དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།92
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།92
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3206
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118073

Online (20 minutes ago): 7
Your IP: 38.107.179.238
,
Today: May 20, 2012

ལྡི་ལི་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་རྣམས་ཀྱི་ལོ་རྒྱུས་གཤམ་གསལ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ངག་དབང་དོན་ལྡན། ཚོགས་གཙོ།

ངག་དབང་དོན་ལྡན་ནི་ཁམས་བྲག་གཡབ་འདག་ཐུ་གྲོང་མོ་ཆེའི་འདག་ཐུ་ཚང་དུ་ཕྱི་ལོ་ ༡༩༦༨ ཟླ་ ༧ ཚེས་ ༥ ཉིན་ཕ་ཁྱི་ལོད་བཀྲ་ཤིས་ཀྱི་བུ་རུ་སྐྱེས། ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༢༨ ཉིན་སྦིར་གསར་འབྱོར་སློབ་གྲྭར་འཛུལ་ཞུགས་བྱས། འོན་ཀྱང་ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་ཉིན་དེར། ཕྲན་གྱི་མི་ཚེའི་ནང་བརྙེད་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དེ་ཤོར་ཡོད་པ་རེད། རྒྱུ་མཚན་ནི། གཙོ་བོ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལྟ་བ་ལང་ཕྱོགས་དང་ཁམས་པའི་ལ་རྒྱ་ལ་ཐུག་ཡོད་པ་གསལ་པོ་ཡིན། འདིའི་སྐོར་བྱུང་རིམ་གྱི་ལོ་རྒྱུས་ཤོག་ལྷེ་མང་པོ་ཕྲན་ལ་ཡོད། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢༨ ཉིན་ལྡི་ལིའི་ཆུ་བཞི་སྒང་དྲུག་གི་རིག་གཞུང་ཟློས་གར་ཚོགས་པ་གསར་འཛུགས་གནང་བཞིན་འདུག་པས། ཕྲན་རང་ཉིད་ཀྱིས་ཟློས་གཉེར་གྱི་ལས་ཁུར་ཞུས་ཏེ་ཟློས་གར་གསར་འཛུགས་ཀྱི་ལས་འགན་ཆ་ཚང་ཞུས་པ་ཡིན། སྐབས་མཚམས་ཆུ་སྒང་དབུས་ཀྱི་ཕྱག་ལས་ཛ་དྲག་སྐབས་ཉིན་མཚན་མགོ་སྦྲེལ་གྱིས་ཕུ་གཏོང་མདའ་མངག་གང་བྱས་ཀྱང་ཅི་གསུངས་བཀའ་སྒྲུབ་ཀྱི་རང་ནུས་གང་ཡོད་ལྷག་བསམ་ལྷད་མེད་ཐོག་ལས་དོན་བསྒྲུབས་ཡོད། སྐབས་དེར་ཟློས་གར་སློབ་གཉེར་བ་དང་སྐུ་སྲུང་བ་སོགས་ཕོ་མོ་མི་གྲངས་ལྔ་བཅུ་ང་བཞི་ཙམ་ཡོད་ཀྱང༌། ཐེ་ཝེན་དང་ཆུ་སྒང་གི་འབྲེལ་རྙོག་གིས་ཉིན་རེར་མི་གྲངས་གསུམ་བཞི་ཙམ་ཆུ་སྒང་གསར་པ་ཞེས་པའི་ཁོངས་སུ་ཐོན་ཕྱིན་པ་རེད། མཐར་ཕྲན་གཙོས་མི་གྲངས་བཅུ་གཉིས་ཙམ་ལས་བསྡད་མེད་པ་རེད།

སྐབས་དེར་ཐེ་ཝེན་དང་ཆུ་སྒང་འབྲེལ་རྙོག་གིས་ཆུ་སྒང་གསར་རྙིང་བར་ཁམས་རིགས་ནང་ཁུལ་འཁྲུག་འཛིངས་མང་པོ་ཤོར་ཡོད་རེད། ཡིན་ནའང་ཕྲན་ནས་ཐུབ་སར་ཉེས་བརྡུང་བཏང་བ་དངམི་ཐུབ་སར་ཕྱིར་བྲོས་བརྒྱབ་པ་སོགས། ཕྱི་ནང་གཉིས་ལའང་མི་དགོས་པའི་གནས་ཚུལ་གང་ཡང་ལྷག་མྱངས་མེད། ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༢ ཉིན་ཆུ་སྒང་དབུས་རྒྱུན་ཚང་འཛོམས་ཀྱིས་སྤྱི་མོས་གྲོས་མཐུན་བྱུང་དོན། དེང་སང་ཐེ་ཝེན་དང་ཆུ་སྒང་གི་འབྲེལ་རྙོག་ལ་བརྟེན་ཆུ་སྒང་གི་གནས་སྟངས་ཐབས་སྡུག་ཉག་ཕྲའི་ཟང་ཟིང་གི་སྐབས་འདིར། ཀ་ལ་མེན་ཌུ་ལ་ཆུ་སྒང་རྒས་གསོ་ཁང་གསར་བརྒྱབ་ཟིན་ཡོད་པ་རེད། ཡིན་ནའང་རྡ་ས་ནས་ཆུ་སྒང་གསར་པ་ཟེར་བའི་ཚོགས་གཙོ་རྒན་མགོ་སེར་སོགས་ཀྱིས་ཆུ་སྒང་རྒན་གསོ་ཁང་བརྩིས་ལེན་ཆར་གྱིས་རྒན་གསོ་ཁང་དུ་བལྟ་སྐོར་དུ་སླེབས། དེ་དོན་རྒན་གསོ་གྲ་སྒྲིག་འགན་ཁུར་གྱི་ལས་དོན་ཆེད་ང་ཚོའི་ཆུ་སྒང་ནས་མི་བརྟན་པོ་གོ་ཆོད་ཞིག་གཏོང་དགོས་ངེས་ལ་སོང༌། ཕྲན་ལ་ཆུ་སྒང་རྒན་གསོ་ཁང་འགན་ཁུར་དུ་གང་མྱུར་དུ་འགྲོ་དགོས་པའི་བཀའ་ཕེབས་ཏེ། ཆུ་སྒང་ཚོགས་གཙོ་ཨ་ཐར་ལགས་ཀྱིས་རྒན་གསོའི་གཏོང་གྲོན་ཆེད་ཧིན་སྒོར་ལྔ་སྟོང་ཐམས་པ་ཕྲན་གྱི་ལག་ཏུ་བཞག་གནང་སོང༌། ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༩ ཉིན་གྱི་ཞོགས་པ་ཟློས་གཉེར་རྩིས་སྤྲད་བྱས་པ་དང༌། དགོང་མོ་ཕྲན་ལྡི་ལི་ནས་ཐོན་ཏེ། ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༡༠ ཉིན་གྱི་ཞོགས་པ་ནས་བཟུང་རྒན་གསོ་ཆུ་ཀློག་དང༌། ཉལ་ཁྲི། ཉལ་ཆས། རླུང་འཁོར། སྒྲོག་ཙེ། རྐུབ་སྟེགས། ཐབས་སྣོད་ཆས་དང་བཅས་པ་རིམ་པར་གོ་སྒྲིག་ཆ་ཚང་ཞུས་པ་ཡིན། གོ་སྒྲིག་དུས་ཚོད་གཅིག་གི་ནང་མ་ཞུས་པར་རིམ་པས་ཞུ་དགོས་བྱུང་བའི་རྒྱུ་མཚན་ནི་ཆུ་སྒང་དབུས་ནས་ཕྲན་ལ་རྒན་གསོ་གཏོང་གྲོན་དང་གྲ་སྒྲིག་གང་བྱས་རུང་ཕྱག་དངུལ་སྒོར་ལྔ་སྟོང་ནས་ཆིག་ཁྲི་བར་ལས་གནང་གི་མེད་པའི་རྒྱུ་མཚན་གྱིས་ཡིན། དེ་བཞིན་ཀལ་མེན་ཆུ་སྒང་ས་ཆ་སྐོར་བདག་སྐྱོང་རྒྱུན་ནར་བྱས་ཡོད། ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༣ ཉིན་ཀ་ལ་མེན་ཌོན་གཞིས་ཁོངས་སློབ་གྲྭའི་རྩེ་ཐང་རྒྱ་བསྐྱེད་གཏོང་ཆེད་ཆུ་སྒང་གི་ས་ཆ་ནས་ས་ཆ་རིང་ཚད་ཕི་ཊི་ ༣༡༠ དང་ས་ཆ་རྒྱ་ཁྱོན་གོང་ནས་ཕི་ཊི་བཅུ་བདུན་དང་གཤམ་ནས་ཕི་ཊི་བཅུ་ཐམས་པ་གསུང་གླེང་གང་ཡང་མེད་པར་སློབ་གྲྭའི་རྩེ་ཐང་ཆེད་ལྕགས་རི་སྐོར་གྲབས་བྱེད་ཡོང་གི་འདུག ཕྲན་ལམ་སང་ཕྱིན་ནས་དེ་ལྟར་བྱས་ན་མཐའ་གཅིག་ཏུ་འགྲིག་ཐབས་མེད་ལུགས་གཞིས་སྒར་དབུ་ལས་རྣམས་ལ་ཞུས་ནས་བཀག་འགོག་བྱས་རྐྱེན་ཡར་ཞུ་མ་གནང་གི་མཐར་གཞིས་སྒར་གསར་པའི་རྒྱབ་ཀྱི་ས་ཆ་ས་ཚབ་ཏུ་ས་ཁྱོན་གོང་མཚུངས་ས་ཆ་ཕི་ཊི་ ༣༡༠ ས་ཆ་རྒྱ་ཁྱོན་གཤམ་ནས་ཕི་ཊི་ ༧༥ དང་ཐོད་ནས་ས་ཆ་ཕི་ཊི་ ༦༥ ས་ཚབ་ཏུ་ཚུར་ལེན་ཐུབ་པ་བྱུང༌། ས་ཆ་དེའི་ཆེད་དུ་ཐོད་ནས་ལྕགས་རི་སྐོར་བ་དང་ཤིང་ནགས་ཕྱོགས་སུ་ལྕགས་ཕུར་བཙུགས་ནས་ས་རྟགས་བརྒྱབ་པ་སོགས་དཀའ་ལས་ཆེན་པོ་བརྒྱབ་པ་ཡིན། ས་ཆ་དེ་བཞིན་དེང་སང་ཚོང་བསྒྱུར་བྱས་པ་ཡིན་ན་ཧིན་སྒོར་ས་ཡ་བཅུ་ནས་བཅོ་ལྔ་བར་གྱི་ས་ཆ་ཞིག་ཆགས་སྡད་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༨ ཉིན་གྱི་མཚན་མོར་ཆར་དྲག་ཤུགས་ཆེར་བབ་པས་ཆུ་སྒང་གི་ས་ཆའི་ལྕགས་རི་རྙིང་པ་ཕྱོགས་གཅིག་ནས་གཏོར་བཤིག་སོང་འདུག ཕྲན་ནས་ལྕགས་རི་གསར་རྒྱག་གི་ལས་འཆར་འགོ་འཛུགས་ཞུས་ཀྱང་རྒྱ་གར་ཡུལ་མི་རྒན་གཞོན་མང་པོ་ཡོང་ནས་ས་ཆ་སྟོང་པ་ལ་ལྕགས་རི་བརྒྱག་དགོས་བྱུང་ཚེ་ས་ཆ་དབུས་ནས་ཐད་ཀར་མོ་ཊ་ཆེ་བ་ཐར་བའི་ལམ་ཆེན་ཞིག་འཇོག་དགོས་ཡོད་ལུགས་ཀྱི་གླེང་རྙོག་བྱུང་སྟེ་ཉིན་ཤས་ལས་མཚམས་འཇོག་དགོས་བྱུང་སོང༌། དེ་རྗེས་ཕྲན་ནས་ས་གནས་སྐོར་སྲུང་བ་ལ་ཞུ་བཏུག་གིས་མཐར་ས་ཆའི་ལྕགས་རི་བརྒྱབ་ཐུབ་པ་བྱུང་ཡོད། ཆུ་སྒང་རྒན་གསོ་ནང་ཡོད་ཕྱི་ལོ་ ༡༩༥༨ ལོར་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ནང་ཞུགས་ཏེ་རྒྱ་མིའི་དམག་དང་འཐབ་འཁྲུག་དངོས་སུ་ནང་ཞུགས་མྱངས་ཡོད་པའི་ཁམས་པ་རྒན་པོ་མི་གྲངས་བརྒྱད་ལ་ན་གཡོག་ཤི་གཡོག་གི་ལས་ཁུར་ཆ་ཚང་ཞུས་ཡོད།
མདོར་ན་ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༡༠ ནས་ ༢༠༠༠ ཟླ་ ༦ ཚེས་ ༢༦ བར་ཆུ་སྒང་རྒན་གསོ་དང་ས་ཆ་སོགས་ཆ་ཚང་བདག་སྐྱོང་གི་ལས་ཀ་མི་ལོ་ཧྲིལ་པོ་དྲུག་གི་རིང་འགན་ཁུར་ཚགས་ཚུད་ཞུས་ཡོད། ད་དུང་སྐབས་དེར་ཐེ་ཝེན་ཆུ་སྒང་འབྲེལ་རྙོག་གི་སྤྱི་ཚོགས་སུ་གླེང་སློང་ངན་པ་ཡོད་པ་དང༌། ཀ་ལ་མེན་ཊོན་གཞིས་ཁུལ་དུའང་མི་ངན་རེ་ཟུང་གི་སྐུལ་སློང་ངན་པའི་འོག་ཕྲན་ལ་ཉེས་བརྡུང་དང་མེ་སྲེག་གང་རུང་གཏོང་དགོས་ཀྱི་གྲོས་བསྡུར་ཐེངས་མང་བྱས་པའི་སྐད་ཆ་གོ་ཐོས་བྱུང་བ་ནི། མི་དཔའ་མེད་བྱབ་ཆུང་ཞིག་ཡིན་ན་རྒན་གསོའི་འགན་ཁུར་གཡུག་སྟེ་ལྡི་ལིར་ཕྱིར་བྲོས་དགོས་པའི་གནས་སྟངས་ཀྱི་དཀའ་ངལ་བྱུང་སོང༌།
གུས་ནས་འཆི་བ་སྲོག་ལ་ཐུག་ཀྱང་ཕྱིར་ནུད་མེད་པར་ལས་འགུལ་རྒྱུན་མཐུད་ཞུས་བསྡད་པ་ཡིན། ཕྱི་ལོ་ ༡༩༩༥ ལོར་རྡ་སའི་ཆུ་སྒང་གསར་པ་ཟེར་བའི་ཕྱོགས་ནས་རྒན་གསོ་ཁང་དུ་ཕྲན་སར་མི་སྣ་ཆེད་གཏོང་ཐེངས་གཉིས་ཙམ་འབྱོར་སོང༌། བཙན་བྱོལ་བོད་གཞུང་དང་རྡ་སའི་ཆུ་སྒང་གསར་པ་གཉིས་ངོ་བོ་གཅིག་གྱུར་ཡིན་པ་དང༌། ཁྱེད་རང་ད་ལྟ་ནས་ཐུགས་བསམ་བཞེས་ཏེ་ཆུ་སྒང་གསར་པའི་ལས་ཁུར་ཞུས་ན་ཁྱེད་རང་གི་ད་ལྟའི་གནས་སྟངས་དང་མ་འོངས་པའི་མདུན་ལམ་སོགས་ལ་ལེགས་ལུགས་བཤད་ཀྱི་འདུག ཡིན་ནའང་ཕྲན་གྱིས་མི་ཚེ་གཅིག་ལ་སྐྱེ་བ་གཉིས་ལེན་འདོད་མེད་ལུགས་སོགས་བཤད་ནས་སྐབས་དེར་ངོས་ལེན་བྱས་མེད། ཆུ་སྒང་དབུས་རྒྱུན་ས་ནས་ཀརྨ་མ་རྡོ་རྗེ་ལགས་ཀྱིས་ཕྲན་ལ་ཁྱེད་རང་གིས་ཆུ་སྒང་རྒན་གསོ་ཁང་གི་ལས་དོན་གོ་ཆོད་བྱུང་ལུགས་དང༌། ཁྱེད་རང་ལྟ་བུར་མི་ཞིག་ད་བར་རྒན་གསོའི་འགན་ཁུར་བྱེད་མཁན་བྱུང་མེད་པ་ཡིན་ན། ད་ཚོད་ཆུ་བཞི་སྒང་དྲུག་གི་རྒན་གསོ་ཁང་ཞེས་མིང་ཙམ་མེད་པར་སྒོ་དང་སྒེའུ་ཁུང་ཆ་ཚང་ཕྲ་ཐར་རེར་འཐོར་ཞིག་ཏུ་འགྲོ་ཚར་ཡོད་ཀྱི་རེད། ཅེས་སོགས་གསུངས་ཏེ་བསྟོད་བསྔགས་ཐོབ་མྱངས་ཡོད། འོན་ཀྱང་ཆུ་སྒང་དབུས་ཀྱི་མཚན་ཐོག་ནས་ཁ་དར་ཙམ་ཡང་གནང་མྱངས་མེད་ལ་གནང་མ་སོང་བསམ་པའི་འགྱོད་པའང་སྤུ་ཙམ་མེད། ང་རང་མི་གཅིག་གིས་དཀའ་ལས་བརྒྱབ་སྟེ་ཆུ་སྒང་གི་ལས་ཀར་ཧུར་ཐག་བྱས་བསྡད་པ་ཙམ་ལས། ཕྲན་ལ་འགོ་འདྲེན་མཁན་མེད་པ་དང་སྤྲེལ་ལེད་སོགས་བཤད་མི་ཤེས་པ་ཡིན་དུས་ཐུགས་ཁག་ཀྱང་མི་འདུག སྡུག་བོང་བུས་བརྒྱབ། ཆགས་རྟ་ཡིས་ཟས་ཞེས་པའི་བོད་པའི་གཏམ་དཔེ་དེ་བདེན་པ་རེད་འདུག ཕྲན་ལ་ཟླ་རེར་ཕོགས་ཐོབ་ནི་ཐོག་མར་ཧིན་སྒོར་བརྒྱ་ཐམས་པ་ཆུ་སྒང་དབུས་ནསགནང་སོང༌། དེ་རྗེས་རྒན་གསོའི་ལས་ཁུར་འགྲོ་སྐབས་ཧིན་སྒོར་ཆིག་སྟོང་ལྔ་བརྒྱ་གནང་སོང༌། དེ་ལས་མང་བ་གནང་མྱངས་མེད། ཕྱི་ལོ་ ༢༠༠༠ ཟླ་ ༦ ཚེས་ ༢༦ རྒན་གསོ་ཁང་ནས་ལྡི་ལིའི་དབུས་ཆུ་སྒང་རྒྱུན་ལས་ཁང་དུ་འབྱོར་ནས་ཆུ་སྒང་གི་བདེན་པའི་ཕོ་ཉའི་ཚགས་ཤོག་གི་འགྲེམས་སྤེལ་ལོ་གཉིས་རིང་ཞུས་ཡོད། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༦ ཉིན་ལྡི་ལིའི་ཆུ་སྒང་ས་རྒྱུན་སྐབས་གཉིས་པའི་འོས་ཐོན་རྩེ་ཏོག་བྱུང་སྟེ། ཕྱི་ལོ་ ༢༠༠༦།༦།༡༦ ནས་ལྡི་ལིའི་ས་གནས་ཆུ་སྒང་གི་ཚོགས་གཙོ་ལོ་བཞིའི་རིང་ཞུས་ཡོད། ཕྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༩ ཉིན་ཆུ་སྒང་དབུས་རྒྱུན་གྱི་ལྷན་ཚོགས་གྲོས་མོལ་སྐབས་ད་ཡོད་ཆུ་སྒང་གི་ཁང་རྙིང་རྩ་བཤིག་གཏང་ནས་གསར་བརྒྱག་བྱ་གཏན་ཁེལ་བར་སོང་ཕྲན་ལ་ཁང་བ་སྤོ་བཤུག་དགོས་ལུགས་གསུང་གི་འདུག དེ་དོན་ཕྲན་ནས་མི་ལོ་མང་པོའི་རིང་ཆུ་བཞི་སྒང་དྲུག་གི་ལས་ཁུར་ཞུས་པ་དང༌། ཕྲན་གྱི་བདེ་སྡུག་གནས་སྟངས་སྐོར་ཆ་ཚང་དབུས་ཆུ་སྒང་གི་ལས་ཁུངས་སུ་ཞུས་པའི་ལན་དུ། ཆུ་སྒང་དབུས་རྒྱུན་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་མ་འོངས་པར་ཁྱེད་རང་གི་ཁང་གླའི་དོད་བརྒྱ་ཆ་ཕྱེད་ཀ་དང༌། ལྟོ་དོད་ཆེད་ད་ཡོད་སྒོར་ཆིག་སྟོང་ལྔ་བརྒྱ་དེ་རང་འཇགས་མུ་མཐུད་གནང་རྒྱུ་ཆུ་སྒང་དབུས་རྒྱུན་ནས་ཐག་གཅོད་བྱུང་སོང་གསུང་གི་འདུག འོན་ཀྱང་ཆུ་སྒང་གི་ཁང་རྙིང་བཏོར་ཚར་རྗེས་ཆུ་སྒང་དབུས་ཁུངས་སུ་ཕྱག་དངུལ་འགྲོ་གྲོན་གཏོང་རྒྱུ་མེད་ལུགས་རྐྱང་རྐྱང་གསུང་གི་འདུག ཕྲན་ནས་ཀྱང་ཐག་ཆོད་བྱུང་བར་སྙེད་དེ་ཐོབ་ཐང་དགོས་ལུགས་ཀྱི་ཚིག་གཅིག་ཀྱང་ད་བར་གླེང་མྱངས་མེད། གནད་དོན་འདི་ནི་སྐབས་དེ་དུས་ཀྱི་དབུས་ཆུ་སྒང་རྒྱུན་ལས་པ་ཚང་མ་ད་ཆར་གསོན་པོར་བཞུགས་ཡོད་པ་ཡིན་དུས་ཚང་མས་མཁྱེན་ཆུབ་ཡོད་ངེས་ཡིན།
ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡༦ ཉིན་སླར་ཡང་ཕྲན་ལ་ལྡི་ལིའི་ས་གནས་ཆུ་སྒང་རྒྱུན་ལས་སྐབས་གསུམ་པའི་འོས་རྩེ་ཐོན་བྱུང་སྟེ། ད་ལྟ་ལྡི་ལིའི་ས་གནས་ཆུ་སྒང་གི་ཚོགས་གཙོའི་ལས་ཁུར་ཞུ་མུས་ཡིན། མདོར་ན་ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས ༢༨ ནས་ ༢༠༠༩།༦།༡༦ བར་མི་ལོ་ཧྲིལ་པོ་བཅུ་བདུན་གྱི་རིང་ཆུ་བཞི་སྒང་དྲུག་གི་ལས་དོན་བསྒྲུབས་ཡོད་པ་དང༌། ལས་ཀ་བྱས་སྐབས་གོ་ས་ཐོབ་རེའི་ངོ་སྲུང་སྤྲེལ་ལེད་བཤད་པ་དང༌། དངུལ་དངོས་སོགས་ཀྱི་རྗེས་སུ་འགྲངས་ཏེ་ཡར་མར་གཉིས་ཀར་ཡིན་མདོག་གི་རྐང་པ་གཉིས་བཙུགས་སུམ་བཙུགས་ལྟ་བུ་རྩ་བ་ནས་བྱས་མྱངས་མེད། མེ་བཏང་སར་ས་འཚིགས་དགོས་པའི་དཔེ་ལྟར་བསམ་བློ་བཏང་ནས་བསྡད་པ་ཡིན། དེ་ཡང་ཚེར་འབྲས་ཟས་ནས་མི་རྗེས་བཞག བ་རྗེས་བཞག་ནས་རིལ་མ་བཏང་མ་མྱངས། ལས་ཀ་བྱས་རིང་གི་བྱུང་སོང་རྩིས་ཕྲའི་ཐད་དབུས་ཆུ་སྒང་དྲུང་ཆེ་འཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་གྱིས་རྩིས་ཕྲ་ཁ་གསལ་བྱུང་ལུགས་ཀྱི་བསྟོད་བསྔགས་གནང་མྱངས། ལས་ཀ་བྱས་རིང་ཕྱི་ནང་གང་གི་ཆ་ནས་གནོད་ཤུགས་དང་གཡོ་རྒྱུ་གང་འདྲ་ཞིག་བྱུང་ནའང་མདོ་ཁམས་ཆུ་བཞི་སྒང་དྲུག་དང་ཁམས་པའི་མི་རིགས་ཀྱི་ལ་རྒྱ་ལ་བསམ་ནས་སེམས་ཤུགས་མ་ཆགས་པར་གློ་སྙིང་བྲང་གསུམ་གཏད་དེ་བདེན་དྲང་གསལ་གསུམ་གྱི་རང་ནུས་གང་ཡོད་ལས་ཁུར་ཧུར་ཐག་ཞུ་བཞིན་སོ་སོའི་སྐོར་ལ་མིང་དོན་གང་ཡང་མེད་ནའང་འདྲ་འདྲའི་ནང་ནས་མི་འདྲ་བ་ཙམ་གྱི་ཆུ་བཞི་སྒང་དྲུག་གི་ལས་ཁུར་ཞུ་བཞིན་ཡོད་པའི་མི་ཞིག་ཡིན་པ་ནི། ཆུ་སྒང་གསར་རྙིང་གི་ཤི་གསོན་གཉིས་ཀས་གསལ་པོར་མཁྱེན་ཆུབ་ཡོད་པ་ཞིག་ཡིན། སྤྱིར་ཚོགས་པ་ཞིག་གི་སྒྲིག་འཛུགས་ལ་ཆ་བཞག་ན་མི་ལོ་ཧྲིལ་པོ་བཅུ་བདུན་དུས་ཡུན་རིང་པོ་དེ་ཙམ་ཞིག་མེད་ནའང༌། ང་རང་མི་སྒེར་གྱི་མི་ཚེ་ནས་དུས་ཚོད་རིང་པོ་ཞིག་ཕྱིན་ཚར་བ་རེད། ཡིན་ནའང་མ་འོངས་པར་སེམས་ཤུགས་དང་ལྷག་བསམ་ལ་འགྱུར་བ་མེད་པའི་ཐོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དོན་དུ་རང་ལུས་འདོམ་གང་གྲུ་བཞི་འདི་ས་ལ་མ་ལྷུང་བར་དུ་འགྱུར་བ་སྤུ་ཙམ་ཡང་མེད་པའི་ཐོག་ནས་ལས་དོན་འགན་ཁུར་ཞུ་རྒྱུའི་སྤོབས་སེམས་དང་བཅས་ལྡི་ལིའི་ས་གནས་ཆུ་སྒང་རྒྱུན་ལས་ཚོགས་གཙོ་བྲག་གཡབ་ངག་དབང་དོན་ལྡན་གྱིས་མི་ལོ་བཅུ་བདུན་གྱི་རིང་ཆུ་སྒང་གི་ལས་ཁུར་ཞུས་པའི་ལོ་རྒྱུས་མདོར་བསྡུས་སུ། ལྡི་ལི་ས་གནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༨ ཉིན་ལ།།

བསྟན་པ་ཚེ་རིང༌།
བསྟན་པ་ཚེ་རིང་ནི་ཕྱི་ལོ་ ༡༩༧༨ ལོར་རྒྱ་གར་ཤར་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་གཏོགས་བསྟན་འཛིན་སྒང་དུ་སྐྱེས། ཕྱི་ལོ་ ༡༩༨༣ ལོར་གཞིས་ཆགས་ཀྱི་སློབ་གྲྭར་ཕྱིན་ནས་ ༡༩༩༡ ལོར་འཛིན་གྲྭ་བརྒྱད་པ་བར་ཐོན། ལོ་དེ་ག་རང་དུ་ཝ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ ༢༠༠༢ ལོར་མཐོ་སློབ་ནས་ཨཅརྱ་སློབ་མཐར་ཕྱིན། ཕྱི་ལོ་ ༢༠༠༢ ལྡི་ལིར་གཏན་སྡོད་ཀྱིས་མནཌཱ་ལཱ་ཞེས་པའི་འགྲིམ་གྲུལ་ལས་ཁུངས་ཞིག་གཉེར་བཞིན་སྡོད་མུས་དང༌། ཕྱི་ལོ་ ༢༠༠༦ ལོར་ལྡི་ལིའི་མདོ་སྟོད་མི་མང་གིས་འོས་འདེམས་བྱས་པ་ལྟར་ད་ལྟའི་ཆར་ས་གནས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བྱེད་བཞིན་ཡོད་པའི་ལོ་རྒྱུས་སུ། །
བློ་བཟང་ཚེ་རིང༌།

བློ་བཟང་ཚེ་རིང་ནི་ཕྱི་ལོ་ ༡༩༦༥ ལོར་འབའ་སྤྱི་སྲུང་སྡེ་བར་སྐྱེས། ཕྱི་ལོ་ ༡༩༨༤ ལོར་བ་ཡུལ་དུ་སླེབས་ནས་རྒན་ཡེ་ཤེས་རྩར་ལོ་གཉིས་ཙམ་བསྡད། དེ་རྗེས་ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་རྡ་རམ་ས་ལར་སླེབས་ནས་སློབ་གྲྭ་ཞིག་ཏུ་འཛུལ་ཐབས་བྱས་ཀྱང་རྒན་ཡེ་ཤེས་ཀྱི་གཉེར་ཚན་ཡིན་པའི་རྒྱུ་མཚན་ལ་བརྟེན་སློབ་གྲྭར་མ་ཆུག བདེ་སྲུང་དྲུང་ཆེ་བྱམས་པ་སྐལ་ལྡན་གྱིས་བཤད་པ་ལྟར་ན་ཁྱེད་རང་རྒན་ཡེ་ཤེས་ཀྱི་ཚ་བོ་རེད་ཟེར་བའི་སྐད་ཆ་དེ་གར་འབྱོར་ཚར་སོང་བས་ཁྱེད་རང་སློབ་གྲྭར་རྩ་བ་ནས་ཚུད་ཀྱི་མ་རེད། དེས་ན་ཁྱེད་རང་དགའ་ལྡན་ཕ་ར་ཁང་ཚན་དུ་སོང་ནས་གནས་སྐབས་སུ་སྡོད་དང༌། རྗེས་མར་རྡ་སར་ཤོག་ཟེར་བ་ལྟར་དགའ་ལྡན་ཕ་ར་ཁང་ཚན་དུ་ཟླ་བ་བཞི་ཙམ་བསྡད་རྗེས་སླར་ཡང་རྡ་རམ་ས་ལར་ཕྱིན། དེ་སྐབས་བྱམས་པ་སྐལ་ལྡན་སར་སོང་བས་ཁོང་གིས་མཚན་ཉིད་སློབ་གྲྭར་ཕོ་གསར་འགའ་ཤས་ཞིག་ལ་སྦྱང་བརྡར་སྤྲད་ནས་བཞག་ཡོད་དེར་སོང་ནས་ཁོ་ཚོ་དང་མཉམ་དུ་སྡོད་གསུངས་བྱུང་ཡང༌། ཕྲན་གྱིས་ང་དགོན་པར་རྩ་བ་ནས་འདུག་གི་མིན་ཞེས་བཤད་ནས་ནས་མ་སྡད། ཡང་བསྐྱར་བདེ་སྲུང་ལས་བྱེད་བློ་བཟང་སྦྱིན་པའི་སར་སོང་ནས་སུ་ཇ་སློབ་གྲྭར་ཚུད་ཐབས་ཞུས་ཀྱང༌། ཁོང་གིས་འབའ་བ་རྒན་ཡེ་ཤེས་ཀྱི་གཉེན་ཚན་ཚང་མ་སློབ་གྲྭར་གཏོང་མི་ཆོག་པའི་བཀའ་ཡིག་གོ་རིམས་ནས་ཡོད་པ་རེད། ང་ལ་ཐབས་ཤེས་གང་ཡང་མེད་ཅེས་བཤད་བྱུང་བས། མཐར་འུ་ཐུག་སྟེ་སླར་ཡང་བྱམས་པ་སྐལ་ལྡན་གྱི་སར་སོང་ནས་རླངས་འཁོར་ཞིག་གཏོང་འདོད་ཡོད་པའི་སྐོར་ཞུས་པས། ཀང་ར་ས་ཁུལ་དུ་བོད་ཁྱིམ་འཛིན་སྐྱོང་འོག་ཇོ་ཚེ་རིང་དང་བཀྲིས་ཟེར་བ་གཉིས་ཀྱིས་འགན་ཁུར་འོག་རླངས་འཁོར་བཟོ་གྲྭ་ཞིག་ཏུ་རླངས་འཁོར་གཏོང་རྒྱུ་སྦྱངས་ནས་ལོ་གཅིག་རིང་བསྡད། ཕྱི་ལོ་ ༡༩༨༧ ལོར་རྡོ་རྗེ་གླིང་དུ་ཤར་པ་ཟླ་བ་ཚེ་རིང་ཟེར་བའི་སྦྱིན་བདག་ཞིག་གི་རླངས་འཁོར་བཏང་ནས་ལོ་གཉིས་རིང་བསྡད། ཕྱི་ལོ་ ༡༩༨༩ ལོར་འབྲུག་ཡུལ་དུ་ཕྱིན་ནས་བདེ་ཆེན་མགྲོན་ཁང་དུ་མ་བྱན་བྱས་ནས་ལོ་གཅི་བསྡད། ཕྱི་ལོ་ ༡༩༩༣ ལོར་ཐེ་ཝན་དུ་ཕྱིན་ནས་རས་ཆའི་བཟོ་གྲ་ཞིག་ཏུ་ལས་ཀ་བྱས་ཏེ་ལོ་བཞི་ཙམ་བསྡད། ཕྱི་ལོ་ ༡༩༩༧ ལོར་སླར་ཡང་བལ་ཡུལ་དུ་ཕྱིན་ནས་ཚོང་ལས་བྱས་ཏེ་ལོ་གཉིས་རིང་བསྡད། ཕྱི་ལོ་ ༢༠༠༠ ལོར་རྡ་རམ་ས་ལར་གནས་སྤོས་བྱས་ཏེ་ཚོང་ཁང་ཞིག་ཟིན་ནས་ལོ་བཞི་ཙམ་བསྡད། ཕྱི་ལོ་ ༢༠༠༤ ལོར་ལྡི་ལིར་གནས་སྤོས་བྱས་ཏེ་ཟ་ཁང་ཞིག་ཟིན་ནས་བསྡད་མུས་ཡིན། ཕྱི་ལོ་ ༢༠༠༦ ལོར་ལྡི་ལིའི་མདོ་ཁམས་མི་མང་གིས་འོས་འདེམས་བྱུང་བ་ལྟར་ད་ལྟའི་ཆར་ས་གནས་ཆུ་སྒང་གི་རྒྱུན་ལས་བྱེད་བཞིན་ཡོད་པའི་ལོ་རྒྱུས་སུ། །

ཟླ་དོན།

ཕྲན་ཟླ་དོན་ནི་སྤྱི་ལོ་ ༡༩༦༦ སྤྱི་ཟླ་ ༡༠ ཚེས་ ༡༩ ཉིན་སྡེ་དགེ་འཇོ་འདའ་མདོ་གཞུང་ལུང་པར་སྐྱེས། དུས་སྐབས་དེ་མི་དམངས་ཀུང་ཧྲེ་ཟེར་བའི་མཉམ་ལས་དང་སྐབས་འཁེལ་ཏེ་སློབ་གྲྭ་འགྲོ་རྒྱུ་གོ་སྐབས་མ་བརྙེད། ནོར་ལུག་འཚོ་བའི་ཞོར་དུ་ཡི་གེ་ཕྲན་བུ་སྦྱང། མི་དམངས་ཀུང་ཧྲེ་བཤིག་ནས་འགན་འཁྲི་ལམ་ལུགས་ལག་ལེན་ལྟར་བ་དང་སྒེར་གྱི་ཚོང་རྒྱབ་རྒྱུ་མགོ་འཛུགས་བྱས་ཏེ་སྤྱི་ལོ་ ༡༩༩༤ བར་ཚོང་ལས་བྱས། སྤྱི་ལོ་ ༡༩༩༤ སྤྱི་ཟླ་ ༣ སྤྱི་ཚེས་ ༨ ཉིན་རྒྱ་གར་དུ་འབྱོར་ཏེ་ཧི་མ་ཅལ་སྤིར་ས་གནས་སུ་བསྡད། སྤྱི་ལོ་ ༢༠༠༡ ལོར་ལྡི་ལི་གནས་སྤོས་བྱས་ནས་ཚོང་ཁང་ཞིག་གཉེར་ཏེ་ཚོང་ལས་བྱས། སྤྱི་ལོ་  ༢༠༠༦ སྤྱི་ཟླ་  ༦ ཚེས་ ༡༦ ཉིན་ལྡི་ལི་ས་གནས་མི་དམངས་ཀྱིས་འོས་འདེམས་བྱུང་བ་ལྟར་ད་ལྟའི་ཆར་ལྡི་ལི་ས་གནས་རྒྱུན་ལས་ཀྱི་ལས་འགན་འཁྱེར་ཏེ་ས་གནས་མདོ་ཁམས་མི་དམངས་ལ་ཞབས་འདེགས་ཞུ་བཞིན་པ་ཡིན།