མདོ་ཁམས་ཆུ་སྒང་ཟློས་གར་ཚོགས་པ།
མདོ་ཁམས་ཆུསྒང་ཚོགས་པས་སྤྱིར་བོད་ཀྱི་རིག་གཞུང་དང༌། བྱེ་བྲག་མདོ་ཁམས་ཁུལ་དུ་ལོ་ངོ་སྟོང་ཕྲག་མང་པོའི་ནང་དར་བའི་བྲོ་གླུ་གཞས་གསུ
མ་སོགས་དམངས་ཁྲོད་དུ་ཁྱབ་པའི་རིག་གནས་མི་ཉམ་རྒྱུན་འཛིན་དང༌། ཉམ་པ་སླར་གསོའི་ཆེད་ཟློས་གར་ཚོགས་པ་ཞིག་འཛུགས་རྒྱུའི་འཆར་གཞི་སྔོན་ནས་ཡོད་ཀྱང་དུས་ཡུན་རིང་པོའི་ནང་ཆ་རྐྱེན་འཛོམས་ཐུབ་མིན་དབང་གིས་དེ་མུར་ལྷག་ལུས་སུ་གྱུར། ལོ་ལྟར་ཆུ་སྒང་དུས་དྲན་མཛད་སྒོར་རྒྱལ་གླུ་གཏོང་སྐབས་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུར་དམིགས་ཏེ་རྡ་སའི་ཟློས་གར་ཚོགས་པར་ལོ་རེ་བཞིན་སྒོར་ ༦༠༠ རེ་གླ་ཆ་ཕུལ་ཏེ་གདན་འདྲེན་ཞུ་གི་ཡོད་འདུག་ཀྱང་བར་སྐབས་ལོ་གཅིག་གཉིས་རིང་མཛད་སྒོའི་ཐོག་རྡ་སའི་ཟློས་གར་ཚོགས་པས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་གཏོང་མཁན་མ་ཡོང་བ་རེད། གནས་ཚུལ་དེ་འདྲ་ཞིག་གི་རྐྱེན་པས་ཛ་དྲག་གིས་ཆུ་སྒང་ཟློས་གར་གསར་འཛུགས་བྱ་རྒྱུ་ཁ་ཚ་དགོས་ཐུག་ཏུ་མཐོང་སྟེ་ཕྱི་ལོ་ ༡༩༩༣ ལོར་ཟློས་གར་དངོས་སུ་འཛུགས་རྒྱུའི་ཐག་བཅད་གནང་སྟེ་ཟློས་གར་འཁྲབ་སྟོན་པ་ཁམས་པའི་ཕོ་གཞོན་མོ་གཞོན་རྣམས་བསྡུ་རུབ་ཀྱི་ལས་འགོ་ཚུགས། དེའི་སྐབས་རྡ་ས་ཟློས་གར་ནས་ཕྱིར་འབུད་བཏང་བའི་ཆབ་མདོ་བ་སྤེན་པ་ལགས་རྡ་སར་གནས་སྡོད་བྱེད་མུས་ཡིན་པ་དང༌། རྡ་སའི་མཉམ་ལས་བཟོ་གྲྭའི་ནང་གནས་སྡོད་བྱེད་མུས་ཡིན་པ་བྲག་གཡབ་བདེ་ཆེན་མཚོ་མོ་ལགས་གཉིས་ལ་ཟློས་གར་དགེ་རྒན་གནང་རོགས་ཞེས་རེ་བསྐུལ་ཞུས་པ་ལྟར་ཁོང་གཉིས་ཀྱིས་ཁས་ལེན་གནང་བ་དང་ཁོང་གཉིས་དང་ལྷན་དུ་ལོ་ཆུང་ཕོ་མོ་གཞན་གཉིས་བསྡོམས་མི་བཞི་ ༡༩༩༣ ལོའི་ཟླ་ ༩ པའི་ནང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕེབས་ཏེ་ཆུ་སྒང་ཟློས་གར་དངོས་སུ་དབུ་བཙུགས་པ་རེད། དེ་རྗེས་རྡ་སའི་སྣེ་ལེན་ཁང་དུ་བཞུགས་པའི་པི་ཝང་ལ་མཁས་པ་སྨར་ཁམས་པ་འཆི་མེད་རྡོ་རྗེ་དང༌། རིམ་བཞིན་རོལ་ཆ་འབུད་བརྡུང་བཀྲོལ་གསུམ་ལ་མཁས་པ་བུ་གསུམ་ཟློས་གར་གྱི་ཁོངས་སུ་ཞུགས། དེ་བཞིན་ལྡེ་ལྡུན་པང་གདན་བཟོ་གྲྭ་དང༌། གསོག་སྒར་
སློབ་གྲྭ་བཅས་ནས་འཁྲབ་སྟོན་པ་ཁྱོན་ཕོ་མོ་གྲངས་བཅོ་བརྒྱད་ཕེབས་པ་རྣམས་ཀྱིས་ཟླ་བ་ལྔ་ཡི་རིང་ཁམས་པའི་ལུང་ཚན་སོ་སོའི་གླུ་གཞས་དང་ཞབས་བྲོའི་རིགས་ལ་ཧུར་བརྩོན་ཆེན་པོས་སྦྱོང་བརྩོན་ལྷོད་མེད་གནང་སྟེ་བྲག་གཡབ་དང༌། ཆབ་མདོ། སྡེ་དགེ དཀར་མཛེས། ལི་ཐང༌། འབའ་པ། གོ་འཇོ། ཚ་བ་རོང་པ། སྨར་ཁམས་སོགས་མདོར་ན་ཁམས་པའི་ལུང་ཚན་སོ་སོའི་རིག་གཞུང་བྲོ་གླུ་གཞས་
གསུམ་བཏང་སྐབས་ཕ་ཡུལ་རང་དབང་མེད་པ་དྲན་དགོས་པ་དེ་འདྲ་ཉམ་གསོ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༢ པ་ནས་དབུ་བཙུགས་ཏེ་བོད་མིའི་འདུས་སྡོད་ཁག་ཏུ་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཆེད་ལྷོ་ཕྱོགས་གཞིས་ཆགས་བྷེ་ལ་ཀོ་པིས་དང༌། གདན་ས་ཆེན་པོ་སེ་ར་ཐེག་ཆེན་ཆོས་གླིང་བཅས་སུ་སེར་སྐྱ་སྟོང་ཕྲག་མང་པོ་འདུ་འཛོམས་གནང་བའི་དབུས་སུ་འཁྲབ་སྟོན་གཟིགས་འབུལ་ཞུས་སྐབས་ཚང་མས་དགའ་བསུའི་ཐལ་སྒྲའི་གང་བ་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སྐྱབས་ཡུལ་སེ་ར་བླ་སྤྱི་ལྷན་ཁང་དང༌། གྲོང་སྡེའི་སྤྱི་མི་དང་བརྒྱ་དཔོན་རྣམ་པས་གོ་སྒྲིག་དང་མཐུན་སྦྱོར་རོགས་རམ་ཕྱི་ནང་སུས་བལྟས་ཀྱང་དགའ་སྒོམ་བྱེད་འོས་པ་ཞིག་གནང་བར་སྙིང་ཐག་པ་ནས་གུས་བརྩི་དང་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། དེ་བཞིན་སྔ་འགྱུར་རྙིང་མའི་གདན་ས་ཐེག་ཆེན་རྣམ་གྲོལ་གླིང་དུ་སྐྱབས་གནས་བླ་སྤྲུལ་དགེ་འདུན་སེར་སྐྱ་མང་ཚོགས་ལ་འཁྲབ་སྟོན་གཟིགས་འབུལ་ཞུས་པར་དགའ་བསུ་དང་སྣེ་ལེན་གོ་སྒྲིག་བླ་ན་མེད་པ་གནང་ཡོད། དེ་ནས་རིམ་བཞིན་གདན་ས་ཆེན་པོ་འབྲས་སྤུངས་དགོན་པ་དང༌། དགའ་ལྡན། གཞིས་གྲོང་ ༣ པའི་གཞིས་ལས་ཁང་གི་མདུན་ཐང་ཆེན་མོར་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་སྐབས་གདན་ས་གཉིས་ཀྱི་བླ་སྤྱི་ལྷན་ཁང་ནས་ཆོག་མཆན་དང་གོ་སྒྲིག་རོགས་རམ་བླ་ན་མེད་པ་གནང་བ་དང༌། སྐྱབས་ཡུལ་དགེ་འདུན་རྣམ་པས་མདོ་ཁམས་ཀྱི་གླུ་དབྱངས་ལ་དགའ་མགུ་ཧ་ལས་པ་གནང་བ་མ་ཟད། ཆུ་སྒང་ཟློས་གར་ཚོགས་པའི་ཟློས་གར་གྱི་སྒྱུ་རྩལ་དང་ཉམས་འགྱུ
ར་ལ་བསྔགས་བརྗོད་དང་གདེང་འཇོག་ཚད་མེད་གནང་ཡོད། སྐབས་དེར་བོད་མིའི་སྤྱི་ཚོགས་ནང་ཆུ་སྒང་ཟློས་གར་ཚོགས་པ་ཞེས་བསྟོད་བསྔགས་ཀྱིས་ཁེངས་པར་གྱུར། ཟླ་བ་གཉིས་རིང་འཁྲབ་སྟོན་གཟིགས་འབུལ་དང་ཡུལ་སྐོར་སྤྲོ་འཁྱམས་སུ་ཕེབས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་བ་རེད། དེ་རྗེས་སྒ་པ་གཞིས་ཆགས་དང༌། ཀ་ཐོག་གཞིས་ཆགས། བདེ་སྐྱིད་གླིང་གཞིས་ཆགས་བཅས་སུ་ཕྱི་ཟླ་ ༥ པའི་ནང་འཁྲབ་སྟོན་གཟིགས་འབུལ་ཞུས་པ་མ་ཟད་ལོ་ལྟར་ཆུ་སྒང་དུས་དྲན་མཛད་སྒོའི་ཐོག་འཁྲབ་སྟོན་གཟིགས་འབུལ་གནང་གི་ཡོད་འདུག དེ་བཞིན་མུ་མཐུད་དེ་ཐེ་ཝན་དུ་འཁྲབ་སྟོན་གཟིགས་འབུལ་ཞུ་མཁན་ཕེབས་སྐབས་ཐེ་པེ་གྲོང་ཁྱེར་གྱི་ས་ཁུལ་མི་འདྲ་བ་གསུམ་དང༌། ཀོ་ཤང་གྲོང་ཁྱེར་གྱི་ས་ཁུལ་ཁག་གཉིས། ཧའོ་ལན་ཁུལ་དུ་བཙུན་དགོན་བཅས་ས་ཁུལ་མང་པོའི་ནང་རིག་གཞུང་འཁྲབ་སྟོན་ཞུས་སྐབས་ཐེ་ཝན་དཔོན་འབངས་མང་པོའི་ཁམས་པའི་རིག་གཞུང་དང་སྒྱུ་རྩལ་ལ་དོ་སྣང་ཧ་ཅང་ཆེན་པོ་གནང་བ་མ་ཟད་བསྔགས་བརྗོད་དང་སྦྲགས་ཐེ་ཝན་མི་མང་དང་དབུ་ཁྲིད་ཁག་གཅིག་གིས་རྡ་ས་ནས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་ནང་མང་པོར་བཅར་མྱོང་ནའང་ལྟད་མོ་འདི་འདྲ་བ་མཐོང་རྒྱུ་མི་འདུག ཁྱེད་རང་ཚོས་ཞབས་གཞས་འཁྲབ་སྟོནའདི་རིགས་བོད་པའི་མ་རེད་དམ། ཁྱེད་རང་ཁམས་པ་ཚོ་བོད་རིགས་མ་རེད་དམ། ཅེས་འདྲི་གི་ཡོད་འདུག རིག་གཞུང་འཁྲབ་སྟོན་གནང་རིང་ལྟད་མོ་བ་ཚོ་ཚོགས་ཁང་ནང་མ་ཤོང་བ་འཁྲབ་སྟོན་སྟེགས་བུ་རེ་རེའི་སྟེང་སྔ་རྗེས་ཐེངས་གཉིས་རེ་གོ་སྒྲིག་གནང་དགོས་པའི་མི་མང་འདུ་འཛོམས་རྒྱ་ཆེ་བྱུང་འདུག དེ་མཚུངས་གནས་མཆོག་རྡོ་རྗེ་གདན་དུ་འབྲུག་ཡུལ་དུ་རྟེན་གཞི་བྱས་པའི་བྲག་གཡབ་བ་ནོར་གླིང་ཨ་མ་ལྷ་འཛོམས་ཀྱིས་སྐྱབས་རྗེ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེས་བཀའ་འགྱུར་གྱི་ལྗགས་ལུང་གནང་རྗེས་གཏང་རགས་ཀྱི་མཛད་སྒོར་ཁམས་པའི་རིག་གཞུང་འཁྲབ་སྟོན་ཆེད་གདན་ཞུས་ལྟར་གཟིགས་འབུལ་ཞུས་པ་དང༌། སྐབས་དེར་རྙིང་མའི་སྨོན་ལམ་འདུ་འཚོགས་སྐབས་ཆུ་སྒངཟློར་གར་ཚོགས་པས་ཉིན་ལྔ་རིང་རྒྱ་གར་བ་དང༌། བལ་པོ། འབྲུག་པ། འབྲས་ལྗོངས་བ། བོད་རིགས། ནུབ་ཕྱོགས་པའི་མིརིགས་བཅས་སེར་སྐྱ་ཁྲི་ཕྲག་ལས་བརྒལ་བའི་མི་མང་འདུ་འཛོམས་ཐོག་ཁམས་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་སྐབས་དེར་འདུས་གཟིགས་མོ་བ་ཡོངས་ཀྱི་སེམས་ཀྱི་ངལ་བ་སེལ་བའི་གསོས་སུ་དྲོ་སྐྱིད་བླ་ན་མེད་པ་ཞིག་འབུལ་ཐུབ་པ་དང༌། ཁམས་པའི་རིག་གཞུང་ལ་དགའ་གུས་ཆེན་པོས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། བོད་སྒར་བསམ་ཡས་གླིང་དུ་སྤྱི་ནོརགོང་ས་སྐྱབ་མགོན་ཆེན་པོ་མཆོག་དང། རྒྱལ་བ་ཀརྨ་པའི་འཁྲུངས་སྐར་དུས་སྟོན་ཆེན་མོར་བྲོ་གླུ་གཞས་གསུམ་གྱི་མཆོད་འབུལ་རྒྱ་ཆེན་བསྐྲུན་ཐུབ་པ་སོགས་བྱེས་འབྱོར་བོད་མིའི་ཁྲོད་ནས་རིག་གཞུང་འཁྲབ་སྟོན་སྡེ་ཚན་འགྲན་ཟླ་མེད་པ་ཞིག་བྱུང་ཡོད། དེ་ནས་རིམ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་བསམ་ཡུལ་འདས་པའི་འགལ་རྐྱེན་མི་མཐུན་པ་དུ་མའི་རྐྱེན་གྱིས་རིག་གཞུང་འཁྲབ་སྟོན་གྱི་སྡེ་ཚན་གནས་སྐབས་རིང་མཚམས་འཇོག་ཞུ་དགོས་བྱུང་འདུག་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།

















