སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ཞུ།
༄༅། །སྲིད་ཞིའི་གཙུག་རྒྱན་༸གོང་ས་༸ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་པད་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་མངོན་པར་མཐོན་པོའི་དྲུང་དུ།
མི་ཕྱེད་དད་པས་སོར་བཅུའི་འདབ་མ་སྤྱི་བོར་བརྒྱན་ཏེ་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་ཞུ་གསོལ་འདེབས་སྙིང་། ལུགས་གཉིས་ཀྱི་མཁྱེན་དཔྱོད་རབ་ཏུ་སྤྲོ་ཞིང་གདུལ་བྱ་ཡིད་ཅན་དག་འཁོར་བ་དུ་ཁའི་སྨག་མུན་སེལ་བའི་ཐུགས་རྗེའི་ཚ་ཟེར་འཇིག་རྟེན་ཁམས་སུ་ཉིན་རེ་བཞིན་ཇེ་གསལ་དུ་ཕེབས་བཞིན་སྐུ་ཡི་གཟི་མདངས་ཉམ་མེད་འཚོ་ཞིང་བཞུགས་པ་འགྲོ་བ་སྤྱི་དང་། རང་ཅག་ཁ་བ་རི་པའི་བསོད་ནམས་ཀྱི་བགོ་སྐལ་དམ་པར་མཆིས། མཚམས་སུ་སྐྱབས་ཞུ་ནི། ཉེ་བའི་ཆར་བོད་མདོ་ཁམས་སྐྱེ་རྒུའི་ཁུལ་དུ་འཇིགས་སུ་རུང་བའི་རང་བཞིན་ས་ཡི་འགུལ་ཤུགས་ཀྱིས་མི་ཤི་རྒྱུ་གྱོང་གི་གོད་ཆགས་བསམ་ཡུལ་ལས་འདས་པ་བྱུང་བ་བརྙན་འཕྲིན་བརྒྱུད་ནས་མཐོང་ཐོས་བྱུང་བ། ཡུལ་ཤུལ་གྲོང་ཁྱེར་ནི་སྤོས་རྒྱ་གདབ་པ་སྟེ་སྤོས་ཐལ་དབྱེ་མི་ཤེས་པ་ལྟ་བུའི་མིག་གིས་བལྟ་མི་བཟོད་པ་དང་། རྣ་བའི་ཉན་མི་འདོད་པའི་བམ་པོའི་རི་བོ་དང་། རག་ཏའི་རྒྱ་མཚོ་འཁྱིལ་བའི་གོད་ཆགས་བྱུང་འདུག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེས་སྐྱབས་འོག་ནས་དུས་ནམ་ཡང་མི་འདོར་བ་ཞུ་རྒྱུ་དང་། ད་ལམ་ཕྱི་ལོ་ ༢༠༡༠ ཟླ ༥ ཚེས ༡༡ རེས་གཟའ་མིག་དམར་བདུན་ཚིགས་བཞི་པའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་སོང་བ་དེ་དག་གི་གཙོས་ནམ་མཁའི་ཁྱབ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་ཆེད་རྟེན་མཆོག་སྤྱན་སྔར་སྨོན་ལམ་གསོལ་འདེབས་མཆོད་འབུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པས་ཐུགས་རྗེས་བྱིན་གྱི་རློབས་པའི་ཕྱིར་འདི་ཕྱི་གཏན་གྱི་སྐྱབས་ཡུལ་༸གོང་ས་མཆོག་ཚོགས་མགོན་དུ་ཞབས་ཟུང་པད་མའི་རེ་ཁ་ཁྱུག་ཙམ་ཞིག་བསྒྱུར་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ཞུ་ཞུ་ཞུ། ཞུཞུ་ཞུ་ཞུ། ཞུ་ཞུ་ཞུ། མཁྱེན་མཁྱེན་མཁྱེན། མཁྱེན་མཁྱེན་མཁྱེན། མཁྱེན་མཁྱེན་མཁྱེན།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ཟླ ༥ ཚེས ༣ ལ་གུས་ཕྱགས་དང་བཅས་ཏེ་ཕུལ།
















