས། ཕྱོགས་གང་ས་ནས་མེ་རུབ་བརྒྱབ་སྟེ་གོ་རྣ་དགེ་འདུན་གྱི་ནང་འཁོར་དང༌། ཁོ་རུ་ངག་འཇམ་གྱི་ཁྱིམ་ཚང༌། སྒ་པ་དགེ་རྒན་ཚེ་དབང་རྡོ་རྗེ་བཅས་ཀྱི་དེར་ཡོད་ནང་མི་ཆེ་ཆུང་ཚང་མ་དམར་བསད་ བཏང། བུ་གཉིས་རྟ་རྣམས་ལ་ཆུ་སྟེར་མཁན་ལུང་ཤུར་ཞིག་ཏུ་སོང་བ་དང་ཁེལ་ཏེ་ལྷག་ཡོད་ འདུག་པ་སྒྲུབ་པ་སྤུན་གཉིས་པོ་དེ་གོ་རྣ་དགེ་འདུན་གྱི་ཤུལ་ལུས་ཡིན་སྐད། དེ་བཞིན་ཁོ་རུ་ངག་འཇམ་དང༌། ཡག་ར་ལྡོབ་ལྡོབ་གཉིས་ནང་འཁྲུགས་ཀྱིས་ཕན་ཚུན་བསད་རེས་མང་པོ་བྱས་པའི་ལོ་ རྒྱུས་སོགས་ནང་དམེ་ནང་བསད་ཀྱིས་གནམ་ས་གཡོ་འགུལ་ཐུབ་དགོས་པ་དེ་འདྲ་བཟོས་འདུག
བོད་ནང་དུ་རྒྱ་དམར་གུང་ཁྲན་གྱི་དམག་སྒར་དང༌། ས་སྲུང་བ། དམག་ཆས་སྐྱེལ་འདྲེན་པ་ཅི་རིགས་ལ་གློ་ཡུལ་ནས་ཆུ་སྒང་འཇབ་དམག་གིས་ཐེངས་དང་ པོའི་གཡུལ་འགྱེད།
དམག་སྒར་ལ་གོ་མཚོན་རིམ་འབྱོར་གྱིས་དམག་མི་ཚང་མར་གོ་ལག་ གྲ་སྒྲིག་གྲུབ་རྗེས་བོད་ཀྱི་ས་མཚམས་ནས་འཇབ་དམག་རྒྱག་རྒྱུའི་འཆར་གཞི་བཞག་ སྟེ། དམག་སྒར་སྟོད་ཀྱི་ལས་ཁུངས་ནང་ཡོད་སྡེ་དགེ་རྒན་བོན་སྟོད་བཀའ་འགྱུར་དང༌། ཤོག་ལྷོ་བ་ཀརྨ་གཉིས་སྤྱི་ཁྱབ་བརྒྱ་ཤོག་གི་རྟ་དམག་དང༌། རྐང་དམག་ ༥༠ ཐམ་པ་ཁྲིད་དེ་དམག་སར་ཕྱིན། ཀོང་རག་བརྒྱ་དཔོན་ཨ་བཟང་དང༌། རྒྱལ་ཐང་དམ་ཆོས་རྒྱལ་མཚན། ཇུས་ཀམ་པ་སྲས་ཚ་དགེ་འདུན་བཅས་ཀྱིས་རྐང་དམག་ ༥༠ ཐམ་པ་ཁྲིད་དེ་ཆུ་བོ་རྟ་མཆོག་ཁ་འབབ་ཀྱི་གཞུང་གྲུ་གྲུ་ཁ་དགག་སྲུང་དུ་ཕྱིན། ཡང་ནུབ་ཕྱོགས་དམག་ཁོངས་ནས་ལི་ཐང་དགེ་རྒན་རག་ར་དང༌། ཤར་ཕྱོགས་འབའ་པ་འཕྲིན་ལས་ཅན་རྟ་དམག་ ༥༠ ཐམ་པ་ཁྲིད་དེ་སྟོད་ལིས་རྩེ་ཟེར་སའི་གཙང་པོ་རྟ་མཆོག་ཁ་འབབ་ཀྱི་དར་ཐོག་ནས་ཆུ་ ཕ་རིར་ཐོན་པ་དང་གཙང་པོའི་ཆུ་འགྲམས་ནས་འཁོར་ལམ་ཡོད་པས་དེར་འཇབ་སྒུག་བྱས་པ་ དང༌། ཉིན་རྒྱབ་ཙམ་ལ་རྒྱ་དམག་གི་རླང་འཁོར་ཁག་གཅིག་གི་ནང་དམག་མི་མཚོན་ཆ་དང་བཅས་ཏེ་ ཡོང་བར་མེ་མདའ་བརྒྱབ་པས་རླང་འཁོར་གཅིག་འགྲོ་མ་ཐུབ་པ་བཟོས། དེའི་ནང་རྒྱ་དམག་འགོ་དམངས་གྲངས་ ༡༡ ཡོད་པ་རྣམས་བསད་ཐུབ་ཀྱང་དེའི་ནང་རྒྱ་མོ་མཛེས་མ་ཞིག་ཡོད་འདུག་པ་དེ་རླུང་ འཁོར་གྱི་འཁོར་ལོའི་བག་ཏུ་གབ་ནས་མེ་འཕེན་བྱས་པར་ཇ་ཡུན་ཙམ་ལ་གསོད་མ་ཐུབ་ཀྱང་ མདའ་མཚོན་བསྟུད་མར་འཕང་པས་མཐར་རྒྱ་མོ་དེ་གསོད་ཐུབ་པ་དང་གོ་མཚོན་སོགས་དངོས་ ཆས་ཡོངས་རྫོགས་བླངས་ཏེ་དགྲ་བོའི་དམག་འཁོར་མེར་བསྲེགས་བཏང༌། སྐབས་དེར་རྒྱ་དམག་བསད་པའི་ནང་དུ་སྟོད་ཕྱོགས་དམག་གི་རྒྱ་དཔོན་མཐོ་ཤོས་ཨང་དང་ པོ་དེ་སོད་ཡོད་པ་རྗེས་སུ་ཤེས་འདུག དེ་ནས་ཐོབ་པའི་དངོས་ཆས་བུ་ར་སོ་གོར་ཅན་གྱི་མཚོན་ཆ་དང་རིག་གནས་གསར་བརྗེ་ བྱེད་ཕྱོགས་ཀྱི་སློབ་གསོའི་ཡིག་ཆ། གཞན་ཡང་གྱེན་ལོག་ཤོག་ཁག་དང༌། མཉམ་འབྲེལ་ཤོག་ཁག་སོ་སོ་བྱ་རྒྱུའི་གནད་དོན་སློབ་གསོ་དྲིལ་བསྒྲགས་སྲིད་བྱུས་ ཀྱི་ཡིག་ཆ་ཡོད་འདུག ཡིག་ཆ་དེ་དག་ཤིན་ཏུ་གལ་གནད་ཆེན་པོ་ཡིན་སྟབས་ཨ་རིའི་གསང་ལས་ནས་དམག་སྒར་ལ་ བསྔགས་བརྗོད་ཆེན་པོའི་གཟིགས་ཞིབ་གནང་ཡོད། ད་དུང་དགྲ་བོར་ང་ཚོའི་ངོས་ནས་མེ་མདའ་འཕེན་སྔ་ཆེ་བའི་རྐྱེན་གྱིས་དགྲ་བོའི་ དམག་འཁོར་གཞན་རྣམས་བྲོས་ཤོར་བ་ལས་ཐོག་མའི་འཆར་གཞི་ནང་གཙང་པོའི་འགྲམ་དུ་དམག་ ས་གོང་འོག་གཉིས་སུ་བཟོས་ཏེ་སྒུག་ར་གོང་མའི་ནང་གི་ལི་ཐང་རག་རར་མེ་མདའ་དང་པོ་ རྒྱག་རྒྱུའི་འགན་སྤྲད་ཡོད་པ་ལྟར་ལས་གཞན་སུ་ཞིག་གིས་མེ་མདའ་འཕེན་སྔ་མི་ཆོག་ པའི་ཁྲིམས་བཟོས་ཀྱང༌། སུ་ཡིན་མི་ཤེས་པའི་རང་དམག་ཞིག་གིས་ལག་སྔ་བྱས་ཉེས་ཤོར་སྟབས་དམག་འཁོར་ཁག་ གཅིག་དང་དམག་མི་གཞན་རྣམས་བྲོས་ལམ་ནས་ཤོར། སྐབས་དེ་དུས་གཡུལ་འགྱེད་ནང་རང་དམག་གཅིག་ཀྱང་ཤི་རྨས་མ་བྱུང་བར་དམག་ཐག་ཆོད་ དེ་རྟ་དམག་རྣམས་གཡུལ་ལས་རྒྱལ་ཏེ་ཕྱིར་ལོག་བྱས། དེ་ནས་གཞུང་ཁའི་གྲུ་སྲུང་རྐང་དམག་རྣམས་ཀྱི་ཐོག་ཏུ་ཝབ་ཆེན་ཁ་སོར་ཡོད་པའི་ རྒྱ་སྒར་རམ། ཁྲོམ་འགོ་རྒྱ་སྒར་ནས་རྒྱ་དམག་ཧ་ཅང་འབོར་ཆེན་ཡོང་སྟེ་རང་དམག་རྣམས་ཕྱོགས་མང་ པོ་ནས་བསྐོར་ཏེ་གྲོ་ཡོས་བརྔོས་པ་ལྟ་བུའི་ཇུས་ཀམ་གྲངས་མེད་བརྒྱབ་ཀྱང་ཅི་ཡང་ མ་གནོད། གཡག་ག་ཡུ་ལའི་རི་འབུར་ཞིག་ཏུ་རྒྱ་དམག་དྲུག་གིས་བཙན་ས་བཟུང་སྟེ་མེ་འཕེན་ བྱེད་བཞིན་པར་སྡེ་དགེ་ཡིད་ལྷུང་ཞུ་ཆུང་གིས་ལག་འབམ་གཡུག་ཐེངས་གཅིག་གིས་རྒྱ་ དམག་དྲུག་དུས་གཅིག་ཏུ་བསད། ས་གནད་གལ་ཆེ་བཟུང་མཁན་དེ་མེད་པ་བཟོ་ཐུབ་པ་དང་སྐབས་དེའི་གཡུལ་འགྱེད་ཀྱི་མེ་ མདའི་འོག་ཏུ་རྒྱ་དམག་ ༢༠ སྐོར་གསོད་ཐུབ་པ་དང་རང་དམག་གཅིག་ཀྱང་ཤི་རྨས་བྱུང་མེད། དེ་ནས་ས་རུབ་པ་དང་མཚན་མོར་རྐང་དམག་རྣམས་ཕྱི་འཐེན་གྱིས་རང་གནས་སུ་བདེ་འཇགས་ ངང་ལོག་ཐུབ་པ་དེ་འཇབ་དམག་ཐེངས་དང་པོ་ཡིན།
ཕྱི་ལོ་ ༡༩༦༧ ལོའི་བོད་ཟླ་ ༡༢ པའི་ནང་སྤྱི་ཁྱབ་འབའ་པ་རྒན་ཡེ་ཤེས་ཀྱིས་བཀའ་བཏང་སྟེ་དགེ་རྒན་ལི་ཐང་རག་ར་ དང༌། ཨ་མདོ་སྒྲོལ་མ་སྐྱབས། སྨར་ཁམས་དགའ་གཡང་གསུམ་གཙོས་རྟ་དམག་ ༡༨ ཆེད་བཏང་གིས་ཡར་ཆབ་གཙང་ལམ་རྟ་མཆོག་ཁ་འབབ་ཆུ་ཕ་རི་ནས་ལེ་དབར་བརྒྱ་ཕྲག་ཁ་ཤས་ ཀྱི་ས་ཐག་ཡོད་སར་མངའ་རིས་སུ་རྒྱ་དམར་གྱི་དམག་སྒར་ཆེན་པོ་ཞིག་ཡོད་པ་དེ་ཐོག་ ཏུ་འཇབ་དམག་འགྲོ་དགོས་པའི་བཀའ་བཏང་བ་ལྟར་དགུན་ཐོག་བཟོད་ཐུབ་མེད་པའི་གྲང་ ལྷག་ཤ་འཁེང་འགྱུར་རྒྱུ་ལས་དགྲ་རྒོལ་གྱི་ལས་དོན་འགྲུབ་མིན་ཚོད་དཔག་དཀའ་ཡང་ དམག་སྒར་ནས་ཕྱོགས་ཐོན་གྱིས་བྱང་ཐང་བྱེ་རླུང་ཁོ་ནར་དུས་ཡུན་རིང་པོ་བརྒྱུད་ ཀྱང་དགྲ་བོའི་དམག་སྒར་དང་མ་ཐུག་པའི་ཁར་བཞོན་རྟ་ཚང་མ་ལྷག་རླུང་གྲངས་ངར་གྱི་ མནར་ཏེ་དགྲ་རྒྱག་རྒྱུའི་ཚབ་ཏུ་ཕྱིར་བྲོས་མི་ཐར་བའི་དཀའ་ངལ་འཕྲད། ཐོག་མའི་འཆར་གཞིར་རྒྱའི་དམག་སྒར་དུ་གཏོར་བཅོམ་ཟིན་མཚམས་སྟོད་ཕྱོགས་ལ་དྭགས་ བརྒྱུད་དམ། ཡང་ན་རྒྱ་གར་ཨུཊརཔརཱཌེཤའི་ས་མཚམས་ནས་རྒྱ་གར་ནང་འཛུལ་རྒྱུའི་བསམ་བློ་བཏང་ཡང་ དེ་འདྲའི་འཆར་གཞི་དོན་འཁེལ་ཡོང་རེ་བྲལ་ཏེ་ཕྱིེ་ལོག་མ་བྱས་ཐབས་མེད་དུ་གྱུར། ལོ་གསར་སྐབས་བྱང་ཐང་གི་བྱེ་རླུང་དང་ཁ་བའི་ལྷག་རླུང་ནང་དགྲ་བོར་འཐབ་འཛིང་དུ་ འགྲོ་བཞིན་པའི་སྐབས་དང་ཁེལ་བ་ཡིན་སྟབས་ཕྱིར་ལོག་ཟིན་རྗེས་ལོ་གསར་གྱི་ཚབ་ཏུ་ གློ་ཡུལ་རྒྱ་གར་སྦུག་ཏུ་ཉིན་མང་རིང་ཐུགས་སྤྲོ་བཏང༌། འགྲོ་སོང་ཚང་མ་འཇབ་དམག་གི་ཆེད་དུ་བསྐུར་བའི་དངུལ་ནས་བཏང་བ་ཡིན་པས་རྗེས་སུ་ སོང་དངུལ་ལྷག་འཕྲོས་རྩིས་སྤྲད་སྐབས་རྙོག་གྲ་ཡང་ཆགས་ཡོད།
གློ་དམག་སྒར་དུ་སྤྱི་ཁྱབ་རྒན་ཡེ་ཤེས་ཀྱི་གནས་སྟངས།
ཐོག་ མར་གློ་ཡུལ་དུ་དམག་སྒར་དབུ་ཚུགས་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་ནས་ འབའ་པ་རྒན་ཡེ་ཤེས་འགོ་ཁྲིད་དུ་བསྐོ་གཏོང་བྱས་པར་ཚང་མས་བརྩི་བཀུར་ཆེན་པོའི་ ཁོང་གི་ཅི་གསུང་བཀའ་སྒྲུབ་ཞུས་དང་ཞུ་བཞིན་པ་མ་ཟད་གང་འདོད་ལ་བསྟུན་དགོས། སྤྱི་རྒན་ཆེ་མོའི་བཀའ་རེད་ཟེར་དུས་ཁ་ནས་གླེང་ཕོད་མི་ཕོད་ཙམ་བྱས་ཏེ་གདེང་ འཇོག་ཆེན་པོ་བྱེད་ཀྱི་ཡོད་འདུག དགེ་རྒན་དང་བརྒྱ་དཔོན་རྣམས་ཚོགས་འདུའི་སྐབས་མ་གཏོགས་སྤྱི་རྒན་ཆེ་མོ་མཐོང་ མི་ཐུབ། ལོ་གསར་སྐབས་བརྒྱ་ཤོག་དམག་སྒར་སོ་སོས་ལོ་གསར་རྟེན་འབྲེལ་འབུལ་བར་བཅར་དགོས་ པ་མ་ཟད་དམག་སྒར་སོ་སོར་བལྟ་བསྐོར་བསྐྱོད་སྐབས་དཔོན་དམག་རྣམས་རུ་སྒྲིག་སྟེ་ གུས་ཞབས་ས་ལམ་ཞུ་བ་དང་མེ་སྒྱོགས་སྟོང་འཕེན་བྱེད། སྐབས་དེར་རྟ་དམག་དཔོན་གཡོག་ ༡༥ སྐོར་ཁྲིད་ནས་རྫིག་ཉམས་ཆེན་པོའི་འགྱིང་ཉམས་བསྟན་གྱི་ཡོད། གང་འཚམས་ནས་རྒན་ཡེ་ཤེས་ལ་སྤྱི་རྒན་ཆེ་མོར་སྟོད་པའི་རྒྱལ་གླུ་གསར་པ་བརྩམས། གསར་དུ་བརྩམས་པའི་རྒྱལ་གླུ་སློབ་སྦྱོང་སྤྲད་མཁན་དམག་སྒར་སོ་སོའི་འགོ་པ་ལས་ བྱེད་རྣམས་ལས་ཁུངས་ལྟེ་བར་བསྐོང་ནས་རྒྱལ་གླུ་ཟབ་སྦྱོང་སྤྲད། དེ་ནས་དམག་སྒར་སོ་སོར་སློབ་སྦྱོང་བྱས་ཏེ་ཉིན་ལྟར་རུ་སྒྲིག་གཏོང་དགོས། དཔེར་ན། རྒྱལ་རྩེ་དྲུང་ཡིག་རྣམ་རྒྱལ་གྱིས་རྒྱལ་གླུའི་ཚིག་དོན་བྲིས་པ་འདི་ལྟར་ཏེ། དབུ་འཛིན་སྤྱི་ཁྱབ་ཛ་སག་སྐལ་བཟང་ཡེ་ཤེས་མཆོག ཁོང་གི་དབུ་ཁྲིད་བཀའ་སློབ་མཛད་བྱུས་འོག ང་ཚོ་ཆོལ་གསུམ་དྭངས་བླངས་དཔུང་དམག་རྣམས་ཟེར་བ་སོགས་བཀོད་ཡོད། དེ་རྗེས་བར་སྐབས་ཤིག་ལ་ཛ་སག་ཞེས་པ་དེ་ཕྱི་འཐེན་བྱས་ཡོད་འདུག གློ་དམག་སྒར་གྱི་སྒྲིག་འཛུགས་དང་པོའི་སྐབས་འགོ་ཁྲིད་ཚོས་དམག་མང་ལ་བཀའ་སློབ་ གསལ་བསྒྲགས་རིགས་གནང་དུས། ཨ་འབྲུག་མགོན་པོ་བཀྲིས་དང༌། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། ས་འདུ་བློ་སྙན་གྲགས། ཨ་མདོ་སྦྱིན་པ་རྒྱ་མཚོ་ཞེས་མིང་ནས་སྨྲོས་ཀྱི་ཡོད་པ་དང༌། ཕྱི་ལོ་ ༡༩༦༢ ལོ་ཙམ་ནས་མིང་སྨྲོས་ཕྱིར་བསྡུ་བྱས། མཚམས་མཚམས་སུ་ཨ་འབྲུག་མགོན་པོ་བཀྲིས་ཀྱི་མིང་གླེང་ཙམ་མ་གཏོགས་མེད་པ་བཟོ་ མཁན་དེ་རྒྱ་ལོ་དོན་འགྲུབ་དང༌། ལྷ་མོ་ཚེ་རིང་གི་བཀའ་རེད་ཅེས་གླེང་སློང་མང་པོ་བྱེད།
ཐོག་མའི་དམག་མང་གི་ཕོགས་ཐོབ་དང༌། ཨ་རི་ནས་རོགས་རམ་འབྱོར་རྗེས།
ཨ་ རིའི་གསང་བའི་ལས་ཁུངས་ཏྲ་དྲ་ཎནས་རོགས་རམ་མ་བྱུང་གོང་ཆུ་སྒང་ལས་ཁུངས་ནས་གསར་ ཞུགས་དམག་མིར་རས་ས་མདོག་གི་ཕྱུ་པ་རེ་དང༌། འཇུས་རྟ་རེ། དེ་རྗེས་མི་རེར་རས་ཁྲའི་ནང་ཤ་རྒྱབ་པའི་ས་མདོག་ཕྱུ་པ་རེ། ཨོ་སུབ་ཞྭ་མོ་རེ་སྤྲད། ཐོག་མར་རྒྱ་གར་ནས་ཡོང་དུས་འཇུས་རྟ་རེ་དང༌། ཧིན་སྒོར་ ༡༦༠ རེ་སྤྲད་པ་རྣམས་ཆུ་བཞི་སྒང་དྲུག་གི་བང་མཛོད་ནས་ཕུལ་བ་ཞིག་རེད། རྗེས་སུ་ཨ་རི་ནས་རོགས་རམ་འབྱོར་རྗེས་མི་རེར་ཉིན་རེ་འབྲས་ཀི་ལོ་རེ་དང༌། ཤའི་དོད་བལ་པོའི་སྒོར་ཟུར་ ༢༥ དེ་ལ་སུ་ཀ་གཅིག་ཟེར། དེ་ནས་པད་ཤར་༥༠རེ་དེ་ལ་ཏྲམ་ཀ་གཅིག་ཟེར། མཐའ་མར་བལ་སྒོར་ ༡ རེ། བརྒྱ་ཤོག་རེར་རྟ་ ༡༠ རེ། དེ་ལ་དམག་འགྲོའི་ཉིན་རེའི་རྟ་ཆག་གཅིག་ཞེས་ཀེ་ལོ་ ༤ ཙམ་ཡོད། དེ་ལ་སྤ་ཏི་གང་ཟེར། མི་རེར་སྲི་བལ་ནང་འཚང་ཅན་གྱི་ས་མདོག་སྟོད་ཐུང་རེ་དང༌། གོས་ཐུང་རེ་ལོ་འགའ་ཤས་རིང་ཐོབ། རྗེས་སུ་ཀྲེ་ར་ལིང་གི་སྟོད་ཐུང་རེ་དང༌། ལག་རས་རེ་བཅས་ཐོབ། ཨ་རིས་རོགས་རམ་གྱི་དངུལ་འབབ་རྣམས་དང་པོ་རྒྱ་གར་ལ་འབྱོར། རྒྱ་གར་ནས་རྒན་ཡེ་ཤེས་ལག་ཏུ་འབྱོར་གྱི་ཡོད། དང་པོའི་སྐབས་སུ་དྲུང་ཡིག་ལྷ་མོ་ཚེ་རིང་ལགས་བརྒྱུད་ནས་འབྱོར་ཡང༌། དེ་རྗེས་རྒན་ཡེ་ཤེས་སར་འབྱོར་རྗེས་གང་འཚམས་ཤིག་རྒྱ་གར་དུ་གཏོང་དགོས་འདུག རྒན་ཡེ་ཤེས་ནས་ཚོད་འཛིན་གྱིས་བརྒྱ་ཤོག་དང༌། སྡེ་ཚན༌། ཚོང་ཁང༌། དེ་བཞིན་ཕོགས་སོགས་རིམ་པ་ལྟར་སྤྲད། བརྒྱ་ཤོག་སོ་སོས་སྤྱི་ཐོག་ཏུ་སྒྲིག་རྟ་དང༌། སྒྲིག་གཡག སྒྲིག་དངུལ་ཟེར་བ་སོགས་ཉོ་བཙལ་བྱེད་པ་ལས་དམག་མི་སྒེར་ལ་ཐོབ་རྒྱུ་གང་ཡང་མེད། དང་པོ་ཚད་གཞི་གང་ཡང་མེད་པ་མི་གཉིས་རེར་རྩམ་པ་ཕོར་པ་གང་རེ་ཙམ་བགོ་བཤའ་བྱས། མ་རྨོས་ལོ་ཏོག་ཀི་ལོ་གསུམ་བཞི་ཙམ་བཅུ་ཤོག་རེར་ཆ་བགོས་བྱས། དེ་དག་ག་དུས་སྤྲད་བྱུང་ན་ལས་དུས་ཚོད་གཏན་འཁེལ་སོགས་གང་ཡང་མེད། འབྲས་དང༌། མ་རྨོས་ལོ་ཏོག རྩམ་པ་སོགས་ག་རེ་བགོ་རྒྱུ་ཡོད་པ་དེ་དག་ཀོང་རག་ངག་དབང་ནོར་བུར་དྲེལ་བཅུ་ སྐོར་ཞིག་ཡོད་པ་དེས་དབོར་འདྲེན་བྱེད་ཀྱི་རེད།
དགེ་རྒན་རྣམས་ཀྱིས་གྲོས་བསྡུར་བྱས་ཏེ་དངུལ་ཁང་གསར་འཛུགས་དགོས་པའི་དགོངས་འཆར་བཏོན།
ཕྱི་ ལོ་༡༩༦༤ ཙམ་ལ་ཨ་རི་ནས་རོགས་དངུལ་ག་ཚོད་ཡོད་མེད་དང༌། བརྒྱ་ཤོག་སོ་སོའི་སྒྲིག་དངུལ། དམག་མིའི་ཐོབ་ཐང་སོགས་རོགས་རམ་གྱི་དངུལ་འབོར་དང་མཚུངས་པའི་དྲང་བདེན་གྱི་ མཐུན་རྐྱེན་སྦྱར་གྱི་མེད་པ་དགེ་རྒན་ཚོས་གཅིག་མཚུངས་ཤེས་ཀྱི་ཡོད་པར་བརྟེན་ དགེ་རྒན་ལྷན་ཚོགས་གྲོས་བསྡུར་གྱིས་སྤྱི་ཁྱབ་རྒན་ཡེ་ཤེས་སར་ཕྱིན་ཏེ་དམག་སྒར་ གྱི་དངུལ་ཁང་ཞིག་གསར་འཛུགས་དགོས་པའི་རྒྱུ་མཚན་བསམ་འཆར་བཏོན་པ་ལྟར་དངུལ་ཁང་ གསར་འཛུགས་བྱ་གཏན་ཁེལ་ཏེ་དངུལ་ཁང་གི་དོ་དམ་པ་སྒ་པ་གྲའུ་ཕྱག་མཛོད་བཀྲིས་རྒྱ་ མཚོ་དང༌། ཀོང་རག་རྒན་ངག་དབང་ནོར་བུ་སོགས་མི་ལྔ་བསྐོ་བཞག་བྱས་ཏེ་དངུལ་ཁང་ཟུར་དུ་ བཙུགས་ནའང་རྒྱ་གར་ནས་རོགས་དངུལ་བྱུང་རིམ་བཞིན་དང་པོར་རྒན་ཡེ་ཤེས་ཀྱི་ལག་ཏུ་ འབྱོར་བ་ལས་རྒྱ་གར་ནས་ཐད་ཀར་དངུལ་ཁང་དུ་གནང་གི་མེད་སྟབས་དངུལ་འབོར་ཇི་ཡོད་ རྒན་ཡེ་ཤེས་ལས་སུ་ཞིག་གིས་ཤེས་མི་ཐུབ། ལོ་གཅིག་ལྷག་ཙམ་དེ་འདྲ་བསྐྱལ་བའི་ཉམས་མྱོང་ནང་ཕན་ཐོག་གང་ཡང་མེད་པ་ཤེས་པའི་ རྒྱུ་མཚན་ལ་བརྟེན་ཡང་བསྐྱར་དགེ་རྒན་རྣམས་གྲོས་བསྡུར་གྱིས་ཕན་ཐོག་མེད་པའི་ དངུལ་ཁང་འདིས་སྒྲིག་འཛུགས་ཀྱི་གསང་བའི་གནད་དོན་ལ་སྐྱོན་ཆ་ཡོང་དོགས་ཀྱི་ རྒྱུ་མཚན་མང་པོ་བཤད་དེ། ད་ལྟའི་དངུལ་ཁང་ཟུར་ཡོད་ཕྱིར་བསྡུའི་ཐོག་རྩིས་ཁང་སྦུག་ཟེར་བའི་ལྟེ་བ་ཞིག་ བཟུང་རྒྱུའི་གྲོས་འཆར་ཕུལ་བ་ལྟར་ཐག་བཅད་གནང་སྟེ་རྒན་ཡེ་ཤེས་དང༌། ཕྱག་རོགས་མི་གཉིས་ཡོད་པའི་རྩིས་ཁང་ཞིག་འཛུགས་རྒྱུ་ཐག་བཅད། རྒན་ཡེ་ཤེས་ཀྱི་འདོད་མོས་ལྟར་ཕྱག་རོགས་བླ་མ་བརྒྱུད་པའི་གྲྭ་ཨ་མདོ་བ་ཀུན་ བཟང་འོད་ཟེར་དང༌། དགེ་རྒན་ཚོས་སྟོད་གྲྭ་ཚང་འབྲོག་པ་རྒན་བསོད་ནམས་ཚེ་རིང་བསྐོ་བཞག བཀྲིས་ལྷུན་པོའི་གྲྭ་པབྱས། རོགས་དངུལ་ཡོད་ཚད་ཚོགས་ཆུང་གིས་བཏང་འཛིན་བྱེད་ཐུབ་པའི་རེ་བ་བྱས་ཀྱང་རྒན་ཡེ་ ཤེས་ཀྱིས་སྔར་ལྟར་རོགས་དངུལ་ནས་ཡིན་ཚོད་ཙམ་ཞིག་རྩིས་སྦུག་ཏུ་སྤྲད་དེ་རྩིས་ འགོ་བཞག་པ་ལས་རོགས་དངུལ་ཡོད་ཚད་ཐུན་མོང་ཐོག་མ་བཞག་པ་དེ་འདྲ་བྱས་ཏེ་ལོ་གཅིག་ ཙམ་སོང༌། ཡང་བསྐྱར་དགེ་རྒན་ཚོས་འདི་འདྲའི་དབང་དུ་སོང་ན་འགྲིགས་ཐབས་མེད་པའི་གནས་ཚུལ་ མཐོང་ནས་གྲོས་བསྡུར་སྔ་རྗེས་བྱས་ཏེ། མཁས་སྙན་གྱི་ཐོག་ནས་རྒན་ཡེ་ཤེས་ལ་དོན་ཚན་གསུམ་གྱི་བསམ་འཆར་བཏོན། ༡༽ དམག་སྒར་གྱི་དབུ་འཛིན་སྤྱི་ཁྱབ་རྒན་ཁྱེད་རང་ལས་ལྷག་པ་སུ་ཞིག་མེད། ༢༽ རོགས་དངུལ་གྱིས་རྩིས་སྐོར་གཙང་མ་ཡག་པོ་ཞིག་བྱ་རོགས། ༣༽ གློ་དམག་སྒར་གྱི་ས་མཚམས་མན་ཆོད་དང༌། བལ་ཡུལ་སྤོག་ར་ཡན་ཆོད་དུ་སྒྲིག་བཙུགས་ཀྱི་ལས་དོན་བྱེད་མཁན་རྣམས་གཙང་མ་དང༌། དྲང་བདེན་ཡོང་བ་བཟོ་ཐབས་བྱ་དགོས་ཞེས་ཞུས་པར་རྒན་ཡེ་ཤེས་ཀྱིས་དོན་ཚན་ ༢ པ་དང་ ༣ པར་ངོས་ལེན་མ་བྱས་པ་བརྟེན་ཟླ་ཤས་རིང་གཤམ་འོག་དམག་སྒར་ཁག་ནང་གླེང་མོལ་འདྲ་ མིན་ཧ་ཅང་མང་པོ་བྱུང༌། ཐབས་ཤེས་བསྟུན་མཁས་ཇི་ལྟར་གནང་ཡང་དངུལ་དངོས་རྩིས་གཙང་ཡོང་རྒྱུའི་རེ་བ་དང་ ཐག་གཅོད་གང་ཡང་མི་ཐུབ་པའི་རྒྱུ་རྐྱེན་ལ་བརྟེན་ཕྱི་ལོ་ ༡༩༦༦ ལོ་ཙམ་ལ་རྒན་ཡེ་ཤེས་དང༌། ལི་ཐང་རག་ར། ཨ་མདོ་སྒྲོལ་མ་སྐྱབས། ཆབ་མདོ་ཚེ་རིང་རྡོ་རྗེ་བཅས་རྡོར་གླིང་དུ་རྒྱ་ལོ་དོན་འགྲུབ་སར་ཆེད་བཅར་ཞུས་ ཏེ་དོན་ཚན་གསུམ་གྱི་སྐོར་བཤད་རེས་བྱས་མཐར་རྒྱ་ལོ་དོན་འགྲུབ་ཀྱིས་བོད་ཟླ་ ༧ པའི་ནང་ཙམ་ལ་དེའི་སྐོར་ཐག་ཆོད་པའི་མི་ཞིག་ཆེད་གཏོང་བྱ་ཆོག་ཅེས་ཐག་བཅད་དེ་ ཁོང་ཚོ་ཕྱིར་སློག་བྱས་འདུག དེ་རྗེས་བོད་ཟླ་ ༡༠ པའི་ནང་ཙམ་ལ་དྲུང་ཡིག་ལྷ་མོ་ཚེ་རིང་གློ་སྲིན་བུ་སྦུག་གམ། སྐལ་བཟང་སྦུག་ཏུ་འབྱོར་བ་དང་རྒན་ཡེ་ཤེས་ཀྱིས་ཚོགས་བརྡ་བཏང་སྟེ་དམག་ཤོག་སོ་ སོའི་དགེ་རྒན་དང༌། བརྒྱ་དཔོན། ལས་ཁུངས་ཁག་གི་ལས་བྱེད་རེ་རེ། དམག་མང་གི་སྐུ་ཚབ་ཞལ་ངོ་རེ་བཅས་བསྡུ་བསྐོ་བྱས་ཐོག ཚོང་ཁང་དང༌། ཏར་ཁང༌། ཕོགས་ཁང་ཡན་ལག་དང་བཅས་པའི་མི་ངོ་རེ། ལས་ཁུངས་ཨ་མའི་ལས་བྱེད་ཡོད་ཚད་ཚང་འཛོམས་བྱས། ཚོགས་འདུ་དེའི་ཐོག་ནས་རྩིས་ཁང་མདོ་སྦུག་གཉིས་གསར་དུ་བཙུགས་པ་དང༌། སྔར་ཡོད་ལས་ཁུངས་ཁག་གི་ལས་བྱེད་བརྗེ་བསྒྱུར་གང་འཚམས་བཏང་ཐོག་རྩ་བ་དམག་སྒར་ གྱི་སྒྲིག་འཛུགས་ཡག་པོ་ཡོང་ཆེད་སྒྲིག་གཞི་ཡོད་པ་ཞིག་བཀོད་སྒྲིག་བྱས། རྩིས་ཁང་སྦུག་ཏུ་དགའ་ལྡན་ཆོས་འཁོར་ཕྱག་མཛོད་དང༌། འབའ་པ་རྒན་བཟོད་པ། ཨ་མདོ་ཀུན་བཟང་འོད་ཟེར་བཅས་བསྐོས། རྩིས་ཁང་མདོ་མའི་རྩིས་ཞིབ་ཚོགས་ཆུང་ནང་སྒ་པ་ཐུབ་བསྟན་ལུང་རིགས་དང༌། དར་དགོན་ཕུན་ཚོགས་ནོར་བུ། ཆ་ཕྲེང་དགེ་ལེགས་ཆོས་གྲགས། ཆབ་མདོ་དྲུང་ཡིག་ཡེ་ཤེས་རྒྱལ་མཚན་བཅས་བསྐོ་བཞག་གནང༌། རྒྱ་གར་ནས་འབྱོར་བའི་རོགས་དངུལ་བྱུང་ཚད་ཆ་ཚང་རྩིས་སྦུག་ལས་ཁུངས་སུ་སྤྲོད་ རྒྱུ་བཟོས་ཏེ་ལས་དོན་ཆེ་ཕྲ་གང་ལའང་འགྲོ་གྲོན་གཏོང་དགོས་རིགས་རྒན་ཡེ་ཤེས་ ཀྱི་མཆན་འགོད་ཡོད་མེད་ལ་རྩ་འཛིན་གྱིས་ཆོག་འཛིན་ལྟར་རྩིས་སྦུག་ནས་དངུལ་ སྤྲོད་ལེན་གནང་དགོས་པ་མ་ཟད། བྱུང་སོང་གི་རྩིས་ཤོག་ངོ་བཤུས་གཅིག་རྩིས་ཁང་མདོ་ལ་འབུལ་དགོས་པ་དང་རྒན་ཡེ་ ཤེས་ཀྱི་ཆོག་འཛིན་སྤྲོད་དེབ་དམག་སྒར་ཨ་མས་ཉར་དགོས་པ། རྩིས་སྦུག་དང༌། མདོ་ལས་ཁུངས་གང་དུ་སྤྲད་པའི་འཛིན་གསལ་དངུལ་འབབ་ལ་བདུན་ཕྲག་ལྔ་རེའི་མཚམས་ རྩིས་ཁྲར་ཞིབ་འཇུག་བྱ་རྒྱུ་སོགས་སྒྲིག་འཛུགས་གཞན་ལའང་བཅོས་བསྒྱུར་མང་པོ་ བྱས། མ་འོངས་རྩིས་ལམ་དེའི་ཐོག་གནས་རྒྱུ་གཏན་ཁེལ་གྲུབ་མཚམས་དྲུང་ཡིག་ལྷ་མོ་ཚེ་ རིང་དམག་སྒར་ཁག་ལ་ལྟ་སྐོར་ཞིག་བྱས་ནས་ཟླ་གཅིག་ཙམ་རྗེས་རྒྱ་གར་དུ་ལོག ལོ་དེར་རྒྱ་གར་ནས་ལི་ཐང་རྒྱ་རྡོ་དབང་འདུས་རྒན་ཡེ་ཤེས་ཀྱི་ལས་རོགས་སུ་དམག་ སྒར་དུ་འབྱོར་ཏེ་ཉག་འཇའ་སྦུག་ཏུ་བསྡད། གལ་ཆེའི་སྐབས་རྒན་ཡེ་ཤེས་དང་ལྷན་འཛོམས་བྱ་རྒྱུ་བྱས། དེ་རྗེས་དམག་སྒར་རེ་རེའི་དམག་མི་རེ་བསྡུས་ཏེ་ཉག་འཇའ་སྦུག་ཏུ་དམག་གི་སློབ་ སྦྱོང་དང༌། བོད་སའི་གནས་ཚུལ་ལེན་སྟངས་བཅས་སྦྱོང་བདར་གནང་རྒྱུའི་ཆེད་དུ་བསྐོང་བ་དང་དེ་ ནས་གང་ཅིའི་ཐད་རིམ་བཞིན་གྲ་འགྲིགས་པོ་ཞིག་མ་བྱུང༌།
ལས་ཁུངས་དང༌། ཚོང་ཁང༌། ཕོགས་ཁང་རིམ་འཛུགས་དང་འབྲེལ་བྲག་གཡབ་བཀྲིས་ཚེ་རིང་འཛིན་བཟུང་དང༌། ཁྲ་ཁོ་སོགས་མི་གསུམ་བསད་པ།
རིམ་ པས་འགྱུར་བ་ཕྱིན་ནས་སྲིན་བུ་སྦུག་གམ། སྐལ་བཟང་སྦུག་ཏུ་སྤྱི་ཁྱབ་ཁང་སོགས་ལས་ཁང་རྣམས་སྤོས་ཏེ་རྒན་ཡེ་ཤེས་བསྡད། བཀག་ཟེར་བའི་ས་གནས་སུ་ཕོགས་ཁང་ཨ་མ་དང༌། ཚོང་ཁང་གསར་རྙིང་གཉིས་དང་མཉམ་ལས་ཚོང་ཁང༌། སྲིན་འབུ་གྲོང་དུ་ཚོང་ཁང་ཡན་ལག་གཅིག མ་ར་དང༌། ཚུགས། གེ་མིག་གྲོང༌། སྤོག་རར་བཅས་ལ་ཕོགས་ཁང་ཡན་ལག་རེ་དང། དེ་བཞིན་མགྲོན་ཁང་དང་ཟ་ཁང་བཙུགས། གློ་ཚེ་རོག་དུ་དྲིལ་བསྒྲག་ལས་ཁུངས་བཙུགས་ཡོད་པ་རྗེས་སུ་སྟག་པ་སླར་ཟེར་བར་ སྤོས། དེ་འདྲའི་སྐབས་ཤིག་ལ་སྡེ་དགེ་བ་མདུན་སྐོར་བྲག་གཡབ་ཚང་བཙན་བྱོལ་དུ་ཁྱིམ་ གཞིས་རྟ་ནོར་དང་བཅས་ཡོང་ཐུབ་སྟེ་གློའི་ཁུལ་དུ་དམག་ཁོངས་སུ་མ་ཞུགས་པ་བསྡད་ ཡོད་པར། བཀག་ཟེར་བའི་ས་ཆར་དར་དགོན་དཔལ་ཆེན་དང༌། བྲག་གཡབ་བཀྲིས་ཚེ་རིང་གཉིས་ཁ་རྩོད་ཤོར་སྐབས་དར་དགོན་དཔའ་ཆེན་གྱིས་བཀྲ་ཚེར་ མ་དོ་བའི་ཞེ་འཁོན་ཁོང་ཁྲོས་གཏིང་ནད་བཟུང་སྟེ་ཉིན་གཅིག་དམག་སྤྱི་ཁང་ནས་རྒན་ ཡེ་ཤེས་ཀྱིས་བཀབ་ཕབ་སྟེ། དམག་མི་དར་དགོན་དཔལ་ཆེན་དང༌། སྡེ་དགེ་བ་སྦ་ལུག དཀར་མཛེས་ནམ་མཁའ། འབའ་པ་ཧག་ཧྲམ། ཕ་འཕྲིན་ལས་དང་བཅས་པས་བྲག་གཡབ་བཀྲིས་ཚེ་རིང་འཛིན་བཟུང་བྱས་ཏེ་དེ་མ་ཐག་ལྕགས་ ཚན་བརྒྱ་ཐམ་པ་བཤར་བ་དང རྒལ་པར་ཁྲག་དམར་ཤར་རེ་བཟོས་ཏེ་དོང་ཁར་ཚེར་མས་རུབ་པའི་ས་འོག་གི་བཙོན་དོང་ནང་ དུ་བཅུགས། དོང་ཁར་སྦ་ཕུབ་ཏེ་ཉིན་མཚན་རྟག་ཏུ་བཙོན་སྲུང་བཞག་པ་དང་བཀྲིས་ཚེ་རིང་གི་རྒལ་ པར་རྨ་བཟོས་པའི་རྣག་རུལ་གྱི་དྲི་ངན་བཙོན་དོང་ཕྱི་ལོག་ཏུ་འཚུབ་ཀྱི་ཡོད་སྟབས་ བཙོན་སྲུང་འདུག་མི་ཐུབ་པ་ལྟ་བུ་ཆགས། ནང་མི་རྣམས་ཀྱིས་བཙོན་ལྟོ་སྤྲད་ཆོག་ཙམ་ལས་སྐད་ཆ་ཤོད་རྒྱུའི་གོ་སྐབས་མེད་པ་ བཟོས་སྟབས་དམག་སྒར་ཁག་སོ་སོར་ཡོད་པའི་སྡེ་དགེ་བ་མཉམ་འདུས་ཀྱིས་གྲོས་བྱེད་ རྒྱུའི་གོ་སྐབས་མེད་ནའང་རང་ཤུགས་ཀྱིས་བཙོན་ཁང་ཡོད་སའི་ཕྱོགས་སུ་འདུས། སྡེ་དགེ་སྲས་ཚ་དཀོན་ཚེ་དང༌། ཞལ་ངོ་འཛིང་པ་དཀར་གཡང༌། རྨེ་ཤོད་ཞི་ལུ་བྱང་ཆུབ། དཔལ་ཡུལ་ཀུན་རྡོར་བཅས་འགོ་བྱས་ཏེ། རྒྱ་དམར་པོར་ངོ་རྒོལ་འཐབ་འཛིང་བྱས་ནས་མི་ཡུལ་དུ་གྱར་བའི་སྡེ་དགེའི་མདུན་ སྐོར་ཞིག་དོན་མེད་སྡུག་གྱོང་མནར་གཅོད་འདི་འདྲ་གཏོང་གི་ཡོད་ན་ང་ཚོ་སྡེ་དགེ་ ཡུལ་གྱར་བ་ཡོངས་ནས་ཁས་ལེན་ཐབས་མེད་པའི་རྒྱུ་མཚན་རྒན་ཡེ་ཤེས་རྩར་འགྲོ་ནས་ཞུ་ རྒྱུ་ལས་མེད། ཕ་ཡུལ་ནས་རྒྱ་དམར་ལ་འཐབ་འཛིང་གིས་གློར་ཡོང་སྟེ་བསྡད་པ་ལ་མི་ལུས་བླངས་པས་གོ་ མ་ཆོད་པ་རེད། འགྲོ་སྡོད་གང་ཡང་མ་བྱས་པའི་མི་ཞིག་ཡིན་ནའང༌། ཁོང་ཚོས་དགའ་མིན་དགའ་དོགས་ཀྱིས་གོ་མིན་ཏང་གི་སོ་པའི་ནག་སྐྱོན་བཙུགས་ཏེ་ གསོད་རྒྱུའི་འཆར་གཞི་ཡང་ཡོད་པ་རེད། བྱེད་སྟངས་དེ་འདྲར་ཁས་ལེན་མི་བྱེད་པའི་གཏམ་སྤྱི་ཁྱབ་རྒན་ཡེ་ཤེས་ལ་བཤད། ཡེ་ཤེས་ཀྱིས་སྡེ་དགེ་བ་དབུ་རྩ་བུ་གཅེས་དང༌། དར་དགོན་ཇ་མ་ངག་ཕྲུག་གཉིས་ལ་བཤད་པར་འཛིན་བཟུང་དགོས་དོན། ཁོང་ཚོ་བོད་ནས་བྲོས་བྱོལ་དུ་ཡོང་དུས་བོད་གཞུང་གི་ཚྭ་མཛོད་ཞིག་གཏོར་བ་རེད་ ཟེར་བ་ཙམ་ལས་གཞན་རྒྱུ་མཚན་སྣེ་གཅིག་ཤོད་རྒྱུ་མེད་ཅེས་བཤད། ཚྭ་མཛོད་གཏོར་ན་བྲོས་བྱོལ་བ་རང་ཉིད་ལ་ཕན་ཐོག་མེད་པ་ཤེས་གསལ་བཞིན་སྐྱོན་ འཛུགས་ལ་ཁུངས་ལུང་རྒྱུ་མཚན་མེད་པས་བཙོན་ལས་ཐར་ཙམ་བྱུང་འདུག འཇབ་དམག་ཐེངས་དྲུག་པའི་སྐབས་དཔོན་རུ་གྲགས་པ་རྣམ་རྒྱལ་གྱི་གཡོག་པོ་ཁྲ་ཁོ་ དང༌། དཔལ་བསམ་གཉིས་གཡུལ་ས་ནས་ཉིན་བཅུ་ཡས་མར་རྗེས་སུ་དམག་སྒར་ནང་ཚུར་ལོག་དུས་ སྔོན་མེད་རྒྱ་མིའི་ཐུང་མདའ་ཞིག་ཁུར་ཡོད། ཁོང་གཉིས་ཀྱི་ཟེར་ན། འཐབ་འཛིང་ཚར་རྗེས་གད་ཁུག་ཅིག་ཏུ་གབ་ནས་བསྡད་པ་དང་རྒྱ་དམག་རྣམས་ལོག་རྗེས་ རྒྱ་དམག་བསད་པ་ཞིག་གི་ཐུང་མདའ་ཁུར་རྒྱུ་རྙེད་པ་སོགས་དུས་འགོར་ཤོར་རྐྱེན་ བཤད། དམག་སྒར་གྱི་ངོས་ནས་ཟེར་ན། ཡུལ་མིའི་གཡག་ག་ཡུ་ཞིག་བོར་བརླགས་སོང་བ་དེ་ཁོ་པ་གཉིས་ཀྱིས་རྐུ་ཟས་བྱས་པ་ རེད་ཅེས་ཉེས་འཛུགས་འོག་བཙོན་དོང་ནང་དུ་བཅུག་སྟེ། དོང་ཁར་ཚེར་མས་བཀབ་སྟེ་བཙོན་སྲུང་ཟུར་དུ་བཞག དཔོན་གྲགས་པ་རྣམ་རྒྱལ་དྲིལ་བསྒྲགས་ལས་ཁུངས་སུ་ཡོད་པས་ཁོང་གི་གཡོག་པོ་དེ་ གཉིས་ཕ་ཡུལ་ནས་རྒྱ་དམར་དང་འཐབ་འཛིན་བྱས་པའི་དཔའ་བོ་ཕུལ་བྱུང་ཡིན་པའི་རྒྱུ་ མཚན་བཤད་ཀྱང་ནུས་པ་ཐོན་མེད། ཡུལ་མི་དང་དམག་སྒར་ནས་རྐུ་བྱས་ཚུལ་གྱི་ཉེས་འཛུགས་འོག་བཙོན་དོང་དུ་ཡོད་པ་ བྲག་གཡབ་རྐུ་རྒོད་མ་དང༌། ཁྲ་ཁོ། དཔག་བསམ་བཅས་གཡག་ར་སྦུག་གི་ཤིང་ནགས་དཀྱིལ་དུ་ཁྲིད་དེ་དུས་གཅིག་ཏུ་དམར་བསད་ བཏང༌། ཉིན་ཤས་རྗེས་ཡུལ་མིས་གཡག་ག་ཡུ་བྲག་མགོ་ཞིག་ནས་ཟག་སྟེ་བྲག་འདབས་སུ་ཤི་བའི་ གཡག་རོ་རྙེད། དེ་རྗེས་ཁྲ་ཁོ་ཤི་འདྲེར་གྱུར་ཏེ་མཚམས་མཚམས་སུ་ལི་ཐང་དབང་ཆེན་གྱི་ཁོག་ཏུ་ ཞུགས་ཏེ་དབང་ཆེན་སྨྱོ་བ་དང་ལྷ་བབས་པ་ལྟ་བུའི་ངང་ང་ཁྲ་ཁོ་ཡིན། དཔོན་གྲགས་པ་རྣམ་རྒྱལ་ཁྱེད་རང་བསམ་སྟེ་རྒྱ་དམར་པོ་ལ་འཐབ་འཛིང་བྱས། ཁྱིམ་ནང་མི་བཟའ་ཟླ་བུ་ཕྲུག་བློས་བཏང་ནས་ཡོང༌། ད་ཆ་ཁྱེད་ཀྱིས་ངའི་སྲོག་སྐྱབས་མ་ཐུབ་པར་བློ་ཕམ་ཞེས་བྲང་ཁོག་བརྡུང་ནས་ངུ་ བཤད་བྱས་འོང༌། ཅི་བྱ་མེད་པར་གྲགས་པ་རྣམ་རྒྱལ་བློ་མ་བདེ་བཞིན་དམག་སྒར་ནས་ཟུར་ཐོན་གྱིས་རྒྱ་ གར་དུ་ཕྱིན།
དམག་སྒར་ནས་དམག་མི་ཡུལ་བྱོལ་དུ་ཕྱིན་པ་དང། དཔུང་དམག་ནང་དམེ་བྱས་པ། ཏྲེ་ཧོར་བརྒྱ་དཔོན་ཁྲག་རིས་ཀྱི་བརྒྱ་ཤོག་ནང་འཁྲུགས་ཤོར་བ་དེའི་དོན་རྩ་སྟོང་ སྐོར་བ་དང༌། སོག་ཅན་དགོན་པའི་སྐོར་གཉིས་དེ་སྔོན་བཀག་ཏུ་དམག་མི་རྒྱས་འཛོམས་སྐབས་ཁ་རྩོད་ ཤོར་བའི་ཞེ་འཁོན་གྱིས་སྟོང་སྐོར་བ་བསོད་ནམས་ཀྱིས་སོག་ཙན་དན་དགོན་པའི་སྟོབས་ རྒྱལ་ལ་གྲི་བརྒྱབ་སྟེ་བསད་པ་དང༌། སྟོང་སྐོར་བ་རྣམས་གོ་མཚོན་རང་འགྲིགས་དང་བཅས་ཏེ་དམག་སྒར་ནས་བྲོས་བྱོལ་དུ་ ཕྱིན། མངའ་རིས་སྒང་དུ་ཁོ་ཚོར་ངོ་ཤེས་ཁ་ཤས་ཀྱིས་སྐད་ཆ་བྱས་ཏེ་དམག་སྒར་ཨ་མར་ཡར་ ཁྲིད་པ་དང་ཕན་ཚུན་གྱི་ཁ་མཆུ་འགྲིགས་འཇགས་ཡོང་རྒྱུའི་འགན་དྲིལ་བསྒྲགས་ལས་ ཁུངས་ནས་ཁུར། སྟོབས་རྒྱལ་བསད་མཁན་སྟོང་སྐོར་བ་ཆོས་དགའ་དང༌། དཔལ་བཟང་གཉིས་ཡིན་ཁུལ་གྱི་ལྕགས་ཚན་བརྒྱ་རེ་བཤར་ཏེ་ཁོང་གཉིས་བཙོན་ཁང་དུ་ བཅུག མུ་མཐུད་ཁ་མཆུ་བཤད་ཀྱང་རྩ་བ་ནས་འགྲིགས་ཐབས་མེད་པས་སྟོང་སྐོར་ཀུན་དགའ་ཆེ་ ཆུང་གཉིས་དང༌། ཀརྨ་བསྟན་འཛིན་སོགས་མི་བཅུ་སྐོར་ཞིག་གིས་མཚན་མོར་བཙོན་ཁང་གཏོར་ཏེ་བྲོས་ བྱོལ་དུ་སོང་བ་དང་དམག་སྒར་གྱི་ས་མཚམས་ཡོལ་རྗེས་གོ་མཚོན་ཆ་ཚང་ཕྱིར་བསྐུར་ཏེ་ ཁོང་རྣམས་རྒྱ་གར་ཕྱོགས་སུ་བསྐྱོད། སྟོང་སྐོར་བ་ཞལ་ངོ་བསྟན་དགའ་དང་ཆོས་དགའ་གཉིས་མ་ཕྱིན་པར་བསྡད་ཡོད་པར་ཆ་ཕྲེང་ བ་བློ་གྲོས་དང༌། ལི་ཐང་རྟ་མགྲིན་རྡོ་རྗེ་སོགས་དམག་མི་ཁག་གཅིག་གིས་འཕྲོས་ཡོད་རྣམས་འཛིན་བཟུང་ གིས་ལྕག་ཚན་བཤར་དགོས་པའི་བསམ་འཆར་བཤད་ཀྱང༌། སྦ་ལུག་དང༌། སྲས་ཚང་དཀོན་ཚེ། དར་དགོན་དཔལ་ཆེན་བཅས་སྟོང་སྐོར་བའི་ཕྱོགས་བྱས་ཏེ་ལྕགས་ཚན་བཤར་བ་དང༌། འཛིན་བཟུང་བྱ་རྒྱུར་མོས་མཐུན་མ་བྱས་པས་དོན་མེད་ཀྱི་ཉེས་པ་ཁུར་མ་དགོས་ཙམ་ གྱུར། ཁོ་ཚོས་སྟོང་སྐོར་བར་རྒྱབ་སྐྱོར་དགོས་དོན་སྲས་ཚང་གི་གཡོག་པོ་བྲག་དཀར་སྐལ་ དར་ལ་བུ་གསུམ་སྐྱེས་པ་ནས་གཅིག་སྟོང་སྐོར་ཞབས་དྲུང་དང༌། གཅིག་བྲག་དཀར་ཨ་ནེ་དགོན་པའི་སྤྲུལ་སྐུ། གཅིག་དགེ་ཐོག་དགོན་པའི་སྤྲུལ་སྐུ་ཡིན་པ་ཧ་གོ་གི་ཡོད་འདུག ཉིན་ཤས་རྗེས་སྟོང་སྐོར་བ་ཆོས་དགའ་ཡང་རྒྱ་གར་དུ་བྲོས་བྱོལ་དུ་ཕྱིན།
དམག་སྒར་གྱིས་ཞིང་ལས་ཐོན་བསྐྱེད་དང༌། ཞིང་ས་གསར་བཟོས། ཞིང་ཆུ་འདྲེན་གཏོང་བྱས་པ།
བར་ ལམ་ཞིག་ནས་གློ་འཚམས་པ་སྦུག་གམ། རྒྱ་གར་སྦུག་ཏུ་དེ་སྔོན་གྲོང་སྡེ་ཆགས་ཤུལ་དང༌། ཞིང་ཁ་བཟོས་ཤུལ་ཡོད་སར་ཆུ་མེད་པའི་རྐྱེན་གྱིས་གྲོང་སྡེ་གནས་མ་ཐུབ་སྟབས་དམག་ སྒར་འཆར་འགོད་གོ་སྒྲིག་འོག་ཏི་རིག་སྦུག་ནས་ཤིང་བཅད་དེ་ཆུ་ལམ་ཝ་འགྱུ་གྲངས་ མང་བཟོས་ཤིང་ལུང་པ་ཕར་ཕྱོགས་ཀྱི་རི་སྐེད་ནས་ཝ་ལ་ཝ་མཐུད་ཀྱིས་ཞིང་ཆུ་འདྲེན་ བཏང་གིས་དབྱར་དཔྱིད་གཉིས་སུ་དམག་མིས་ས་བརྐོ་བ་དང༌། རྟ་ལ་ཞིང་རྨོས། དགུན་ཁར་འཁྱགས་རམ་གཏོར་དགོས་པའི་ས་ཆའི་རྒྱ་ཁྱོན་ནི་བལ་པོའི་སའི་འཇལ་ཚད་རུ་ པ་ནི་༦༠༠ཡས་མར་ཙམ་ཡོད་པ་དེར་ལོ་འགའ་ཤས་རིང་གྲོ་དང༌། སྲན་མའི་ཐོན་འབྲས་ཡག་པོ་བྱུང་ཡོད། ཞིང་ལས་འགོ་ཁྲིད་དུ་ལི་ཐང་བློ་བཟང་བྱམས་པ་དང༌། ཡ་མ་རྣམ་རྒྱལ། རྒྱལ་ཐང་བླ་མ་དང་གསུམ་ཡིན། ཞིང་ལས་བྱེད་མཁན་སྒ་པ་བརྒྱ་དཔོན་གསར་པ་ཀར་རྩ་ཚེ་དབང་དངོས་གྲུབ་ཀྱི་བརྒྱ་ ཤོག་དང་གཞན་པའི་དམག་མི་ ༥༠ ནས་ ༡༠༠ ཡས་མར་ཙམ་ཡོད།
སྤྱི་ཁྱབ་རྒན་ཡེ་ ཤེས་རྒྱ་གར་དུ་བསྐྱོད་པ་དང༌། དྲུང་ཡིག་ལྷ་མོ་ཚེ་རིང་སླར་ཡང་གློ་དམག་སྒར་དུ་སླེབས་པས་རང་སྲོག་རང་གཅོད་ བྱེད་མཁན་བྱུང་བ།
དམག་མི་ནང་ཁུལ་དང་རྒྱ་གར་དུ་བཞུགས་པའི་བོད་པའི་སྤྱི་ ཚོགས་ནང་མི་སྙན་པའི་སྐད་ངན་སྣ་ཚོགས་རྒྱུན་མི་ཆད་པ་བྱུང་བ་དང༌། དམག་སྒར་དུའང་བདེན་མིན་གྱི་གཏམ་གླེང་སྣ་ཚོགས་བྱས་ཏེ་བརྒྱ་ཤོག་ནང་ཁུལ་གནས་ བཟོད་མི་བདེ་བའི་གནས་ཚུལ་རིམ་བཞིན་བྱུང་སྟེ་སྤྱི་ཁྱབ་རྒན་ཡེ་ཤེས་ལ་བརྩི་ བཀུར་བྱེད་མཁན་དཀོན་པོར་གྱུར། གནས་ཚུལ་དེ་འདྲའི་སྐབས་ཤིག་ལ་རྒན་ཡེ་ཤེས་རྒྱ་གར་དུ་ཕྱིན་པ་དང་དངུལ་ཁང་གི་ ལས་བྱེད་དངུལ་གཉེར་དང༌། རྩིས་སྦུག་གི་འགན་འཁུར་གཙོ་བོར་དགའ་ལྡན་ཆོས་འཁོར་ཕྱག་མཛོད་དང༌། འབའ་པ་རྒན་བཟོད་པ། ཨ་མདོ་ཀུན་བཟང་འོད་ཟེར་གསུམ་བསྐོ་བཞག་དང་འབྲེལ་རྗེས་སུ་རྙོག་ཁྲ་མང་པོ་ཆགས། སླར་ཡང་རྒྱ་གར་ནས་དྲུང་ཡིག་ལྷ་མོ་ཚེ་རིང་སླེབས་ཏེ་ཚོགས་འདུ་འདྲ་མིན་མང་པོ་ འཚོགས་སྟབས། རྩིས་སྦུག་གི་འགན་ཁུར་འབའ་བ་རྒན་བཟོད་པས་ཟེར་ན་ད་ཆ་ཡག་པོ་ཡོང་རྒྱུ་ཁག་པོ་ རེད། ག་རེ་བྱས་ནའང་ཡོང་རྒྱུ་གཅིག་ལས་མི་འདུག་ཅེས་བཤད་པ་དང༌། ཉིན་ཞིག་ལ་བཟོད་པས་ཐུང་མདའ་ཁུར་ནས་སྡོད་ཁང་གི་ཕྱི་སྒོར་ཐོན་ཏེ་ཁོ་རང་གི་ མགོ་ལ་རྒྱབ་སྟེ་རང་ཤི་རྒྱབ། ཁོ་ནི་རྒན་ཡེ་ཤེས་ཀྱི་བློས་འགེལ་བྱེད་ས་ངོ་མ་དེ་ཡིན། དེ་བཞིན་དམག་མང་གིས་རྒྱུ་མཚན་ཅི་ཡིན་མི་ཤེས་པར་ཝ་རིང་ལའི་བརྒྱ་ཤོག་གིས་དགེ་ རྒན་ཨ་མདོ་སྒྲོལ་མ་སྐྱབས་ཀྱང་འཛིན་བཟུང་བྱས། དྲུང་ཡིག་ལྷ་མོ་ཚེ་རིང་གིས་དམག་སྒར་ཁག་གི་དམག་མི་ཡོངས་རྫོགས་སློབ་སྦྱོང་ ཆེད་དུ་ཡིན་ཞེས་སྟག་འཇའ་སྦུག་ཏུ་བསྐོང་བ་དང་ཆ་ཕྲེང་འགྱུར་མེད་ལ་གང་བྱས་ལྟ་ བུའི་དབང་ཚད་ཐོབ། ཆ་ཕྲེང་འགྱུར་མེད་ཀྱི་བརྒྱ་ཤོག་དམག་སྒར་རྣ་སྨད་ལྕགས་ཀོག་ལར་ཡོད་སྟབས་ཁོང་ ཚོས་བྲག་ཐང་བརྒྱ་ཤོག་ལ་དམག་བརྒྱབ། སྐབས་དེར་ཕན་ཚུན་ནང་འཁྲུགས་ཀྱི་ཞབས་འདྲེན་ཞུས་པ་མ་ཟད། བྲག་ཐང་བརྒྱ་ཤོག་གི་ཞལ་ངོ་དཔལ་ཡུལ་ཀུན་རྡོར་དང༌། འབའ་པ་ཟླ་ཡི་རྒྱལ་མཚན། སྨར་ཁམས་ཞལ་ངོ་སྟོབས་རྒྱལ། འབའ་པ་ཨ་འཛི་ཀོ་ཀོ་བཅས་བསད། ཆ་ཕྲེང་འགྱུར་མེད་ཅན་གྱི་ཕྱོགས་གཏོགས་ཨ་མདོ་དགེ་སློང་མཁས་བཙུན་བྲག་ཐང་བརྒྱ་ ཤོག་གིས་བསད་པ་དང༌། སོག་ཙན་དན་དགོན་པའི་སྦྱིན་པ་རྨས་སྐྱོན་ཤོར་ཏེ་ཆུ་ལ་མཆོང་གྲབས་བྱས་སྐབས་བྲག་ གཡབ་ཆོས་འགྲུབ་ཀྱིས་འཇུ་ཐུབ་པའི་སྲོག་སྐྱོན་མ་ཤོར་ཙམ་གྱི་རྗེས་སུ་སྨན་བཅོས་ ཀྱིས་དྲག་སྐྱེས་བྱུང༌། དེ་དང་མཉམ་དུ་རྒྱལ་ཐང་པ་མི་ནག་པོ་དམ་ཆོས་རྒྱལ་མཚན་ཞེས་པ་དེ་བསད་ཡོད་ཤག་ཀྱང་ རྗེས་སུ་གསོན་པོ་བསྡད་ཡོད་འདུག དེ་བཞིན་གངས་རིའི་ཁྲོད་དུ་དྭགས་པོ་སྐལ་བཟང་ཤི་བ་སོགས་བསྟན་སྲིད་དགྲ་རྒོལ་ གྱི་ཆེད་དུ་མ་ཡིན་པ་ནང་དམེ་ཁོ་ནའི་དབང་གིས་ཚེ་སྲོག་ཤོར་བ་འདི་དག་གོ་བ་ཙམ་ གྱིས་སྙིང་ནང་གྲང་ཤུར་རྒྱག་ཡོང་བ་དང་མིག་ཆུ་རང་དབང་མེད་པ་ཤོར་དགོས་པའི་གནས་ ཚུལ་ཐབས་སྡུག་དེ་དང་དེ་འདྲ་བ་མང་པོ་བྱུང་སྟབས་དམག་མི་རྣམས་ཕན་ཚུན་འབྲེལ་ གཏུགས་མི་ཕོད་པ་མ་ཟད། གསོན་ལྷག་ཚང་མའི་བསམ་བློའི་ནང་སྡུག་བསྔལ་རེ་ཁུར་ཏེ་འདུག་དགོས་པའི་གནས་སུ་ གྱར།
༡། བལ་གཞུང་ལ་གོ་མཚོན་རྩིས་སྤྲོད་དང་འབྲེལ་མགོ་འབུལ་མ་ཞུས་ཚེ་བོད་རང་བཙན་བཤད་རྒྱུའི་གོ་སྐབས་སྒོ་རྒྱག་གི་ཡོད་པ་དང༌།
༢། བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཇི་བཞིན་གནས་མི་ཐུབ་པ་ཡོང་རྒྱུ།
༣། སྔ་རབས་ནས་བལ་བོད་དབར་གྱི་ལོ་རྒྱུས་བཟང་པོའི་མཐུན་འབྲེལ་ལ་གནོད་སྐྱོན་འགྲོ་ རྒྱུ་ལས་མེད་པར་བརྟེན་གོ་མཚོན་རྩིས་སྤྲོད་བྱ་སྒོ་འཕྱུག་མེད་དགོས་ལུགས་གསུང་ ཡོད་པ་རེད། མི་མང་པོའི་ད་དུང་ྋགོང་ས་མཆོག་གི་གསུང་ངོ་མ་ཨེ་ཡིན་ནམ་ཟེར་མཁན་བྱུང༌། ྋགོང་ས་མཆོག་གི་གསུང་ངོ་འཕྲོད་མཁན་ཚོས་གསུང་སྒྲ་ངོ་མ་རེད་ཅེས་བརྗོད་དེ་ངུ་ མཁན་མང་པོ་དང་བཅས་ཅི་གསུང་དང་ལེན་མི་ཞུ་ཚད་བྲལ་ལ་བརྟེན་གོ་མཚོན་རྩིས་སྤྲོད་ ཞུ་སྒོ་མཐའ་དག་ཞུ་རྒྱུའི་ཁས་ལེན་བྱས་པ་རེད། དམག་མི་རྣམས་ཕན་ཚུན་སྐད་ཆ་ཤོད་རེས་བྱ་རྒྱུ་མེད་པ་དང་ལྟོ་ཆས་ཀྱང་ཟ་མི་འདོད་ པའི་གནས་སུ་གྱུར་ཏེ་ངུས་ན་ངུ་རྒྱུ་མེད་པ་དང༌། བགད་ན་བགད་རྒྱུ་མེད་པ་ཆགས། དེ་ནས་སྐུ་སྲུང་མདའ་དཔོན་ཕྱིར་ཕེབས་ཏེ་རྒྱ་གར་དུ་འབྱོར་རྗེས་སླར་ཡང་ཡབ་ གཞིས་དྲུང་ཡིག་ལྷ་མོ་ཚེ་རིང་སྤོག་རར་འབྱོར་བ་དང་ཉིན་ཤས་རྗེས་བལ་གཞུང་གིས་ འཛིན་བཟུང་བྱས་འདུག
ཡང་དེ་དང་དུས་མཉམ་ཐེ་ཝན་གོ་མིན་ཏང་སྲིད་ གཞུང་དང་དེ་སྔོན་ལྷ་སྲས་རྒྱ་ལོ་དོན་འགྲུབ་དང༌། དྲུང་ཡིག་ལྷ་མོ་རིང་གཉིས་འབྲེལ་བ་ཡོད་པ་དེ་ལྟར་མ་བསྡད་པར། ཚེ་དཔག་རྡོ་རྗེ་སོགས་མི་མང་པོ་ཞིག་རྒྱ་གར་ནང་བཏང་སྟེ་འབྲས་ལྗོངས་ཕུན་ཁང་ལྷ་ ལྕམ་ལ་སྲིད་དོན་གྱི་འབྲེལ་བ་བྱས་ཏེ་ལམ་བཟོ་བ་རྣམས་བེད་སྤྱོད་གཏོང་རྩིས་ ཀྱིས་ཆུ་སྒང་འགོ་གཙོ་མང་པོར་ཐད་ཀར་འབྲེལ་བ་བྱས་ཡོད་འདུག ལི་ཐང་ཇ་མ་བསམ་འཕེལ་དང༌། སྐྱ་ལི་བུ། དཀར་མཛེས་ཞི་པ་ཚང་ཚ་བོར། ཏྲེ་ཧོར་གུ་ལུང་དགོན་པ་དཀོན་མཆོག་རྒྱལ་མཚན། དར་དགོན་དཀོན་མཆོག་རྒྱལ་མཚན། དར་དགོན་ཝུ་ཀྲོང་ཚ་བོ་པདྨ་རྒྱལ་མཚན་སོགས་ཐེ་ཝན་དུ་ཕྱིན་པའི་དབང་གིས་རྒྱ་ལོ་ དོན་འགྲུབ་དང༌། ཕུན་ཁང་ལྷ་ལྕམ་དབར་འགལ་ཟླ་ཆགས་ཏེ་མུ་མཐུད་ནང་ཁུལ་སྲིད་དོན་གྱི་རྙོག་གླེང་ མང་བ་དང་རྩོད་རྙོག་ཅན་གྱི་རང་བཞིན་ཅན་དུ་གྱུར། མཐའ་མ་ཟུར་ཁང་དང་གཡུ་ཐོག་གཉིས་ཀྱང་ལྷ་སྲས་རྒྱ་ལོ་དང་ནང་འགལ་གྱིས་ཐེ་ཝན་དུ་ ཕེབས་དགོས་ཆགས་ཡོད་འདུག
ཕྱི་ལོ་ ༡༩༦༢ ལོར་རྒྱ་དམར་གཞུང་གིས་གློ་བུར་དུ་མོན་རྟ་དབང་ནས་དམག་བརྒྱབ་སྟེ་འབུམ་སྡེ་ལ་ བརྒྱུད་ཨ་སམ་སྤ་ལམ་པུང་བར་དུ་རྒྱ་དམག་བཙན་འཛུལ་བྱས། རྒྱུ་རྐྱེན་དེ་ལ་བརྟེན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་ཨ་རིའི་གཞུང་གིས་རོགས་ རམ་ལྟ་རྟོགས་དང་སྦྲགས་རྒྱ་གར་གསང་ལས་དང་འབྲེལ་བ་བྱས་ཏེ་ཌེ་ར་ལྡུན་དུ་དང་ སློབ་ཅེས་དམག་སྒར་ཨང་ ༢༢ པའང་འཇབ་དམག་གི་ཚུལ་དུ་གསར་འཛུགས་ཞུས། རྒྱ་གར་གྱི་གསང་ལས་ནས་རྗ་ནར་ཨོ་པན་ཟེར་བའི་འོག་གོ་རིམ་ལྟར་གྱི་འགོ་ཁྲིད་དང་ དགེ་རྒན་གོ་སྒྲིག་གནང༌། མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ལི་ཐང་རྒྱ་རྡོ་དོན་འགྲུབ་དང༌། ར་ཕྲུག་ངག་དབང༌། སྒ་པ་ཚེ་རྒྱལ་གསུམ་ཐད་ཀར་དམག་སྒར་གྱི་འགོ་ཁྲིད་དུ་བཏང༌། རྡ་རམ་ས་ལ་ནས་བཙན་བྱོལ་བོད་གཞུང་གིས་གསང་བའི་ཐོག་ནས་བྱམས་པ་སྐལ་ལྡན་དང༌། རྩེ་དྲུང་བྱམས་པ་དབང་འདུས་གཉིས་འགོ་ཁྲིད་དུ་བཏང་ཡོད། དམག་སྒར་ཨང་ ༢༢ གསར་འཛུགས་བྱས་པ་ལ་བརྟེན་ཆུ་སྒང་ལས་ཁུངས་ནས་ཨ་རིར་གསང་བའི་སློབ་སྦྱོང་དུ་ རྡོར་གླིང་སོགས་ནས་རྐང་བགྲོད་ཀྱིས་བྷང་ལ་དྷེ་ཤིའི་གནམ་ཐང་དུ་ཕྱིན་པ་དང་དེ་ ནས་ཨ་རིར་བསྐྱོད་པའི་མི་སྣ་སྡེ་དགེ་དིལ་མགོ་ཚེ་དབང་དང༌། སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ། ཅུང་པ་བསྟན་པ་དབང་རྒྱལ་སོགས་བཏང༌། སློབ་སྦྱོང་ཐོན་རྗེས་ཚུར་ཡོང་དུས་ལྡི་ལིའི་གནམ་ཐང་དུ་འབེབས་ཆོག་པའང་བྱུང་ ཡོད་འདུག ཕྱི་ལོ་ ༡༩༧༠ ལོར་བྷང་ལ་དྷེ་ཤིར་རྒྱ་གར་གཞུང་གིས་དམག་བརྒྱབ་པའི་སྐབས་ལྡེ་ར་ལྡུན་དུ་ཆུ་ སྒང་དམག་སྒར་ཨང་ ༢༢ པ་གཡུལ་སར་གཏོང་རོགས་ཞེས་གོང་རིམ་ལ་བཀའ་ཁྲོལ་ཞུས་པ་དང་སྦྲགས་བྷང་ལ་དྷེ་ཤིར་ གཡུལ་འཁྲུགས་སྐབས་དཔའ་རྟགས་སྟོང་མ་གནས་ཚང་རྒྱལ་ཁབ་དགའ་དགོས་པ་བླངས་ཡོད་པ་ དང་དམག་དཔོན་ལི་ཐང་རྒྱ་རྡོ་དོན་འགྲུབ་ཀྱིས་གཙོས་དཔའ་བོ་མི་གྲངས་ ༤༢ ཤི་ཡོད་པའི་མཚན་འཁོད་རྡོ་རིང་བཙུགས་ཡོད་ཅིང་རྒྱལ་ས་སྦྲ་ཁ་ཟེར་སར་དམག་སྒར་ ཨང་ ༢༢ པས་དཔའ་རྟགས་བཞག་པའི་སྐབས་རྒྱ་གར་གྱི་སྲིད་བློན་ཨིན་དྷར་གྷན་དྷེ་མཆོག་ཆེད་ ཕེབས་ཀྱིས་ཐད་འཕུར་གནམ་གྲུའི་ནང་ནས་རྒྱང་བསྒྲགས་ཁ་པར་ཐོག་མ་འོངས་པར་བོད་ ཀྱི་རྒྱལ་ས་ལྷ་སར་འདི་ལྟ་བུའི་དཔའ་རྟགས་སྟོང་མ་ལེན་རྒྱུ་ཡིན་ཞེས་ཡང་ཡང་ གསུངས་པ་རྣམས་རྒྱ་གར་གཞུང་གི་ཐུགས་ལ་བོར་དོགས་མེད། དེ་རྗེས་ཨ་རི་གཞུང་གིས་ལྟ་རྟོགས་ཕྱི་འཐེན་བྱས་ཤིང་རྒྱ་གར་གཞུང་གིས་ལྟ་ རྟོགས་འཛིན་སྐྱོང་བྱ་མུས་དང༌། རིམ་པས་བཙན་བྱོལ་བོད་གཞུང་དང་ཐད་ཀར་འབྲེལ་བ་ཆགས་ཏེ་ད་ལྟ་བར་གནས་ཐུབ་པ་འདི་ དུས་ཐོག་ཆར་པའི་དྲག་དམག་གིས་དཀའ་བ་སྤྱད་པའི་བྱས་འབྲས་ཤིག་ཡིན། གོང་དུ་བཀོད་པ་ལྟར་ཁམས་པ་རྣམས་ལམ་བཟོ་བྱེད་པ་ལས་དམག་འཐབ་བྱ་རྒྱུར་གདམ་ང་ བྱས་ཏེ་ལམ་བཟོ་བ་མང་ཆེ་བ་འབྲས་ལྗོངས་ནས་གློ་ཡུལ་དུ་ཕྱིན་པ་དང༌། དམག་སར་བསྐྱོད་མ་ཐུབ་པའི་ཁམས་རིགས་ཁྱིམ་ཚང་མང་པོ་ཡོད་པ་དེ་དག་ཀྱང་ཕུན་ཁང་ ལྷ་ལྕམ་གྱིས་ལྷ་སྲས་རྒྱ་ལོའི་རྗེས་འབྲངས་པ་ཡིན་པའི་དོགས་པ་བྱས་ཏེ་འབྲས་ ལྗོངས་ནས་ཕྱིར་འབུད་བཏང༌། མདོ་ཁམས་ཆུ་སྒང་དམག་སྒར་གྱི་ལས་ཁུངས་ཀྱང་ཀ་སྦུག་དང་རིམ་བཞིན་རྡོར་གླིང་དུ་ སྤོས། རྡོ་གླིང་དུ་སྲུང་སྐྱོབ་པར་ཁང་ཟེར་བའི་ཚགས་པར་ལས་ཁུངས་ཤིག་ཀྱང་བཙུགས། དེ་བཞིན་ཨ་རིའི་གསང་ལས་ནས་རྒྱ་གར་གསང་ལས་འབྲེལ་ཡོད་སྡེ་ཚན་བརྒྱུད་གློ་དམག་ སྒར་ལ་རོགས་དངུལ་འབྱོར་བའི་རྩིས་ཁྲ་གློ་དམག་སྒར་ནས་རྡོར་གླིང་ཆུ་སྒང་ལས་ ཁུངས་ཨ་མར་གཏོང་དགོས་ཀྱི་ཡོད་ཀྱང༌། ཕྱི་ལོ་ ༡༩༦༣ ལོར་རྩིས་ཁྲ་མ་འབྱོར་བར། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་གློར་བང་མི་ཆེད་བཏང་གིས་རྩིས་ཁྲ་ལེན་མཁན་བཏང་ བ་ཕྱིར་འཁོར་གྱི་ལན་དུ། རྒན་ཡེ་ཤེས་ཀྱིས་རྩིས་ཀྱི་སྐོར་གོང་རིམ་ལ་བཀའ་མོལ་ཞུས་ཟེར་བ་ཙམ་ལས་མེད། གོང་རིམ་ཟེར་བ་ནི། ལྷ་སྲས་རྒྱ་ལོ་དོན་འགྲུབ་དང༌། དྲུང་ཡིག་ལྷ་མོ་ཚེ་རིང་གཉིས་ལ་གོ ད་ནི་དབང་ཆ་ཨ་ཕའི་ལག་ཏུ་ཡོད་ནའང༌། རྩམ་ཁུག་ཨ་མའི་ལག་ཏུ་ཡོད་ཟེར་བ་ལྟར། གློར་འཇབ་དམག་གི་སྒྲིག་འཛུགས་མི་འགྲོ་བཅས་ཆ་ཚང་མདོ་ཁམས་ཆུ་བཞི་སྒང་དྲུག་ བསྟན་སྲུང་དྭངས་བླངས་དམག་སྒར་གྱི་ཡིན་ཀྱང༌། ཨ་རིའི་གསང་བའི་རོགས་དངུལ་སོགས་ཀྱི་དབང་ཆ་ནི་ལྷ་ཚེ་ཁོང་རྣམ་གཉིས་ལ་ཐུག་ཡོང་ དུས། གང་ས་ཅིའི་ཐད་ནས་དེ་མཚུངས་སུ་གྱུར་སྟབས་ཉིན་ཞིག་ཨ་འབྲུག་མགོན་པོ་བཀྲིས་ནས་ འགོ་ཁྲིད་གང་ཡོད་རྣམས་འདུ་འཛོམས་སར། སྙུང་ཁམས་ལྕི་པོ་ཡོད་བཞིན་མི་ཚང་མའི་ལག་པར་འཇུས་ཏེ། ད་ནི་ངོས་རང་གི་ལས་ཀ་ནོར་ཚར་འདུག ཁྱེད་རྣམས་ཀྱིས་མ་འོངས་པར་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དང༌། དམིགས་ཡུལ་མ་བརླགས་པའི་ཐབས་ཤེས་གང་དྲག་གཟབ་རོགས་ཞེས་ཡང་ཡང་གསུངས་ཤིང༌། ཁོང་ཉིད་སྙུང་ཁམས་དེ་རང་གི་འོག་ནས་ལོ་དེར་སྐུ་གཤེགས།
ཕྱི་ལོ་ ༡༩༦༡ ལོར་རྡ་རམ་ས་ལར་ཆོལ་གསུམ་གཅིག་སྒྲིལ་ཚོགས་པ་ཟེར་བ་བཙུགས་པ་དེའི་ཁོངས་སུ་ རྒྱ་རི་ཉི་མ་དང༌། དག་པོ་བུ་ཚེ་དབང་འཕྲིན་ལས། ཚེ་དགའ་རྡོ་རྗེ། ཆ་ཕྲེང་བསྟན་འཛིན་ཚུལ་ཁྲིམས། ཉག་རོང་ཨ་བརྟན། དར་དགོན་རྒྱ་དགའ་དཀྲོག་དཀྲོག་བཅས་ཁམས་པ་དང༌། རྒྱལ་རོང་དབྱིན་གཉེན། ཅོ་ནེ་ཕག་པ་ཚེ་རིང༌། ཨ་མདོ་སྐལ་ལྡན། ཨ་མདོ་ཆོས་ལྡན་བཅས་ཨ་མདོ་དང་ཁམས་པའི་མི་མང་པོ་ཚོགས་མིར་ཞུགས་ཏེ། བོད་ཀྱི་བླ་ཆེན་དང༌། མི་ཆེན་སྤྱི་སྒེར་ཐམས་ཅད་མིང་མེད་རྩ་གཏོར་གཏོང་རྒྱུའི་དམིགས་ཡུལ་འཆར་འགོད་ ཀྱིས་ལས་འགོ་བཙུགས། ཚང་མའི་གཙོ་འཛིན་ནི་རྩེ་དྲུང་དམ་ལོག་བདེ་འཇགས་བློ་བཟང་ཡེ་ཤེས་ཟེར་བ་དེ་ཡིན་ འདུག
ཕྱི་ལོ་ ༡༩༦༣ ལོར་གཅིག་སྒྲིག་ཚོགས་པ་རྡ་ས་ནས་རྡོར་གླིང་དུ་སྤོས། སྲས་རྒྱ་ལོ་དང༌། དྲུང་ཡིག་ལྷ་མོ་ཚེ་རིང་གིས་ལྟ་རྟོགས་འོག་རྒྱ་གར་གསང་ལས་འབྲེལ་ཡོད་སྡེ་ཚན་ གྱི་ལག་བརྒྱུད་ཨ་རིའི་རོགས་དངུལ་གྱི་མཐུན་རྐྱེན་སྦྱར། མི་རྣམས་སྐྲག་སྐྲག་འདར་འདར་འོང་དགོས་པའི་ལས་འགུས་མུ་མཐུད་དེ་སྤེལ། རྡོར་གླིང་ནས་ཆུ་སྒང་ལས་ཁུངས་ཨ་མ་ནས་ཁམས་པ་དང་ཨ་མདོའི་མི་མང་པོ་དེ་ཙམ་གཅིག་ སྒྲིལ་ཚོགས་པའི་ཁོངས་སུ་ཞུགས་ཡོད་ཀྱང༌། ད་དུང་ཆུ་སྒང་སྒྲིག་འཛུགས་རྩ་གཏོར་གཏོང་འཆར་ལ་དོགས་ཟོན་བྱས་ཏེ་ཉམས་ཞིབ་ཆེད་ རྒྱལ་ཐང་མཁར་ཆེན་ཕྱག་མཛོད་དང༌། ལི་ཐང་ཨ་ལོ་ཟླ་བ། འབའ་པ་ཕྱག་མཛོད་བཀྲིས་ཁོང་གསུམ་གཅིག་སྒྲིལ་ཚོགས་པའི་ཁོངས་སུ་ཆེད་འཛུགས་བྱས། རིམ་བཞིན་དྭོགས་གཞི་ཇེ་ཆེར་གྱུར་པ་དང་ཆབས་ཅིག་འབའ་པ་རྒན་ཡེ་ཤེས་སོགས་གློ་ དམག་སྒར་ནས་མི་ཁག་གཅིག་ཐད་ཀར་འབྲེལ་ཡོད་སྲས་རྒྱ་ལོ་དང༌། དྲུང་ཡིག་ལྷ་མོ་ཚེ་རིང་གཉིས་ཀྱི་ངོ་ཆེ་ཆུང་དང༌། ཕྱག་ཡང་ལྗིད་ལ་ལྟོས་དགོས་པར་ཆགས། ད་དུང་དབུ་རྩེ་དབུ་རྒྱན་སོགས་ཕོ་གསར་གྲངས་ ༣༠ སྐོར་ལྷ་མོ་ཚེ་རིང་གི་ཐད་ཀའི་གསོ་སྐྱོང་འོག་ཉར་ཡོད་པ་རྣམས་རིམ་པས་གཅིག་ ཚོགས་ཀྱི་ཁོངས་སུ་དག་པ་ལྟ་བུར་གྱུར། ཐེ་ཝན་གོ་མིན་ཏང་སྲིད་གཞུང་ཡང་བོད་མིའི་དགྲ་བོ་ཡིན་པ་ངོ་སྤྲོད་བྱས།
ཨ་ འབྲུག་མགོན་པོ་བཀྲིས་འདས་པའི་རྗེས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཙོ་འཛིན་ ཚབ་གསར་བསྐོ་བཞག་དགོས་པའི་གྲོས་མོལ་གནང་སྐབས། འབའ་པ་ཡེ་ཤེས་ཀྱིས་ཨ་འབྲུག་མགོན་པོ་བཀྲིས་ཡོད་བཞིན་དུ་རྩིས་ཁྲའི་སྐོར་གོང་ རིམ་ལ་ཞུས་ཟེར་བའི་གནས་སྐབས་ཡིན་སྟབས། དྲུང་ཡིག་ལྷ་མོ་ཚེ་རིང་ཅན་གྱིས་གཙོ་འཛིན་གསར་པ་འབའ་པ་ཡེ་ཤེས་བསྐོ་བཞག་དགོས་ ཞེས་བཤད། ས་འདུ་བློ་སྙན་གྲགས་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང་ཅན་ཆུ་སྒང་འགོ་འཁྲིད་མང་ཆེ་ཤོས་ཀྱིས་དེ་ལ་ཁས་ལེན་ མ་གནང་སྟབས་གཙོ་འཛིན་གཏན་འཁེལ་མ་ཐུབ། སྐབས་དེ་དུས་གློ་ཁུལ་ནས་སྒ་པ་འཁོར་རུ་ངག་འཇམ་ཁྱིམ་ཚང་མི་ངོ་ཚང་མ་བསད་ཚར་བ་ དང༌། ད་དུང་མི་བསད་ཀྱི་རྙོག་ཁྲ་མང་པོ་ཆགས་ཚར་ཡོད་འདུག ཆོལ་གསུམ་གཅིག་སྒྲིལ་ཚོགས་པའི་དམིགས་ཡུལ་ལྟར་ཆོས་སྲིད་ལ་གནོད་པའི་ལས་འགུལ་ མང་པོ་སྤེལ་བའི་རྒྱུ་རྐྱེན་ལ་བརྟེན་ཕྱི་ལོ་ ༡༩༦༥ ལོ་ནས་བཟུང་ཚོ་ཁག ༡༣ ཟེར་བའི་ཚོགས་པ་དེ་བཙུགས་པར། དེ་ཁོངས་སུ་ཆུ་སྒང་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང༌། གླིང་ཚང་སྲས་འཇིགས་མེད། ཧོར་སྦྲ་ཆེན་དཔོན་སངས་རྒྱས་རྣམ་རྒྱལ་བཅས་ཡོད་པས་ཆུ་བཞི་སྒང་དྲུག་དང་འབྲེལ་ བ་ཆགས། དེ་ཙམ་དུ་མ་ཟད་ཁམས་ཀྱི་བླ་ཆེན་ཡོངས་རྫོགས་དང༌། མདོ་ཁམས་ཀྱི་མི་སྣ་མང་པོ་དེ་ཁོངས་སུ་ཡོད་འདུག ཕྱི་ལོ་ ༡༩༦༤ ལོ་ནས་སྲས་རྒྱ་ལོའི་ལམ་སྟོན་ལྟར་ཀ་སྦུག་ནས་ཁམས་པ་ཚོང་རིགས་ཁག་ནས་ཆུ་སྒང་ སྤྱི་ལ་ཚོང་ཟོག་ཞལ་འདེབས་དང༌། འགའ་ཤས་ནས་དུས་བདེ་བྱུང་ན་ཕྱིར་སློག་ཡོང་རྒྱུའི་ཐོབ་འཛིན་ཐོག་ནས་ཕུལ་བའི་ དཔལ་འབྱོར་གྱིས་ལས་ཁུངས་དང་ལས་སྒོ་ཁག་གི་འགྲོ་གྲོན་གཏོང་བཞིན་པར་རྡོར་གླིང་ བླ་མ་ཧ་རྡ་ཟེར་བའི་ས་ཆ་ཨེ་ཀར་ ༥ ཉོས་ཏེ་དེའི་ཐོག་ཐོག་བརྩིགས་གཉིས་ཅན་གྱི་ཁང་པ་གསར་བསྐྲུན་བྱས་པ་དང་ལས་ཁང་ཨ་ མ་སྤོ་ཤུགས་ཆེད་སྡོད་ཁང་རྒྱ་ཆེ་བརྒྱབ་སྟེ་ཆུ་སྒང་གི་མ་དངུལ་མང་པོ་དེར་བཏང༌། འབུམ་སྡེ་ལར་དེ་སྔར་ཡོད་པའི་ས་ཁང་ཐོག་ཡང་བསྐྱར་ཟ་ཁང་དང༌། ཚོང་ཁང་ཧ་ཅང་རྒྱ་ཆེ་སྤུས་ལེགས་བརྒྱབ་སྟེ་སྒ་པ་འཇམས་དགའ་དེའི་ཕྱོགས་སུ་བཏང༌། དུས་དེ་ཙམ་ཞིག་ནས་རྒྱ་ཐང་མཁར་ཆེན་ཕྱག་མཛོད་དང༌། འཇོལ་ཀླུ་སྒྲུབ་ཕྱག་མཛོད། འབའ་ལ་ཁ་ཕྱག་མཛོད། ལི་ཐང་ཨ་ལོ་ཟླ་བ། བྲག་གཡབ་ཨ་ཕྲུག་བླ་མ་སོགས་འདས་གྲོངས་སུ་གྱུར། དེ་རྗེས་ཉིན་ཞིག་ལ་སྲས་རྒྱ་ལོས་གོང་གསལ་ཚོགས་པ་དང༌། ལས་རིགས་ཁག་གི་མི་སྣ་འདུ་ཚོགས་གནང་བའི་ཐོག་སྲུང་སྐྱོབ་པར་ཁང་གི་ལས་བྱེད་ སྡེ་དགེ་བ་འབའ་ཆུང་དཔོན་དང༌། གོ་འཇོ་ཆོས་འགྲུབ༌། དོན་འགྲུབ་ཕུན་ཚོགས། འབའ་པ་ཕྱག་མཛོད་བཀྲིས། ཨ་མདོ་ཁ་རྡོ་བཅས་མི་བཞི་དང༌། རང་དབང་གསར་ཁང་གི་ལས་བྱེད་རྩེ་དྲུང་ཡེ་ཤེས་འཕྲིན་ལས་བཅས་ཚོགས་འདུ་དེའི་ཐོག་ ནས་ཕྱིར་འབུད་བྱས་པ་དེར་རྒྱུ་མཚན་ཇི་ཡིན་ཙམ་བཤད་སའི་ཡུལ་མེད། དེ་ནས་ཆུ་སྒང་གི་འགོ་ཁྲིད་ཆ་ཕྲེང་ཀུན་བཟང་ཆོས་འཛིན་དང༌། རྟའུ་མཁས་གྲུབ། དྲུང་ཡིག་བྱང་ཆུབ། ལམ་གྲགས་ཕྱག་མཛོད། འབའ་པ་སྐལ་བཟང༌། དཀར་མཛེས་པད་མ་རྣམ་རྒྱལ། དྲུང་སར་ཆོས་མཛད། ཆ་ཕྲེང་རྨུ་ཤེས་རབ། རྨུ་དཀར། གཟིགས་རྒྱབ་ཕྱག་མཛོད། ཀ་ཐོག་ཕུར་པ་འཕྲིན་ལས་སོགས་འགོ་འཛིན་མི་གྲངས་ ༣༠ ཙམ་བླ་མ་ཧ་ཏར་དུ་གནས་སྤོས་མཛད། ཚང་མ་ཟླ་ཤས་རིང་མཉམ་བསྡད་བྱས་ཀྱང༌། ས་སྟོང་ལུང་སྟོང་ནང་ཅི་ཟ་འདི་ལས་མེད་སྟབས་རིམ་བཞིན་རྡོར་གླིང་གྲོང་ཁྱེར་ནང་ རང་རང་སོ་སོར་གནས་ཏེ། བླ་མ་ཧ་རྟར་དུ་རྨུ་ཆོས་འཛིན་དང༌། དྲུང་ཡིག་བྱང་ཆུབ་སོགས་རེ་ཤས་སུ་གྱུར་པ་དང་སྲུང་སྐྱོབ་དཔར་ཁང་ཡང་སྒོ་བརྒྱབ། བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང༌། ས་འདུ་བློ་སྙན་གྲགས། གྲའུ་དཔོན་རིན་ཆེན་ཚེ་རིང༌། འཇང་ཚ་ཆོས་མཛད། དམ་པ་བློ་གྲོས། བསྟན་པ་འཕྲིན་ལས་བཅས་ནི་བཀའ་བློན་དང༌། དྲུང་ཆེ། མདོ་སྟོད་སྤྱི་འཐུས་བཅས་ཀྱི་ལས་འགན་ཐོག་བཞུགས་སྒར་དུ་གནས་པ་སོགས་ཁ་འཐོར་ དགུའཐོར་ལྟ་བུས་ཆུ་སྒང་ལས་ཁུངས་ཨ་མ་འདི་ཡིན་ཟེར་བ་མེད་པ་ལྟ་བུར་གྱུར་སྟབས་ རྡ་སར་སྐུ་སྒེར་ཡིག་ཚང་གི་ཁོངས་གཏོགས་ཀེ་ལ་ཤ་མགྲོན་ཁང་ཟེར་བ་འདི་ས་འདུ་བློ་ སྙན་གྲགས་དང༌། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། གྲའུ་དཔོན་རིན་ཆེན་ཚེ་རིང༌། ཨ་ལོ་ཆོས་མཛད། གོ་བོ་ཆོས་མཛད་ཕུན་ཚོགས། དཀར་མཛེས་པད་མ་རྣམ་རྒྱལ། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་སོགས་ཀྱིས་མི་རེས་སྒོར་ ༡༠༠༠ རེ་བསྡུས་ཏེ་མགྲོན་ཁང་སྤུས་གཟིགས་ཞུས་ཏེ་རྡོར་གླིང་ནས་གོ་འཇོ་ཆོས་དྲུག་དོན་ འགྲུབ་ཕུན་ཚོགས་དང༌། སྡེ་དགེ་ཀ་ཐོག་ཕུར་པ་འཕྲིན་ལས། འབའ་པ་གོ་བོ་ཆོས་མཛད་ཕུན་ཚོགས་བཅས་ནས་རྡོར་གླིང་དུ་ཡོད་པའི་ཆུ་སྒང་ལས་ཁུངས་ སྒོ་བརྒྱབ་སྟེ་མདོ་ཁམས་ཆུ་སྒང་གི་ཡིག་ཆ་དང༌། བོད་དངུལ་ཤོག་ལོར་བཅས་ཁུར་བདེ་རྣམས་ཁུར་ནས་ཕྱི་ལོ་ ༡༩༦༦ ལོར་རྡ་རམ་ས་ལར་སླེབས་པ་དང་ལས་ཁུངས་ཨ་མ་བཟུང༌། བརྒྱུད་རིམ་དེ་འདྲའི་འོག་ནས་རྡོར་གླིང་དུ་ཡོད་པའི་གཅིག་སྒྲིལ་ཚོགས་པའི་ ཁོངས་གཏོགས་ཁམས་པ་རྣམས་དང༌། གློ་དམག་སྒར་ཕྱོགས་གཏོགས་དང་བཅས་པ་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ནས་ཡང་ བསྐྱར་རྡོར་གླིང་དུ་ཆུ་སྒང་ལས་ཁུངས་ཡིན་ཟེར་བ་ཞིག་ཀྱང་བཙུགས། གང་མཚམས་ཤིག་ནས་དྲུང་ཡིག་ལྷ་མོ་ཚེ་རིང་དང༌། གློ་དམག་སྒར་གྱི་འགོ་འཛིན་འབའ་པ་ཡེ་ཤེས་གཉིས་རོགས་དངུལ་ལྐོག་ཟས་བྱ་ཕྱོགས་ ཀྱི་རྩིས་ཁྲའི་ཐོག་མི་མཐུན་པ་ཆགས། དེ་འདྲའི་རྐྱེན་ངན་དང་འབྲེལ་གློ་དམག་སྒར་དུ་ནང་ཁུལ་རྩོད་འཛིངས་ཆུ་བོའི་ རྒྱུན་ལྟར་བྱུང་སྟེ་ནང་དམེ་ནང་བསད་ཁྲག་སྦྱོར་གྱི་ལས་སུ་ཞུགས། དྲུང་ཡིག་ལྷ་མོ་ཚེ་རིང་གི་སྤུན་ཆུང་བ་བྱང་ཆུབ་སྦྱིན་པ་མངའ་རིས་རིན་པོ་ཆེ་ ཡིན་ཁུལ་གྱིས་ཆ་རྒྱུས་མེད་པའི་གློ་དམག་སྒར་ཁ་ཤས་སུ་བཏང་སྟེ་དཀྲོག་གཏམ་གྱིས་ དམག་སྒར་གནས་བཟོད་མི་བདེ་བ་བཟོས། ཡང་དེ་རྗེས་ཆ་ཕྲེང་པ་བློ་བཟང་ཚུལ་ཁྲིམས་ནས་ྋགོང་ས་མཆོག་གི་བཀའ་ཡིག་བརྫུན་མ་ བཟོས་ཏེ་གློ་དམག་སྒར་ཁག་ཏུ་ཁུར་ནས་སྒྲོགས་སྦྱང་གིས་གཅིག་ཁེ་གཅིག་ཕམ་དང་ གཅིག་གསོ་གཅིག་གསོད་བྱ་རྒྱུའི་ངན་བྱུས་བཏིང༌། དེ་བཞིན་འབའ་པ་ཡེ་ཤེས་ཕྱིར་འབུད་བྱེད་ཐབས་དང་འབྲེལ་ཨ་རིའི་གསང་ལས་ཀྱི་བསམ་ ཚུལ་ཡིན་ཁུལ་གྱིས་ལི་ཐང་རྒྱ་རྡོ་དབང་འདུས་གློ་དམག་སྒར་གྱི་འགོ་འཛིན་དུ་བཏང་ ཡང་ནང་རྙོག་མུ་མཐུད་དེ་བྱུང༌། ཡང་དེ་རྗེས་སྨར་ཁམས་བསྟན་པ་འཕྲིན་ལས་དང༌། བྱམས་པ་སྐལ་ལྡན། ར་དཀྲུག་ངག་དབང་བཅས་སྔ་རྗེས་སུ་གློ་དམག་སྒར་ཁག་ཏུ་བཏང་བར་ ཁོང་ཚོའང་ཕྱོགས་གཏོགས་ཀྱི་ལས་སྤྱོད་ཁོ་ནར་ཞུགས་པ་ཡིན་སྟབས་དམག་སྒར་གྱི་གནས་ སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་བ་དང་བྲག་ཐང་བརྒྱ་ཤོག་ལ་དམག་བརྒྱབ་སྟེ་དཔལ་ཡུལ་ ཀུན་རྡོར་སོགས་མི་ལྔ་བསད། མཐར་འབའ་པ་ཡེ་ཤེས་དང༌། སྨར་ཁམས་དགའ་གཡང༌། འབའ་པ་རྣམ་རྒྱལ། སྒ་པ་ཆོས་གྲགས་བཅས་ཟུར་ཐོན་བྱ་དགོས་བྱུང་བ་སོགས་མདོར་ན་ནང་འགལ་རྙོག་རྩོད་ ཁོ་ནས་དུས་འདས་པ་ལྟ་བུ་གྱུར། རྒྱ་གར་ནང་དུ་ཡང་དེ་མཚུངས་ཀྱི་རྙོག་ཁྲ་བྱུང་སྟེ་གཅིག་སྒྲིལ་ཚོགས་པས་ལྷ་མོ་ ཚེ་རིང་སོགས་ཀྱི་ཕྱོགས་བྱས་ཏེ་ཆུ་བཞི་སྒང་དྲུག་དངོས་གནས་དེ་རྩ་མེད་གཏོང་ རྒྱུའི་ངན་འཆར་བཏིང་བ་དང༌། རྒྱ་རི་ཉི་མ་དང༌། ཆ་ཕྲིན་བསྟན་འཛིན་ཚུལ་ཁྲིམས། ལི་ཐང་ཨ་ཐར་ནོར་བུ་བཅས་གཅིག་སྒྲིལ་ཚོགས་པའི་ཁོངས་སུ་ཡོད་པ་དེ་ཚོས་རྡོར་ གླིང་དུ་ཆུ་སྒང་གསར་པ་ཟེར་བ་ཞིག་མིང་བསྒྲགས་བྱས་ཏེ་གདོང་ལེན་དངོས་སུ་ཐོན་ པའི་ཐོག་གཅིག་སྒྲིལ་ཚོགས་པར་རྡོར་གླིང་དུ་ལས་ཀ་མེད་པ་ཆགས་པ་དང་བཞུགས་སྒར་ རྡ་རམ་ས་ལར་སྤོ་ཤུགས་བྱས་སྟབས་གཞུང་དམངས་སྤྱི་ཚོགས་དང་བཅས་པ་བདེན་འཇགས་ཀྱི་ ཡུལ་ལས་ཡོངས་སུ་འདས། ས་འདུ་བློ་སྙན་གྲགས་དང༌། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། གྲའུ་དཔོན་རིན་ཆེན་ཚེ་རིང༌། གོ་བོ་ཆོས་མཛད་ཕུན་ཚོགས། འབའ་པ་ཕྱག་མཛོད་བཀྲིས། ཀ་ཐོག་ཕུར་པ་འཕྲིན་ལས། གོ་འཇོ་ཆོས་དྲུག་དོན་འགྲུབ་ཕུན་ཚོགས་སོགས་ཆུ་སྒང་འགོ་ཁྲིད་རྣམ་པས་དྲུང་ཡིག་ ལྷ་ཚེ་ཅན་དང༌། ཆིག་ཚོགས། སྲས་རྒྱ་ལོ་དོན་འགྲུབ་བཅས་ཀྱི་ངན་བྱུས་ལས་འགུལ་ལ་གདོང་ལེན་ཚར་དུ་དངར་བ་བྱས། ཕྱི་ལོ་ ༡༩༦༩ ལོར་བཙན་བྱོལ་བོད་གཞུང་གི་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་ཆེན་ཐེངས་དང་པོ་ བསྐོང་འཚོགས་གནང་སྐབས་ཆུ་སྒང་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་འདས་གྲོངས་ སུ་གྱུར་པ་དང་ལོ་དེར་བོད་གཞུང་གི་སྐུ་ཚབ་སེར་བྱེས་མཁན་པོ་རྒན་དོན་འགྲུབ་ སྟོབས་རྒྱལ་དང༌། ཆབ་མདོ་རྡོར་ཚེ་གཉིས་དབུ་བཞུགས་ཐོག་གློ་དམག་སྒར་དང༌། ཆུ་སྒང་གསར་པའི་ཕྱོགས་སུ་ལི་ཐང་རྒྱ་རྡོ་དབང་འདུས་དང༌། ལྡེ་ར་ལྡུན་དྭང་སློབ་འགོ་འཛིན་བྱམས་པ་སྐལ་ལྡན། ར་ཕྲུག་ངག་དབང༌། སྒ་པ་ཉི་བཟང༌། ཡོང་དགེ་པད་དཀར་ཕྲིན་ལས་ཅན་དང༌། ཆུ་སྒང་ཨ་མའི་ཕྱོགས་སུ་ས་འདུ་བློ་སྙན་གྲགས་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང༌། འབའ་པ་ཕྱག་མཛོད་བཀྲིས། གུང་ཐང་ཚུལ་ཁྲིམས། སྡེ་དགེ་སྤམ་ཁ་མགོན་པོ། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཅས་ལྡི་ལིར་ཉིན་གཉིས་རིང་ཚོགས་འདུ་གནང་སྟེ་མཐའ་ མིའི་ཐག་གཅོད་དུ། བོད་གཞུང་གི་སྐུ་ཚབ་དང་བཅས་ཕྱོགས་ཚང་མའི་སྐུ་ཚབ་མི་ངོ་ ༥ རེ་ལས་མི་ཉུང་བར། ལོ་དེའི་བོད་ཟླ་ ༥ ཚེས་ ༡༥ ཉིན་རྒྱ་བལ་ས་མཚམས་སྦིར་གྷན་ཛ་ཞེས་པར་རྒྱས་འཛོམས་ཐོག་འགྲིགས་འཇགས་བཟོ་ རྒྱུའི་ཐག་གཅོད་བྱས་ཀྱང༌། དེ་རྗེས་ལག་བསྟར་མ་ཐུབ་པར་རྩོད་རྙོག་ཇེ་སྡུག་ཏུ་སོང༌། གློ་དམག་སྒར་ནས་སྡེ་དགེ་བྲག་གཡབ་བཀྲིས་ཚེ་དབང་ཉེས་མེད་བཙོན་འཇུག་ཐོག་ལྕགས་ ཚན་གྲངས་མེད་བརྒྱབས་སྐབས་སྡེ་དགེ་བ་མང་པོ་འདུས་པས་གསོད་མ་ཤོར་ཙམ་བྱུང་ཡོད་ འདུག གཤོང་གཉེར་བསོད་རྣམས་དབང་རྒྱལ་བཙོན་འཇུག་བྱས་པ་དང་རྒྱལ་རྩེ་དྲུང་ཡིག་རྣམ་ རྒྱལ་དང༌། ཨ་མདོ་རྡོ་སྦིས། དགེ་རྒན་སྒྲོལ་མ་སྐྱབས་བཅས་བཙོན་འོག་ནས་རང་ཤི་བརྒྱབ། ཕྱི་ལོ་ ༡༩༧༠ ལོར་འབའ་པ་ཡེ་ཤེས་བདེ་སྲུང་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་རྡ་སར་བཀའ་ འགུག་གནང་བ་དང༌། ྋགོང་ས་མཆོག་ལ་གློ་དམག་སྒར་ནས་ལོ་སར་རྟེན་འབྲེལ་འབུལ་མི་དང་བཅས་སྙེ་ཤང་ བརྒྱ་ཤོག་གི་བརྒྱ་དཔོན་སྨར་ཁམས་དགའ་གཡང་དང་བཅས་ཏེ་བཞུགས་སྒར་དུ་མཉམ་བཅར་ བྱས། འོན་ཀྱང་ཐེངས་གཅིག་གློ་ཡུལ་དུ་བསྐྱོད་དེ་དམག་སྒར་གྱི་གནས་སྟངས་རྩིས་སྤྲོད་ ཞུས་ནས་ཕྱིར་བཅར་ཆོག་པའི་དགོངས་འཁྲོལ་ཞུས་པ་དང་ཕྱིར་ལོག་སྐབས་ལྡི་ལིར་རྒྱ་ གར་གསང་ལས་ནས་བཀག་འགོག་བྱས་ཀྱང༌། གཡོ་བསྐོར་གྱིས་རྡོར་གླིང་བརྒྱུད་གློ་ཡུལ་དུ་ཕྱིན་ཏེ་དངོས་ནོར་གང་མཚམས་ཁུར་ ཏེ་སྙཻ་ཤང་བརྒྱ་ཤོག་ཏུ་བྲོས་བྱོལ་དུ་སོང་སྟེ་བསྡད། ལྷ་མོ་ཚེ་རིང་ཡང་གློར་སྔ་རྗེས་སུ་ཕྱིན་པ་དང་དམག་སྒར་གྱི་དངུལ་དངོས་རྩིས་ རྒྱག་སྐོར་གླེང་སློང་དང་གོ་བསྡུར་བྱས་ཀྱང་དོན་དམ་འགྲིགས་ཐབས་མེད་པའི་གནས་ ཚུལ་ཆགས་ཟིན་སྟབས་ཇེ་སྡུག་ཏུ་སོང༌། ཕྱི་ལོ་ ༡༩༦༩ ལོའི་སྔ་རོལ་ནས་ཆོལ་གསུམ་གཅིག་སྒྲིལ་ཚོགས་པས་ཆུ་སྒང་གཙོ་འཛིན་ས་འདུ་བློ་ སྙན་གྲགས་དང༌། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། གྲའུ་དཔོན་རིན་ཆེན་ཚེ་རིང༌། འབའ་པ་ཕྱག་མཛོད་བཀྲིས་བཅས་ཁོང་རྣམ་པ་བཞི་ལ་ལོག་སྨོན་སྐབས་འཚོལ་པ་ཟེར་བ་ སོགས་ཀྱི་མིང་ངན་བཏགས་ཏེ་བསྟན་པའི་དགྲ་བོ་ཡིན་པའི་ལས་འགུལ་མུ་མཐུད་དེ་སྤེལ། ས་འདུ་བློ་སྙན་གྲགས་མདོ་སྟོད་སྤྱི་འཐུས་ཡིན་བཞིན་དུ་རྡ་རམ་ས་ལར་སྐུ་སྲུང་བ་ མི་གྲངས་ ༡༠ སྐོར་གཏན་ཉར་བྱ་དགོས་གྱུར། ད་འདྲའི་གནས་སྟངས་མདོ་ཁམས་ཆུ་སྒང་མིང་ཐོག་ནས་བོད་གཞུང་ལ་བདེ་སྡུག་རིམ་པར་ ཞུས་ཀྱང་རྩིས་མེད་བཏང་སྟེ་ཕན་ཐོག་བྱུང་མེད་འདུག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཆོག་པའི་ཞུ་བསྐུལ་སྔ་ རྗེས་ཞུས་ཀྱང་གོ་སྐབས་ཡེ་ནས་མ་ཐོབ་པ་དང༌། བརྒྱུད་རིམ་དེ་འདྲ་ཞིག་གི་འོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་ བླངས་དམག་གིས་བསྟན་དགྲ་རྒྱ་དམར་གུང་ཁྲན་ལ་འཐབ་རྒོལ་བྱས་པ་དང་བྱེད་འཆར་ལ་ གནོད་རྐྱེན་ཡོང་ལུགས་རྒྱུ་མཚན་གསལ་བཀོད་ཀྱི་བདེ་སྡུག་གནས་ཚུལ་འཁོད་པའི་དྲང་ བདེན་དེབ་དང་པོ་གསལ་བསྒྲགས་བྱས།
ཕྱི་ལོ་ ༡༩༦༩ ལོ་མཇུག་དེར་ས་འདུ་བློ་སྙན་གྲགས་སྤྱི་འཐུས་འཁྱུར་ནས་ཕྱིར་ལོག་སྐབས་གཅིག་ སྒྲིལ་ཚོགས་པས་རྒྱ་གར་གསང་ལས་འབྲེལ་ཡོད་སྡེ་ཚན་དང་སྐད་ཆ་བྱས་ཏེ་ལྡི་ལིའི་ མེ་འཁོར་བབས་ཚུགས་ནས་འཛིན་བཟུང་བྱ་རྒྱུར་རྒྱ་རི་ཉི་མ་ཅན་གྱིས་གསང་སྒུག་བྱས་ པར་ ས་འདུ་བློ་སྙན་གྱིས་མཐོང་སྟེ་མེ་འཁོར་བབས་ཚུགས་གོང་མར་དཀར་མཛེས་མདོ་གཉེར་ གསེར་དགའ་སོགས་ཀྱིས་ཕེབས་སྒུག་ཡོད་སར་གསང་བྲོས་ཀྱི་རྒྱ་གར་མགྲོན་ཁང་ཞིག་ཏུ་ གབ། དེ་ནས་རྒྱ་གར་ཁྲིམས་རྩོད་པ་ཆེན་མོ་ལི་ཀིས་ཟེར་བ་གླ་གླས་ཀྱིས་ཁྲིམས་བཏུགས་ བྱས་འོག་ནས་ཐར། དེ་འདྲའི་གནས་སྐབས་སུ་བོད་བསྟན་སྲིད་རང་དབང་གི་དོན་དུ་སྲོག་ལུས་ལོངས་སྤྱོད་ བློས་བཏང་བྱས་པའི་དཔའ་བོ་ཚོས་དམིགས་ཡུལ་ཇི་ཡོད་བློས་གཏོང་ཐུབ་ཐབས་མེད་པ་ དང༌། བསྟན་དགྲ་རྒྱ་དམར་ལ་འཐབ་རྒོལ་བྱ་རྒྱུར་མཚམས་འཇོག་ཐུབ་ཐབས་མེད་ནའང་གནས་སྐབས་ རིང་ཐབས་ཤེས་གཞན་ཞིག་བྱས་ན་ལས་མུ་འཐུད་གནས་ཐབས་ཡེ་ནས་མེད་པའི་བསམ་བློས་ཐག་ གཅོད་བགྱིས་ཤིང༌། གསང་བའི་ཐོག་ནས་སྡོད་ཁང་གླས་ཏེ་འུ་ཐུག་པའི་ཁམས་པའི་འགོ་ཁྲིད་རྣམས་རྒྱ་གར་ གྱི་རྒྱལ་ས་ལྡི་ལིར་བཞུགས་འདུག ཚོ་ཁག་ ༡༣ གྱི་ཕྱོགས་དང། གློ་དམག་སྒར་ནང་ཕྱོགས་གཉིས་ཆགས་པའིབྲག་ཐང་བརྒྱ་ཤོག་དང༌། སྙེ་ཤངས་བརྒྱ་ཤོག འབའ་པ་ཡེ་ཤེས་ཀྱི་ཕྱོགས། གཞན་ཡང་ཁམས་རིགས་མི་སྣ་སྤྱི་བྱིངས་བཅས་ལ་བདེན་དོན་ངོ་སྤྲོད་དང་འབྲེལ་གནད་ དོན་ངོ་མ་ཕྱི་ནང་གསང་གསུམ་གྱི་སྒོ་ནས་ངོ་འཕྲོད་ཐུབ་པའི་འབད་བརྩོན་བྱས་པར་ ཚང་མས་བདེན་པའི་བདེ་སྡུག་ལ་ནང་དོན་རྒྱབ་སྐྱོར་ཡོད་པ་གསལ་པོ་བྱུང་འདུག ཕྱི་ལོ་ ༡༩༧༠ ལོར་མདོ་ཁམས་ཆུ་སྒང་གི་དྲག་པོའི་ལས་ཐབས་རྣམས་མི་གཞན་གྱི་བེད་སྤྱོད་འོག་དཀའ་ སྡུག་ཇི་བྱུང་ཡོང་རྐྱེན་དང་འབྲེལ་བའི་གནས་ཚུལ་ཡིག་ཐོག་ཏུ་ཕབ་སྟེ། ར་ངག་གི་རང་མནོང་ངོས་ལེན་ཟེར་བའི་དེབ་གཉིས་པ་དེ་འགྲེམས་སྤེལ་ཐོག་མུ་མཐུད་ དྲང་བདེན་འགྲེལ་བཤད་ཅེས་པའི་དེབ་གསུམ་པ་དེའང་འགྲེམས་སྤེལ་བྱས་འདུག
གནས་ སྐབས་རིང་མདོ་ཁམས་ཆུ་སྒང་འགོ་ཁྲིད་རྣམས་ཆེ་སར་སྲོག་ལས་ཐར་ཐབས་དང༌། ཆུང་སར་བཙོན་འོག་ཏུ་གནས་མི་དགོས་པའི་ཐབས་ཤེས་མི་བྱ་ཀ་མེད་དུ་གྱུར། སྐབས་དེ་འདྲའི་ཡས་མས་སུ་རྒྱ་ནག་གུང་ཁྲན་རིང་ལུགས་དང༌། ཨོ་རུ་སུ་གུང་ཁྲན་རིང་ལུགས་དབར་རྒྱལ་ཁབ་ཕན་ཚུན་གྱི་ཁེ་ཕན་ལ་འགལ་ཟླ་ཆགས་ཀྱི་ ཡོད་སྟབས་ཆུ་སྒང་འགོ་ཁྲིད་རྣམས་འུ་ཐུག་པའི་མཆོང་རྒྱག་ཟེར་བའི་དཔེ་ལྟར་གསང་ བའི་ཐོག་ནས་ཨུ་རུ་སུའི་གཞུང་ཚབ་ཁང་ལ་གནས་སྐབས་སུ་སྐྱབས་འཚོལ་བའི་འབྲེལ་བ་ བྱས་ལན་དུ། གཞུང་ཚབ་ཁང་དུ་བཙན་འཛུལ་ཐུབ་ན་འགྲིགས་རྒྱུའི་བཀའ་ཐོན་ལུགས་ཟེར་བ་ལྟར། གལ་སྲིད་འུ་ཐུག་ཐབས་ཟད་དུ་གྱུར་ན་མི་གྲངས་ ༡༧ རུ་སུའི་གཞུང་ཚབ་ཁང་དུ་བཙན་འཛུལ་བྱ་རྒྱུའི་ཐག་གཅོད་ཞུས། ལོ་དེར་རྒྱ་གར་གཞུང་གིས་བྷང་གྷ་ལ་རྡེ་ཤིར་དམག་འཐབ་སྐབས་བོད་མིའི་དྭང་སློབ་ དམག་སྒར་ཨང་ ༢༢ པས་དཔའ་རྟགས་བླངས་ཡོད་པ་དང༌། འཛམ་གླིང་རྒྱལ་ཚོགས་སུ་རྒྱ་ནག་གཞུང་གི་ཞབས་སྟེགས་གོ་མིན་ཏང་སྲིད་གཞུང་ལ་ ཡོད་པས་ཕྱི་ལོ་ ༡༩༦༤ ལོར་གོ་མིན་ཏང་སྲིད་གཞུང་གི་སྐུ་ཚབ་ནས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ ཡོད་པར་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་ད་ཆ་གུང་ཁྲན་ཏང་གི་སྲིད་གཞུང་ལ་རྒྱལ་ཚོགས་ཀྱི་ཞབས་སྟེགས་ཤོར་བའི་ གནད་དོན་ཆུ་སྒང་དམིགས་ཡུལ་དང་ལས་དོན་ལ་འབྲེལ་བ་ཡོད་འདུག སྐབས་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཀྱི་ཚགས་པར་ཞིག་ཐོན་པར་ ཆུ་སྒང་མིང་ཐོག་ནས་ཚགས་ལན་ཚ་ནན་ཞིག་བཏང༌། དེ་རྗེས་ལྡི་ལིར་དོན་གཅོད་ཐུབ་བསྟན་ཉིན་བྱེད་བརྒྱུད་ནས་ང་ཚོའི་སྙན་ཞུའི་ གནས་བབས་རྩད་གཅོད་ཀྱིས་འབྲེལ་བ་ཞིག་བྱས་ཀྱང་ྋགོང་ས་མཆོག་ནི་བོད་ཀྱི་ལྷ་མི་ ཀུན་གྱི་ྋསྐྱབས་གནས་ཡིན་པ་ལས་མི་རེ་གཉིས་ལ་དག་པ་ཞིག་མིན་ལུགས་བརྗོད་རེས་ བྱས། དེའི་སྔོན་ནས་མཇལ་བཅར་ཆོག་པའི་སྙན་འབུལ་ཞུས་པའི་བཀའ་ལན་ཅི་ཡང་མ་ཐོབ་པར་ རྒྱུན་རིང་སོང་ཡང་ཉིན་ཞིག་ཁྱེད་ཚོ་མི་གྲངས་ ༡༨ ཙམ་མཇལ་བཅར་ཞུ་འཐུས་ཀྱི་བཀའ་འཁྲོལ་ཐོན་སོང་ཟེར་བའི་བཀའ་ཤག་གི་བཀོད་རྒྱ་ཞིག་ འབྱོར། དེའི་བཀའ་ལན་དུ་གུས་ཚོ་དཀའ་སྡུག་མྱང་བའི་མི་སྣ་རྣམས་ཀྱིས་ྋགོང་ས་མཆོག་མཇལ་ བཅར་ཞུ་རྒྱུར་གཅིག་ཚབ་གཅིག་གིས་ཐུབ་པ་མེད་སྟབས་ཐ་ན་མི་གྲངས་ ༦༢ ལས་མི་ཉུང་བ་ཞིག་མཇལ་བཅར་ཞུ་ཆོག་པ་ཞེས་སྙན་འབུལ་ཞུས། དེ་ལ་བཀའ་འཁྲོལ་མ་ཐོབ་ཀྱང་དེ་ནས་བཟུང་སྐྱབས་བཅོལ་གཉིས་པ་ཞིག་མི་ཆགས་པའི་ གཞི་རྩར་གྱུར།
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་གྱིས་ བོད་བསྟན་སྲིད་རང་དབང་གི་དོན་དུ་དྲག་པོ་དམག་གི་ལས་ཐབས་ལ་སྲས་རྒྱ་ལོ་དོན་ འགྲུབ་དང༌། དྲུང་ཡིག་ལྷ་ཚེ་གཉིས་འབྲེལ་བ་ཆེ་ཞིང་ཆོལ་གསུམ་གཅིག་སྒྲིལ་ཚོགས་པ་ཟེར་བ་དེ་ ཡང་ཁོང་རྣམ་གཉིས་དང་འབྲེལ་བ་དེ་ལས་ཆེ་བར་བརྟེན་གཅིག་སྒྲིལ་ཚོགས་པ་ཟེར་བ་དེ་ ནི། ཚང་མ་གཅིག་ཏུ་བསྒྲིལ་བའི་སྲིད་དོན་གྱི་ལས་གཞི་སྤེལ་མཁན་གྱི་ནུས་པ་དང་ལྡན་པ་ ཞིག་ཡིན་པའི་ལག་པ་རིང་པོ་དེ་བལ་ཡུལ་དང་གློ་དམག་སྒར་ཙམ་མ་ཟད། འབྲུག་ཡུལ་དུའང་སྔ་མོ་ནས་བརྐྱངས་ཏེ་བྱང་ཆུབ་སྦྱིན་པ་གློ་ཡུལ་ནས་ཕྱིར་འཁོར་ རྗེས་ཆབ་མདོ་བུ་ལགས་ཟེར་བ་དང༌། ཕྱག་མཛོད་ངག་དབང་བསྟན་པ་ཁོང་ཚོའི་གྲས་མང་པོ་ཞིག་འབྲུག་ཡུལ་ཏུ་བཏང་བའི་ལས་ རྙོག་གི་དྭོགས་གཞི་ཆགས་པའི་འགོ་ཚུགས། རྒྱ་གར་ནང་དུ་ཆུ་བཞི་སྒང་དྲུག་གསར་རྙིང་ཟེར་བ་དང༌། བལ་ཡུལ་དུ་གློ་དམག་སྒར་དང༌། འབའ་པ་རྒན་ཡེ་ཤེས་ཕྱོགས་ཟེར་བ། གཅིག་སྒྲིལ་ཚོགས་པ་དང༌། ཚོ་ཁག ༡༣ ཟེར་བ་སོགས་ཤོག་ཁག་མང་པོའི་རྩོད་རྙོག་མེ་འབར་བ་ལྟ་བུའི་བར་དུ་ཐེ་ཝན་སྲིད་ གཞུང་གི་ལས་དོན་དང་འབྲེལ་བའི་སྐོར་གྱི་རྙོག་ཕྲ། བོད་མི་སྤྱི་སྒེར་ཕན་ཚུན་དབར་རང་དཀར་པོ་དང༌། གཞན་ནག་པོ་ཡིན་པའི་སྐྱོན་བརྗོད་བྱ་རེས་ཀྱི་དུས་འདའ་བའི་གནས་སུ་གྱུར་པ་ཚང་མ་ མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་སྣ་དང་འབྲེལ་བ་ཆགས་པ་དང༌། ཆུ་སྒང་སྒྲིག་འཛུགས་ཀྱི་ངོ་བོ་དངོས་ནི། ཡར་བལྟས་གནམ་དང༌། མར་བལྟས་ས་ལས་གཞན་སུ་ཞིག་མེད་པའི་གྲོགས་མེད་གཅིག་པུའི་ངང་དུ་ལྷག དེ་འདྲའི་གནས་སྐབས་ཞིག་ནས་བར་འདུམ་བྱེད་མཁན་ཡིན་མདོག་གི་རྡོར་གླིང་ཁུལ་དུ་ དབུས་གཙང་ཚོགས་པ་ཟེར་བ་ཞིག་བཙུགས་པ་དང༌། མདོ་སྨད་གཅིག་སྒྲིལ་ཚོགས་པ་ཟེར་བ་ཞིག་ཀྱང་བཙུགས་པ་བཅས་ཚང་མས་རང་གི་ཁེ་ཕན་ རེ་འགྲུབ་རེ་བྱས་ཀྱང༌། དོན་དུ་མིའི་ལུང་པར་བོད་མི་བཙན་བྱོལ་བ་ཉུང་ཤས་ལས་མེད་པ་དེས་གཙག་གདན་རྡོ་ བྱས་ན། ཐུབ་ས་རྟེའུ་ལས་མེད་ཟེར་བ་ལྟར་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ གི་ནུས་པ་གཅིག་ཏུ་མི་གནས་པའི་ཆ་རྐྱེན་ཤུགས་ཀྱིས་སྒྲུབ་པ་དང༌། ཆུ་སྒང་སྒྲིག་འཛུགས་རྩ་གཏོར་གཏོང་ཐབས་དེ་རང་ཡིན་འདུག
ཕྱི་ལོ་ ༡༩༧༣ ལོར་བོད་གཞུང་གི་ལོ་འཁོར་ལས་བསྡོམས་ཐེངས་ ༥ པའི་ཚོགས་ཆེན་སྐབས་ཆུ་སྒང་ཚོགས་པར་ཞབས་སྟེགས་གཉིས་ཡོད་པ་ནས་གཅིག་ས་འདུ་བློ་ སྙན་གྲགས་དང༌། གཅིག་ཆ་ཕྲེང་བསྟན་འཛིན་ཚུལ་ཁྲིམས་ཀྱིས་བཟུང་སྟེ་གསར་རྙིང་ཞེས་པའི་རྩོད་ རྙོག་དང༌། གློ་དམག་སྒར་ལ་ཞབས་བཏེགས་གཉིས་ཡོད་པ་དར་དགོན་ཇ་མ་ངག་ཕྲུག་དང༌། ཆབ་མདོ་བློ་ཉི་གཉིས། གཅིག་སྒྲིལ་ཚོགས་པར་ཞབས་སྟེགས་གཉིས་ཡོད་པ་གཅིག་ཉག་རོང་རྒྱ་རི་ཉི་མས་ཟིན་ ཡོད་འདུག བལ་ཡུལ་ཆིག་ཚོགས་བཟོ་གྲྭའི་འཐུས་མི་ལི་ཐང་ཨ་ཐར་ཅན་གྱིས་རྙོག་གྲ་བཤད་པ་དང༌། དེ་ཚོའི་ཁ་གཏད་དུ་ཀུམ་ར་འོ་གཞིས་ཆགས་ཀྱི་འགོ་འཛིན་གྲའུ་དཔོན། གླིང་ཚང་གཞིས་ཆགས་ཀྱི་འགོ་འཛིན་སྲས་འཇིགས་མེད། སྡེ་དགེ་ཞིང་ལས་གཞིས་ཆགས་ཀྱི་འཐུས་མི་ཡིད་ལྷུང་བ་ཐུབ་དགའ། མན་པར་ཕན་བདེ་གླིང་གཞིས་ཆགས་ཀྱི་འཐུས་མི་ཆ་ཕྲེང་ངག་དབང་སོགས་ཀྱིས་ཤུགས་ ཆེའི་གདོང་བླངས་ཏེ་ཚོགས་འདུ་འཚོགས་ཐུབ་མིན་གྱི་རྙོག་གླེང་ཆེན་པོ་བྱུང༌། ཚོགས་འདུའི་ནང་ལབ་གླེང་འདྲ་མིན་ཆགས་པར་བརྟེན་གློ་བུར་དུ་ྋགོང་ས་ྋསྐྱབས་ མགོན་ཆེན་པོ་མཆོག་ནས་ཕྱོགས་ཕན་ཚུན་གཉིས་ཀྱི་མི་ ༥ རེ་ཕོ་བྲང་དུ་ངོ་བཅར་ཞུ་དགོས་པའི་བཀའ་ཁྱབ་ཕེབས་པ་དང༌། དེ་མ་ཐག་སྒྲིག་ཁུར་ཏེ་ཆུ་སྒང་གཙོ་འཛིན་དར་དགོན་ས་འདུ་བློ་སྙན་གྲགས་དང༌། གྲའུ་དཔོན་རིང་ཆེན་ཚེ་རིང༌། གླིང་ཚང་སྲས་འཇིག་མེད་ལགས། སྡེ་དགེ་ཡིད་ལྷུང་ཐུབ་དགའ། མན་པར་ཕན་བདེ་གླིང་ཆ་ཕྲེང་ངག་དབང་བཅས་མི་ ༥ དང༌། ཆུ་སྒང་གསར་པའི་ཕྱོགས་གློ་དམག་སྒར་ནས་དར་དགོན་ཇ་མ་ངག་ཕྲུག་དང༌། ཆབ་མདོ་བློ་ཉི། ཆ་ཕྲེང་བསྟན་འཛིན་ཚུལ་ཁྲིམས། ཆིག་ཚོགས་ཉག་རོང་རྒྱ་རི་ཉི་མ། ལི་ཐང་ཨ་ཐར་བཅས་ཕྱོགས་ཕན་ཚུན་གཉིས་དང༌། དེའི་ཐོག་བཀའ་ཤག་ལྷན་རྒྱས། མདོ་སྟོད་སྤྱི་འཐུས་སྡེ་དགེ་འཇུ་ཆེན་ཐུབ་བསྟན། འབའ་ལ་ཁ་སྤྲུལ་སྐུ། ནང་ཆེན་སྡོམ་པ་བུ་མོ་ཚེ་རིང་ཆོས་སྒྲོན། སྐུ་སྒེར་དྲུང་ཆེ་བཅས་ལྷན་དུ་མཇལ་བཅར་ཞུས། ྋགོང་ས་མཆོག་དབུར་བཞུགས་པའི་མདུན་དུ་ཕྱོགས་ཕན་ཚུན་གྱི་རྙོག་གཞི་ཐམས་ཅད་ ཁུངས་སོ་སོས་ཞུས་མཐར།ྋགོང་ས་མཆོག་གི་བཀའ་སློ་གནང་དོན། ཁྱེད་ཚོ་ཕྱོགས་ཕན་ཚུན་གྱི་ངོས་འཛིན་བྱེད་ཕྱོགས་མ་མཐུན་པ་ལས། རྩ་བའི་རྒྱ་ཕྱོགས་ལ་འཛིན་པའི་བསམ་ཚུལ་གཅིག་གྱུར་ཡིན་འདུག་སྟབས། སྐྱོན་གནད་ཆེ་བ་དེ་ཙམ་མེད་པ་རེད་འདུག དེར་བརྟེན་སླད་ཕྱིན་ཚང་མར་ངོས་འཛིན་གཅིག་གྱུར་ཡོང་ཆེད་སྤྱི་འཐུས་ནས་འགན་ བླངས་ཏེ་གོ་བསྡུར་ཚོགས་འཛོམས་ཀྱིས་འགྲིམས་འཇགས་ཡོང་བ་བྱ་དགོས། བསམ་ཚུལ་མ་མཐུན་པ་བྱུང་ན་ངའི་རྩར་ག་དུས་ཡོང་ན་ཤོག འགྲིགས་ཀྱི་རེད་ཅེས་སོགས་ཀྱི་བཀའ་ཁྱབ་གནང༌། དེ་ནས་བཟུང་ཕན་ཚུན་དོན་མེད་རྩོད་རྙོག་བྱ་རྒྱུ་རང་སར་རང་འཇགས་སོང་ནའང་ཚོགས་ འཛོམས་གོ་བསྡུར་བྱ་རྒྱུར་དུས་འགྱངས་སུ་གྱུར། དུས་སྐབས་དེ་འདྲའི་ཡས་མས་སུ་ལས་ཁུངས་ཨ་མ་ཡོད་ས་རྡ་རམ་ས་ལར་ལོ་མང་རིང་མདོ་ ཁམས་ཆུ་སྒང་ལོ་རེའི་དུས་དྲན་གྱི་ཉིན་མོར་བསང་གསོལ་མཆོད་ཆོག་གསུངས་མཁན་རྣམས་ དང༌། གདན་ཞུ་བ་ཆུ་སྒང་མི་སྣ་མི་གྲངས་ ༤ རེ་ཙམ་ལས་ཡོང་མཁན་མེད་པའི་གནས་སུ་ལོ་མང་རིང་གྱར་ཡང་བྱ་ཐབས་བྲལ་བ་དང༌། དེ་བཞིན་ཕྱི་ལོ་ ༡༩༧༤ ལོར་གློ་དམག་སྒར་ཡང་ཕྱིར་བསྡུ་བྱ་དགོས་སུ་གྱུར། དྲུང་ལྷ་མོ་ཚེ་རིང་དང༌། དར་དགོན་ཇ་མ་ངག་ཕྲུག ལི་ཐང་རག་ར་རྒྱལ་དར། ཆ་ཕྲེང་འགྱུར་མེད། སྡེ་དགེ་ཡིད་ལྷུང་པད་དགའ། ཤོར་ལྷོ་ཨ་ཤག་མ། བཀྲིས་མགོ་ཆེན་བཅས་འགོ་ཁྲིད་མི་ ༧ བལ་གཞུང་ནས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུགས་པ་དང་དར་དགོན་དཔལ་ཆེན་རང་ཤི་ བརྒྱབ། འགོ་ཁྲིད་ལི་ཐང་རྒྱ་རྡོ་དབང་འདུས་ཅན་མི་རྟ་གྲངས་ ༢༨ བལ་གཞུང་ལ་མགོ་སྒུར་མ་བྱས་པར་གློ་ཆུ་མིག་བརྒྱ་རྩ་བརྒྱུད་བོད་ཀྱི་རི་མཚམས་ བསྐོར་ཏེ་རྒྱ་གར་ཡུ་སྤིས་ས་མཚམས་ནས་ཚུར་འཛུལ་རྩིས་བྱས་ནས་ཡོང༌། རྒྱ་དམར་དམག་གིས་རྗེས་འདེད་བྱེད་བཞིན་པར་གདོང་ལེན་གྱིས་མཐར་བལ་ཡུལ་ས་མཚམས་ བརྒལ་ནས་ཚུར་ཡོང་སྐབས་བལ་གཞུང་དམག་གིས་སྒུག་ར་དང་ཐུག་སྟེ་འགོ་འཛིན་ལི་ཐང་ རྒྱ་རྡོ་དབང་འདུས་དང༌། དམག་མི་འདན་མ་བསོད་ནམས་འོད་ཟེར་ཅན་འཇབ་དམག་མི་ ༦ བསད། རྟ་དྲེལ་གོ་མཚོན་དངོས་ནོར་གང་ན་ཅི་ཡོད་དེ་གའི་བལ་དམག་ལ་ཤོར། འཕྲོས་ལུས་སྡེ་དགེ་དབུ་རྩ་བུ་གཅེས་དང༌། ཆ་ཕྲེང་ཟླ་བ། སྡེ་དགེ་དིལ་མགོ་ཚེ་དབང༌། ཉག་རོང་ཚེ་དབང་བསྟན་འཛིན་བཅས་མི་གྲངས་ ༢༢ གྱིས་རྩ་ཆེའི་སྐུ་བརྙན་ཆེ་ཆུང་ ༢༡ ཡོད་པ་སོགས་ཁུར་ནས་རྐང་ཐང་གིས་རི་རྩེ་མགྲིམས་ཏེ་རྒྱ་གར་ཡུས་པིས་ས་མཚམས་ བརྒྱུད་ལྡི་ལིར་འབྱོར། དེ་ནས་བཞུགས་སྒར་དུ་བཅར་ཏེ་ྋགོང་ས་མཆོག་མཇལ་བཅར་ཞུས་ཐོབ་ལྟར་གནས་ལུགས་ཞུས་ ཐོག་སྐུ་བརྙན་གྲངས་ ༢༡ ཡོད་པ་བསྟར་འབུལ་ཞུས། དེ་རྗེས་ཆ་ཕྲེང་ཟླ་བ་དང༌། ཉག་རོང་ཚེ་དབང་བསྟན་འཛིན་སོགས་མི་གྲངས་ ༢༠ ཐམ་པ་འབུམ་ལར་ཕྱིན་ཏེ་ཆུ་སྒང་མགྲོན་ཁང་དང༌། ཟ་ཁང༌། ཚོང་ཁང་ཁག་གི་ལས་ཀ་བྱས། འབའ་པ་རྒན་ཡེ་ཤེས་ཅན་དང༌། བྲག་ཐང་བརྒྱ་ཤོག སྙེ་ཤང་བརྒྱ་ཤོག་བཅས་ལོ་དེའི་སྔོན་ཙམ་ནས་བལ་གཞུང་ལ་མགོ་བཏགས་ཞུས་ཏེ་གོ་ མཚོན་ཐམས་ཅད་བལ་པོའི་གཞུང་ལ་ཕུལ་བ་དང༌། འབའ་པ་རྣམ་རྒྱལ་དང༌། སྒ་པ་ཆོས་གྲགས། སྨར་ཁམས་དགའ་གཡང་ཅན་གནད་ཡོད་མི་སྣ་མང་པོ་ཟུར་དུ་ཐོན། གློ་དམག་སྒར་གྱི་འགོ་དམག་བྱིངས་རྣམས་ཀྱིས་རྟ་དང་གོ་མཚོན་གཞན་ལག་ཏུ་བསྐྱུར། བདོག་ཁྲེལ་རྒྱབ་ཏུ་ཁུར། རྐང་ཐང་གིས་སྤོག་ཁ་ར་ཁུལ་ཡིད་ཏུ་བཟུང་སྟེ་བཤར། དྲག་པོ་དམག་གི་ལས་དོན་ནི་ཆུ་ཡི་སྦུ་བ་རླུང་གིས་དེད་པ་དང་འདྲ་བ་ཡལ། བལ་བོད་ས་མཚམས་ནས་རྒྱ་དམར་གུང་ཁྲན་ལ་ཕར་རྒོལ་དགྲ་འཐབ་ཐེངས་ ༩ བྱས་པའི་སྣང་བ་ནི་རྨི་ལམ་བཞིན་དུ་གྱུར། དགྲ་འོག་ཏུ་ཤི་བའི་ཁམས་པའི་ཕོ་རྒོད་རྣམས་ནི་དཔའ་བོའི་མཚན་སྙན་མཐོན་པོར་ གྲགས། སྲོག་དང་མ་བྲལ་བར་དབང་མེད་རྐང་ཐང་དུ་བདོག་ཁྲེས་ཁུར་ནས་བལ་དམག་དང་སྤོག་ཁ་ར་ ཁུལ་དུ་མཉམ་བསྐྱོད་བྱེད་མཁན་རྣམས་ཀྱི་མ་འོངས་པའི་མདུན་ལམ་ཇི་འགྱུར་མི་ཤེས་ པའི་ངལ་སྡུག་དག་ནི། རྒྱ་དམར་གུང་ཁྲན་གྱི་བྱེད་ལས་ལ་བྱུང་བ་ཡིན་སྟབས་ཁམས་པ་རྣམས་ཀྱི་སྒེར་སྡུག་ ཅིག་ཡིན་པ་གོར་མ་ཆག འོན་ཀྱང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཡིན་སྟབས་ཤི་གསོན་ཚང་མར་འགྱོད་པ་ཡེ་ ནས་མེད་པ་དང་སྔོན་ལས་ཟློག་མེད་ཅིག་ཡིན་པ་ངོས་འཛིན་བྱེད། དམག་མི་རྣམས་སྤོག་ར་ཁུལ་དུ་འབྱོར་རིམ་བཞིན་ཨ་རྣ་སྤུ་ནི་མགྲོན་ཁང་དང༌། སྔོན་ཡོད་བཟོ་གྲྭ་ཧི་ལི་ཀྲར་ས་གནས་སུ་བཟོ་ཞིང་མཉམ་འབྲེལ་དུ་གནས་རྒྱུའི་ འདུན་པ་བཟུང་དགོས་སུ་གྱུར། དམག་ས་ཤོར་བའི་ཡུལ་གྱར་དམག་མི་རྣམས་མཐའ་མར་ས་རྡོ་གཉིས་ཀྱི་ཨར་ལས་དང༌། བལ་སྤུ་འཁེལ་འཐག་གིས་ལག་པ་ཡར་བཟེད་བྱེད་མཁན་གྱི་ཉམས་ཆུང་ཐ་ཞན་འོག་རེ་བ་དང་ དམིགས་ཡུལ་སྟོང་ཟད་ཆགས་པའི་ཤི་སའི་ཡུལ་དེ་རང་དུ་གྱུར། བོད་མི་བལ་གཞུང་གི་མི་སེར་བྱས་པའི་བལ་གཞུང་གི་གསང་ལས་པ་ཆ་ཕྲེང་བློ་བཟང་ཚུལ་ ཁྲིམས་དང༌། ལི་ཐང་པ་སྤོག་ར་དབང་རྒྱལ་ཟེར་བ་གཉིས་ལ་དུས་ངན་དེ་འདྲའི་སྐབས་སུ་བལ་གཞུང་གི་ ཤུགས་རྐྱེན་གྱིས་དམག་སྒར་གྱི་རྟ་ནོར་དངུལ་དངོས་སྐུ་གསུང་ཐུགས་རྟེན་ལ་སོགས་ པའི་སྤྱི་རྒྱུ་ཚང་མ་གཙོ་བོ་ཁོང་གཉིས་ཀྱི་ལག་ཏུ་སླེབས། རིམ་བཞིན་ཁོང་གཉིས་སྤྲང་པོ་ཕྱུག་པོར་ཆགས། བཙན་བྱོལ་བོད་གཞུང་གི་ནང་སྲིད་བཀའ་བློན་དབང་འདུས་རྡོ་རྗེ་དང༌། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་ཨ་ལགས་འཇིགས་མེད་རྣམ་གཉིས་ཡུལ་གྱར་དམག་སྒར་ གྱི་ཕྱག་ལས་གནང་མུས་སུ་ཡོད་ནའང༌། བློ་བཟང་ཚུལ་ཁྲིམས་དང༌། སྤོག་ར་དབང་རྒྱལ་གཉིས་ཀྱི་ཤུགས་རྐྱེན་ལས་རྒྱ་གར་དུ་ཕྱིར་ཕེབས་བྱ་དགོས་གྱུར་ ནས་ལས་དོན་ཚང་མ་ཁོ་པ་གཉིས་ཀྱི་ལག་ཏུ་ཤོར། དེ་འདྲའི་སྐབས་སུ་ཨ་མདོ་སྐལ་བཟང་གི་ཤུགས་རྐྱེན་ལས་ཨ་མདོ་ཆོས་གྲགས་དང༌། རྒྱ་མཚོ་ཅན་ཨ་མདོ་ཤོག་ཁག་ཟུར་ཐོན་གྱིས་འཀྲིས་དཔལ་མཁྱིལ་གཞིས་ཆགས་ཀྱི་ཟུར་ དུ་གནས། གློ་དམག་སྒར་གྱི་ཐོབ་སྐལ་དགོས་སྐོར་གཞུང་སྒེར་གང་སར་ལབ་རྙོག་མུ་མཐུད་དེ་ ཆགས་ཀྱང་མཐར་མི་རྣམས་ཚེ་ཡི་དུས་ཟད་དེ་འཐོར། དེའི་སྐབས་སུ་གཅིག་སྒྲིལ་ཚོགས་པའི་མི་ངོ་སྨར་ཁམས་པ་ཕྱག་མཛོད་ངག་དབང་བསྟན་པ་ དང༌། ཆ་ཕྲེང་བསྟན་འཛིན་ཚུལ་ཁྲིམས། དཀར་ཁང་ཆོས་མཛད༌། བྱམས་པ་ཆོས་གྲགས་ཅན་འབྲུག་རྒྱལ་གྱི་ཟུར་མོ་དབྱངས་སྐྱིད་དང༌། ཀ་གཉིས་བུ་ཟེར་བར་འབྲེལ་བ་བྱས་ཏེ་འབྲུག་ཏུ་ཕྱིན། མུ་མཐུད་བོད་འབྲུག་དབར་རྙོག་གཞི་ཆེན་པོ་བཟོས་ཏེ་བོད་ཀྱི་སྤྱི་ཚོགས་བདེ་ འཇགས་མེད་པའི་གནོད་སྐྱོན་ཅི་ཆེ་ཆགས། ཕྱི་ལོ་ ༡༩༧༦ ལོར་སྤྱི་འཐུས་ཚོགས་གཙོ་འཇུ་ཆེན་ཐུབ་བསྟན་གྱིས་འཁུར་ལེན་གནང་སྟེ་དེ་སྔོན་ ྋགོང་ས་མཆོག་གིས་ཕྱི་ལོ་ ༡༩༧༣ ལོར་བཀའ་ཁྱབ་བརྩལ་བ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ཚོགས་འདུ་བསྡུ་ བསྐོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་ཕྱོགས་ཕན་ཚུན་འགྲིགས་འཇགས་ཀྱི་ཚོགས་ཆེན་ ཉིན་གསུམ་རིང་གངས་སྐྱིད་བཀའ་ཤག་ཚོགས་ཁང་ནང་དུ་འཚོགས་པ་དང་སྐབས་དེར་ྋགོང་ས་ མཆོག་གི་བཀའ་དགོངས་འགལ་མེད་ཀྱི་ཕྱོགས་ཕན་ཚུན་ཚང་མས་མདོ་ཁམས་ཆུ་སྒང་གི་རྒྱལ་ རབས་ལོ་རྒྱུས་ཀྱི་རྨང་གཞི་བརྩེགས། རྒྱ་དམར་གུང་ཁྲན་བོད་ནང་བཙན་འཛུལ་ཇི་བྱས་བློ་ངོར་བཅངས། རང་རེ་རྣམས་མི་ཡུལ་དུ་གྱར་དགོས་པའི་རྒྱུ་མཚན་ཅི་ལ་ཐུག ད་ཆ་རང་རེར་ཐོབ་ཤོར་རྩོད་རྒྱུ་གང་ཞིག་འདུག དགྲ་གཉེན་ངོས་འཛིན་མི་ཐུབ་པ་ཇི་ལྟར་ཡིན་པ་སོགས་ཕན་ཚུན་བགྲོ་གླེང་གོ་བསྡུར་ ཞིབ་ཏུ་བྱས་པའི་མཐའ་མར་སླད་ཕྱིན་ཁམས་པ་ནང་ཕན་ཚུན་མི་ཁོག་མི་འཛུལ་གྱི་དོན་ མེད་རྩོད་རྙོག་མི་འབྱུང་བ་བྱ་རྒྱུ་དང༌། དངུལ་དངོས་ཁེ་ཕན་གྱི་རྩོད་རྙོག་མི་འབྱུང་བ། མཐོ་དམའི་འཕྲག་དོགས་ཀྱིས་དབང་དུ་མི་འགྲོ་བ་བཅས་སེམས་འཛིན་དམ་ཟབ་ཀྱི་སྒོ་ནས་ མདོ་ཁམས་ཆུ་སྒང་ཚོགས་པ་ཁག་གཉིས་ཟེར་བ་གཅིག་གྱུར་གྱི་སྒོ་ནས་བསྟན་སྲུང་དྭངས་ བླངས་དམག་གི་བསྒྲུབ་བྱའི་ལས་དོན་གང་ཐུབ་ཅི་ཐུབ་ཀྱིས་ཐོག་མའི་དམིགས་ཡུལ་དང་ མི་འགལ་བ་བྱ་རྒྱུའི་གྲོས་ཆོད་བཞག དེ་ནས་བཟུང་ནང་ཕན་ཚུན་གྱི་རྩོད་རྙོག་མིང་མེད་དུ་གྱུར། ཡང་ཕྱི་ལོ་ ༡༩༧༤ ལོ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆོལ་ཁ་སོ་སོའི་སྤྱི་འཐུས་མ་དགོས་པར་ས་ གནས་ཀྱི་སྤྱི་འཐུས་བསྐོ་འདེམས་དགོས་ལུགས་བཤད་དེ་མི་ལོ་ ༨ སོང་བའི་རྗེས་ཕྱི་ལོ་ ༡༩༨༢ ལོར་རང་གཞུང་ནས་ཀྱང་དེ་དོན་འཐུས་རྒྱུར་བཀའ་ཁྱབ་གནང་བར་བརྟེན་དབུས་གཙང་ཆོལ་ ཁའི་འགོ་དམངས་ཡོངས་རྫོགས་དང༌། མདོ་སྨད་ཆོལ་ཁའི་འགོ་དམངས་བརྒྱ་ཆ་ ༨༠ ཙམ་གྱིས་ཆོལ་ཁ་སོ་སོའི་འཐུས་མི་མེད་པ་བྱ་རྒྱུར་རྒྱབ་སྐྱོར་དང་བརྒྱ་ཆ་ ༢༠ ཙམ་གྱིས་མོས་མཐུན་མེད་པའི་བསམ་ཚུལ་སྟོན། མདོ་སྟོད་ཆོལ་ཁའི་འགོ་དམངས་བརྒྱ་ཆ་ ༧༠ ཙམ་གྱིས་མོས་མཐུན་རྩ་བ་ནས་མ་གནང་བ་དང༌། བརྒྱ་ཆ་ ༣༠ ཙམ་གྱིས་ཆོལ་ཁ་སོ་སོའི་སྐུ་ཚབ་མེད་པ་བཟོ་རྒྱུར་རྒྱབ་སྐྱོར་བྱས། དེ་འདྲའི་རྐྱེན་གྱི་མདོ་སྟོད་ཆོལ་ཁ་འམ། ཆུ་སྒང་ཚོགས་པའི་མི་ཕལ་ཆེ་བ་རྙོག་གྲ་ཅན་གྱི་ཁོངས་སུ་ཚུད་ཀྱང་ཁས་ལེན་མ་བྱས་ པ་མཐའ་འབུད་བགྱིས་པར་ལོ་ ༣ སོང་རྗེས་རང་འཇགས་སུ་གནས་རྒྱུའི་ཐག་ཆོད་བྱུང་བ་ནི་བོད་རྒྱལ་ཁབ་གཅིག་གྱུར་ ཡོང་ཐབས་ཁོ་ནར་འབད་པ་ཡིན་འདུག ཡང་ཕྱི་ལོ་ ༡༩༨༢ ལོ་ནས་ཀོང་པོ་བ་འོད་ཟེར་དང༌། ཆུ་བཟང་སྤྲུལ་སྐུ་ཟེར་བ་གཉིས་ཀྱི་མིང་ཐོག་ནས་བོད་གཞུང་ཆེས་མཐོའི་རྒྱུན་ལས་ ལྷན་ཚོགས་ཐོག་མདོ་སྟོད་མི་ངན་ཁག་གཅིག་གིས་ཕུགས་འཆར་ཇི་ཡིན་མ་ངེས་པར་ཀོང་པོ་ མདོ་སྟོད་ཆོལ་ཁའི་ཁོངས་སུ་ཡིན་ཚུལ་ཤོད་ཀྱི་འདུག་ཅེས་མིང་རྟགས་མེད་པའི་སྙན་ ཞུ་ཞིག་ཕུལ་དོན་ལྟར་ཀོང་ཞིབ་ཚོགས་ཆུང་ཟེར་བ་བཙུགས་པས་མདོ་སྟོད་ཀྱི་སེར་སྐྱ་ ཚང་མ་འདུག་བཟོད་མི་བདེ་བ་བཟོས། སྤྱི་ཚོགས་ནང་དོན་མེད་ལས་རྙོག་དེ་འདྲའི་དབང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་ བསྟན་སྲུང་དང་བླངས་དམག་གི་ཚོགས་པ་ནི་ཕལ་ཆེར་བཙན་བྱོལ་བོད་མིའི་དགྲ་བོ་ལྟ་ བུ་རང་བཞིན་དུ་ངོས་འཛིན་གྱིས་རྡ་རམ་ས་ལར་ཀེ་ལ་ཤ་མགྲོན་ཁང་འཛིན་སྐྱོང་པ་དང༌། གཏན་འཇགས་རྒྱུན་ལས་གཅིག་གཅོག་མཐའ་མ་དེ་ལི་ཐང་པ་ར་ཕྲུག་ངག་དབང་རྡ་རམ་ས་ལར་ གནས་མི་ཐུབ་པ་བཟོས་པར་བརྟེན། ཕྱི་ལོ་ ༡༩༨༣ ལོར་གནས་མཆོག་རྡོར་གདན་དུ་དགེ་འདུན་འདུས་སྡེ་ཆེན་པོའི་སྨོན་ལམ་ཚོགས་ཆེན་དང་ འབྲེལ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་བརྟན་བཞུགས་ཐེངས་ གསུམ་པ་བསྟར་འབུལ་ཞུས་སྐབས་དང་བསྟུན། ཆུ་སྒང་འགོ་ཁྲིད་རྒྱས་འཛོམས་ཐོག་བཀའ་བསྡུར་གནང་དོན། རྡ་རམ་ས་ལར་ཡོད་པའི་ཆུ་སྒང་དབུས་རྒྱུན་ལས་ར་ཕྲུག་ངག་དབང་ཅན་ལ་རྡ་སའི་མི་མང་ དང་བདེ་དོན་བཅས་པས་སྡང་ཟུག་ཅི་ཆེའི་འོག་གནས་ཐབས་མེད་སྟབས་ཀེ་ལ་ཤ་མགྲོན་ཁང་ ཕྱིར་བཙོང་དང་སྦྲགས་ཆུ་སྒང་དབུས་རྒྱུན་ལས་ལྡི་ལིར་སྤོ་ཤུགས་བྱ་རྒྱུ་དང༌། སྒྲིག་འཛུགས་བཙུགས་ནས་མ་འོངས་མདུན་ལམ་སྲ་བརྟན་ཡོང་དམིགས་སུ་གཞི་རིམ་སློབ་ གྲྭ་ཞིག་གསར་རྒྱག་ཐུབ་པ་བྱ་རྒྱུའི་ཐག་གཅོད་གྲོས་མཉམ་བྱུང༌། སྐབས་དེ་དུས་ས་འདུ་བློ་སྙན་གྲགས་ཀྱང་ཡོད་འདུག དེ་ནས་ལྡི་ལི་མ་ཇུན་ཀྲི་ལར་ས་ཁང་ཐབས་འཚོལ་གྱི་ལས་འགོ་བཙུགས་པ་དང་རྡ་སར་ཡོད་ པའི་ཀེ་ལ་ཤ་མགྲོན་ཁང་དེ་སྡེ་དགེ་འཆི་མེད་རྡོ་རྗེ་ལ་ནང་ཤུགས་བྱས་ཏེ་ཆུ་སྒང་ དབུས་རྒྱུན་ལས་ལྡི་ལིར་སྤོས། ཡང་ཨ་མདོ་ཆོས་ལྡན་དང༌། སྐལ་ལྡན། ཤ་འོ་ཟེར་བ་སོགས་ཨ་མདོ་བ་རྣམས་མདོ་ཁམས་ཆུ་སྒང་སྒྲིག་འཛུགས་ཀྱི་ཁོངས་ནས་ཟུར་ ཐོན་བྱེད་རྒྱུའི་ལས་འགུལ་བརྩམས་ཏེ་མདོ་སྨད་ཚོགས་ཆེན་ཟེར་བ་སྔ་རྗེས་སུ་ཚུགས། ཕྱི་ལོ་ ༡༩༧༨ ལོ་གུང་ཐང་ཚུལ་ཁྲིམས་རྐྱེན་འདས་སུ་གྱུར་པའི་རྙོག་ཁྲ་ཡང་ཅི་ཆེར་གྱུར། རྡ་སར་ཡོད་པའི་ཨ་མདོ་བ་རྣམས་ཆུ་སྒང་སྒྲིག་འཛུགས་ཁོང་ནས་ཟུར་ཐོན་བྱས་ན་འགོག་ ཐབས་མེད་པ་དང༌། རྒྱུ་དངོས་སོགས་ཀྱི་རྩོད་གཞི་གང་ཡང་མེད་པ་ཤེས་གསལ་ཡིན། འོན་ཀྱང་དེ་སྔ་འབུམ་སྡེ་ལར་ཚོང་དངུལ་ཧིན་སྒོར་འབུམ་ ༦ དངུལ་ཁང་དུ་ཡོད་འདུག་པ་དེ་དག་གི་སུམ་ཆ་གཅིག་སྟེ་ཧིན་སྒོར་འབུམ་གཉིས་ཕྱི་ལོ་ ༡༩༩༡ ལོར་ཨ་མདོ་མགོན་པོའི་བརྒྱུད་ནས་ཆ་བགོས་བྱས་ཏེ་རྩོད་རྙོག་རིགས་མི་འབྱུང་བའི་ ཐབས་ཤེས་གཙོ་འདོན་བྱས། དེའི་སྐབས་ཀྱི་ཆུ་སྒང་རྒྱུན་ལས་ཀྱི་གཙོ་འཛིན་ནི་ཆ་ཕྲེང་ངག་དབང་ཡིན་པ་དང་ རྒྱུན་ལས་ཀྱི་ལོ་ཚད་གཏན་འབེབས་རིགས་མེད་འདུག ཀེ་ལ་ཤ་མགྲོན་ཁང་ནང་ཤུགས་བྱས་རིན་རྩ་བ་བྱས་ཏེ་མ་ཇུན་ཀྲི་ལའི་ཁང་ལན་ ༣༩ ཟེར་བའི་ས་ཆ་ཉོས་ཏེ་ཁང་པ་གསར་རྒྱག་བྱས། དེ་རྗེས་ལི་ཐང་ཨ་ཐར་སོགས་ཀྱིས་བལ་ཡུལ་ནས་ཐབས་འཚོལ་བྱུང་བའི་དངུལ་འབབ་ཀོང་ པོ་ཨ་དར་ཐུབ་བསྟན་ལ་རྩིས་སྤྲད་པ་དང་ས་ཆ་ཉོ་རྒྱུའི་འགན་བླངས་ཏེ་ཁང་ལན་ ༤༢ ཟེར་བ་དེ་སྤུས་ཉོས་ཀྱིས་ཁང་པ་གསར་རྒྱག་བྱས་པ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ རྟེན་གཞི་བཙུགས།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་ཡུལ་དང་སྒྲུབ་བྱ་གང་ལའང་འགྱུར་བ་ཕྱིན་ མེད་ནའང་དུས་འགྱུར་གནས་བབས་དབང་གིས་ཕྱི་ལོ་ ༡༩༧༤ ལོ་ནས་གློ་དམག་སྒར་གྱི་སྒྲིག་འཛུགས་ཕྱིར་བསྡུ་བྱ་དགོས་བྱུང་བའི་རྗེས་སུ་ཛ་ དྲག་གནས་བབས་ཀྱག་ཀྱོག་མང་པོའི་བརྒྱུད་རིམ་འོག་ནས་སྒྲིག་འཛུགས་འདི་བརྟན་པོར་ གནས་ཐབས་སུ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་མདོ་ཁམས་ཆུ་སྒང་བདེ་དོན་ ཚོགས་པ་ཁྲིམས་མཐུན་དེབ་བསྐྱེལ་བྱས་ཤིང། རིམ་པས་རྒྱལ་ཡོངས་དེབ་བསྐྱེལ་དུ་བསྒྱུར་བ་བཅས་ཆུ་བཞི་སྒང་དྲུག་གི་ཞི་དྲག་ ཐབས་བྱུས་འདྲ་མིན་དང༌། བཙན་བྱོལ་གཞུང་གི་ལྟ་གྲུབ་དང༌། གནས་ཡུལ་གཞུང་གིས་བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས་ལ་དགོངས་པ་བཞེས་ཕྱོགས་གང་ ལ་བལྟས་ཀྱང་གནས་སྐབས་རིང་དྲག་པོ་དམག་གི་ལས་ཐབས་བཟུང་བའི་གོ་སྐབས་ཐོབ་རེ་ མེད་པ་མཐོང༌། འོན་ཀྱང་བོད་བསྟན་སྲིད་རང་དབང་གི་རྩ་དོན་སྒྲུབ་བྱའི་དམིགས་ཡུལ་མི་བརླགས་ པའི་སྒོ་ནས་ཕྱི་ལོ་ ༡༩༩༢ ལོར་མདོ་ཁམས་ཆུ་སྒང་བདེ་དོན་ཚོགས་པ་ཞེས་པ་དེ་ཁྲིམས་མཐུན་དེབ་བསྐྱེལ་བྱས། དེབ་བསྐྱེལ་བྱ་ཡུལ་དེ་ཡང་རྒྱ་གར་རྒྱལ་ཡོངས་དེབ་བསྐྱེལ་ཚོགས་པ་ཡིན། རྒྱལ་ཡོངས་ཀྱི་ཚོགས་པ་དེབ་བསྐྱེལ་བཟོ་བར་བྱེད་པ་ལ། རྒྱ་གར་གྱི་ས་གནས་མི་འདྲ་ཁག་བཅུ་ལ་དེབ་བསྐྱེལ་ཡོད་དགོས་པ་ནས་ལྡི་ལི་ས་གནས་ དང༌། དོན་གླིང་ས་གནས། གླིང་ཚང་གཞིས་ཆགས་ས་གནས། ཀུམ་རའོ་ས་གནས༌། ཌལ་ཧོར་ས་གནས། སྦིར་སྡེ་དགེ་ཞིང་ལས་ས་གནས། སྦིར་ནང་ཆེན་ཇ་ལས་ས་གནས། བཀྲིས་ལྗོངས་ས་གནས༌། སོ་ལན་བོན་གཞིས་ས་གནས། ཤེ་ལོང་ས་གནས་བཅས་ལ་ཆ་འཛིན་བྱས་ཡོད་འདུག དེ་ནས་བཟུང་མདོ་ཁམས་ཆུ་སྒང་སྒྲིག་འཛུགས་ཀྱི་ངོ་བོ་འགྱུར་བ་ཕྱིན་ཡོད་ནའང༌། དམིགས་ཡུལ་རྩ་དོན་སྒྲུབ་བྱར་འགྱུར་བ་འགྲོ་ཐབས་ཡེ་ནས་མེད་པའི་སྒོ་ནས་རྔ་ བརྡུང་ལ་བལྟ་བཞིན་འཆམས་འགྲོས་རྒྱག་དགོས་པ་ལྟར་ཚོགས་པའི་འགྲོ་སྟངས་དང་བསྟུན་ ཏེ་ས་གནས་སོ་སོར་ཆུ་སྒང་ཚོགས་པའི་རྒྱུན་ལས་གསར་འཛུགས་ཞུས་ཏེ་ད་ཆ་འཛམ་གླིང་ ནང་ས་ཁུལ་ཁག ༣༨ ཙམ་ལ་ཁྱབ་བཞིན་ཡོད། རྡ་སར་མདོ་སྟོད་བལྟ་རྟོགས་པ་ཟེར་བ་ཞིག་ཡོད་པ་དེའང་ས་གནས་རྒྱུན་ལས་སུ་ བསྒྱུར་བ་དང་ཆབས་ཅིག་ཏུ་ལོ་དེར་ཆུ་སྒང་ཚོགས་ཆེན་ཞིག་ཀྱང་འཚོགས། སྐབས་དེར་ཚོགས་ཆུང་ཟུར་བཙུགས་ཀྱིས་ཆུ་སྒང་དེབ་བསྐྱེལ་ཁྲིམས་ལུགས་ལྟར་གྱི་ ཚོགས་པའི་སྒྲིག་གཞི་ཟིན་བྲིས་གསར་འགོད་བགྱིས་ཏེ་གཏན་འབེབ་བྱ་རྒྱུ་བསྡད། ཆ་ཕྲེང་ངག་དབང་འདས་གྲོངས་གྱུར་པའི་རྗེས་ལི་ཐང་ཨ་ཐར་ནོར་བུ་ཆུ་སྒང་རྒྱུན་ལས་ ཚོགས་གཙོ་བསྐོ་བཞག་ཞུས་པ་དང༌། དེ་བཞིན་ཚོགས་གཞོན། དྲུང་ཆེ། ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་སོགས་ལས་གནས་བསྐོ་བཞག་བྱས་པར་མི་རྣམས་ ཀྱིས་ཆུ་སྒང་གི་སྲིད་གཞུང་གསར་པ་ཞིག་འཛུགས་ཀྱི་འདུག་ཅེས་དོགས་འདྲོགས་འུར་ བསྒྲགས་ཆེན་པོ་བྱས། ཡང་ཕྱི་ལོ་ ༡༩༩༣ ལོར་ཕྱེད་འོས་བསྡུ་བྱས་པའི་བཀའ་ཤག་གསར་པས་གློ་བུར་དུ་ཨ་ཐར་ནོར་བུ་ཁྱེད་རང་ གིས་ྋགོང་ས་མཆོག་གི་སྐུ་ཕྱར་བདོ་བའི་བྱ་སྤྱོད་སྤེལ་གྱི་ཡོད་སྐད་འདུག་པར། རྒྱུ་མཚན་ཇི་ཡོད་གསལ་ཞུ་བྱ་མིར་ཆེད་བཅར་དགོས་པའི་བཀའ་ཁྱབ་བློ་ཡུལ་ལས་འདས་པ་ ཞིག་སླེབས། བཀའ་ཤག་གི་བཀའ་དགོངས་ལྟར་ཨ་ཐར་འཕྲལ་དུ་ངོ་བཅར་ཞུས་པར་བདེ་སྲུང་བཀའ་བློན་ རྒྱ་ལོ་དོན་འགྲུབ་མཆོག་གིས་ཨ་ཐར་ལ་ཁྱོད་རང་གི་ྋགོང་ས་མཆོག་གི་སྐུ་ཕྱ་ལ་བདོ་ བའི་ལས་ཀ་བྱེད་ཀྱི་འདུག་ཅེས་རྒྱ་གར་གཞུང་ནས་རྩད་གཅོད་གནང་གི་འདུག་པར༌། ཇི་ལྟར་ཡིན་ནམ་ཞེས་བཀའ་གནང༌། དེའི་ལན་དུ། ང་ལི་ཐང་ཨ་ཐར་གྱིས་གང་ཞིག་བྱས་པ་དང༌། གང་ཞིག་བྱེད་ཀྱི་ཡོད་མེད་རྒྱ་ལོ་དོན་འགྲུབ་ཁྱེད་ཉིད་ཀྱིས་མཁྱེན་གྱི་རེད་ ཅེས་པ་ལས་ཅི་ཡང་མ་ཞུས། ཕྱི་ཉིན་བཀའ་ཤག་ལ་བཅར་དགོས་གསུངས་པ་ལྟར་ངོ་བཅར་ཞུས་ཏེ། བཀའ་ཤག་ལའང་ང་ལི་ཐང་ཨ་ཐར་གྱིས་ཇི་ལྟར་བྱེད་ཀྱི་ཡོད་མེད་བཀའ་བློན་རྒྱ་ལོ་ དོན་འགྲུབ་ཀྱི་མཁྱེན་གྱི་རེད་ཅེས་ཞུས་ནས་ཕྱིར་ལོག་པ་ལས་ཉེས་འཛུགས་བྱ་ཡུལ་ ཅི་ཡང་མ་བརྙེད། དེ་རྗེས་རྒྱ་གར་གྱི་མངའ་སྡེ་མ་རྡ་ར་སི་ཞེས་པའི་ཁོངས་སུ། ཏྲེ་ནིས་ཏྲེ་ཀར་ཟེར་བའི་དྲག་སྤྱོད་པ་རྒྱ་གར་གྱི་སྲིད་བློན་ར་ཇི་གྷན་དྷེ་ མཆོག་བཀྲོངས་མཁན་གྱི་ཚོགས་པ་དེ་དང་ལི་ཐང་ཨ་ཐར་དབར་འབྲེལ་བ་ཡོད་པའི་གནས་ཚུལ་ བཀའ་ཤག་གསར་པའི་བཀའ་བློན་ཁྲི་པ་བསྟན་འཛིན་རྣམ་རྒྱལ་མཚན་ཐོག་ནས་གསལ་བསྒྲགས་ གནང༌། དེ་འདྲའི་ཉེན་ཚབ་ཆེ་བའི་གནད་དོན་སྐོར་ཁུངས་བསྐྱེལ་དགོས་པའི་སྐོར་བཀའ་ཤག་ གསར་པར་མུ་མཐུད་དེ་སྙན་ཞུ་ཕུལ་བས་མཚོན་གཞུང་དམངས་ཡོངས་སུ་རྙོག་གྲ་ཆེན་པོར་ གྱུར༌།

















