མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོ་སྤྲོད།
དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས་འཆད་པ་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བོད་ནང་ཐོག་མར་ཇི་ལྟར་དབུ་བརྙེས་པ་དང༌། བཙན་བྱོལ་དུ་ཕེབས་རྗེས་ཀྱི་གསང་བའི་འཇབ་དམག་གིས་སྟོད་གློ་ཡུལ་བརྒྱུད་དགྲ་རྒོལ་ནུས་ཤུགས་ཇི་ལྟར་བྱུང་ཡང་མཐར་དམག་སྒར་འཐོར་ཞིག་སོང་བ། དམག་སྒར་ཉི་ཤུ་རྩ་གཉིས་ཀྱི་གནས་བབས། མཐར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བདེ་དོན་ལྷན་ཚོགས་ཀྱི་ངོ་བོ་བསྒྱུར་ཚུལ་བཅས་སྔོན་གླེང་སྔོན་དུ་བཏང་སྟེ་མུ་འཐུད་དེ་འཆད་རྒྱུ་ཡིན། རྒྱ་བོད་གཉིས་ཚ་ཞང་དང་མཆོད་ཡོན་གྱི་མིང་ཁུར་ཏེ་ད་ལྟའི་གུང་ཁྲན་སྲིད་གཞུང་ལ་མ་ཐུག་བར་ཆོས་སྲིད་ཟུང་འབྲེལ་ཁ་ལ་ཁྱེར་ཏེ་རང་རང་གི་ཉེ་འཁོར་དང༌། རང་གི་ཆོས་ལུགས། རྒྱ་དངུལ་དཀར་པོ། རྒྱ་ནག་གོས་ཆེན། རྒྱ་ནག་དཀར་ཡོལ་ལ་སོགས་པའི་རྒྱུ་ནོར་གྱི་ཁེ་ཕན་ཁོ་ན་མ་གཏོགས་བསམ་རྒྱུ་མེད་པའི་དཔོན་ངན་དབང་ཤུགས་དང་ལྡན་པ་དེ་དག་གིས་བོད་རྒྱལ་ཁབ་ཚོང་རྫས་ལྟ་བུའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་སྤྱི་ཡི་ཁེ་ཕན་རླབས་ཆེ་ཆུང་ཙམ་ལས་མུ་འཐུད་དེ་ཚོང་ཐབས་ཁོ་ནར་དམིགས་ཏེ་ཉམས་གུད་ཆེན་པོ་བཏང་བ་དང༌།
དེ་རྗེས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྟེ་བོད་ཀྱི་ལོ་རྒྱུས་ཐོག་མ་འོངས་པའི་མདུན་ལམ་བཟང་པོའི་སྒོ་ཆེན་ནམ་ཡང་ཕྱེ་རྒྱུར་དཀའ་ངལ་ཆེན་པོ་བཟོས་ཏེ་ད་ལྟའི་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་སེམས་ལ་ཚེར་མ་ཟུག་པ་ལྟ་བུའི་མི་བཟོད་པའི་སྡུག་བསྔལ་དང༌། བུ་རབས་ཚ་རྒྱུད་ཚོར་སེམས་ངལ་རྒྱུན་མར་གནས་དགོས་བཟོས་པའི་སྡིག་ཉེས་ཚབས་ཆེ་བསགས་མཁན་དེ་དག་ལ་སེམས་ན་བོད་མི་ཚོས་ཁོ་ཚོའི་གསོན་སྙིང་དྲོན་མོ་ཟོས་ཀྱང་མི་བཟོད་པའི་ལས་ངན་བསགས་ཡོད། རྒྱ་ནག་གུང་ཁྲན་གྱི་དམག་དཔུང་བོད་ནང་བཙན་འཛུལ་བྱས་ཏེ། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་པའི་བོད་མིའི་ཁྲག་རྒྱུན་ལས་བྱུང་བའི་སངས་རྒྱས་ཀྱི་བསྟན་པ་དང། ཐུན་མོང་མ་ཡིན་པའི་རིག་གཞུང༌། གོམས་གཤིས་དང་བཅས་པ་རྩ་བརླགས་ཤུལ་མེད་བཟོ་ཐབས། བོད་མིའི་འདི་ཕྱིའི་རེ་ས་སྐྱབས་གནས་བླ་སྤྲུལ་དགེ་འདུན་གྱི་སྡེ་རྣམས་དང༌། མི་རབས་ནས་མི་རབས་ངལ་བ་ཆེན་པོས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཕལ་ཆེར་དགེ་ཕྱོགས་སུ་དམིགས་ཏེ་བཞེངས་བསྐྲུན་གནང་བ་གྲངས་ལས་འདས་པའི་སྐུ་གསུང་ཐུགས་རྟེན་གང་ན་ཅི་མཆིས། བོད་རྒྱལ་ཁབ་ཀྱི་མངའ་ཐང་དང༌། རིན་ཐང་བྲལ་བའི་བོད་ཀྱི་ས་བཅུད་དང་ཡུལ་བཅུད་ཀྱི་གཏེར་ཁའི་རིགས། ཕ་མེས་མི་རབས་དུ་མར་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཡོངས་རྫོགས་ཟ་སེམས་འདོད་རྔམ་གྱི་དུག་ཆུས་རབ་ཏུ་མྱོས་པའི་རྒྱ་ནག་གུང་ཁྲན་གྱིས་བོད་མིའི་ལུས་ཐོག་ཏུ་དྲག་པོའི་དམག་གི་མཚོན་ཆའི་དྲག་ཆར་ཕབ་སྟེ་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱང་གནས་ཐབས་མེད་པ་ལྟ་བུའི་ཛ་དྲག་ཅི་ཆེའི་བྱ་སྤྱོད་ངན་པའི་འོག་རྨི་ལམ་ཙམ་ཡང་བཏང་མ་མྱོང་བའི་བོད་ཡུལ་མདོ་ཁམས་ཁུལ་དུ་ཕྱི་ལོ་ ༡༩༥༦ ལོ་ནས་བོད་མིའི་ལུས་སེམས་གཉིས་ཀྱི་ཐོག་བཙན་གནོན་དྲག་ཤུགས་ཁོ་ནར་བརྟེན་ཏེ་དམངས་གཙོ་བཅོས་བསྒྱུར་གྱི་ལམ་ལུགས་ངན་པ་དེས་མནར་གཅོད་བཏང་དང་གཏོང་བཞིན་པའི་བྱེད་ཐབས་ངན་པ་དེར་བཟོད་ཐབས་བྲལ་ཏེ་བསྟན་དགྲ་རྒྱ་དམར་གུང་ཁྲན་ལ་གདོང་ལེན་འཐབ་འཛིངས་བྱས་འོག་ཕམ་ཉེས་སུ་གྱུར་པའི་མདོ་ཁམས་མི་མང་ཡུལ་གྱར་དུ་ཕེབས་དགོས་བྱུང་བ་དེ་དག་དང། བོད་དབུས་ཁུལ་དུ་བཞུགས་པའི་ཚོང་ལས་དོན་གཉེར་ཅན་མདོ་ཁམས་དཔའ་བོ་ཚོས་རབ་ན་རང་གི་རྒྱལ་ཁབ་དང། སངས་རྒྱས་ཀྱི་བསྟན་པ། ཐུན་མོང་མ་ཡིན་པའི་རིག་གཞུང་བཅས་སྲུང་སྐྱོབ་ཐུབ་རེ་ཁོ་ནར་བསམ་སྟེ་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཁ་ཙམ་མིན་པར་དོན་ངོ་མའི་བློས་བཏང་གནང་སྟེ་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་དམག་དཔུང་ཕ་མཐར་སྤྲོད་ཐུབ་པའི་དམ་བཅའ་བརྟན་པོའི་ཐོག་དགྲ་ལ་དགྲ་ལན་སློག་ཕྱིར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་དངོས་སུ་བཙུགས། ཚོགས་པའི་དམིགས་ཡུལ་གཙོ་བོ་རྒྱ་བོད་མི་རིགས་ཐ་དད་དང༌། རྒྱལ་ཁབ་ཀྱི་བདག་དབང་སོ་སོར་ཡོད་པ་ངོས་འཛིན་གསལ་པོའི་ཐོག་དགྲ་འཐབ་གྲངས་མང་བྱས་ཏེ་ཕན་ཚུན་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་བའི་གནས་ཚུལ་འཛམ་གླིང་ནང་ཡོངས་གྲགས་སུ་ཐུབ་པ་བྱུང་ནའང་མཐར་མངསྣེ་ཉུང་གིས་མ་བརྟན་པར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། གང་གི་དབུ་ཁྲིད་པའི་གཞུང་འཛིན་གཙོ་ཆེ་ཁག དེ་བཞིན་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དབུ་ཁྲིད་ཁག་གིགཙོས་བོད་མི་སེར་སྐྱ་འབུམ་ཕྲག་ལ་ཉེ་བ་སྒྲིག་འཛུགས་འདི་དང༌། སྒྲིག་འཛུགས་འདིའི་དར་ཆ་རལ་གྲི་ཁ་སྤྲོད་ཀྱི་འོག་ནས་སྐྱབས་བཅོལ་དུ་གདན་ཞུ་ཐུབ་པ་ནི་ཉི་ཤར་སྦར་མོས་འགེབ་ཐབས་མེད་པའི་གྲུབ་འབྲས་ཟུབ་ཐུབ་ཐབས་མེད་པ་རྒྱུ་འབྲས་ལྡན་པའི་བོད་མི་སྐྱེ་བོ་མཆོག་དམན་ཀུན་གྱི་སྙིང་དབུས་སུ་འཇོག་དགོས་པ་ཞིག་ཡིན།
དངོས་གནས་བཀའ་དྲིན་ལ་བསམ་ཤེས་མེད་པ་དང་དྲིན་ལན་ལོག་འཇལ་རྒྱུ་འབྲས་གྱུར་མིད་གཏོང་མཁན་གྱི་བོད་པ་ཞིག་མིན་ན་བོད་བསྟན་སྲིད་ཁོ་ནའི་ཆེད་དུ་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོ་བོ་དང་དམིགས་ཡུལ་ངོ་སྤྲོད་འགྲེལ་བཤད་དགོས་གལ་མེད་པ་ཕྱི་བལྟས་ནང་གསལ་ཡིན། འོན་ཀྱང་དུས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར། བསམ་མེད་དུད་འགྲོ་དང་ཁྱད་མེད་པའི་བོད་མི་ཆེ་ཆུང་མང་པོ་ཞིག་གིས་ཕན་མེད་གནོད་འགྱུར་གྱི་ལས་འགུལ་དང༌། ལས་འབྲས་ཁྱད་བསད་དང་དངོས་བདེན་གྱི་ལོ་རྒྱུས་ནག་འབྱམས་སུ་གཏོང་རྒྱུའི་བསམ་སྦྱོར་ངན་པ་འཛིན་མཁན་གཡག་ཞར་གྱིས་རྩ་ཟོས་ལྟ་བུའི་གཟུ་བོར་མ་གནས་པའི་བོད་མི་མང་པོ་ཡོད་སྟབས་དེང་རབས་གཞོན་སྐྱེས་དང། རྒྱུས་མངའ་ཡེ་ནས་མེད་པའི་སྐྱེ་བོ་ཕོ་མོར་ལོག་བཤད་དང་ལོག་འགྲེལ་གྱི་ལོག་རྟོག་ངན་པ་རྒྱུན་འཇགས་སུ་མི་འབྱུང་བ་དང༌། བོད་ཡུལ་ཡོངས་རྫོགས་བོད་མིའི་ཡིན་པ་ངོས་འཛིན་གསལ་པོ་བྱེད་ཐུབ་པའི་སླད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་མའི་བྱུང་རིམ་དང་དམིགས་ཡུལ་གྱི་རྨང་གཞི་ནི། ཞང་བོད་འཐབ་རྩོད་ཀྱི་གཡུལ་ཐག་ཆོད་མཚམས་དྲང་ཚུགས་ལྡན་པའི་བོད་སྔ་རབས་པའི་མཁས་དབང་མང་པོས་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ལ་དོན་དངོས་དང་མཐུན་པའི་མིང་ཚིག་ལོ་རྒྱུས་ཡོངས་གྲགས་སུ་གཏན་འབེབས་གནང་བ་ནྀ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གམ། ཡང་ན་སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུ་ཅེས་བོད་རྒྱལ་ཁབ་ཀྱི་ངོ་བོ་འམ་གྲུབ་ཆ་ཁུངས་ལྡན་གསལ་སྟོན་གནང་བ་རྒྱུ་མཚན་དུ་བཀོད་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོ་སྤྲོད་ཞུ་རྒྱུ་ཡིན།།
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་དྲག་པོའི་སྒྲིག་འཛུགས་ཅེས་ཡུལ་གྱི་མིང་ཡུལ་ཅན་སྒྲིག་འཛུགས་སམ་དམག་ལ་འདོགས་དགོས་པའི་རྒྱུ་མཚན་ནི་སྒྲིག་འཛུགས་གསར་གཏོད་བྱེད་པོ་དང་དྲག་པོའི་སྒྲིག་འཛུགས་ནང་གི་ཤི་གསོན་གཉིས་རེ་ཤས་ཙམ་ལས་ཡོངས་རྫོགས་ཆུ་བཞི་དང་སྒང་དྲུག་གི་ཁྱབ་ཁོངས་ནས་ཡིན་པས་དང༌། ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་བོད་གཡུལ་འཁྲུགས་སྐབས་བོད་གཞུང་དང་དབུ་ཁྲིད་ལས་བྱེད་ཚོའི་གནས་སྟངས་ལ་གུང་ཁྲན་གྱིས་སུན་བཙིར་དང་ཁག་དཀྲི་འདྲ་མིན་ཐོག་གཞུང་ཕྱོགས་ནས་དྲག་པོའི་སྒྲིག་འཛུགས་ལ་འགོག་རྐྱེན་འདྲ་མིན་མི་ཡོང་བའི་ཆེད་དུ་ཡིན། དེ་བཞིན་རྒྱ་དམག་ལ་བོད་གཞུང་ནས་ཁ་གཏད་གཅོག་རྒྱུའི་འཆར་གཞི་མེད་པ་དང་སྐུ་དྲག་ཕལ་ཆེར་རྒྱ་མིའི་རྒྱུགས་ཁྱི་ཆགས་ཟིན་པ་བཀའ་བློན་མི་བཞིའི་ནང་དུའང་གོ་བསྡུར་བྱུང་བའི་ནང་དོན་ཆུ་ཚོད་ཁ་ཤས་རྗེས་སུ་རྒྱ་མིའི་ཨམ་བན་ཚོས་ཤེས་འགྲོ་གི་ཡོད་པ་བཅས་ཀྱི་དཀའ་ངལ་དུ་མ་ཡོད་པར་བརྟེན་དགྲ་བོར་འཐབ་འཛིངས་བྱེད་མཁན་གྱི་ངན་ཁག་མདོ་ཁམས་མི་མང་གིས་ཁུར་ཐུབ་པའི་རེ་བ་བྱས་ཏེ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཅེས་པའི་ཐ་སྙད་དང་སྒྲིག་འཛུགས་གཏན་འབེབས་གནང་ཡོད། འོན་ཀྱང་དངོས་ཡོད་བྱུང་རབས་ལོ་རྒྱུས་དོན་སྙིང་དང་ལྡན་པ་འདི་དག་ནག་བསུབ་གཏོང་ན་སྤྱི་སྒེར་སུ་ལའང་ཕན་ཐོག་མེད་ཀྱང་བོད་ཀྱི་ལོ་རྒྱུས་དངོས་བདེན་ལྐོག་ཏུ་སྦས་ཏེ་བཅོས་མའི་རྫུན་གཏམ་མངོན་དུ་འདོན་རྒྱུར་འཛེམས་ཟོན་ཙམ་ཡང་མེད་པ་མ་ཟད་དེ་རིགས་མངོན་པར་མཐོན་པོར་བསྟོད་བཞིན་པ་འདི་རིགས་ཁ་ནས་བྱམས་དང་སྙིང་རྗེ། ནང་པའི་ལྟ་གྲུབ་བཤད་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང༌། བཟང་སྤྱོད་རྩ་བརླགས་གཏོང་མཁན་གྱི་བྱེད་གཏེ་མི་ངན་ཉུས་ཤས་དེ་དག་གིས་ཆུ་བཞི་སྒང་དྲུག་དངོས་གནས་དེ་མེད་པ་བཟོ་ཐུབ་ན་བོད་རང་བཙན་རགས་པ་ལས་ལྷག་པ་དང༌། རྒྱལ་བའི་དགོངས་གཞི་འགྲུབ་ཀྱི་ཡོད་པ་ལྟ་བུའི་ངན་བྱུས་སྣ་ཚོགས་ཀྱིས་བྱ་སྤྱོད་ངན་པ་སྤེལ་མཁན་ཚོའི་རྫུན་རྐུབ་དམར་རྗེན་དུ་འདོན་ཆེད་དང༌། བོད་ཀྱི་མ་འོངས་བསྟན་པའི་སོན་རྩ་གཞོན་སྐྱེས་རྣམ་པའི་མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས་རྣམས་ཤེས་རྟོགས་ཡོང་ཆེད་དགོས་པའི་སྒོ་དུ་མ་ལ་དམིགས་ཏེ་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་སྒང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་རིམ་འགོད་ཞུ་རྒྱུ་ཡིན།

















