དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།92
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།92
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3206
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118073

Online (20 minutes ago): 7
Your IP: 38.107.179.239
,
Today: May 20, 2012

བོན་གཞིས་ས་གནས་སྐབས་དང་པོའི་མདོ་ཁམས་ཆུ་སྒང་རྒྱུན་ལས་མིང་ཐོ་གཤམ་གསལ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཧོར་བ་ར་ཚེ་དབང་བཀྲིས།  ཚོགས་གཙོ།

ཕ་ཡུལ་འབྲོག་ཤོག་རྫ་གསེབ་བྲེ་གཞུང་ནས་ཡིན་ཀྱང༌། སྐྱེས་ས་རྒྱ་གར་ཧི་མ་ཅལ་གྱི་མངའ་ཁུལ་བོན་གཞིས་ཐོབ་རྒྱལ་གསར་པར་ཕྱི་ལོ་ ༡༩༧༩།༡༢།༡༢ ཉིན་སྐྱེས། དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ནས་འཛིན་གྲྭ་བརྒྱད་པ་སློབ་ཐོན་བྱས་མཐར། སྤོན་ཊ་གཏན་སློབ་ནས་འཛིན་གྲྭ་བཅུ་པ་སློབ་ཐོན་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༠༤ བར་བོན་གཞིས་ས་གནས་གཞོན་ནུའི་དངུལ་གཉེར་དང༌། ཕྱི་ལོ་ ༢༠༠༥ ནས་ད་བར་དྷན་སྦ་ད་སུད་ཚོང་དྲུང་ཆེ་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་ཁུར་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་དམིགས་བསལ་རང་བདེན་ཚོགས་ཆུང་དང༌། བོན་གཞིས་ས་འཐུས་ཀྱི་རྩིས་པའི་ལས་འགན་སྒྲུབ་ཅིང༌། ད་ཆར་བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང༌། ས་གནས་འཐུས་ཚོགས་ཀྱི་ཚོགས་མི། མདོ་སྟོད་ས་གནས་འོས་བསྡུའི་ཟུར་དཔང༌། དམིགས་བསལ་རང་བདེན་ཚོགས་ཆུང་གི་དྲུང་ཆེ། བོན་གཞིས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ས་གནས་བོན་གཞིས་ཆུ་སྒང་གི་ཚོགས་གཙོའི་ལས་ཁུར་ཞུ་བཞིན་ཡོད་པའི་ལོ་རྒྱུས་མདོར་བསྡུས་སུ།

ཨ་བྲག་ཁྱུང་ནག་མི་འཇིག   དྲུང་ཆེ།

ཕ་ཡུལ་གཉེན་རོང་རྫོང་ཨ་བྲག་སྨད་མ་ཤག་ཆུ་ཁ་ཚུར་ཀ་ཞེས་པའི་ས་གནས་སུ་ཕྱི་ལོ་ ༡༩༤༥ ལོར་སྐྱེས། ཁོང་ནི་ ༡༩༥༩ ལོའི་ཟླ་ ༤ ནང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ནང་ཞུགས། རྗེས་སུ་རྒྱ་གར་སུ་འབྱོར་རྗེས་ང་ཚོའི་ཚོགས་པར་དཀའ་ངལ་རབ་དང་རིམ་པ་ཇི་བྱུང་ལ་ནུས་པའི་འཇོན་ཚད་ཀྱི་གདོང་ལེན་དང་ལམ་ཕྱོགས་གཅིག་ཏུ་བྱས་ནས་གདུང་སེམས་མཉམ་སྐྱེ་ངང་གནས་ཡོད། དམིག་བསལ་ལས་དོན་སྒྲུབ་ཕྱོགས་སྐོར་ལ། ས་གནས་བོན་གཞིས་སུ་གཞོན་ནུའི་རྒྱུན་ལས་ལོ་བརྒྱད་དང༌། རང་བདེན་ཚོགས་ཆུང་ནང་ལོ་གསུམ། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་ལོ་དྲུག ད་ལྟའི་ཆར་བོན་གཞིས་ཆུ་སྒང་གི་ས་རྒྱུན་དྲུང་ཆེའི་ལས་འགན་ཞུ་བཞིན་ཡོད་པའི་ལོ་རྒྱུས་སུ།

ཚེ་རིང་དབྱངས་འཛོམས།  རྩིས་པ།

 

ཁམས་སྤ་ཤོད་རྫོང་ཚ་བ་སྒང་བརྒྱ་ཚང་ཡར་གྲལ་ཞེས་པའི་གྲོང་ཚོ་རུ་ཕྱི་ལོ་ ༡༩༨༡།༡༢།༡༠ ཉིན་སྐྱེས་ཤིང༌། དེ་ནས་བྱིས་པའི་ངང་ཚུལ་སྤྱིར་བཞིན་ལ། ཕྱི་ལོ་ ༡༩༩༠ བར་ཁོང་གི་ཕ་ཡུལ་འབྲོག་པ་ཡིན་པས་ལོ་འགར་རྫི་བོར་དང༌། ཕྱི་ལོ་ ༡༩༩༡ ལོར་ལྷ་ས་དང་གངས་མཚོ་བསྐོར་ཞོར་མངའ་རིས་དང་ཀླུ་མེ་སོགས་ནས་རིམ་བཞིན་བ་ཡུལ་བརྒྱུད་རྒྱ་གར་དུ་འབྱོར། ཕྱི་ལོ་ ༡༩༩༣ ལོའི་འགོ་བར་སྦིར་སློབ་གྲྭར་ཞུགས། ཕྱི་ལོ་ ༡༩༩༣ ལོའི་ལོ་འཇུག་ནས་བཟུང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་ཚོགས་པའི་ཟློས་གར་དུ་ཞུགས་ནས་ད་ལྟའི་བར་ཚོགས་པར་དཀའ་ངལ་ཇི་བྱུང་ལ་གདུང་སེམས་མཉམ་བསྐྱེད་དང༌། ད་ལྟའི་ཆར་བོན་གཞིས་ཆུ་སྒང་ས་རྒྱུན་གྱི་རྩིས་པའི་འགན་ཁུར་བཞིན་ཡོད་པའི་ལོ་རྒྱུས་སུ།

ཨ་བྲག་རྨ་རོང་ཆོས་རྗེ། དངུལ་གཉེར།

 

ཕ་ཡུལ་གཉེན་རོང་རྫོང་ཨ་བྲག་སྟོད་མ་ཀོ་གཞུང་ཞེས་པར་ཕྱི་ལོ་ ༡༩༣༤ ལོར་སྐྱེས། ཁོང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༤ ནང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་ནང་ཞུགས་ཏེ་ནང་ཚང་རྩ་མེད་དུ་སོང་བ་ནས་བཟུང་རིམ་བཞིན་ང་ཚོའི་ཚོགས་པར་དཀའ་ངལ་མང་པོ་འཕྲད་སྐབས་ནུས་པའི་འཇོན་ཚད་ཀྱིས་གདོང་ལེན་མཐའ་གཅིག་ཏུ་བྱས་ཏེ་གདུང་སེམས་མཉམ་བསྐྱེད་བྱས་ཡོད། དམིགས་བསལ་ལས་དོན་སྒྲུབ་ཕྱོགས་སྐོར་ནི། ས་གནས་བོན་གཞིས་སུ་གཞོན་ནུའི་དངུལ་གཉེར་ལོ་གསུམ་དང༌། རང་བདེན་ཚོགས་ཆུང་ནང་ལོ་གཉིས། ས་གནས་འཐུས་ཚོགས་ནང་དེ་སྔོན་ལོ་ལྔ་དང༌། ད་ཆར་བོན་གཞིས་ཆུ་སྒང་ས་རྒྱུན་གྱི་དངུལ་གཉེར་དང༌། དེ་བཞིན་ས་གནས་འཐུས་ཚོགས་ནང་དུ་ལས་དོན་སྒྲུབ་བཞིན་ཡོད་པའི་ལོ་རྒྱུས་སུ།

 

 

ཕྱི་ལོ ༢༠༠༩ ཟླ ༤ ཚེས ༡ ནས་ ༢༠༡༠ ཟླ ༢ ཚེས ༡༨ བར་གྱི་བོན་གཞིས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་བསྡོམས་སྙན་ཐོ།།

ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས ༡༨ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་དང༌། མི་ལོ་ལྔ་བཅུའི་འཇུག་བསྡོམས་མཛད་སྒོ་དང་འབྲེལ་དྲུང་ཆེ་མི་འཇིགས་དང། དངུལ་གཉེར་ཆོས་རྗེ། རྩིས་པ་ཚེ་རིང་གཡང་འཛོམས་བཅས་ས་རྒྱུན་རྣམ་པ་གསུམ་གྱིས་འགན་ཁུར་ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ཁང་གི་རྩེད་ཐང་དུ། སེར་སྐྱ་མི་མང་སློབ་ཕྲུག་བརྒྱ་ཕྲག་མང་པོ་ཚང་འཛོམས་ཀྱིས་བོད་མིའི་བདེན་མཐའ་མྱུར་དུ་གསལ་བའི་གསོལ་འདེབས་སྨོན་ལམ་དང་ལྷ་གསོལ་རྒྱས་པ་ཕུལ་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམག་དར་མཁའ་དབྱིངས་སུ་བསྒྲེངས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དེ་རྗེས་ས་གནས་མདོ་ཁམས་ཆུ་སྒང་གི་དྲུང་ཆེ་མཆོག་ནས་དུས་ཆེན་གྱི་ངོ་སྤྲོད་དང་སྲུང་རྩི་ཞུ་དགོས་པའི་དམིགས་ཡུལ་སོགས་ཀྱི་བཀའ་སློབ་གནང༌། དེ་བཞིན་དབུས་མདོ་ཁམས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀའ་ཁྱབ་གསལ་བསྒྲགས་རིན་པོ་ཆེ་སྒྲོག་རྒྱང་ཡང་ཞུས།

ཕྱི་ལོ་ ༢༠༠༩ ཟླ ༧ ཚེས་ ༦ ཉིན་ྋགོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་ཉིན་མོ་དང་འབྲེལ། བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབས་ཀྱི་གཞས་སྣ་འཁྲབ་སྟོན་པ་རྣམས་ལ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ངོས་ནས་གཟེངས་བསྟོད་གསོལ་རས་གྱ་ནོམ་པའང་ཕུལ་ཡོད།

བཙན་བྱོལ་དུ་གྱལ་ནས་མི་ལོ་ལྔ་བཅུའི་མཛད་སྒོའི་ཆ་ཤས་ལས་དབུས་ཆུ་སྒང་རྒྱུན་ལས་ནས་རྒྱན་ཤོག་འཚོང་རྒྱུ་བསྐུར་གནང་ལྟར་དེ་དོན་མ་ལྷག་པར་ཚང་མ་བཙོང་ཟིན་ནས་དངུལ་བབ་དབུས་ཆུ་སྒང་ལ་ཕུལ་ཡོད། དེ་བཞིན་ལྔ་བཅུའི་དུས་དྲན་རྟགས་ཅན་གྱི་སྟོད་གོས་དང༌། ཆུ་སྒང་ལོ་རྒྱུས་དེབ་འཕྲེང་གཉིས་པ་གྲངས་བཞི་སོགས་ཚོང་ཟིན་ནས་རིན་བབ་གང་དགོས་དབུས་ཀྱི་བཀའ་དགོངས་ལྟར་ཕུལ་ཡོད། ད་དུང་ས་གནས་རྒྱུན་ལས་ཕྱག་ཏུ་མི་ལོ་ ༥༠ དྲན་དེབ་ཁག་ཞིག་འཚོང་རྒྱུར་བསྡད་ཡོད་ཀྱང་རིང་མིན་ཚོང་ཐུབ་པའི་རེ་བ་ཡོད།

སྣེ་ལེན་ཞབས་ཞུ་སྐོར།

བོད་མི་མང་མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་དང༌། ས་སྐྱའི་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་རྣམ་གཉིས་བོན་གཞིས་སུ་འཚམས་འདྲིའི་གཟིགས་སྐོར་ཕེབས་སྐབས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ངོས་ནས་སྣེ་ལེན་གང་འགབ་ཞུས།

ཕྱི་ལོ་ ༢༠༠༩ ཟླ ༧ ཚེས ༡༧ ཉིན་བཙན་བྱོལ་བོད་གཞུང་གི་འོས་བསྡུ་ལས་ཁུངས་ཀྱི་སྐུ་ཚབ་ལུང་རྟོགས་ལགས་དང༌། དབང་འདུས་ལགས་རྣམ་གཉིས་བོན་གཞིས་ཐོབ་རྒྱལ་གསར་པར་འོས་བསྡུའི་ལས་དོན་གྱི་སྐོར་ལ་ཆེད་ཕེབས་སྐབས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ངོས་ནས་སྣེ་ལེན་ཟབ་རྒྱས་ཞུས།

ཕྱི་ལོ་ ༢༠༠༩ ཟླ ༧ ཚེས་ ༢༩ ཉིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཉམ་ཐག་ཅན་གྱི་མདོ་སྟོད་མི་མང་རྣམས་ཀྱི་དཀའ་ངལ་སེལ་ཆེད་ཧིན་སྒོར་ཁྲི་གཅིག་གསོལ་བསྩལ་གནང་བྱུང་བའི་ནང་ནས་བོན་གཞིས་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་རྣམས་ཚང་འཛོམས་གོ་བསྡུར་ཐོག་དངོས་ཡོད་ཉམ་ཐག་དཀའ་ངལ་ཅན་དྲུག་ལ་ཧིན་སྒོར་ཆིག་སྟོང་རེ་ཕུལ་པ་ལྟར། དོ་བདག་སོ་སོ་ནས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་འདི་ལྟ་བུའི་ལས་འགུལ་སྤེལ་གནང་བར་སྔགས་བརྗོད་དང་གུས་བརྩི་ཆེན་པོ་ཞུས་གནང་བ་དང༌། ད་དུང་མུ་མཐུད་འདི་ལྟ་བུའི་ལས་འགུལ་རབ་དང་རིམ་པར་སྤེལ་གནང་བའི་རེ་འདུན་ཡང་ཞུ་གནང་གི་འདུག

ཕྱི་ལོ་ ༢༠༠༩ ཟླ ༡༢ ཚེས་ ༡༠ ཉིན་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོར་ནོར་ཝེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་མཛད་སྒོ་དང་འབྲེལ། བོན་གཞིས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སུད་ཚོང་ཕེབས་སྐབས་སོགས་དང་བསྟུན་བཙན་བྱོལ་དུ་གྱལ་ནས་མི་ལོ་ལྔ་བཅུ་འཁོར་བར་རྒྱ་གར་གཞུང་དང་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུ་བའི་གནས་བྲིས་རྒྱ་གར་གྱི་གསར་ཤོག་མི་འདྲ་བ་དྲུག་ཙམ་ཐོག་འགྲེམས་སྤེལ་ཞུས་ནས། རྒྱ་གར་ཡུལ་མི་རྣམས་ལ་བོད་མིའི་གནས་སྟངས་སྐོར་དང་ལྷག་པར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་མ་འོངས་དུས་ད་ལྟ་སོགས་ཀྱི་ལས་དོན་བྱ་ཕྱོགས་སྐོར་གོ་རྟོགས་གང་ལེགས་སྤེལ་ཐུབ་ཡོད།

ས་རྒྱུན་གྱི་འཛིན་ཆས་ཡར་རྒྱས་བཏང་ཕྱོགས།

དབུས་ཆུ་སྒང་ནས་དེ་སྔོན་འཛིན་སྐྱོང་ཡར་རྒྱས་གཏོང་ཆེད་ཧིན་སྒོར་ཁྲི་གཅིག་གསོལ་རས་བསྩལ་གནང་བ་ནས། འཛིན་ཆས་ལྕགས་ཀྱི་ཆ་སྒམ་བང་རིམ་གསུམ་ཅན་གཅིག་དང༌། ཡིག་སྣོད་ཆ་ཚང་ཞིག ལས་ཤོག་དང་ལས་དམ་སྤོས་ལེགས་ཞིག དེ་མིན་འཛིན་ཆས་མཁོ་གལ་རིགས་ཆ་ཚང་དེང་དུས་མཐུན་པ་བཅས་ཉོས་ཐུབ་པ་བྱུང་ཡོད། 

ས་གནས་ལས་ཁུངས་སྐོར

ལས་ཁུངས་ལ་ཆ་བཞག་ན་ད་ལྟ་ས་གནས་ཆུ་སྒང་རྩིས་པ་ཚེ་རིང་གཡང་འཛོམས་ལགས་ཀྱི་སྐུ་ངལ་འཛེམས་མེད་ཐོག་གཡར་པོ་ཞུ་བཞིན་ཡོད་ནའང༌། མུ་མཐུད་འདི་ལྟར་གནས་ཐབས་དཀའ་བས་དེ་ལུགས་དབུས་མདོ་ཁམས་ཆུ་སྒང་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གང་དགོས་བཀའ་སློབ་ལམ་སྟོན་དང་རོགས་མགོན་རྒྱ་མི་ཆུང་བར་མཁྱེན་ཞུ་བཞིན་ཡོད། 

དེ་ལྟར་ས་གནས་འདིར་ད་བར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་ཐད་ལ་ཐུགས་ཁུལ་འགན་བཞེས་གནང་བའི་རྒན་རབས་རྣམ་པར་སྙིང་ནས་གུས་བཀུར་དང༌། མ་འོངས་པར་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བཀའ་ཁྱབ་ཇི་བྱུང་རྣམས་དང་བླངས་རྩ་འཛིན་གྱི་ལག་བསྟར་ལྷོད་མེད་ཞུ་རྒྱུ་སོགས། མདོར་ན་ཁམས་རིགས་ཀྱི་དཔའ་བོ་དཔའ་མོ་གཙོས་བོད་གངས་ཅན་པའི་དཔའ་རྒོད་ཁྲི་ཕྲག་མང་པོའི་ལང་ཕྱོགས་དང་མཐུན་པར་བྱས་པ་རྗེས་མེད་དུ་མི་འགྲོ་བའི་དམ་བཅའ་བརྟན་པོ་ཞུ་རྒྱུ་བཅས།

བོན་གཞིས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཡིག་ཚང་ནས་ཕྱི་ལོ ༢༠༡༠ ཟླ ༢ ཚེས ༡༨ ཉིན་ཕུལ།།