གསལ་བསྒྲགས།
རང་རིགས་བྱེས་འཁོད་རྒྱ་ཆེའི་མི་མང་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་ཡུལ་ཤུལ་ཁུལ་དུ་འཇིགས་སུ་རུང་བའི་རང་འབྱུང་ས་ཡོམ་ཤུགས་ཆེན་ཐེབས་ཏེ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མི་ཤི་རྒྱུ་གྱོང་གི་གོད་ཆགས་བསམ་ཡུལ་ལས་འདས་པ་ནི། རོ་ཡི་རི་བོ་བརྩེགས་པ་དང་། ཁྲག་གི་རྒྱ་མཚོ་འཁྱིལ། ཡུལ་གྲོང་ཁང་པའི་ཁྱིམ་ཤུལ་ཐམས་
ཅད་ཇི་ལྟར་ཡིན་མིན་ངོས་འཛིན་མི་ཤེས་པའི་རྩ་འཐོར་དགུ་འཐོར་དུ་སོང་བ་དེ་དག་མཐོང་ཚེ་མིག་ཆུ་དབང་མེད་དུ་ཤོར་རྒྱུ་ལས་མ་འདས། ང་ཚོ་བྱེས་སུ་འཁོད་པའི་བོད་མི་ཚོ་ས་གནས་ཡུལ་ཤུལ་དུ་ཕྱིན་ཏེ་རོགས་རམ་བྱ་ཐབས་དབེན་ནའང་༸སྤྱི་ནོར༸གོང་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་བླ་སྤྲུལ་རྣམ་པ་ཡོངས་སུ་རྫོགས་པ་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་ཟིལ་པ་ཕྲོམ་མེར་བཞུགས་ཡོད་པ་དང་། སྐྱབས་ཡུལ་དགེ་འདུན་རྒྱ་མཚོའི་ཐུགས་རྗེ་བླ་ན་མེད་པའི་དྲིན་གྱིས་བསྐྱངས་ཡོད་པར་བརྟེན། འདས་གསོན་དེ་དག་སྐྱབས་པའི་ནུས་པ་སྐྱབས་གནས་ལས་ལྷག་པ་ཞིག་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཁག་གིས་ས་གནས་སོ་སོར་སྨོན་ལམ་གསོལ་འདེབས་དང་ཚོགས་བསགས་མཆོད་འབུལ་རྒྱ་ཆེ་གནང་དང་གནང་བཞིན་པ་དང་། གཤིན་པོར་སྨན་པའི་ཧ་ཅང་གི་དུས་ཚིགས་གནད་འགག་ཅན་དང་སྟབས་བསྟུན་ཏེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་ཞེ་དགུའི་བདུན་ཚིགས་བཞི་པ་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས ༡༡ རེས་གཟའ་མིག་དམར་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྨོན་ལམ་མཆོད་འབུལ་གསོལ་འདེབས་ཚོགས་གསོག་གི་ལས་རིམ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པས་དེ་ཉིན་རང་རིགས་སེར་སྐྱ་མང་ཚོགས་དང་། སྐྱེ་རྒུར་ས་ཡོམ་གོད་ཆགས་རྐྱེན་ངན་འོག་ལྷུང་བའི་འདས་གསོན་རྣམས་ལ་གདུང་སེམས་མཉམ་བསྐྱེད་གནང་མཁན་ཡོངས་རྫོགས་མཉམ་ཞུགས་ཡོང་བའི་རེ་བསྐུལ་དང་བཅས་ཡོངས་ཁྱབ་གསལ་བསྒྲགས་སུ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ཟླ ༤ ཚེས ༢༨ ལ།
















