ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང༌།

མདོ་ཁམས་ཆུ་སྒང་དབུས་སྤྱི་ ཁྱབ་རྒྱུན་ལས་ཁང་འདི་བཞིན་ཕྱི་ལོ་ ༡༩༨༤ ལོར་ཀེ་ལ་ཤ་གསོལ་མགྲོན་ཁང་ཤུགས་བྱས་རིན་མ་རྩ་བྱས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ ལི་གསར་པར་བོད་སྒང་ཁང་ཨང་ ༣༩ པ་སྤུས་གཟིགས་ཞུས་ཏེ་སྤོ་ཤུགས་མཛད་འདུག དེ་ནས་རིམ་བཞིན་ཁང་ཨང་ ༤༢ སྤུས་གཟིགས་ཞུས་ཏེ་ལས་ཁང་རྒྱ་བསྐྱེད་གནང་འདུག རྩ་བའི་མདོ་ཁམས་ཆུ་སྒང་ཚོགས་པ་འདི་བཞིན་ཐོག་མའི་དམིགས་ཡུལ་གཙོ་བོ་བོད་རང་ བཙན་གཙང་མ་དགྲ་བོའི་ལག་ནས་དྲག་པོ་དམག་གིས་ཕྱིར་ལེན་བྱེད་རྒྱུ་བློ་རྩ་གཏན་ པོ་གནས་ནའང༌། གནས་སྐབས་རིང་གནས་ཡུལ་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང༌། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལྟ་གྲུབ་བསྒྱུར་བཅོས་ཆེན་པོ་གནང་བའི་ རྒྱུ་རྐྱེན་དེ་དག་ལ་བརྟེན་དྲག་པོ་དམག་གི་སྒྲིག་འཛུགས་གནས་ཐབས་མེད་པའི་ཛ་ དྲག་ཅི་ཆེ་ལ་བརྟེན་ཆུ་སྒང་ཤི་གསོན་གཉིས་ཀྱི་ཐོག་མའི་དམིགས་ཡུལ་ལ་འགྱུར་བ་ གང་ཡང་ཕྱིན་མེད་ནའང༌།
༡༩༩༢ ལོར་གནས་ཡུལ་གཞུང་གི་ཁྲིམས་ལུགས་ལྟར་ཆུ་སྒང་བདེ་དོན་ཚོགས་པ་ཁྲིམས་མཐུན་དེབ་ བསྐྱེལ་བྱས་ཏེ་བསྟན་སྲིད་མི་རིགས་ལ་ཞབས་འདེགས་ཞུ་བཞིན་པ་དང༌། དེ་ནས་བཟུང་ཕྱི་ལོ་ ༢༠༠༢ ལོ་བར་མི་མང་གི་བདེ་དོན་ཆེད་བཟོ་གྲྭ་དང༌། རིག་གཞུང་རྒྱུན་འཛིན་ཆེད་ཟློས་གར་ཚོག་སཔ་བཙུགས་ཡོད། དེ་ནས་ཚོགས་པའི་ལས་ཁང་ལས་ཤག་ཚང་མ་རྩ་བཤིགས་བཏང་སྟེ་སླར་ཡང་མདོ་སྟོད་རྒྱ་ ཆེའི་མི་མང་གི་བདེ་དོན་ཆེད་དཔལ་འབྱོར་གྱི་ཡོང་ཁུངས་སུ་དམིགས་ཏེ་མགྲོན་ཁང་ དང༌། ཟ་ཁང༌། དེ་བཞིན་ཚོང་ཁང་བཅས་ཐོག་བརྩེགས་ལྔ་ཅན་གསར་བསྐྲུན་བྱས་ཡོད། དེང་གི་ཆར་ཟ་ཁང་དང་མགྲོན་ཁང༌། ཚོང་ཁང་བཅས་ཀྱི་ཡོང་འབབ་མི་དམན་པ་བསྐྲུན་ཐུབཔ་ཙམ་མ་ཟད་དབུས་སྤྱི་ཁྱབ་རྒྱུན་ ལས་ཁང་གི་ལས་ཁང་ཚད་ལྡན་ལེགས་གྲུབ་བྱུང་ཡོད། ད་ལྟའི་ཆུ་སྒང་ལས་ཁུངས་སྤྱི་མཚུངས་ལས་ཁང་གཞན་དང་འདྲ་བའི་ལས་དོན་ལ་འཇུག་བཞི་ པ་ཡར་རྒྱས་ཀྱི་རྣམ་པ་ཐོན་བཞིན་ཡོད།

















