གསལ་བསྒྲགས།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས ༡༤ ཞོགས་པ་ཆུ་ཚོད་ ༥་༣༩ དང་། ཡང་ཆུ་ཚོད་ ༧། ༤༩ བོད་མདོ་ཁམས་སྐྱེ་དགུ་ཁོག་ཏུ་འབྱུང་བའི་ནུས་པས་འཇིགས་སུ་རུང་བའི་ས་གཞི་གཡོ་འགུལ་ཤུགས་ཆེར་བྱུང་བ་དང་། དེ་རྗེས་མུ་མཐུད་རང་བཞིན་ས་ཡི་གཡོ་འགུལ་ཐེངས་མང་ཐེབས་ཏེ་ཉུང་མཐའ་མི་འབོར་ ༣༠༠༠ ལྷག་ཙམ་རྐྱེན་འདས་སུ་གྱུར་པ་དང་། ཁྲི་ཕྲག་མང་པོར་རྨས་སྐྱོན་ཚབ་ཆེན་པོ་ཕོག་སྟེ་མི་ཤི་རྒྱུ་གྱོང་གི་གོད་ཆག་བསམ་ཡུལ་ལས་འདས་པ་དང་ཡ་ང་བའི་གནས་ཚུལ་ཐོན་བཞིན་པ་སྐྱབས་ཐབས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ཁང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ ༤ ཚེས་ ༡༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ནང་གསལ། རང་རིགས་བྱེས་འཁོད་མི་མང་སྤྱི་དང་། བྱེ་བྲག་ཏུ་འཛམ་གླིང་གང་སར་གནས་་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཁག དེ་བཞིན་ཁམས་རིགས་མི་མང་ཡོངས་ཀྱིས་མ་བསྐུལ་དང་བླངས་ཀྱིས་འདས་པོ་དེ་དག་དང་། རྨས་སྐྱོན་ཕོག་པ་དེ་དག་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མཆོག་ཡང་དག་ཏུ་འདྲེན་ནུས་པའི་སྐྱབས་ཡུལ་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་བླ་སྤྲུལ་གང་ན་སུ་བཞུགས། སྐྱབས་གནས་དགེ་འདུན་གྱི་སྡེས་སྐྱབས་འོག་ནས་འཁོར་བ་དང་ངན་སོང་གྱི་གནས་སུ་དུས་ནམ་ཡང་མི་གཏོང་བའི་ཛ་དྲག་གིས་གསོལ་འདེབས་ཞུ་དགོས་པ་དང་། དེ་མཚུངས་འབྱུང་བའི་རྐྱེན་ངན་འོག་ནས་ཚེ་ལས་འདས་པ་དང་། རྨས་སྐྱོན་བྱུང་བ་དེ་དག་སྡུག་བསྔལ་ལས་སྐྱབས་ཐབས་ཡུལ་མཆོག་གནས་བཞི་ལས་ལྷག་པ་ཞིག་མེད་ཐབས་མེད་པས་ཚང་མས་དཀོན་མཆོག་ལ་སྐྱབས་ཐབས་ཀྱི་གདུང་འབོད་དང་། མཆོད་འབུལ་གསོལ་འདེབས་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་སུ། ཞེས་འཁོད་པ་ལྟར་བལ་ཡུལ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༤ ཚེས ༡༨ ཉིན་བལ་ཡུལ་མཆོད་འཇོར་གཞིས་ལས་ཁང་དུ་སེར་སྐྱ་མི་མང་སྟོང་ཕྲག་ལྷག་གདན་ཞུས་ཀྱིས་ཉིན་འགྱངས་རིང་སྨོན་ལམ་གསོལ་འདེབས་དང་། མ་ཎི་གསོག་སྒྲུབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་བ་དང་། དགོང་མོ་ཆུ་ཚོད་ ༥ པ་ནས་དབུ་བཙུགས་ཏེ་མཚན་མོ་ཆུ་ཚོད་ ༡༠།༣༠ བར་མཆོད་པའི་རྐྱེན་དང་བཀུར་བའི་ཞིང་མཆོག་བླ་ན་མེད་པ་བྱ་རུང་ཁ་ཤོར་གྱི་མདུན་དུ་འདས་པོ་དེ་དག་གྱི་ཆེད་དུ་འཇིག་རྐྱེན་འཁོར་བའི་མུན་པ་སེལ་བའི་གསལ་བའི་སྒྲོན་མེ་ཁྲི་ཕྲག་ལས་བརྒལ་བ་འདེགས་འབུལ་ཞུས་ཡོད་པ་དང་། ད་དུང་ཡང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནུས་ལྡན་སྤེལ་འཆར་ཡོད་འདུག་པ་ལྟར་མདོ་ཁམས་ཆུ་སྒང་སྤྱི་སྒེར་ཚང་མས་དུས་ཐོག་ཆར་པའི་ལས་འགུལ་སྤེལ་རིགས་འཕྲལ་དུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་སྙན་གསན་ཞུ་དགོས་པ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༤ ཚེས་ ༡༨ ལ་ཕུལ།།
















