ལས་དབང་གི་ཕམ་ཁ།
ཁྱེད་རང༌། ལས་བཟང་ནང་ནས་ལས་ངན་ཞིག་ཡིན་པས། ཁྱེད་ཀྱི་མག་མོག་གི་འཚོ་བའི་རོ་མདོག་དེ་གཞན་གྱིས་མཐོང་ན། ཁྱེད་ཀྱི་མི་ཚེ་ལ་གུན་བསབ་ཞིག་ཡོང་ཐུབ་ན་སྙམ།
གངས་མཚོ། ངས་ཁྱེད་ཀྱི་མིང་ནས་སྨྲ། སྤྱིར་ཁྱེད་རང་རྙིང་ཞེན་དང་རྨོངས་དད་ཀྱི་རི་གྲོང་འདིར་ཐོག་མར་འཚར་ལོངས་བྱུང་བས་ཐེངས་དང་པོའི་གོམ་ཁ་དེ་རྗེས་ལུས་ཐེབས་ཡོད་སྲིད།
གངས་མཚོ། ཡིད་ཕངས་བ་ཞིག་ལ། ཁྱེད་རང་འཇིག་རྟེན་འདིར་སླེབས་པའི་ཅོང་བརྡའི་ངུ་སྐད་དང་པོ་དེ་སྦྲ་ནག་གི་ཐུ་འོག་ནས་གྲགས་ཡོད་སྟབས། ཆུང་བྱིས་པའི་དུས་ཀྱི་མི་ཚེ་དེ་དགེ་སློབ་མེད་པའི་རྫིང་འདམ་ཁྲོད་ནས་རྫོགས་སོང༌། །
གངས་མཚོ། སྐྱིད་མི་ཐེག་སྡུག་གི་ཁུར་པོ་འདེགས་དགོས་པ་དེ་ནི་ཁྱེད་ཀྱི་ལས་སྐལ་ཞིག་རེད། ཅེས་བཤད་ནའང་ཆོག་སྟབས་ཆུང་ལྟེ་ཁྲག་འཕོ་སའི་སྤྱིལ་བུ་ལ་འཕོང་བསྟན། ཆ་མི་སྙོམས་པའི་མི་ཡུལ་ལ་གདོང་བསྟན་ཏེ། ལྐོག་འགྱུར་གྱི་འཇིག་རྟེན་འདིར་སླེབས་སོང་བ་ནི། ཁྱེད་ཀྱི་ཐོག་མའི་ཕམ་ཁ་དེ་རེད།
གངས་མཚོ། དེ་དུས་ཁྱེད་ལ་རྨོངས་གཉིད་ཀྱིས་གཉའ་གནོན་བྱེད་དྲགས་པའམ། ཡང་ན། ཁྱེད་ཀྱི་ལས་སྐལ་གྱི་ལྷ་དབང་དེའི་ཡེ་ཤེས་ཀྱི་སྤྱན་ལ་མ་རིག་པའི་ལིང་ཏོག་ཅིག་སྐྱེས་ཡོད་དམ།
གངས་མཚོ། ཁྱེད་ལ་མི་སེམས་འགུག་པའི་ཉམས་འགྱུར་དང་མཛེས་སྡུག གཞན་ནོར་འདྲེན་པའི་ཚོང་རླབས་དང་ཇུས་འགན་སོགས་མེད་རྐྱེན། ངོ་མ་དེང་སྤྱི་ཚོགས་ཁྲོད་ཁྱེད་རང་ལ་ཁ་དོག་ཅི་ཡང་མེད།
༼༧༽གངས་མཚོ། ད་དུང༌། བྱབྱམགོ་ན་བའི་སྟེང་གི་རྡོག་ཐོ་བྱབྱབཞིན་རྙིང་ཞེན་དང་བག་འཁུམ། རྨོངས་དད་དང་གནའ་སྲོལ། བསླུ་བྲིད་དང་ཐོབ་རེའི་རྦབ་རྡོ་སྟོང་ཕྲག་ཅིག་གིས་ཁྱེད་ཀྱི་གློ་མཆིན་གཡས་གཡོན་ནས་བརྡུངས་སྟབས་རེ་ཞིག་ཁྱེད་རང་རེག་འཚོ་མ་ཟིན་པའི་སྨྱོ་སྤྱོད་ཅིག་་ཏུ་ཁ་ཕྱོགས།
གངས་མཚོ། ཁྱེད་ཀྱིས་ཀླད་པ་རྙིང་པ་ལ་ཨམ་ཅོག་གསར་པ་འགེལ་མ་ཤེས་པ་ཡིན་སྲིད། ཁྱེད་རང་མགོ་བོ་ཡར་བཏེགས་པས་ཨ་སྔོན་གནམ་གས་སོང་ལ། དཔྲལ་བ་མར་བཏུད་པས་དོག་མོའི་ས་ཡང་ཉིལ་སོང༌། འོན་ཀྱང༌། ད་དུང་མགོ་གོག་སྐམ་པོ་ནང་ནས་མཆི་མ་རློན་པ་ཞིག་དོན་སྲིད་ན་ངས་ཀྱང་མཇུག་རྩོམ་འབྲི་ཐབས་བྲལ།
གངས་མཚོ། ཁྱེད་རང་ལ་དམའ་འབེབ་ཀྱི་མཚོན་ཆ་འགོག་པའི་ཁྲོ་ཡི་ཨམ་ཅོག་དང༌། ཁྲག་རྣག་གི་རི་བོ་བཟའ་བའི་ལྕགས་ཀྱི་མཆུ་ཏོ་མེད་པས་འཛམ་གླིང་ནང་ཁྱེད་ཀྱིས་བྱས་རྗེས་ཅི་ཡང་འཇོག་མི་སྲིད།
གངས་མཚོ། ཁྱེད་རང་ལྷག་བསམ་གྱི་རི་བོ་འདེགས་མདོག་དང་ཤ་ཞེན་གྱི་རྒྱ་མཚོ་རྔུབ་མདོག་བྱས་ཀྱང༌། མེད་མུག་སྒྲོག་གིས་བཅིང༌། ཕྲག་དོག་ཐོ་བས་བརྡུངས་ཏེ། ལྐོག་འགྱུར་གྱི་འཇིག་རྟེན་འདིར་གཡུག་སོང་བ་དེ་ཁྱེད་ཀྱིས་ཨེ་ཤེས།
གངས་མཚོ། ངས་ཁྱེད་རང་ལ་འདྲི་་་་་་་ དྲན་དབང་རྒྱལ་ཁམས་པ་དགེ་ཆོས་ཉིད་ཀྱིས། བྱབྱཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན། །ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན། །ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན། །ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།བྱབྱ །ཞེས་པ་དེས་ཁྱེད་ཀྱི་སེམས་ཁམས་སུ་དྲི་རྟགས་བརྒྱ་ཕྲག་ཙམ་བཀོད་མྱོང་ཟེར་བ་དེ་ཨེ་བདེན།
གངས་མཚོ། ཁྱེད་རང་འཛམ་གླིང་མཛེས་མ་སྟོང་གི་རྩེ་ཕུད་དང་མིག་ཞགས་ཁུར་མ་མྱོང་ལ། རིན་ཐང་ལྡན་པའི་རང་ལུས་ནར་མོ་དེའང་རང་ཁ་གསོ་བའི་མཐུན་རྐྱེན་ཞིག་ཏུ་བསྐྲུན་མེད་པས། དངོས་གནས་ཁྱེད་རང་ལ་འབྱོར་བ་ཅི་ཡང་མེད།
གངས་མཚོ། རང་ལ་གཞན་ཞིག་གིས། ཁྱེད་ཀྱི་སྤྱོད་པ་དང་གཤིས་ཀ་དག་ལ། སྣ་གཉེར་བཅུ་དགུ་དང༌། མིག་ལོག་ཉི་ཤུ་འཕངས་ཀྱང་ཁྱེད་ཀྱི་རང་ཚུགས་མ་ཤོར་བས་ངས་ཁྱེད་རང་སྤྱི་ཚོགས་ཁྲོད་ཕམ་ཁའི་འོག་ན་རྒྱལ་ཁའི་ཉི་འོད་ཅིག་ཏུ་སྨོན།
གངས་མཚོ། ངས་ཁྱེད་རང་ལ་ཡང་བསྐྱར་འདྲི། མ་འོངས་བློ་བདེ་གུ་ཡངས་ཅན་གྱི་རང་གི་མདུན་ལམ་ཞིག་ཏུ་སེམས་ཏེ། ཁྱེད་ཀྱིས་ལྷ་གནས་སར་མགོ་བོ་བཀྱག་ཕོད་མེད་ལ། ཀླུ་གནས་སར་རྐང་པ་ཡང་དེ་བས་ཇི་ལྟར་རྐྱོང༌། འོན་ཀྱང༌། ལྷ་ཡི་བཀའ་ཆད་ཀྱང་ཁྱེད་རང་ལ་ཕོག་སོང་ལ། ཀླུ་ཡི་ཁ་རླངས་ཀྱང་ཁྱེད་རང་ལ་འཐིབས་སོང་ན། ད་དུང་ཁྱེད་ཀྱིས་གཟབ་དགོས་པ་རེད་དམ།
གངས་མཚོ། བྱབྱཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་ཕམ་ཁ་རང་གིས་ལོངས།བྱབྱ ཞེས་པ་ལྟར་ཁྱེད་རང་ཁ་རྩང་ཡང་ཕམ་ཁ་ཁུར། དེ་རིང་ཡང་ཕམ་ཁ་ཁུར། སང་ཉིན་ཡང་ཕམ་ཁ་ཁུར་ནུས་ན། ཁྱེད་རང་གི་ཕུག་བསམ་ལ་རྒྱལ་ཁ་ཞིག་ཐོབ་ངེས་པ་ནི། ལས་འབྲས་ལ་ཁ་རགས་པས་ཡིད་གཉིས་ཇི་ལྟར་སྐྱེ།
གངས་མཚོ། གང་ལྟར་ཁྱེད་རང་ལ་མཚར་སྡུག་དང་མཛེས་སྡུག ཉམས་སྒེག་དང་འཇོ་སྒེག རང་མདངས་དང་གཟི་མདངས། སྟོབས་འབྱོར་དང་གོ་ས་ཅི་ཡང་མེད་ཀྱང༌། ང་ཁྱེད་རང་གི་མི་ཚེ་ལ་ཤིན་ཏུ་དུངས། རྒྱུ་མཚན་ཅི་ཞིག་གིས། ཁྱེད་ཀྱི་ཤེས་སམ།
གངས་མཚོ། མདོར་ན་ངས་ཁྱེད་ལ་ཕུལ་བ་ནི་གུག་མཇུག་ཐིག་ཅན་གྱི་དྲི་རྟགས་འཁྱོགས་པོ་འདི་ཁོ་ན་ལགས་ཀྱང༌། ཁྱེད་ལ་གཞན་ཞིག་གིས་འགྲིག་རྟགས་བརྒྱབ་ཟིན་ན་དགོངས་པ་མ་འཚོམ།
༢༠༠༡།༡༡།༡
















