དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།91
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།91
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3205
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118072

Online (20 minutes ago): 6
Your IP: 38.107.179.237
,
Today: May 20, 2012

ཆུ་སྒང་དམག་སྤྱི་སོག་སྡེ་དཔོན་བེ་ཧུ་ནོར་བུ་ཚེ་རིང་གི་སྐུ་ཚེའིལོ་རྒྱུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཆུ་སྒང་དམག་སྤྱི་སོག་སྡེ་དཔོན་བེ་ཧུ་ནོར་བུ་ཚེ་རིང་གི་སྐུ་ཚེའི་ལོ་རྒྱུས།
སོག་སྡེ་དཔོན་ནོར་བུ་ཚེ་རིང་ནི་ཕ་རབས་བུ་རྒྱུད་ཡུལ་སོག་སྡེ་སྨད་མའི་དཔོན་རྒྱུད་ཡིན་པ་དེའི་གདུང་ལས་ཡབ་བེ་ཧུ་ཁྲི་བཙན་གྱི་སྲས་སུ་ཚོ་པ་སོ་དགུའི་ནང་དུ་སྐུ་འཁྲུངས་པ་དང༌། དགུང་ལོ་ཆུང་དུས་ནས་སོག་སྡེའི་ཡུལ་ལུང་འཁོར་འབངས་ཚང་མས་ཁོང་ལ་དད་མདུན་ཆེ་ལ་ཁོང་གིས་ཀྱང་འབངས་མི་སེར་གྱི་བདེ་སྡུག་ལ་གཟིགས་རྟོགས་གནང་ཐུབ་མཁན་གྱི་ཁམས་པའི་ཕོ་རྒོད་ཞིག་ཡིན། ཕྱི་ལོ་ ༡༩༥༨ ལོར་རྒྱ་དམག་རིམ་བཞིན་ཚོ་པའི་ཁུལ་དུ་ཇེ་མང་དུ་འགྲོ་བཞིན་པ་དང་བཙན་འཛུལ་བའི་དབང་ཤུགས་སྔར་བའི་ནུས་ཤུགས་ཆེ་རུ་ཕྱིན་ཏེ་ཚོ་པ་སུམ་བཅུ་སོ་དགུའི་ཁོངས་སུ་གོ་ལག་མཚོན་ཆ་ཡོད་ཚད་རྒྱ་ནག་གུང་ཁྲན་ལ་རྩིས་སྤྲོད་དགོས་སྐོར་གྱི་བཙན་བཀའ་བཏང་བར་ངོས་ལེན་མ་གནང་བ་དང༌། སྐབས་དེར་གངས་ཅན་དཔའ་བོའི་ཁྱུ་མཆོག་ཆུ་སྒང་དམག་སྤྱི་དཀར་རུ་དཔོན་ཚེ་དབང་སྟོབས་རྒྱལ་མཆོག་དང༌། སོག་སྡེ་དཔོན་ནོར་བུ་ཚེ་རིང༌། བོང་ཐ་དཔོན་ཨ་རུ་བརྟན་རབ། རྫ་དམར་དཔོན་ཞྭ་གྲ་འཆི་མེད། འབྲོག་ཤོག་དཔོན་སངས་རྒྱས་རྣམ་རྒྱལ་བཅས་གོ་བསྡུར་སྔ་རྗེས་གནང་ཏེ་འཆི་སྲོག་ལན་དགུ་ཆད་ཀྱང་གོ་མཚོན་རྩིས་རྒྱག་བྱ་རྒྱུ་མིན་པ་དང་བློ་ཐག་ནག་ཤར་རེ་བཅད་དེ་རྒྱ་དམག་ལ་འཐབ་རྒོལ་བྱ་རྒྱུར་འཇིགས་ཞུམ་ཙམ་ཡང་མེད་པར་བྱས་ཏེ། ༡༩༥༨ ལོ་ནས་ ༡༩༦༠ ལོའི་ལོ་འཇུག་པར་དྲག་པོ་དམག་གིས་འཐབ་རྒོལ་གྱིས་སྲོག་ཆགས་གཅན་གཟན་ལྟ་བུའི་རི་ལུང་ཁོ་ན་བརྒལ་ཏེ་ལོ་ཟླ་དུ་མ་འདས། སྐབས་དེར་སོག་སྡེའི་སྟོད་སྨད་བར་གསུམ་དུ་དཔོན་ནོར་བུ་ཚེ་རིང་གི་དབུ་ཁྲིད་ལམ་ཕྱོགས་སུ་འཁོར་འབངས་དཔོན་དམག་ཡོངས་སུ་རྫོགས་པ་ཤི་གསོན་ཇི་ལྟར་བྱུང་ཡང་མཉམ་གནས་ཡོང་རྒྱུར་བློ་ཐག་བཅད་དེ་ཕྱི་ལོ་ ༡༩༥༨ དང་ ༡༩༥༩ སོ་སོར་དཔོན་དམག་ཉུང་ཤས་ཙམ་ལས་མ་ལྷག་པར་འཐབ་འཛིང་རྒྱུན་མ་ཆད་པ་གནང༌། ཁྱད་པར་དུ་སོག་གད་དམར་དུ་རྒྱ་དམག་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེར་དཔོན་སྐུ་ངོ་མས་རྟ་དམག་ལྔ་བཅུ་ཙམ་ཁྲིད་དེ་དཔའ་ངར་ཆེན་པོས་ཉིན་མཚན་ལྟོས་མེད་གཡུལ་འགྱེད་གནང་སྐབས་རང་དམག་ལ་ཕམ་ཉེས་ཆེན་པོ་ཤོར་ཏེ་སོག་སྡེ་སྟོད་མའི་བློན་པོ་ཨ་ཆུང་སྒྲ་བླ་དང༌། སྤུན་མཆེད་དགའ་རབ་གཙོས་དཔོན་དམག་བཅོ་ལྔ་ལྷག་ཙམ་ཚེ་སྲོག་ཤོར། དེ་རྗེས་སོག་སྡེ་དཔོན་འཁོར་དང༌། དཀར་རུ་དཔོན་ཚེ་དབང་སྟོབས་རྒྱལ་དཔོན་འཁོར། བེ་རུ་ཚོ་པའི་བློན་པོ་དགྲ་བླ་མགོན་པོའི་སྲས་བེ་རུ་པདྨ་དབང་ཆེན་དང༌། བོང་ཐ་དཔོན་བཀྲ་རྣམ་དང༌། ཨ་རུ་བརྟན་རབ་བཅས་གོ་བསྡུར་བྱས་ཏེ་སོག་ཙན་དན་དགོན་པར་རྒྱ་དམག་འབོར་ཆེན་ཡོད་པ་གཏོར་རྒོལ་གཏོང་རྒྱུ་ཐག་བཅད་དེ་དཔོན་དམག་རྣམས་ཙན་དན་དགོན་པའི་ཕྱོགས་བཞི་མཚམས་བརྒྱད་མཐའ་བསྐོར་ཏེ་གཡུལ་འགྱེད་ཉིན་གསུམ་རིང་བསྟུད་མར་བྱས་པ་དང༌། རྒྱ་དམག་བསད་སྨས་ཀྱིས་སྐད་ངན་ཤོར་བཞིན་པ་དང༌། མཐར་རྩ་མེད་བཟོ་ཐུབ་རེ་ཡོད་ཙམ་ནས་གནམ་ཐོག་ནས་རྒྱ་དམག་གིས་མདའ་མཚོན་དང་གནམ་འབུམ་ལག་འབམ་སོགས་གཡུགས་ཏེ་རང་དམག་ལ་ཤི་གོད་བསམ་མི་ཤེས་པ་དེ་འདྲ་བྱུང་འདུག སྐབས་དེར་རྒྱ་དམག་དགོན་པའི་ཕྱི་རུ་དོན་མ་ཐུབ་པ་ཉིན་གསུམ་ལྷག་ཀྱང་ཕྱི་ཡི་རྒྱ་དམག་ལ་འབྲེལ་ལམ་ཏར་སྐུད་བཅད་གཏུབ་མ་ཤེས་པའི་རྐྱེན་གྱིས་ཛ་དྲག་གི་ཐབས་སྡུག་དེ་འདྲ་བྱུང་བ་ལས་དེ་མིན་དཔའ་བོའི་ཁྱུ་མཆོག་མི་རྗེ་ཁྱུང་དཀར་རྒྱལ་པོ་ཚེ་དབང་སྟོབས་རྒྱལ་ལ་སོགས་པའི་དཔའ་རྒོད་རི་གཟར་རྦབ་རྡོ་དང་འདྲ་བ་གདོང་ལེན་བྱེད་ཟླ་བྲལ་བ་མང་པོ་ཡོད་སྟབས་དགྲ་བོ་རྩ་མེད་འགྲོ་རྒྱུ་ལས་མ་འདས། བར་མཚམས་ཞིག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཕྱོགས་མཐར་ཡོད་པའི་དཔོན་དམག་ཚང་མ་སོག་འདམ་གཞུང་དུ་འཛོམས་དགོས་པའི་རེ་བསྐུལ་བྱུང་བ་ལྟར་ནོར་བུ་ཚེ་རིང་དཔོན་དམག་ལྷག་འཕྲོས་བཅུ་གཉིས་ཡོད་པ་དེ་སོག་འདམ་གཞུང་འདམ་ཆུ་ཁར་ཕྱིན་ཏེ་ཚོ་པ་སུམ་བཅུ་སོ་དགུ་དང༌། དེམ་ཆི་ཉི་ཤུ་རྩ་ལྔ། འགུ་ལོག། འབར་ལམ་གཉིས། མཁར་ཁོ་པ། ཨ་མདོ་བཅས་ཀྱི་དམག་མི་སྟོང་ཕྲག་བདུན་ཙམ་ཡོད་པའི་དམག་སྒར་འདུ་འཛོམས་བྱུང་སྟབས་དམག་སྤྱི་བདུན་བསྐོ་བཞག་བྱས་ཁོངས་ནས་སོག་སྡེ་དཔོན་བེ་ཧུ་ནོར་བུ་ཚེ་རིང༌། རྫ་དམར་དཔོན་ཞྭ་གྲ་འཆི་མེད། འབྲོག་ཤོག་དཔོན་སངས་རྒྱས་རྣམ་རྒྱལ་བཅས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་དམག་སྤྱིའི་གོ་གནས་འབུལ་བཞེས་མཛད། དེ་ནས་ཆུ་སྒང་དཔོན་དམག་ཚོས་བང་ཆེན་བཏང་སྟེ་སོག་འདམ་གཞུང་དུ་ཨ་རིའི་གོ་ལག་མཚོན་ཆ་གནམ་ཐོག་ནས་གཡུག་ཡོང་གི་ཡོད་པའི་གསང་བརྡ་འབྱོར་བ་ལྟར་ ༡༩༦༠ ལོའི་བོད་ཟླ་ ༡ ཚེས་ ༡༥ མཚན་མོ་ལྕི་བ་སྐམ་པོར་དབྱིན་ཡིག་བྲིས་ཏེ་མེ་སྤར་བ་དང༌། ཕྱི་ནས་ཕྱོགས་བཞི་མཚམས་བརྒྱད་ལ་རྟ་དམག་སུམ་བཅུ་རེ་བསྲུང་སྐྱོབ་ཆེད་དུ་བསྐོར་ཏེ་ངང་སྒུག་ཞུས་སྐབས་མཚན་མོ་ཆུ་ཚོད་ ༡༡ ཙམ་ནས་གནམ་གྲུ་ཞིག་འཕུར་ཡོང་བ་དེས་མེ་འབར་གསང་བརྡའི་ཕྱོགས་སུ་བསྐོར་བསྐྱོད་ལན་གཅིག་བྱས་ཏེ་གོ་ལག་མཚོན་ཆའི་རིགས་ལྔ་ཤམ་མདེའུ་ལྔ་འགྲོ་ཅན་དང༌། ཇུས་ཀམ་མདེའུ་ ༢༢ འགྲོ་མཁན། མེ་སྒྱོགས་གནམ་བླུགས་ཅན་དང༌། འཕྲད་བླུགས་ཅན། འཕྲུལ་མདའ། ལག་འབམ་ལ་སོགས་གོ་ལག་གི་རིགས་དང༌། འགུ་ལོག་འཇམ་དཔལ་རྒྱ་མཚོ་སོགས་དགེ་རྒན་བཞིའི་ལྷན་དུ་རྒྱལ་བའི་བཀའ་ཡིག་དང་སྐུ་དཔར་བཅས་ཏེ་གཡུག་བྱུང༌། སྐབས་དེར་དམག་མི་དཀྱུས་མ་རེར་མདེའུ་ལྔ་འགྲོ་ཅན་གྱི་མེ་མདའ་དང༌། མདེའུ་ ༢༠༠ རེ། ལག་འབམ་བཅས་འདེང་ངེས་ཤེས་པ་ཆ་བགོས་གནང༌། བཅུ་དཔོན་རེ་ལ་མདེའུ་ ༢༠༠ དང༌། ཇུས་ཀམ། བརྒྱ་དཔོན་ལ་ཐུང་མདའ་རེ་ལྷག་མ་སྤྲད། དམག་སྤྱི་ལའང་ཐུང་མདའ་རེ་དང་གསེར་ཀྲམ་ཁ་ཤས་སྤྲད་པའི་ལོ་རྒྱུས་ཡོད་འདུག་ དེ་ནས་ཟླ་བ་གཅིག་ཙམ་གོ་ལག་བེད་སྤྱོད་བྱ་ཕྱོགས་ཀྱི་སྦྱོང་བརྡར་བྱས་པ་དང༌། ཡང་བསྐྱར་བོད་ཟླ་ ༢ ཚེས་ ༡༥ ཉིན་སྔོན་མའི་གསང་བརྡ་ལྟར་སླར་ཡང་གནམ་གྲུ་གཉིས་ནང་མཚོན་ཆ་ཕུན་སུམ་ཚོགས་པ་འབྱོར་བྱུང་བ་དང༌། དེ་དང་མཉམ་དུ་འདམ་གཞུང་དུ་འགུ་ལོག་འཇམ་དཔལ་རྒྱ་མཚོ་སོགས་དང་པོ་མི་བཞི་གཡུགས་ཟིན་པ་དང༌། སྐབས་འདིར་ཡང་བསྐྱར་མི་བཞི་གནམ་ཐོག་ནས་གཡུག་འདུག  སྔོན་ནས་དགེ་རྒན་བཞི་ལྕགས་ར་སྤེན་འབར་ནས་འབྱོར་ཡོད་པ་བཅས་ཁྱོན་དགེ་རྒན་ ༡༢ ཡོད་པས་དཔོན་དམག་རྣམས་བློ་སྟོབས་ལྷག་པར་འཕེལ་ཏེ་ད་ནི་དམག་དོན་ལས་འགུལ་ཇི་ལྟར་སྤེལ་ནའང༌། གོ་ལག་ཆ་དང༌། དམག་མི་བཅས་དགྲ་བོར་ཁ་གཏད་བྱེད་ཐུབ་ངེས་ཡོད་པའི་སྤོབས་པ་ཆེན་པོའི་ཐོག་འགུ་ལོག་དང་ལྷོ་པ་སྤྲུལ་སྐུའི་དམག་སྒར་གྱིས་རྫ་སྟོད་དུ་ཡོད་པའི་རྒྱ་དམག་ལ་གཡུལ་འབྱེད་བྱ་རྒྱུ་དང༌། བོང་ཐ་དང༌། འབྲོག་ཤོག སོག་སྡེ་བཅས་ཀྱིས་ཙན་དན་དགོན་དུ་ཡོད་པའི་རྒྱ་སྒར་ལ་གཡུལ་འབྱེད་བྱེད་རྒྱུ། རྫ་དམར་ཞྭ་གྲ་འཆི་མེད་དཔོན་དམག་རྣམ་པས་ལྷ་རིའི་རྒྱ་སྒར་གཏོར་རྒོལ་བྱ་རྒྱུའི་འཆར་འགོད་བྱས་ཀྱང་དགྲ་ལ་ཕར་མ་ཆས་གོང་རྒྱ་དམག་གིས་སོག་འདམ་གཞུང་དམག་སྒར་དེར་གོ་ཕྱི་ནང་རིམ་པ་གསུམ་སྐོར་ཏེ་སོག་ཆུ་ཁའི་ཆུ་སྒང་དམག་སྒར་དུ་རྒྱ་མིས་བང་ཆེན་ཞིག་བཏང་འདུག་པ་དེས་བཤད་དོན། ཁྱོད་ཚོས་གསོན་ལམ་དང་ཤི་ལམ་གང་དུ་འགྲོ་རྒྱུ་ཡིན་མིན་གདམས་ག་གྱིས། ང་ཚོས་གོ་ཕྱི་ནང་རིམ་པ་གསུམ་བསྐོར་ཏེ་ཐར་ས་མེད། དེ་དོན་ལན་གསལ་ཡོད་པ་ཞེས་བཤད་སྟབས་འཐབ་འཛིང་གཡུལ་འབྱེད་ཁོ་ན་བྱ་རྒྱུ་ལས་མགོ་བརྒུལ་བསམ་མཁན་དཔོན་དམག་གཅིག་ཀྱང་བྱུང་མི་འདུག ཉིན་ཤས་རྗེས་སོག་སྨད་རྒྱ་གར་ར་མ་ངོ་ན་རུ་རྒྱ་དམག་འབོར་ཆེན་འབྱོར་ཡོད་སྟབས་དམག་ཤོག་རེ་ནས་རྟ་དམག་ལྔ་བཅུ་རེ་བསྡུས་ཏེ་དགྲ་བོར་ཁ་གཏད་བཅར། ཕྱི་ཉིན་ཞོགས་པ་ཆུ་ཚོད་ ༨ པ་ཙམ་ནས་རྒྱ་མིའི་གནམ་གྲུ་ཆེན་པོ་ཞིག་ཡོང་སྟེ་འགའ་ཧོང་ཤ་ནར་ཟེར་བའི་ས་ཆར་ཡོད་པའི་དམག་སྒར་ལྟེ་བ་དང༌། དམར་པོའི་རྟ་ངོགས་ཟེར་བའི་ས་ཆར་ཡོད་པའི་དམག་སྒར་ལྟེ་བ་གཉིས་ལ་གནམ་འབམ་རྒྱུན་མ་ཆད་པར་གཡུགས་ཏེ་ཉེན་ཁ་ཤིན་ཏུ་ཆེན་པོ་བྱུང་ནའང་ཕྱི་ནུད་མེད་པ་མུ་མཐུད་འཐབ་འཛིང་ཁོ་ནར་བྱས་སྟབས་རང་དམག་ལ་སྐྱོན་ཆེར་མ་བྱུང༌། སྔ་དྲོ་ཆུ་ཚོད་ ༡༠ པ་ཙམ་ནས་རྒྱ་མིའི་གནམ་གྲུ་ཆུང་བ་ ༤ འཕུར་ཡོང་སྟེ་དགོང་མོ་ཆུ་ཚོད་ལྔ་པ་ཙམ་བར་དུ་ལག་འབམ་དང༌། གནམ་འབམ་གྱིས་དམག་སྒར་ཡོངས་རྫོགས་ནང་ཟང་ངེ་ཟིང་ངེ་བྱུང་སྟེ་དགྲ་བོར་ཁ་གཏད་བཅར་རྒྱུ་ཕར་བཞག་བྲོས་ལམ་མ་རྙེད་པ་ལྟ་བུ་ཆགས་པ་དང༌། དམག་དཔུང་ཁ་འཐོར་དགུ་འཐོར་དུ་འགྲོ་དགོས་པ་བཟོས་ཀྱང་དམག་མི་ཉུང་ཤས་ཙམ་ལས་མང་ཆེ་བར་སྲོག་ཉེན་ལས་ཐར་ཙམ་བྱུང་འདུག དེའི་དགོང་མོར་ཨ་རི་ནས་ཕེབས་པའི་དགེ་རྒན་ཚོར་ཐབས་ལམ་ཇི་ཡོད་ཀྱི་ལམ་སྟོན་ཞུས་པར། ད་ནི་བྱེད་ཐབས་ཚང་མ་ཟད་དེ་རང་མགོ་ཇི་ཐོན་ལྟ་རྒྱུ་དང་ཚང་མ་བྱང་ཐང་དུ་འགྲོ་ཐུབ་པ་བྱ་དགོས། གོ་ལག་མཚོན་ཆ་ལྷག་མ་ཡོད་ཚད་མེ་ལ་རྒྱབ་སྟེ་གཙང་མ་བཟོ་དགོས་ཤེས་བཀའ་གནང་བ་ལྟར་དམག་དཔུང་ཕྱོགས་སོ་སོར་རང་འགོ་ཇི་ཐོན་གྱིས་བྲོས་འཐབ་ཅི་རིགས་ཀྱིས་ཟླ་ཤས་ཕྱིན་ཀྱང་ཕྱོགས་གང་དུ་ཐོན་ཀྱང་རྒྱ་དམག་གིས་ཐར་ས་མེད་པ་ལྟ་བུའི་དཔོན་དམག་ཚོ་འདས་གསོན་ཇི་འོང་སུས་ཀྱང་བཤད་དཀའ་བར་གྱུར། སྐབས་དེར་སོག་སྡེ་དཔོན་ནོར་བུ་ཚེ་རིང་དཔོན་དམག་ཉུང་ཤས་ཤིག་སོག་གཞུང་བརྒྱུད་ཁྲམ་བུ་ཟེར་བའི་ལུང་ཕུག་ཏུ་ཕྱིན་ཏེ་བཞུགས་པ་དང༌། ཁྲམ་ཕུ་ལུང་པའི་ཕུ་ནི་སྲིད་པའི་གངས་རྒན་ཆགས་པའི་རྩུབ་རི་གཡང་གཟར་ཅན་ཡིན་པ་དང༌། གངས་ཆགས་དེ་ནི་སྐྱེ་འགྲོ་སུ་ཞིག་གིས་བརྒལ་ཐུབ་ཐབས་མེད་པ་ལྟ་བུ་ཞིག་ཡིན་སྟབས་རྗེས་གཅོད་རྒྱ་དམག་དང་ལྷན་དུ་ཉིན་གྲངས་ཉི་ཤུ་རྩ་གྲངས་ལ་གཡུལ་འགྱེད་བྱས་པ་དང༌། རྒྱ་རོ་ཁྲོམ་ཕུ་ལུང་པའི་ནང་མི་ཤོང་བ་ལྟར་བཟོས་ཀྱང་རང་དམག་དཔོན་གཡོག་ཁ་ཤས་ཙམ་ལས་ཕལ་ཆེར་དགྲ་ལག་ཏུ་ཚེ་སྲོག་ཤོར། སོག་སྡེ་དཔོན་ནོར་བུ་ཚེ་རིང་དཔོན་གཡོག་གསོན་ལྷག་རྣམས་ཀྱིས་མདའ་མཚོན་མ་རྫོགས་བར་དགྲ་བོར་འཐབ་འཛིངས་བྱས་ཀྱང་ཕན་ཐོག་ཆེར་མ་བྱུང་བར་རྒྱ་དམག་གིས་དཔོན་ནོར་བུ་ཚེ་རིང་གི་ཕྱག་དང༌། ཞབས་གཉིས་ལ་མེ་མདའ་རྒྱབ་ཏེ་ ༡༩༦༠ ལོར་འཛིན་བཟུང་བྱས་ཏེ་ ༡༩༨༢ ལོ་བར་བཙོན་འཇུག་བྱས། དེའི་བར་སྐབས་ཤིག་ལ་རྒྱ་ནག་ཏུ་ཁྲིད་དེ་མའོ་ཙེ་ཏུང་དང་ཐུག་འཕྲད་བྱས་འདུག མའོ་ཙེ་ཏུང་གིས་ཟེར་ན་དམག་སྦྱོང་ཉིན་གཅིག་མེད་པའི་མི་ཆུང་འདིའི་སྟོབས་ཤུགས་ནི་ཡ་མཚན་སྐྱེ་དགོས་པ་ཞིག་མ་རེད་དམ་ཞེས་དྲི་བ་དང་བལྟད་མོ་བལྟ་དགོས་པའི་སྙན་གྲགས་ཅན་དུ་གྱུར་ཡོད། ཁོང་ནི་རྗེས་སུ་སྲིད་བྱུས་གུ་ཡངས་ཟེར་བའི་དུས་ཚོད་ཤར་དུས་བཙོན་ཁང་ལས་ཐར་རྗེས་རང་ཡུལ་དུ་ཕེབས་སྐབས་སྲས་པོ་གཅིག་དང༌། སྲས་མོ་ཞིག་ཡོད་པར་ཐུག་འཕྲད་གནང་བ་མ་ཟད། བཙོན་ཁང་དུ་བཞུགས་རིང་ཚེ་རོགས་སྐྱེ་དམན་དེ་ནི་རྒྱ་མིའི་དམག་མི་ཞིག་དང་བཟའ་ཚང་བྱས་ཏེ་བསྡད་ཡོད་ཀྱང་ཁོང་བཙོན་ཁང་ལས་ཐར་དུས་མོ་ལ་ཐུག་འཕྲད་དུ་ཕྱིན་པ་དང༌། དུས་ཚོད་གང་མཚམས་ཞིག་དཔོན་མོའི་ནང་དུ་བཞུགས་སྐབས་རྒྱ་མིའི་པུ་ལི་སི་ཡིན་པའི་བོད་རིགས་དེ་དང་ནག་མོ་གཉིས་ལྐོག་མཐུན་བྱས་ཏེ་དཔོན་ནོར་བུ་ཚེ་རིང་ལ་དུག་དྲངས་ཏེ་དཀྲོངས་པ་རེད་ཅེས་དམངས་ཁྲོད་དུ་ཡོངས་ཁྱབ་འདུག་པ་དངོས་བདེན་ཇི་ཡིན་མི་ཤེས། སོག་སྡེ་དཔོན་ནོར་བུ་ཚེ་རིང་དང་ལྷན་ཏུ་གཡུལ་འགྱེད་ནང་ཕེབས་མཁན་གྲས་བོང་ཐ་བརྒྱ་དཔོན་ལྷ་གདོང་བཀྲ་རྣམ་དང༌། བཅུ་དཔོན་ཨ་རུ་དར་མོ། ཨ་རུ་རྡོ་དཀར། བ་དཔའ་རྒན། འབྲུ་ཞིག་རྒྱལ་བློན། འབྲུག་རྟགས་བུ་འཆི་མེད། ལྷ་གདོང་རྒྱལ་གཉེར། ལྷ་གདོང་གསེར་གཡུ། ཨ་རུ་བོན་སྐྱབས་བཅས་ཡོད་པ་ནས་དཔའ་བོ་བརྒྱ་དཔོན་བཀྲ་རྣམ་ནི་སོག་འདམ་གཞུང་དུ་གཡུལ་འཁྲུགས་ཀྱིས་ཛ་དྲག་ཅི་ཆེའི་སྐབས་དཔའ་བོ་ཉིད་དོམ་ནག་ཁྲག་གིས་བཟི་བ་ལྟར་རྒྱ་དམག་ཐོག་འཇིགས་སྣང་ཉམས་ང་ཙམ་མེད་པ་གདོང་མཆོང་བྱེད་སྐབས་དགྲ་བོས་ཕྱོགས་བཞི་ནས་མདའ་རུབ་རྒྱབ་ཏེ་སྲོག་ཉེས་སུ་ཤོར། ཕྱིས་སུ་ཁོང་གི་སྐུ་ཚབ་ལྷ་གདོང་གསེར་གཡུ་བརྒྱ་དཔོན་དུ་བསྐོ་བཞག་གནང་འདུག འཕྲོས་དཔའ་བོ་བརྒྱད་པོ་དེ་རྒྱ་དམག་ལ་མགོ་བཏགས་མ་ཞུས་པར་ ༡༩༦༠ ལོའི་བོད་ཟླ་ ༨ ཚེས་ ༡༥ ཉིན་འདམ་ཆུ་ཁ་ནས་བྱང་ཕྱོགས་ཨ་མདོ་སྟོད་མ་དང༌། བྱང་རྒྱུད་ཁོ་ནར་འགྲེམས་ཏེ་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་འདུག་པ་ནས་ཨ་རུ་རྡོ་དཀར་དང༌། འབྲུ་ཞིག་རྒྱལ་བློན། འབྲུག་རྟགས་བུ་འཆི་མེད་བཅས་ད་ལྟ་ལ་དྭགས་སུ་གསོན་པོར་བཞུགས་ཡོད། དཔའ་ངར་ཤིན་ཏུ་ཆེ་བའི་བོང་ཐ་དཔོན་ཨ་རུ་བརྟན་རབ་འཁོར་དང་བཅས་པས་ཙན་དན་དགོན་དུ་ཡོད་པའི་རྒྱ་དམག་དང་གཡུལ་འགྱེད་བློ་ཡིད་ཚིམ་དགོས་པ་ཞིག་བྱས་ཀྱང་མཐར་དགྲ་བོས་གནམ་ཐོག་ནས་གཏོར་རྒོལ་ཚབ་ཆེ་བྱས་པས་རང་དམག་རྣམས་བྲོས་འཐབ་ཅི་རིགས་ཀྱིས་ཕྱི་འཐེན་བྱས་ཏེ་གཟུར་ཙམ་གནང་བ་དང༌། དེ་རྗེས་སྨྱུང་ཁམས་བཞེས་ཏེ་དམག་སར་ཕེབས་མ་ཐུབ་པར་བརྟེན་རྒྱ་མིས་འཛིན་བཟུང་བཙོན་འཇུག་ཤོར་ཏེ་བཙོན་ཁང་དུ་འདས་གྲོངས་སུ་གྱུར། མདོར་ན་སོག་འདམ་ཆུ་ཁར་ཆུ་སྒང་དཔོན་དམག་སྟོང་ཕྲག་བདུན་ཙམ་འདུ་འཛོམས་བྱས་ཏེ་དགྲ་རྒོལ་འདོད་བློ་ཁེངས་པ་ཞིག་བྱུང་ནའང་རང་དམག་བརྒྱ་ཆ་བདུན་བཅུ་དོན་ལྔ་ལྷག་གཡུལ་སར་ཚེ་སྲོག་ཤོར་ཏེ་ཕམ་ཉེས་བྱུང་བ་ལྟ་བུ་གྱུར་འདུག་ཀྱང་སོག་འདམ་ཆུ་ཁའི་དམག་སྒར་གཏོར་རྒོལ་ཆེད་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱ་དམག་ཁྲི་བརྒྱད་བཏང་ཡོད་འདུག་པ་ནས་ཁྲི་གསུམ་ལྷག་ཙམ་མ་གཏོགས་རྒྱ་ཡུལ་དུ་ཕྱིར་ལོག་མ་ཐུབ་པའི་ལོ་རྒྱུས་རྒྱ་ནག་ཡིག་ཚང་དུ་འཁོད་ཡོད་འདུག་པ་བཅས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆུ་སྒང་གཙོ་འཛིན་ཁྱུང་དཀར་ཕག་མགོན་ཚང་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་བྲིས།